Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
རྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ།
 
  
  
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousརྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ།next

རྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ།

རྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། ཟག་མེད་ཆོས་ཀྱི་དབྱིངས་དང་རོ་གཅིག་པའི། །སྒྲིབ་བྲལ་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དང་། །དབྱེར་མེད་སྒྱུ་དྲྭ་ཟུང་འཇུག་རྡོ་རྗེའི་སྐུ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དེར་འདུད། །བདེ་གཤེགས་ཀུན་གྱི་གསང་བའི་མཛོད་འཛིན་ཅིང་། །དཔལ་ལྡན་རིགས་སྔགས་འཆང་བ་རྣམས་ཀྱི་རྗེ། །གདུལ་དཀའ་མཐའ་དག་འདུལ་བའི་དཔའ་བོ་ཆེ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན་གྱིས་སྐྱོངས། །མ་ལུས་རྒྱལ་བའི་ཡེ་ཤེས་རིན་ཆེན་མཛོད། །གང་ཐུགས་ཟབ་ཡངས་རྒྱ་མཚོར་ལེགས་བཟུང་ནས། །སྐལ་ལྡན་འགྲོ་ལ་བློ་ཡི་མཆོག་སྩོལ་བ། །རྗེ་བཙུན་མཁྱེན་པའི་གཏེར་གྱིས་དགེ་ལེགས་མཛོད། །མགོན་དེས་རང་གི་ཟུར་ཕུད་རྒྱན་སྤངས་ནས། །ངུར་སྨྲིག་གར་རོལ་མདོ་དང་རྒྱུད་སྡེའི་དོན། །ཇི་བཞིན་གསལ་མཛད་རྒྱལ་བ་གཉིས་པ་ཞེས། །ཡོངས་གྲགས་བརྒྱུད་པར་བཅས་ལ་གུས་པས་འདུད། །དེ་ལ་འདིར་རྗེ་བཙུན་རེ་མདའ་པས་རྗེ་ལ་བསྐུལ་ཏེ་རྗེ་བཙུན་འཇམ་དབྱངས་ལ་དྲི་བ་ཞུས་པའི་གཞུང་ནི་བཤད་པར་བྱ་བའི་ཆོས་སོ། །དེ་ལ་ཡང་གཉིས་ཡོད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ལས་བརྩམས་པའི་དྲི་ལན་གྱི་རྣམ་བཞག་རྒྱས་ཙམ་ཞིག་སྔར་དམ་པའི་སྐྱེས་བུའི་གསུང་གིས་བསྐུལ་བ་ལྟར། བདག་གིས་སྦྱར་བའི་ཞོར་ལ་གཞུང་འདིའི་དོན་བསྡུས་ཏེ་བྲིས་ནས་ཕུལ་ཟིན་ཀྱང་། སླར་སྔགས་ཕྱོགས་ཀྱི་ཉམས་ལེན་སྐོར་ལ་དྲི་བ་ཞུས་པ་འདི་གལ་ཆེ་འདུག་པས་ཊཱིཀྐ་རྒྱས་པ་ཞིག་བགྱི་ལ་བསྐུར་ཞེས་གསུང་ཡིག་བྱུང་བ་ལ་བརྟེན་ནས་ལན་འབུལ་བ་ལ། འདིའི་འགྲེལ་པ་ཧ་ཅང་རྒྱས་པ་ཞིག་སྤྲོས་ཏེ་བྱས་ན་གཞུང་ཆེན་པོར་འགྱུར་པས་དེ་ལྟར་དུ་བྱེད་པར་མི་སྤྲོ་ཡང་གཞུང་དོན་འཆད་པའི་བར་སྐབས་དག་ཏུ་ཅུང་ཟད་རེ་སྤྲོས་ནས་འཆད་པར་བྱའོ། །འདི་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ནི། ན་མོ་མཉྫུ་གྷོ་ཥ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ་ཞེས་པའོ། །དེའི་དང་པོ་ནི། འཇམ་དབྱངས་ལ་ཕྱག་འཚལ་བའམ་འདུད་པའི་དོན་ཏེ། ཕྱི་མ་ཡང་རྗེ་བཙུན་མཁྱེན་པའི་གཏེར་ཏེ་མཁྱེན་པའི་འབྱུང་གནས་སམ་མཁྱེན་རབ་ཀྱི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་གོ་སླའོ། །གཉིས་པ་ལ་གཉིས། དངོས་དང་། ཉན་པར་བསྐུལ་བའོ། །དང་པོ་ནི། མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །ཞེས་པ་ནས། ལེགས་པར་བཤད་དོ་ཞེས་པའི་བར་རྐང་པ་ཕྱེད་བདུན་གསུངས་སོ། །དེའི་དོན་ནི། སྔགས་བླ་མེད་ཀྱི་མི་སློབ་བའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་ན་ནི། དེ་ལ་བླ་མ་དང་ཡི་དམ་དང་ཆོས་སྐྱོང་དང་ལམ་གྱི་སྲོག་གང་ཡིན་དང་། ལམ་གྱི་གྲངས་ངེས་དང་། ལམ་གྱི་གོ་རིམ་སོ་སོའི་གནད་རྣམས་ལེགས་པར་ཤེས་པར་བྱས་ནས་ཉམས་སུ་ལེན་དགོས་པས། ཚུལ་དེ་ཉིད་ཀྱིས་སྐལ་བཟང་གཞན་ཧ་ཅང་ཚེ་གཅིག་ལུས་གཅིག་ཏུ་ལམ་མྱུར་དུ་ཁྲིད་པའི་ཚུལ་རྒྱུད་ཉིད་དང་། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་མན་ངག་བཞིན་ལེགས་པར་བཤད་པར་བྱའོ། །གཉིས་པ་ནི། སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་དེ་དག་གུས་པས་ཉོན། །ཞེས་པ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་གོ་འཕང་ཐོབ་བྱ་མཆོག་ཏུ་གྱུར་པ་དེ་མྱུར་དུ་ཐོབ་པར་འདོད་པའི་སྐལ་ལྡན་ཐར་འདོད་དེ་དག་ཡིད་གུས་པས་བསྒྲིམས་ཏེ་ཉོན་ཅིག་ཅེས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལ་ཞེས་པ་ནས་བསམ་པར་བྱའོ་ཞེས་པ་སྟེ། འཆད་པའི་ཚུལ་དེ་ལ་སྐབས་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པའི་གང་ཟག་སྐལ་ལྡན་དེ་དག་གིས་ཚུལ་འདི་ལྟར་བསམ་པར་བྱའོ། །གཉིས་པ་ལ་བཞི། སྔགས་ལམ་དུ་འཇུག་དགོས་པའི་རྒྱུ་བཤད་པ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་དགོས་པ་དང་། དེའི་སྔོན་དུ་ལམ་ཐུན་མོང་བས་རྒྱུད་སྦྱང་དགོས་པ་དང་། སྔགས་ལམ་དུ་ཞུགས་ནས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། དེ་ཡང་རང་ཉིད་སྲིད་པའི་མཚོར། །ཞེས་པ་ནས། ངེས་པར་ཚོགས་བསགས་དགོས་སོ་ཞེས་པའི་བར་ཏེ། འདི་ལ་གཉིས། ཚིག་དོན་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཐར་འདོད་ཀྱིས་བསམ་པར་བྱ་བ་དེ་ཡང་། རང་ཐར་པ་དོན་དུ་གཉེར་བ་ཙམ་གྱིས་མི་ཆོག་གི རང་ཉིད་སྲིད་པ་འཁོར་བའི་རྒྱ་མཚོར་ལྷུང་ནས་སྡུག་བསྔལ་བ་ཇི་འདྲ་བ་དེ་བཞིན་དུ། མར་གྱུར་སེམས་ཅན་ཀུན་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། བདེ་འགྲོ་ངན་འགྲོའི་འཁོར་བའི་སྡུག་བསྔལ་སྤྱི་དང་ཁྱད་པར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་རྩུབ་པའི་ཚུལ་དེ་ཉིད་ད་ལྟའི་རྟེན་འདི་ནས་བཟུང་སྟེ། འཁོར་བའི་སྔོན་གྱི་ཐོག་མའི་མཐའ་མེད་པ་དེ་སྲིད་དུ་མྱོང་ཞིང་ཉོན་མོངས་པས་གདུངས་ནས་ཡིད་ཤིན་ཏུ་སྐྱོ་བ་དང་། དེར་མ་ཟད་ད་དུང་ཡང་མར་གྱུར་འགྲོ་བ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཚུལ་སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །ཞེས་གསུང་པ་ལྟར། དེ་དག་གི་གཏིང་མཐའ་མ་མཐོང་ཞིང་མི་མངོན་པའི་ཚུལ་གྱིས་འཁོར་ལ། དེའི་ཚེ་བདེ་འགྲོའི་རྟེན་ཐོབ་ཀྱང་ལམ་གྱི་སྲོག་མཐར་ཐུག་པ་ཞིག་མ་ཐོབ་ན། མངོན་མཐོའི་ལྷ་མིའི་རྟེན་རེ་ཙམ་ཐོབ་པས་ལམ་གྱི་སྐབས་གང་དུ་ཡང་མི་ཕྱིན་ལ། དེ་ཡང་རྩ་བ་ཤེས་རབ་ལས། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །ཞེས་སོགས་གསུངས་པ་ལྟར། འཁོར་བའི་རྩ་བ་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་མ་རིག་པ་མ་ཆོད་པ་སྟེ་མ་སྤངས་ན། མ་རིག་པ་དེའི་དབང་གིས་ལས་བསགས་ནས་ད་དུང་འཁོར་བར་འཁྱམ་ཞིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་འདི་དག་ལ་སྙིང་རྗེ་མི་བཟོད་པ་སྐྱེ་དགོས་ཤིང་སྐྱེས་ནས་སྡུག་བསྔལ་འདི་ལས་ཐར་པར་བྱེད་པའི་ཐབས་དང་མཐུ་ནུས་རྫོགས་པའི་སངས་རྒྱས་མ་གཏོགས་གཞན་སེམས་ཅན་གང་ལ་ཡང་མེད་ལ། སངས་རྒྱས་དེ་ཐོབ་པར་བྱེད་པའི་རྒྱུ་ས་བཅུ་དང་ལམ་ལྔའི་གྲངས་ངེས་གོ་རིམ་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོར་གསུངས་ཀྱང་། མཚན་ཉིད་ཐེག་པའི་ལམ་དེར་བགྲོད་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི། དབང་རྟུལ་ཚོགས་ལམ་དུ་ཞུགས་ནས་དུས་ཤིན་ཏུ་རིང་བ་བསྐལ་བ་གྲངས་མེད་པ་སུམ་ཅུ་རྩ་གསུམ་མམ། དབང་འབྲིང་བསྐལ་བ་གྲངས་མེད་བདུན་ནམ། དབང་རྣོན་དུས་མྱུར་བ་བསྐལ་བ་གྲངས་མེད་གསུམ་གྱི་བར་དུ་ངེས་པར་ཚོགས་གཉིས་གསོག་དགོས་སོ། །གཉིས་པ་ནི། སྐབས་འདིར་འཁོར་བ་ཞེས་འབྱུང་བའི་དོན་ལ། གང་དུ་འཁོར་བ་དང་། གང་གིས་འཁོར་བ་དང་། གང་འཁོར་བ་དང་། ཇི་ལྟར་འཁོར་བ་སོགས་ཀྱི་ཁྱད་པར་རྣམས་ཤེས་དགོས་ཀྱང་། དེ་ནི་བདག་གིས་འཁོར་བའི་འཇུག་རིམ་དུ་རྒྱས་པར་བཤད་ཟིན་ཅིང་། འདིར་མཚོན་ཙམ་ལ་འཁོར་བའི་ངོ་བོ་ནི་ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱར་ཞིང་བཅིངས་པའི་ཁྱད་པར་ཞིག་ཡིན་ལ། གང་འཁོར་ནའི་ན་ནི་ཡིད་ཀྱི་རྣམ་ཤེས་སམ་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་གོ །ཇི་ལྟར་འཁོར་བ་ནི་འགྲོ་བ་དྲུག་ཏུ་སྐྱེ་བ་དུ་མ་བརྒྱུད་པ་མགལ་མེའི་འཁོར་ལོ་ལྟར་རམ། ཟོ་ཆུན་གྱི་རྒྱུད་མོ་དང་ཆོས་མཐུན་པའི་ཚུལ་དུ་འཁོར་ཞིང་། རྒྱུ་གང་གིས་འཁོར་བ་ནི་ལས་ཉོན་གྱི་དབང་གིས་སོ། །དེ་ཡང་གཙོ་བོ་མ་རིག་པའི་དབང་གིས་ཡིན་ཏེ། སྡུད་པ་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །ཞེས་པ་ནས། དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །ཞེས་གསུངས་པ་ལྟར་རོ། །འཁོར་བའི་རྩ་བར་མ་རིག་པ་ཞིག་འཇོག་པ་ནི་རང་སྡེ་གྲུབ་མཐའ་ཐམས་ཅད་མཐུན་ལ། འོན་ཀྱང་མ་རིག་པ་ངོས་འཛིན་ཚུལ་མི་འདྲ་སྟེ། འདི་ལྟར་རང་སྡེ་བྱེ་བྲག་སྨྲ་བས་ནི། ལས་འབྲས་སོགས་ལ་རྨོངས་པའི་མ་རིག་པ་དང་། རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པའི་མ་རིག་པ་ཅི་རིགས་འཁོར་བའི་རྩ་བར་འདོད་ཅིང་། མདོ་སྡེ་པས་ནི། ལས་འབྲས་དང་བདེན་བཞི་སོགས་ལ་རྨོངས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་མ་རིག་པ་དང་། སེམས་ཙམ་པ་དང་རང་རྒྱུད་པ་ཡང་དེ་དང་འདྲ་སྟེ། འོན་ཀྱང་དེ་གཉིས་ཀྱིས་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ནི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞིག་ལ་འདོད་དོ། །ཐལ་འགྱུར་བས་ནི། དབུ་མ་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་གསུངས་པ་ལྟར། ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ཞིག་འཁོར་བའི་རྩ་བར་འདོད་ལ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་མ་རིག་པ་ཞིག་འཁོར་བའི་རྩ་བར་གསུངས་ཤིང་། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པ་རྣམས་ཀྱང་མ་རིག་པར་བཤད་དོ། །འཕགས་རྒྱུད་ལ་མ་རིག་པ་འདོད་ཀྱང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ནི་སོ་སྐྱེའི་རྒྱུད་ལ་ཡོད་ཀྱི་འཕགས་པ་ལ་མེད་པར་ཤེས་དགོས་སོ། །མ་རིག་པ་དེ་སྤོང་བའི་ཚུལ་ཡང་དེ་ཉིད་ལས། ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ༑ ༑དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་དང་། རྩ་བ་ཤེས་རབ་ལས་ཀྱང་། མ་རིག་འགག་པར་གྱུར་ན་ནི། འདུ་བྱེད་རྣམ་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འགྱུར། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་དང་། བཞི་བརྒྱ་པ་ལས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། །བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བཏགས་པ། །བདག་མེད་དམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ངར་ཛིན་པ་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང་། །ཞེས་དང་། རྟེན་འབྲེལ་བསྟོད་པར་ཡང་། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །ཞེས་སོགས་དུ་མ་ལས་བདག་མེད་རྟོགས་ཤིང་བསྒོམས་པས་འཁོར་བ་ལས་གྲོལ་བར་གསུངས་ཏེ་མཚོན་ཙམ་མོ། །སེམས་ཅན་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་མཐུ་ནུས་སངས་རྒྱས་ཁོ་ན་ལ་ཡོད་པར་བཤད་པ་ནི། སངས་རྒྱས་ཀྱིས་ཆོས་བསྟན་ནས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་དོན་ཡིན་གྱིས། སངས་རྒྱས་ཀྱི་མཐུ་ནུས་རྫུ་འཕྲུལ་ལྟ་བུས་ཐར་པར་བྱེད་པའི་དོན་མིན་ཏེ། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པས་སོ། །ཕར་ཕྱིན་ཐེག་པ་ནས་བཤད་པའི་ལམ་ལྔ་དང་ས་བཅུ་སོགས་ཀྱི་རྣམ་བཞག་རྒྱས་པར་ནི་བདག་གིས་ས་ལམ་རྣམ་བཞག་ཏུ་བཤད་ཟིན་པས་འདིར་མི་བརྗོད་ལ། ལམ་དེས་སངས་རྒྱས་ཀྱི་སར་བགྲོད་པ་ལ་བསྐལ་བ་གྲངས་མེད་སོ་གསུམ་དང་གསུམ་གྱི་རྣམ་བཞག་ཐོགས་མེད་སྐུ་མཆེད་ཀྱིས་གསལ་བར་བཤད་ཅིང་། དུས་མྱུར་ཡང་གྲངས་མེད་གསུམ་དགོས་ཞེས་ཐོགས་མེད་ཞབས་ཀྱིས་བཤད་དེ། ཕར་ཕྱིན་ཐེག་པ་ཁོ་ནའི་ལུགས་སོ། །འོན་ཀྱང་ས་བཅུ་པའི་མདོ་ལས། དཔེར་ན་དེད་དཔོན་མཁས་པ་རིན་པོ་ཆེའི་གླིང་དུ་འགྲོ་བའི་ཚེ་རྒྱ་མཚོ་ཆེན་པོར་ཞུགས་པ་ན་མཐུན་པའི་རླུང་གིས་མྱུར་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པར་འགྱུར་བ་ལྟར། ས་བརྒྱད་པ་ཐོབ་ནས་འཚང་རྒྱ་བར་འདོད་ན་ལམ་མྱུར་དུ་བགྲོད་ནུས་ཤིང་འཚང་རྒྱ་ནུས་པ་ཞིག་གསུངས་པ་དང་། ངེས་པ་དང་མ་ངེས་པར་འཇུག་པ་ཕྱག་རྒྱའི་མདོ་ལས། བྱང་སེམས་ཀྱིས་ལམ་བགྲོད་ཚུལ་ལ། ཕྱུགས་ཀྱི་ཤིང་རྟ་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཉིས་དང་། ཟླ་བ་དང་ཉི་མའི་བགྲོད་པ་ལྟ་བུས་འགྲོ་བ་གཅིག་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་ལམ་བགྲོད་པའི་བྱང་ཆུབ་སེམས་དཔའ་གཉིས་ཏེ་ལམ་བགྲོད་ཚུལ་མྱུར་བུལ་མི་འདྲ་བ་ལྔ་གསུངས་པ་ལྟར་ན། ཕར་ཕྱིན་ཐེག་པའི་ལམ་གྱི་སྐབས་སུ་འཚང་རྒྱ་བར་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་ངེས་པར་བསགས་དགོས་པར་གསུངས་པའི་དགོངས་པ་ནི། དུས་མྱུར་ན་བསྐལ་བ་གྲང་མེད་གསུམ་མམ་གྲངས་མེད་གསུམ་གྱི་དོད་ཐུབ་ངོ་སྐལ་གྱི་ཚོགས་གསོག་དགོས་པའི་དོན་ཡིན་གྱི། དུས་བསྐལ་བ་གྲངས་མེད་གསུམ་གནས་དགོས་པའི་ངེས་པ་མེད་ཅེས་བྱས་ན་ཐུན་མོང་མ་ཡིན་པའི་དགོངས་པ་དང་མི་འགལ་ལམ་སྙམ་སྟེ་དཔྱད་པར་བྱའོ། །བསྐལ་བ་གྲངས་མེད་བརྩི་ཚུལ་ལ། ཇི་སྐད་དུ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་འཕྱུར་སྟེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། ཞེས་པ་ནས། གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཞེས་འབྱུང་བ་ལྟར་ཆེན་པོ་དང་བཅས་བཅུ་འགྱུར་བྱ་ཚུལ་ནི། དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །དེ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག་ནས། གྲངས་མེད་ཀྱི་བར་དུ་བཅུ་འགྱུར་དང་། གྲངས་མེད་དང་པོ་བཅུ་འགྱུར་ལ་དེ་གཉིས་པ་དང་། གཉིས་པ་བཅུ་གྱུར་ལ་དེ་གསུམ་པར་འཇོག་ཅིང་། མཛོད་རང་འགྲེལ་ལས་ནི། སྟོབས་མིག་ཆེན་པོ་བཅུ་ལ་གྲངས་མེད་གཅིག་ཏུ་བཤད་ལ། གཞན་ལས་དེའི་སྟེང་དུ་ཚད་མེད་བཞིའི་མིང་ཅན་ཆེན་པོ་དང་བཅས་པ་ལ་གྲངས་མེད་དུ་མཛད་དེ་ཚུལ་གཉིས་སོ། །གཉིས་པ་ལ་གཉིས། མྱུར་དུ་འཚང་རྒྱ་བ་ལ་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་དགོས་པར་བསྟན་པ་དང་། དེར་འཇུག་པའི་གེགས་སམ་གོལ་ས་འགོག་པའོ། །དང་པོ་ནི། དེས་ན་ལམ་ཐུན་མོང་བས། ཞེས་པ་ནས། ངེས་ཤེས་ཁྱད་པར་ཅན་སྐྱེ་དགོས་ཞེས་པའི་བར་ཏེ། ཕར་ཕྱིན་ཐེག་པའི་ལམ་ཁོ་ནས་མྱུར་དུ་འཚང་རྒྱ་མི་ནུས་ཤིང་དུས་ཡུན་རིང་དུ་ཐོགས་པའི་རྒྱུ་མཚན་བཤད་ཟིན་པ་དེས་ན། མདོ་སྔགས་ཀྱི་ལམ་ཐུན་མོང་པ་ཕར་ཕྱིན་ཐེག་པའི་ལམ་གྱིས་རྒྱུད་ལེགས་པར་སྦྱངས་ཏེ་སྨིན་པར་བྱས་ནས། ངེས་པར་ཁོ་ནར་སྐལ་བཟང་སྐྱེ་བོའི་འཇུག་ངོགས་སམ་འཇུག་པའི་གཞི། ཇི་སྐད་དུ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །ཞེས་འབྱུང་བ་ལྟར། ཐེག་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་ཐབས་མཁས་ཀྱི་མྱུར་ལམ་ཁྱད་པར་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་འདི་ནི་དེའི་གདུལ་བྱ་དབང་རྟུལ་སྐྱེ་བ་བཅུ་དྲུག་གམ་བདུན་ནམ། དབང་འབྲིང་བར་དོའམ། དབང་པོ་ཆེས་ཤིན་ཏུ་རྣོན་པོས་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པར་འཆད་འགྱུར་ལྟར་རྒྱུད་དང་རྒྱ་གཞུང་གཞན་དག་དང་གྲུབ་ཆེན་རྣམས་ཀྱིས་ཡང་དང་ཡང་དུ་གསུངས་པ་ལ་ངེས་ཤེས་སྐྱེ་དགོས་སོ། །རྒྱུད་དང་རྒྱ་གཞུང་ལས་བཤད་ཚུལ་ནི། རྗེས་མཛད་པའི་རྩ་ལྟུང་རྣམ་བཤད་ལས། དངོས་གྲུབ་འགྲུབ་ལུགས་ནི། ཐོད་པའི་དཀའ་འགྲེལ་དུ་ས་ར་ཧས། དེ་ཡང་གསང་བའི་མཛོད་ལས་གསུངས་པ། །དབང་བསྐུར་ཡང་དག་སྦྱིིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །གང་ལ་སྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་ཐོབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །མི་ཡི་སྐྱེ་བའམ་རྙེད་པར་དཀའ། །ཞེས་གསང་བའི་མཛོད་ཀྱི་ལུང་དྲངས་པ་ལྟར་ཏེ་ཚེ་འདིར་འབད་པ་ཆེན་པོས་མ་བསྒོམས་ཀྱང་སྐྱེ་བ་བདུན་ན་དངོས་གྲུབ་འགྲུབ་པ་དང་། དེ་ཡང་རྣལ་འབྱོར་ཅུང་ཟད་སྒོམ་པ་དང་དམ་ཚིག་དང་སྡོམ་པ་དག་པས་འགྲུབ་ཀྱི། དམ་ཚིག་ཉམས་ན་དངོས་གྲུབ་འགྲུབ་པ་ལྟ་ཞོག་ངན་འགྲོར་འགྲོ་བས་བདེ་འགྲོ་ཡང་རྙེད་དཀའོ་ཞེས་གསུངས་སོ། །དམ་ཚིག་ལྔ་པ་ལས། སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཞེས་དང་། བི་བྷུ་ཏི་ཙནྡས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པས་རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའམ་གོས་ཀྱང་། ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་དམ་ཚིག་དང་སྡོམ་པ་དག་པར་བསྲུངས་ནས། སྐྱེ་བ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པར་གསུངས་སོ། །བདུན་དང་བཅུ་དྲུག་གི་ཁྱད་པར་ནི། བི་བྷུ་ཏིས་མ་བསྒོམས་གྱུར་ཀྱང་ཞེས་བཤད་པ་ལྟར་ལམ་སྒོམ་པའི་བརྩོན་པ་དང་ལྡན་མི་ལྡན་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །སྤྱིར་གསང་སྔགས་ཀྱི་གདུལ་བྱ་རྣམས་དབང་རྣོན་ཡིན་ཀྱང་འདིར་ནང་གསེས་ཀྱིས་བླ་མེད་ཀྱི་དབང་རྣམ་དག་ཐོབ་ནས་དམ་ཚིག་དང་ལྡན་པའི་སྒོ་ནས་ལམ་ཅུང་ཟད་བསྒོམས་ནས་དེའི་དབང་གིས་སྐྱེ་བ་བཅུ་དྲུག་ཚུན་ནས་མཆོག་འགྲུབ་ནུས་ཤིང་། ལམ་སྒོམ་པ་ལ་འབད་ཀྱང་ལས་དབང་གིས་སྐྱེ་བ་བདུན་ཚུན་ལ་མཆོག་འགྲུབ་པ་ཞིག་དང་། ལམ་བསྒོམས་ནས་ཚེ་འདིར་མཆོག་འགྲུབ་མ་ནུས་ཀྱང་བར་དོར་འགྲུབ་པ་དང་། ཚེ་འདིར་མཆོག་འགྲུབ་ནུས་ཀྱང་ལས་རྒྱ་ལྟ་བུའི་རྐྱེན་གཞན་འགའ་ཞིག་མ་ཚང་བའི་དབང་གིས་མི་འགྲུབ་པར། བར་དོར་སྒྱུ་ལུས་སུ་ལྡང་བའི་སྒོ་ནས་མཆོག་འགྲུབ་པ་དང་། རིན་ཆེན་ལྟ་བུའི་གང་ཟག་ཁ་ཅིག་གིས་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་ནུས་པ་རྣམས་སུ་ཡོད་དོ། །འོན་ཀྱང་འདི་དག་སྔོན་གྱི་གདུལ་བྱ་རྒྱུད་སྨིན་པ་རྣམས་ལ་དགོངས་པ་འདྲ་སྟེ། ད་ལྟའི་གདུལ་བྱ་ལ་ནི་ངེས་པ་མི་སྣང་ངོ་། །གཉིས་པ་ནི། ཁ་ཅིག་སྔགས་ཀྱི་སྣོད། །ཞེས་པ་ནས། སྐལ་ཆད་ཅན་ནོ་ཞེས་པའི་བར་ཏེ། །སྐྱེས་བུ་ཁ་ཅིག་སྔགས་ཀྱི་ལམ་མཆོག་འདིའི་སྣོད་དུ་མ་གྱུར་པའི་དབང་གིས་ཟབ་ལམ་འདི་ལྟ་བུ་ཡོད་པ་ཤེས་བཞིན་དུ་དེ་ལ་ཆོས་རང་ག་བ་ཕལ་པ་ཙམ་དུ་མཐོང་ནས་བོར་ཏེ། ཐ་སྙད་པའི་གཞུང་ཙམ་དང་ཚད་མའི་རིགས་ལམ་ཙམ་ལ་ཆེད་དུ་གཉེར་ནས་འཇུག་པ་ནི། སྔགས་ཀྱི་ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་ནས་དོན་ཉམས་སུ་ལེན་པ་ལྟ་ཅི་སྨོས། གསང་སྔགས་ཟབ་མོ་འདི་འདྲ་བའི་གཞུང་གི་ཚིག་ཙམ་ཡང་མི་ཐོས་པའི་སྐལ་ངན་དུ་གྱུར་པས། དེ་ནི་བསྐལ་པ་གྲགས་མེད་པ་བསམ་གྱིས་མི་ཁྱབ་པའི་བར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བའི་སྐལ་ཆད་ཅན་ཏེ་དེའི་གོ་འཕང་ཐོབ་པར་མི་འགྱུར་རོ། །ཞེས་དང་། དེ་བཞིན་དུ་རྗེའི་རྟོགས་བརྗོད་ལས་ཀྱང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ༑ ༑ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་བོ་ཡང། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར།། ཞེས་གསུངས་སོ། །གཞུང་འདི་དག་གིས་སྔགས་ལམ་ལ་འཇུག་དགོས་ཤིང་། དེར་འཇུག་པའི་གོལ་སའམ་མི་མཐུན་ཕྱོགས་འགོག་པ་ཡིན། མི་མཐུན་ཕྱོགས་ཀྱི་གེགས་ལ་མང་ཡང་འདིར་གཞུང་སྔོན་མས་བྱེ་བྲག་ཏུ་ཆོས་དོན་དུ་གཉེར་བའི་བསམ་པས་ཚད་གཞུང་ལ་ཞུགས་ནས་དེ་ཙམ་གྱིས་ཆོག་པར་བཟུང་ནས་སྔགས་ལམ་འདོར་བ་རྣམས་འགོག་པ་ཡིན་ནོ། །སྤྱིར་དབུ་ཚད་ཀྱི་རིགས་པ་ཤེས་པའི་སྟེང་དུ་སྔགས་ལམ་ཤེས་པ་ནི་མཆོག་ཡིན་ཀྱང་། ཁ་ཅིག་དབུ་ཚད་ཀྱི་རིགས་གཞུང་ལ་ཞུགས་ཀྱང་ལོག་རྟོག་གི་དབང་དུ་གྱུར་པ་འགའ་ལ་དགོངས་ནས། རིན་པོ་ཆེ་རྣམ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང་། །ཤར་དུ་འགྲོ་འདོན་ནུབ་ཏུ་བགྲོད་པ་དང་། །ཟླ་འོད་ཕོག་པས་ཡི་དྭགས་སྲེད་པ་བཞིན། །རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །བློ་མིག་ཡང་ནས་ཡང་དུ་བསླད་པའི་མཐུས། །འདི་ཕྱིའི་དགེ་ལེགས་ཀུན་འཛོམས་ཡུན་རིང་དུ། །ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །ཆེས་ཆེར་བརྟན་པོ་གསོག་པ་མང་དུ་སྣང་། །ཞེས་གསུངས་པས་དེ་བཞིན་དུ་མ་སོང་བ་གནས་ཆེའོ། །གསུམ་པ་ནི་ལམ་ཐུན་མོང་བ་ནས། འབད་པར་བྱའོ་ཞེས་པའི་བར་ཏེ། གསང་སྔགས་ཀྱི་ལམ་དུ་འཇུག་པ་ལ། ལམ་ཐུན་མོང་བས་རྒྱུད་སྦྱངས་དགོས་ཤིང་དེ་ནི་ལམ་མཐུན་མོང་བ་ཕྱོགས་རེ་ཙམ་གང་ཡང་རུང་བ་ཙམ་གྱིས་མི་ཆོག་གིས། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དང་ཐུན་མོང་བའི་ལམ་གྱི་རྒྱུད་སྦྱངས་དགོས་ཤིང་། ཁྱད་པར་དུ་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། བདག་མེད་པའི་ལྟ་བ་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེ་བྱའོ། །ལྟ་བ་དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྔགས་དུ་མར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་ཅི་ནུས་ཀྱིས་འབད་པར་བྱའོ་ཞེས་སོ། །ཐུན་མོང་བའི་ལམ་ལ་སྦྱངས་ཏེ་སྤྱིར་སྔགས་ལ་འཇུག་པའི་སྒོ་ནི་དབང་ཡིན་ཞིང་། སྒོ་དེ་ཙམ་ལ་ངེས་པར་མི་སྣང་ཡང་སྔགས་ཀྱི་ལམ་དངོས་ལ་འཇུག་པའི་སྒོ་ནི་དབང་དང་འབྲེལ་བའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ལམ་རིམ་ཆེན་མོ་ལས། རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འ ཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཞེས་དང་། གཞུང་དུ་མར་སྔགས་ལམ་དུ་འཇུག་པ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པར་གསུངས་པའི་དགོངས་པ་ཡང་དེ་ཡིན་པའི་ཕྱིར་སྙམ་མོ། །གཞན་དུ་ན་སྔགས་ལ་ཞུགས་པ་ཙམ་གྱི་བྱང་ཆུབ་སེམས་དཔར་ཐལ་བར་འགྱུར་ན་དེ་ནི་འདོད་པར་མི་ནུས་སོ། །སྐྱེས་བུ་གསུམ་དང་དེའི་ལམ་གྱི་ཁྱད་པར་རྒྱས་པར་ནི་ལམ་རིམ་སོགས་ནས་གསལ་བ་ལྟར་ཡིན་ལ། འདིར་མཚོན་ཙམ་ཞིག་བརྗོད་ན་ཇོ་བོའི་ལམ་སྒྲོན་ལས། ཆུང་དང་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བའི། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། དེའི་དོན་བསྡུས་ཏེ་བརྗོད་ན། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་པ་དང་ལྡན་པ་ལ་འཇུག་པས། འདིར་སྐྱེས་བུ་གསུམ་ནི་ཚེ་འདི་ཙམ་དོན་དུ་གཉེར་བ་མ་ཡིན་པར་ཕྱི་མའི་མངོན་མཐོ་ངེས་ལེགས་གང་རུང་ཞིག་དོན་དུ་གཉེར་ཞིང་སྒྲུབ་ནུས་པས་ན་སྐྱེས་བུའི་ཐ་སྙད་མཛད་ཅིང་། འདིར་བསྟན་སྐྱེས་བུ་ཆུང་ངུ་དངོས་ནི་ཚེ་འདིའི་བདེ་བ་ཙམ་དོན་དུ་མི་གཉེར་བར་ཕྱི་མའི་མངོན་མཐོའི་བདེ་བ་གཙོ་བོར་དོན་དུ་གཉེར་བ་ཞིག་སྟེ། སྐྱེས་བུ་ཆུང་ངུའི་ལམ་དངོས་ནི། ངན་སོང་ལས་ཐར་པར་འདོད་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་ངན་འགྲོའི་རྒྱུ་ཡང་མ ི་དགེ་བ་སྤོང་བ་དང་། དེའི་ཆེད་ཙམ་དུ་དགེ་བ་སྒྲུབ་པ་ལ་གཙོ་བོར་འབད་པའོ། །འདི་ནི་ཐར་པ་དོན་གཉེར་མ་ཡིན་པ་ཞིག་དགོས་སོ། །སྐྱེས་བུ་འབྲིང་དངོས་ནི། ངན་སོང་ལས་ཐར་འདོད་ཙམ་དུ་མ་ཟད། འཁོར་བ་སྤྱིའི་སྡུག་བསྔལ་ལས་ཐར་འདོད་དང་ཐར་པ་དོན་དུ་གཉེར་བའི་ཉན་རང་གི་རིགས་ཅན་རྣམས་ཏེ། དེ་ལམ་དངོས་ནི། ངེས་འབྱུང་གི་བསམ་པ་དང་། བདེན་བཞི་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་སེམས་པའོ། །སྐྱེས་བུ་ཆེན་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་བྱའི་གཙོ་བོར་དོན་དུ་གཉེར་བའི་ཐེག་ཆེན་གྱི་རིགས་ཅན་ཞིག་སྟེ། དེ་ལ་ཕར་ཕྱིན་དང་སྔགས་ཀྱི་རིགས་ཅན་གཉིས་སུ་ཡོད་ཅིང་། དང་པོའི་ལམ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་བྱེད་པ་དང་། ཕྱི་མ་ནི་སྔ་མའི་ལམ་གྱི་སྟེང་དུ་སྔགས་ཀྱི་ལམ་བསྣན་པའོ། །དེ་དག་ནི་སྐྱེས་བུ་གསུམ་སོ་སོའི་དབང་དུ་བྱས་ལ། སྐྱེས་བུ་གསུམ་དང་ཐུན་མོང་བའི་ལམ་ནི་སྐྱེས་བུ་ཆེན་པོས་ཀྱང་ཉམས་སུ་ལེན་དགོས་པ་ཡིན་ཏེ། འདི་ལྟར་ངན་སོང་ལས་ཐར་པ་དང་འཁོར་བ་སྤྱི་ལས་ཐར་འ དོད་དང་སྡིག་སྤོང་དགེ་བ་སྒྲུབ་པ་དང་བདེན་བཞི་རྟེན་འབྲེལ་གྱི་སྐོར་རྣམས་ནི་སྐྱེས་བུ་ཆེན་པོས་ཀྱང་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །མཁས་པ་ཁ་ཅིག་སྐྱེས་བུ་གསུམ་གྱི་ལམ་ལ་ལམ་དངོས་ཀྱི་ཁྱབ་པར་བཞེད་པ་ཡོད་ཀྱང་དེ་ནི་འཐད་པར་དཀའ་སྟེ། སྐྱེས་བུ་ཆུང་ངུ་ལ་ལམ་ཞུགས་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། གལ་ཏེ་དེ་ལ་ལམ་ཞུགས་ཡོད་ན་སྐྱེས་བུ་འབྲིང་དུ་ཐལ་ལོ། །དེས་ན་སྐྱེས་བུ་ཆུང་ངུ་ཙམ་གྱི་ལམ་ནི་ས་ལམ་གཉིས་སུ་ཕྱེ་བའི་ལམ་ཡིན་པར་གསལ་ལོ། །གལ་ཏེ་ལམ་ཞེས་ཐ་སྙད་བྱེད་པས་ལམ་དངོས་ཡིན་ནོ་ཞེ་ན། དེ་ལྟ་ན་བདེ་འགྲོ་དང་ངན་འགྲོའི་ལམ་གཉིས་ཀའང་ལམ་དུ་ཐལ་ཏེ། སེམས་ཅན་ཐམས་ཅད་ཀྱང་ལམ་ཞུགས་སུ་འགྱུར་རོ། །དེར་མ་ཟད་སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་ལའང་ལམ་གྱི་ཁྱབ་པར་འདོད་པ་ལ་བསམ་པར་བྱ་བ་འདི་ལྟར་ཡོད་དེ། ཉན་རང་དང་ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མ་དེ་རྣམས་ནི་སྐྱེས་བུ་ཆེ་འབྲིང་གང་ཡིན་དཔྱད་པར་བྱ་དགོས་པའི་ཕྱིར་ཏེ། རེ་ཞིག་ཐེག་ཆེན་ལམ་དུ་འཇུག་ཁ་མ་དེ་སྐྱེས་བུ་ཆེན་པོར་མི་འདོད་ན་ནི་འདི་སྐྱེས་བུ་ཆེན་པོའི་ལ མ་ཉམས་སུ་ལེན་པ་པོ་ཇི་ལྟར་ཡིན་ཞེས་ཕྱེ་ནས་སྨྲ་དགོས་པ་སོགས་སྣང་སྟེ་དཔྱད་པར་བྱའོ། །རྒྱལ་བའི་གསུང་རབ་ཐམས་ཅད་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པའི་ཆོས་སྐོར་དུ་འདུ་སྟེ། དེ་ཡང་ངན་འགྲོ་ལས་ཐར་པ་དང་བདེ་འགྲོ་ཐོབ་པའི་ཐབས་གཙོ་བོར་སྟོན་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དངོས་སམ་དང་ཐུན་མོང་བའི་ཆོས་སྐོར་གང་རུང་དང་། འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་གཙོ་བོར་སྟོན་པ་རྣམས་ནི་སྐྱེས་བུ་འབྲིང་གི་ཆོས་སྐོར་དངོས་སམ་དེ་དང་ཐུན་མོང་བའི་སྐོར་གང་རུང་དང་། སངས་རྒྱས་སྒྲུབ་པའི་ཐབས་སྟོན་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་ཞིང་། སྐྱེས་བུ་གཞན་གཉིས་ཀྱི་ཆོས་སྐོར་རྣམས་ཀྱང་སྐྱེས་བུ་ཆེན་པོའི་ཆོས་སྐོར་གྱི་ཡན་ལག་དང་། དེ་གཉིས་ཀྱི་ལམ་ཡང་སྐྱེས་བུ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་མཐར་སངས་རྒྱས་ཀྱི་སར་ཁྲིད་དགོས་པའི་ཕྱིར་རོ། །ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་ལྟ་བའི་སྐོར་རྣམས་ནི་དྲི་ལན་སྔོན་མའི་སྐབས་སུ་བཤད་ཟིན་པས་འདིར་རྒྱས་པར་མི་འཆད་ཀྱང་། འདིར་ཅུང་ཟད་བརྗོད་ན་རྗེ་ཉིད་ཀྱི་ལྟ་བའི་སྐོར་འདི་དབུ་སེམས་གཉིས་ཀྱི་ནང་ནས་དབུ་མ་དང་། དེའི་ནང་ནས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་དཔལ་ལྡན་ཟླ་བས་བཀྲལ་བ་ལྟར་གྱི་ལྟ་བ་གཙོ་བོར་མཛད་པ་ཡིན་ཏེ། རྗེའི་དྲང་ངེས་རྣམ་འབྱེད་ལས་ད་ནི་འདི་ལྟར་འདྲི་བར་བྱ་སྟེ་ཤིང་རྟ་ཆེན་པོའི་ཚུལ་གཉིས་ཀྱིས་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་དང་། དེ་དག་གི་དགོངས་པ་མཁས་པའི་དབང་པོ་རྣམས་ཀྱིས་སོ་སོར་བཀྲལ་བའི་སྒོ་མང་དུ་སྣང་ན་ཁྱེད་ཅག་དེ་གཉིས་ཀྱི་དགོངས་འགྲེལ་མཁན་པོ་གང་གི་རྗེས་སུ་འབྲང་ནས། ངེས་པའི་དོན་དུ་བཞག་པ་གང་ལ་མཐར་ཐུག་པའི་དོན་དུ་འདོད་པར་གྱིས་ཤིག་ཅེས་འདྲི་ན། འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི། །ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང་། །འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས། །མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ༑ ༑ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུནྡའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་ཁོ་བོ་དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར་ཡིན་ལ། ཀླུ་སྒྲུབ་ལུགས་ཀྱི་ལྟ་བའི་རྣམ་བཞག་ནི། དབུ་མ་རྩ་ཤེས་ལས། རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་བབ་ཅིང་། སྟོང་ཉིད་བདུན་ཅུ་པ་སོགས་རིགས་ཚོགས་ག །ཞན་ལས་ཀྱང་མང་དུ་བཤད་ལ། སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལིངྟ་དང་། ཟླ་བས་དེའི་འགྲེལ་པ་ཚིག་གསལ་དང་། རིག་པ་དྲུག་ཅུ་པ་དང་། བཞི་བརྒྱ་བའི་འགྲེལ་པ་དང་། རྗེས་རྩ་ཤེའི་ཊཱིཀ་ཆེན་དང་། ལྷག་མཐོང་ཆེན་མོ་དང་། འཇུག་པའི་ཊཱིཀྐ་སོགས་ལས་རྒྱས་པར་བཤད་པ་ལྟར་རོ། །འདིར་མཚོན་ཙམ་ཞིག་ནི། འཕགས་པ་ལྷའི་བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །འདི་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པའི་འགྲེལ་པ་ཚིག་གསལ་ལས། །དེ་ལྟར་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་འདི་ཀུན་རང་དབང་མེད་པ་སྟེ། དེའི་ཕྱིར་དངོས་པོ་གང་ལ་ཡང་བདག་སྟེ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་དང་། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བ་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའོ་ཞེས་གསུངས་ཤིང་། གཞན་ལ་རག་མ་ལས་པའི་དོན་འཆད་པ་ན། ལམ་རིམ་ཆེན་མོ་ལས། དེ་ལ་གཞན་རག་མ་ལས་ཞེས་པ་ནི། རྒྱུ་རྐྱེན་ལ་རག་མ་ལས་ཙམ་མིན་གྱི། ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མ་ཡིན་པ་ནི་གཞན་ལ་རག་མ་ལས་པའོ། །དེས་ན་རང་དབང་བ་ཞེས་བྱ་སྟེ་ཡུལ་དེ་དག་གི་རང་རང་གི་གནས་ལུགས་སམ་སྡོད་ལུགས་ཐུན་མོང་མ་ཡིན་པའི་ངོ་བོའོ། །དེ་ཉིད་ལ་རང་གི་ངོ་བོ་དང་རང་གི་རང་བཞིན་ཞེས་བྱའོ། །ཞེས་གསུངས་པ་ལྟར་དགག་བྱའི་བདག་དང་དེ་མེད་པའི་ཚུལ་ཤེས་དགོས་ལ། མདོར་ན་ལུང་སོགས་ཀྱི་ཆོས་ལ་རང་བཞིན་དེ་འཚོལ་བའི་རིགས་པ་ཡང་དག་གིས་བཙལ་ན་དེ་ལྟ་བུའི་རང་བཞིན་རྡུལ་ཙམ་ཡང་མི་རྙེད་ཅིང་མཐར་ཅི་ཡང་མ་ཡིན་པའི་བར་ནམ་མཁའ་སྟོང་སང་མཐའ་དབུས་མེད་པ་ལྟར་འགྱུར་ན་ཡང་། ཐ་སྙད་དུ་རྨི་ལམ་དང་སྒྱུ་མ་ལྟར་ཀུན་རྫོབ་ཏུ་སྣང་བའི་ཆོས་རྣམས་དང་ལས་བྱ་བྱེད་ཐམས་ཅད་འཐད་པར་ཤེས་དགོས་ཤིང་། དེ་འདྲ་བའི་གཉིས་ཚོགས་མི་འགལ་བར་ལེགས་པར་འཇོག་ཤེས་ན་དབུ་མའི་ལྟ་བ་རྙེད་པར་འཇོག་ཏེ་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །སྔགས་བླ་མེད་ཀྱི་བདེ་སྟོང་སྦྱོར་བའི་ལྟ་བ་ལ་སེམས་ཙམ་པ་དང་རང་རྒྱུད་པའི་ལྟ་བ་ཡོད་ཀྱང་། གང་ཟག་དབང་པོ་ཤིན་ཏུ་རྣོན་པོས་བདེ་སྟོང་སྦྱོར་རྒྱུའི་ལྟ་བ་ལ་ནི་ཐལ་འགྱུར་བའི་ལྟ་བ་དགོས་པར་བཤད་དེ་འཆད་པར་འགྱུར་རོ། །བཞི་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐེག་པའི་ལམ་དུ་ནས། ངེས་པར་བྱའོ་ཞེས་པའི་བར་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་པ་ཙམ་གྱིས་མི་ཆོག་པས། མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན་བླ་མ་ཡི་དམ་ཆོས་སྐྱོང་རྣམས་དང་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའམ་ལམ་གྱི་འགྲོས་དང་མཐུན་པར་ངེས་པར་བྱ་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། བླ་མེད་ཀྱི་ནང་ནས་གསང་བདེ་འཇིགས་གསུམ་ལ་མ་བྲལ་བར་དགོས་ཚུལ་དང་། དེ་ལྟར་དགོས་པའི་རྒྱུ་མཚན་དང་བཅས་ཏེ་གསང་བདེ་གཉིས་ཀྱི་ལམ་ལ་སློབ་ཚུལ་དང་། དེ་གཉིས་ཀྱི་སྒྲུབ་པ་མཐར་ཕྱིན་པའི་ཐབས་བསྟན་པའོ། །དང་པོ་ནི། དེ་ཡང་རང་གི་ཐོབ་བྱ་ཆོས་སྐུ་ནས། རིམ་པས་འཆད་པར་འགྱུར་རོ་ཞེས་པའི་བར་ཏེ། མྱུར་དུ་འཚང་རྒྱ་བར་འདོད་པ་དེ་ཡང་རང་གི་ཐོབ་བྱ་ཆོས་སྐུའམ་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་གང་ཡིན་པའི་ཚུལ་དེ་ལེགས་པར་ཤེས་ཤིང་། རྒྱུ་དེ་གཉིས་རང་རྒྱུད་ལ་སྐྱེ་དགོས་ལ༑ དེ་ལའང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེ་ཡོངས་རྫོགས་སྟོན་པའི་གཞུང་གིས་ཀྱང་། མངལ་སྐྱེས་ས་ཆུ་མེ་རླུང་རྩ་རླུང་ཐིག་ལེའི་ཁམས་དྲུག་ལྡན་གྱི་སོ་སྐྱེ་ཉོན་མོངས་པ་དུག་ལྔའི་འཆིང་བ་ལྔ་ལྡན་པ་དག་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱལ་བའི་རྣམ་བཞག་སྟོན་ཅིང་། རྒྱུ་སྡེ་འོག་མ་གསུམ་གྱི་སྐབས་སུ་མི་སྟོན་པས་དེ་ལྟར་སྟོན་པ་དེ་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟར་ཡིན་ནའང་སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་ན་ནི། གསང་བདེ་འཇིགས་གསུམ་ལ་མ་བྲལ་བར་ངེས་པར་བསྟེན་དགོས་ཏེ། རྒྱུ་མཚན་དེ་དག་ཀྱང་སྐབས་འདིར་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ཡང་ཟུང་འཇུག་གི་སྐུའི་རྒྱུ། ཞེས་པ་ནས། བྱིན་རླབས་ཤིན་ཏུ་མྱུར་བའོ་ཞེས་པའི་བར་ཏེ། འདི་ལ་གཉིས། ཚིག་དོན་བཤད་པ་དང་། དེ་དག་གི་ཁྱད་པར་འགའ་ཞིག་ཕྱེ་ནས་བཤད་པའོ། །དང་པོ་ནི། དེ་ཡང་སྐུ་གསུམ་གྱི་ནང་ནས་ཟུང་འཇུག་གི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་རིམ་པ་གསུམ་པའི་སྒྱུ་ལུས་དང་རིམ་པ་བཞི་པའི་འོད་གསལ་དང་བསྲེ་བ་དང་འཕོ་བའི་སྐོར་རྣམས་ཀྱང་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ཏེ། དེ་ལ་འདུས་པའི་སྐོར་ལ་སྦྱང་དགོས་ཤིང་འདུས་པ་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཡོད་པ་ལས་འཕགས་ལུགས་ལ་གཙོ་བོར་སྦྱང་དགོས་ལ། འདུས་པ་འདིས་སྒྱུ་ལུས་དང་འོད་གསལ་གྱི་སྐོར་རྒྱས་པར་སྟོན་ཅིང་། རྒྱུ་དེ་ནི་ཕ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་སོ། །དེ་ཡང་རིམ་པ་གསུམ་པའི་སྒྱུ་ལུས་དེ་དོན་གྱིས་འོད་གསལ་གྱིས་སྦྱོང་ལུགས་དང་། དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །ཕ་རྒྱུད་འདུས་པའི་ཕྱོགས་གཏོགས་འཇམ་དཔལ་རྡོ་རྗེ་ལའང་ཁོ་རང་གི་དཀའ་གནད་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས། དེའི་ཚུལ་ནི་འོག་ཏུ་ཅུང་ཟད་འཆད་ལ་ལོགས་སུ་དེའི་གཞུག་དག་ཉན་ཅིང་འདི་ལ་བག་ཆགས་བཟང་པོ་རེ་འཇོག་པ་ཤིན་ཏུ་གལ་ཆེའོ། །འབྲས་དུས་ཀྱི་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ན ི་སྒྱུ་ལུས་ཡིན་ཞིང་། ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ནི། བདེ་སྟོང་ཡེ་ཤེས་ཁྱད་པར་ཅན་ཡིན་པས་དེ་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ཤིང་། བདེ་སྟོང་གི་རྣམ་བཞག་ཀྱེ་རྡོར་སོགས་ནས་དངོས་སུ་བསྟན་པ་ཡོད་ཀྱང་། བདེ་སྟོང་སྦྱོར་རྒྱུའི་བདེ་བ་དེ་གཞི་གང་ལས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པ་ལ་ཐབས་ལས་རྒྱ་དང་ལུས་ཀྱི་རྩ་འཁོར་གྱི་ནང་དུ་དམིགས་པ་གནད་དུ་བསྣུན་པ་ལ་བརྟེན་ནས་བྱུང་བའི་བྱང་སེམས་འབབ་ལྡོག་གི་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་གཏུམ་མོ་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་དང་། གནས་གང་དུ་འབབ་པའི་ཚད་དང་། མཚམས་གང་ནས་དགའ་བཞི་སྐྱེས་པར་འཇོག་ཅིང་། དགའ་བ་བཞི་པོ་རེ་རེ་ལའང་ནང་གསེས་ཀྱི་དགའ་བ་བཞི་བཞིར་འཇོག་ཚུལ་ཡོད་ཅིང་། བྱང་སེམས་སྤྱི་བོ་ནས་ཐུར་དུ་བབས་པ་ཡས་བབས་ཀྱི་དགའ་བ་དང་། གསང་གནས་ནས་ཡར་ལྡོག་པ་མས་བརྟན་གྱི་དགའ་བའི་ཁྱད་པར་དང་། བདེ་བ་ཆེ་ཆུང་དང་ལུགས་འབྱུང་ཡས་བབས་དང་ལུགས་ལྡོག་མས་བརྟན་གྱི་ཁྱད་པར་འོང་ཚུལ་སོ་སོའི་རྣམ་བཞག་རྒྱས་པར་ཤེས་དགོས་ཤིང་། བདེ་སྟོང་སྦྱོར་རྒྱུའི་སྟོང་པ་ནི་མཚན་ཉིད་ཐེག་པ་ནས་བཤད་པ་ལས་གཞན་ན་ཟུར་དུ་མེད་ཀྱི། སྟོང་པ་དེ་སྟོང་པར་སྦྱངས་ནས་སྒོམ་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བ་ཡོད་དོ། །བདེ་བ་སྐྱེ་བའི་རྒྱུའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ཀྱི་ཐབས་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མོ་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང་། གཏུམ་མོ་འབར་ཞིང་བྱང་སེམས་འཛག་པ་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་དང་སྦྱར་དགོས་ལ། ལས་ཀྱི་ཕྱག་རྒྱ་པདྨ་ཅན་ལ་སོགས་པ་རིགས་བཞིར་ཡོད་ཅིང་། དེ་བཞི་སོ་སོའི་ངོ་བོ། བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་བསྟེན་ཚུལ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་ཡང་རུང་བའི་ནང་ཙམ་དུ། སྦར་བས་སྙིང་ག་སོགས་ཀྱི་རྩ་མདུད་རྫོགས་པར་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས་ཤིང་། ཞུགས་གནས་ཐིམ་གསུམ་བྱས་པས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བའི་ཐབས་ལ། བདེ་མཆོག་ནས་འབྱུང་བ་ལྟར་རང་གི་སྤྱི་བོ་དང་སྐྲ་མཚམས་ལ་སོགས་པའི་རྩ་གནས་རྣམས་སུ། ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་སོགས་བསྒོམས་པས་རྩ་རླུང་རྣམས་བྱིན་གྱིས་བརླབས་ནས་ལས་རུང་དུ་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེས་ན་ཕྱག་རྒྱ་བཞིའི་སྐོར་དང་། ལུས་ཀྱི་རྩ་རླུང་གཉིས་ཕྲ་རགས་ཀྱི་གནས་ཚུལ། རྩ་དེ་དག་གི་ནང་གི་རླུང་དབུ་མར་འཇུག་ཚུལ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ནས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་ལམ་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་ཡུལ་རྣམས་སུ་བདེ་མཆོག་གི་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་འདིའི་རྣལ་འབྱོར་བྱེད་པ་ཤ་སྟག་གོ་ཞེས་པ་ནི་བསྔགས་བརྗོད་དོ། །འཁོར་ལོ་དེ་མཆོག་གི་རྟེན་བརྟེན་པ་དེ་ཡང་ལྷུན་པོའི་རྩེ་ན་ད་ལྟ་དངོས་སུ་བཞུགས་པར་ཡོད་པས་བྱིན་རླབས་ལྷག་པར་མྱུར་བའོ། །གཉིས་པ་ལ་འདིར་བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་སྐོར་སྤྲོས་ཏེ་བཤད་ན་གཞུང་ཆེན་པོར་འགྱུར་བས་དེ་ལྟར་མི་བྱེད་ཀྱང་། རྒྱས་འགྲེལ་ཞིག་བྱོས་གསུངས་སྣང་བས་ཅུང་ཟད་ཕྱེ་སྟེ་འཆད་པ་ལ་གཉིས། འདུས་པའི་ལམ་གྱི་སྐོར་དང་། བདེ་མཆོག་གི་སྐོར་འགའ་ཞིག་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་གྱི་སྐོོར་དང་། རྫོགས་རིམ་གྱི་སྐོར་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་ཕར་ཕྱིན་ཐེག་པ་དང་། སྔགས་ཀྱི་ལམ་གཉིས་ཀས་ཀྱང་ཆོས་གཟུགས་ཀྱི་སྐུ་གཉིས་གྲུབ་པར་བྱེད་ལ། དེ་ལ་ཕར་ཕྱིན་ཐེག་པའི་སྐབས་སུ་ཆོས་སྐུ་དང་རྣམ་པ་མཐུན་པའི་ལམ་སྟོང་ཉིད་སྒོམ་པ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་པས། གཟུགས་སྐུའི་རྒྱུའི་སྒོ་ནས་ཕར་ཕྱིན་ལས་སྔགས་ལམ་ཁྱད་པར་འཕགས་སོ། །རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང་། གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་སྒྱུ་ལུས་སྒྲུབ་པའི་ཚུལ་མེད་པས་དེ་བླ་མེད་ཁོ་ནའི་ཁྱད་ཆོས་སུ་འགྱུར་རོ། །བླ་མེད་ཀྱི་ལམ་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་ལས་མྱུར་བའི་ཁྱད་ཆོས་ཀྱི་གཙོ་བོ་ནི་གཉིས་ཏེ། གཅིག་ལམ་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་དེ་སྒྲིབ་གཉིས་སྦྱོང་བ་ལ་ནུས་པའི་མཐུ་ཆེ་བས་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་མྱུར་དུ་འགྲུབ་ནུས་པ་དང་། གཅིག་ནི་རིམ་པ་གསུམ་པའི་རྒྱུ་ལུས་དེ་བསྐལ་བ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་དོད་ཐུབ་པའི་སྒོ་ནས་འབྲས་དུས་ཀྱི་གཟུགས་སྐུའི་ཉེར་རྒྱུ་བྱེད་པས་སྐུ་དེ་མྱུར་དུ་འགྲུབ་ནུས་པས་སོ། །ཕར་ཕྱིན་ཐེག་པའི་ལམ་གྱི་སྲོག་གི་གཙོ་བོ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་ལ། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་སྲོག་ནི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་རམ་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་དང་། བླ་མེད་ཀྱི་ལམ་གྱི་སྲོག་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཡིན་ནོ། །རྫོགས་རིམ་གྱི་ཕྱོགས་སྒོམ་པ་ལ་ནི་ངེས་པ་མ་མཆིས་ཀྱང་། ལྷན་སྐྱེས་ཀྱི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ནི། བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཞུགས་པ་ལས་སྐྱེ་བ་ཡིན་གྱི། དེའི་སྔ་རོལ་ཏུ་མི་སྐྱེ་ཡང་སྤྱི་དོན་གྱི་བདེ་སྟོང་སྦྱོར་བ་ཙམ་ནི་ཕྱག་རྒྱ་གཉིས་ལ་བརྟེན་ནས་དེའི་སྔོན་དུ་སྐྱེ་བ་ཡོད་པ་མི་འགལ་ལོ། །བླ་མེད་ཀྱི་རྒྱུད་ལ་སྡེ་ཚན་གྱི་སྒོ་ནས་གཉིས་ཡོད་དེ། ཕ་རྒྱུད་ཐབས་རྒྱུད་རྣལ་འབྱོར་རྒྱུད་དུ་གྲགས་པ་གཅིག་དང་། མ་རྒྱུད་ཤེས་རབ་ཀྱི་རྒྱུད། རྣལ་འབྱོར་མའི་རྒྱུད་དུ་གྲགས་པ་གཅིག་ཡོད་པའི་ཕྱིར། ནང་ཚན་གྱིས་ཕྱེ་ན་དུ་མ་ཡོད་དེ། སྡོམ་འབྱུང་ལས། རྣལ་བྱོར་རྒྱུད་རྣམས་ཀྱི་ནི་བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པའི་ཕྱིར། ཐབས་ཤེས་ཀྱི་རྒྱུད་དེ་གཉིས་ལ་ཕ་རྒྱུད་མ་རྒྱུད་དུ་འཇོག་ཚུལ་ཡོད་དེ། སྒྱུ་ལུས་སྒྲུབ་པའི་ཐབས་ཀྱི་རིམ་པ་གཙོ་བོ་སྟོན་པའི་བླ་མེད་ཀྱི་རྒྱུད་དེ་ཕ་རྒྱུད་དང་། དགའ་བཞི་འདྲེན་པའི་ཐབས་ཀྱི་རིམ་པ་གཙོ་བོར་སྟོན་པའི་རིགས་གནས་ཀྱི་བླ་མེད་ཀྱི་རྒྱུད་དེ་མ་རྒྱུད་དུ་འཇོག་པའི་ཕྱིར། ཕ་རྒྱུད་མ་རྒྱུད་ཀྱི་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཀྱི་སྔོན་དུ་བསྐྱེད་རིམ་རྒྱས་བསྡུས་གང་རུང་སྒོམ་དགོས་ཏེ། སྐུ་གསུམ་ལམ་འཁྱེར་གྱི་གཙོ་བོ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་བསྒོམས་སྟོབས་ཀྱིས་དེ་གསུམ་སྦྱངས་ནས་སྐུ་གསུམ་གྱི་གོ་འཕང་སྒྲུབ་དགོས་པའི་ཕྱིར་ཏེ། ཆོས་སྐུ་དང་རྣམ་པ་མཐུན་པ་སྡུད་རིམ་གྱི་སྒོ་ནས་སྟོང་ཉིད་བསྒོམས་ཏེ་འཆི་བ་སྦྱོང་བ་དང་། ལོངས་སྤྱོད་དང་རྣམ་པ་མཐུན་པའི་དང་པོའི་མགོན་པོ་སོགས་བསྒོམས་ནས་བར་དོ་སྤྱོད་པ་དང་། གཟུགས་སྐུ་དང་རྣམ་པ་མཐུན་པ་སྤྲུལ་སྐུ་རྡོར་སེམས་སོགས་བསྒོམས་ཏེ་སྐྱེ་བ་སྦྱོང་དགོས་པའི་ཕྱིར། བདེ་མཆོག་ལ་བར་དོའི་མཚོན་བྱེད་ནཱ་ད་ནམ་མཁར་འཇོག་པ་དང་སྐྱེ་བའི་མཚོན་བྱེད་ཧཱུཾ་ཡིག་སྒོམ་ཞིང་། ཀྱེ་རྡོར་ལའང་མི་འདྲ་བ་ཡོད་ལ། འཇིགས་བྱེད་ནི་འདུས་པ་དང་འདྲ་སྟེ། བར་དོ་སྦྱོང་བྱེད་རྒྱུ་རྡོ་རྗེ་འཛིན་འཇམ་དཔལ་དང་། སྐྱེ་བ་སྦྱོང་བྱེད་འབྲས་བུ་རྡོ་རྗེ་འཛིན་པ་འཇིགས་བྱེད་སྒོམ་པ་ཡིན་པའི་ཕྱིར། རྫོགས་རིམ་གྱི་སྐབས་སུ་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་ལ་ལུས་ལ་གནད་དུ་བསྣུན་དགོས་པ་བླ་མེད་ཐམས་ཅད་ལ་འདྲ་ཡང་། གང་ལ་གནད་དུ་བསྣུན་པའི་རྩ་འཁོར་ལ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ནོར་བུའི་དབུས་ཀྱི་རྩ་འཁོར་དང་དྲུག་ཡོད་ཅིང་། དེ་ལ་གནད་དུ་བསྣུན་པའི་ཐབས་ལ་རྡོར་བཟླས་དང་། བུམ་པ་ཅན་ལ་སོགས་པ་རླུང་གི་རྣལ་འབྱོར་དང་། ལྟེ་བ་དང་གསང་གནས་སུ་གཏུམ་མོའི་རྣལ་འབྱོར་དང་། སྙིང་ག་དང་དྷཱུ་ཏཱིའི་བར་སྣ་ཚོགས་སུ་ཐིག་ལེའི་རྣལ་འབྱོར་བསྒོམས་ནས་རླུང་དབུ་མར་འཇུག་པ་ཡོད་དེ། དེ་ཡང་ཌོཾ་བྷི་བ་དང་། ནག་པོ་སྤྱོད་པ་དང་། ནཱ་རོ་ཆོས་དྲུག་པས་ལྟེ་བར་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་བྱེད། ལཱུ་ཧི་པ་ནི་ལྟེ་བར་ཧཱུཾ་ཡིག་བསྒོམས་པ་ལ་བརྟེན་ནས་བྱེད། དྲིལ་བུ་པ་ནི་དང་པོར་སྙིང་ག་དང་དེ་ནས་དྷཱུ་ཏཱིའི་མར་སྣ་དང་དེ་ནས་དྷཱུ་ཏཱིའི་ཡར་སྣ་སོགས་ལ་དམིགས་ནས་བྱེད། ཀུ་ཀུ་རི་པ་ནི་སྙིང་གར་རྡོར་བཟླས་ལ་བརྟེན་ནས་བྱེད། ཡེ་ཤེས་ཞབས་ཀྱིས་དང་པོར་སྙིང་ག་དང་། དེ་ནས་དྷཱུ་ཏིའི་མར་སྣ། དེ་ནས་སྙིང་གར་དམིགས་ནས་བྱེད། འདུས་པ་འཕགས་ལུགས་ནི། དང་པོར་དྷཱུ་ཏཱིའི་མར་སྣ། དེ་ནས་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་ཅིང་། གྲུབ་ཆེན་དཔལ་འཛིན་གྱིས་དང་པོར་ལྟེ་བ་དང་། དེ་ནས་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་འཇུག་པའི་ཕྱིར། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོས་པའི་མཚམས་དངོས་ནི་རླུང་དྷཱུ་ཏཱིར་འཇུག་ནུས་པ་ནས་ཡིན་ཀྱང་། རྫོགས་རིམ་སྒོམ་པའི་མཚམས་ལ་གཉིས་ཡོད་དེ། བསྐྱེད་རིམ་མཐར་ཕྱིན་ནས་སྒོམ་པ་དང་། བསྐྱེད་རིམ་ལ་བརྟེན་པ་ཅུང་ཟད་བྱས་ནས་སྒོམ་པའི་དུས་གཉིས་ཡོད་པའི་ཕྱིར་ཏེ། འདུས་པ་ལ་འཕགས་ལུགས་ཀྱི་གཙོ་བོ་ནི་སྔ་མ་ལྟར་ཡིན་ལ། ལཱུ་ཧི་པའི་ལུགས་ནི་ཕྱི་མ་ལྟར་བསྐྱེད་རིམ་སྒོམ་པ་དང་སྦྲགས་ནས་མཛད་པའི་ཕྱིར་ཏེ། ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་མངོན་རྟོགས་ཀྱི་མཇུག་ཏུ་རྫོགས་རིམ་གྱི་སྡུད་རིམ་བྱེད་པ་དར་བའི་ཕྱིར་རོ། །གཉིས་པ་ལ་སྒྱུ་ལུས་དང་བདེ་སྟོང་གི་ཡེ་ཤེས་གཉིས་ཀ་བདེ་གསང་གཉིས་ཀའི་བསྒྲུབ་བྱའི་གཙོ་བོ་ཡིན་ཡང་། སྐབས་འདིར་བསྟན་ཚུལ་གྱི་གོ་རིམ་ལྟར་བཤད་ན་གཉིས། སྒྱུ་ལུས་སྒྲུབ་པ་འདུས་པ་དང་སྦྱར་བ་དང་། བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་ཆེད་དགའ་བཞི་འདྲེན་ཚུལ་བདེ་མཆོག་དང་སྦྱར་བའོ། །དང་པོ་ལ་གཉིས། འདུས་པ་ལ་སྦྱང་དགོས་པར་བཤད་པའི་དགོངས་པ་མཚོན་ཙམ་བསྟན་པ་དང་། སྒྱུ་ལུས་ཀྱི་སྐོར་བཤད་པའོ། །དང་པོ་འདུས་པའི་སྐོར་ལ་སྦྱོང་ཚུལ་གྱི་ཁྱད་པར་ནི། རྗེའི་རྟོགས་བརྗོད་ལས། རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲང་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི །མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་བཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ༑ ༑རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །ཞེས་གསུངས་པ་ལྟར་དགོས་ཤིང་། དེ་ཡང་སྒྲོན་གསལ་མཆན་བུ་དང་བཅས་པ་ལས་འབྱུང་བ་བཞིན་དྲང་ངེས་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་ཡིན་མིན་གཉིས་ཏེ་མཐའ་དྲུག་དང་། ཡིག་དོན་སྤྱི་དོན་སྦས་དོན་མཐར་ཐུག་གི་དོན་ཏེ་ཚུལ་བཞི་རྩ་རྒྱུད་ལ་རྒྱས་བཏབ་པའི་ཚུལ་རྣམས་ནི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་ལ་བརྟེན་ནས་བླ་མ་འཕགས་པ་ཡབ་སྲས་དང་རྗེ་ཉིད་ཀྱི་མན་ངག་ལ་བརྟེན་ནས་ཤེས་དགོས་ལ། དེའི་ཚུལ་རྗེས་འགྲེལ་པ་བཞི་སྦྲགས་ཀྱི་སྐོར་ལས་བཤད་པ་རྣམས་བཀོད་ན་མང་དུ་འགྱུར་བས་དེ་དག་ཏུ་ཤེས་པར་བྱ་ལ། འདིར་ཕྱོགས་ཙམ་ཞིག་བརྗོད་ན། འདུས་པའི་རྩ་རྒྱུད་རྒྱས་པ་ནི་བོད་དུ་མ་འབྱུང་ཞིང་། བསྡུས་རྒྱུད་ལེའུ་བཅུ་བདུན་པའམ་ཕྱི་མ་དང་བཅས་པའི་བཅོ་བརྒྱད་པ་ནི་ད་ལྟ་ཡོངས་སུ་གྲགས་པ་འདི་ཡིན་ལ༑ སྤྱིར་བླ་མེད་ཀྱི་རྒྱུད་ཀུན་ཀྱང་གསུང་རབ་མཐར་ཐུག་ཡིན་མོད། དེའི་ནང་ནས་ཀྱང་འདུས་པའི་རྒྱུད་འདི་རྒྱུད་ཀུན་གྱི་རྩེ་མོ་དང་རྒྱལ་པོ་ཡིན་ཏེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་དང་། རྟོགས་བརྗོད་ལས། ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །ཞེས་སོགས་ཀྱིས་མཚོན་ཏེ་མང་དུ་གསུངས་པ་ལྟར་རོ། །བཤད་རྒྱུད་ལ་རྒྱུད་ཕྱི་མ། རྡོ་རྗེའི་འཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞི་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་སོ། །དེ་ཡང་རྒྱུད་ཕྱི་མས་རྩ་རྒྱུད་ཀྱི་དོན་ཀུན་བསྡུས་ནས་འཆད། རྡོ་རྗེ་ཕྲེང་བས་རིམ་གཉིས་དང་གཙོ་བོར་བསྐྱེད་རིམ། དགོངས་པ་ལུང་སྟོན་གྱིས་གཙོ་བོར་རྫོགས་རིམ། ལྷ་མོ་བཞི་ཞུས་ཀྱིས་སྲོག་རྩོལ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་སྒྱུ་ལུས་སྒྲུབ་ཚུལ་འཆད་དོ། །འདུས་པའི་སྐོར་གྱི་དགོངས་འགྲེལ་ལ་འཕགས་པའི་མདོར་བྱས། མདོར་བསྲེ། རིམ་ལྔ། འཕགས་པ་ལྷའི་སྤྱོད་བསྡུས། ཀླུ་བྱང་གི་རྣམ་བཞག་རིམ་པ༑ ཟླ་བའི་སྒྲོན་གསལ་སོགས་དང་། རྗེའི་སྔགས་རིམ་ཆེན་མོ། །རིམ་ལྔ་གསལ་སྒྲོན། མངོན་རྟོགས་དཀྱིལ་ཆོག་གི་སྐོར་དང་། ཁྱད་པར་དུ་སྒྲོན་གསལ་མཆན་བུ་བསྡུས་དོན་མཐའ་གཅོད་ཀྱི་སྐོར་རོ། །འདུས་པའི་རྩ་རྒྱུད་ཀྱི་དོན་ལ་སྒྲུབ་ཐབས་ཀྱི་དབང་དུ་བྱས་ན་ལྷ་བཅུ་གསུམ་མ། བཅུ་དགུ་མ། ལྷ་ཉེར་ལྔ་མ། སོ་གཉིས་མ་རྣམས་སོ། །ཡང་རྡོ་རྗེ་འཆང་གཙོ་བོར་བྱས་པའི་ཐུགས་དཀྱིལ། རྣམ་སྣང་གཙོ་བོར་བྱས་པའི་སྐུ་དཀྱིལ། འོད་དཔག་མེད་གཙོ་བོར་བྱས་པའི་གསུང་དཀྱིལ་དང་གསུམ་སྟེ། དེའི་དང་པོ་ནི། རྩ་རྒྱུད་ལེའུ་བཞི་པ་ལས། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཅེས་སོགས་ཀྱིས་བསྟན་ཅིང་། ལེའུ་གསུམ་པས་གཙོ་བོ་ལྔ་འཕོ་བའི་དབང་དུ་བྱས་པའི་དཀྱིལ་འཁོར་ཡང་བསྟན་པ། ཕྱི་མ་གཉིས་ལས་སྐུ་དཀྱིལ་ནི། རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་སོགས་ཀྱི་བསྟན། གསུང་དཀྱིལ་ནི། དེ་ནས་གསུང་གི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་སོགས་ཀྱིས་བསྟན་ཏོ། །ཡང་ལྷ་གཞན་རྣམས་རེ་རེས་གཙོ་བོར་བྱས་པའི་གཙོ་བོ་འཕོ་བའི་དཀྱིལ་འཁོར་ནི། ལེའུ་དེ་ཉིད་ལས། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་གསང་ལས་བྱུང་། །ཞེས་པས་འཆད་དེ་ཤེས་ན་ལེགས་སོ། །འདི་རྣམས་ཀྱི་དབང་དུ་བྱས་པའི་རིམ་གཉིས་ཀྱང་ཡོད་མོད། དེ་རྣམས་ཀྱི་ནང་ནས་མི་བསྐྱོད་པས་གཙོ་བོར་བྱས་པའི་ཐུགས་ཀྱི་དཀྱིལ་འཁོར་འདི་མཆོག་ཏུ་བཤད་ཅིང་། འདི་ལའང་སྤྱིར་ལྷ་གྲངས་མང་ཉུང་མི་མཐུན་པ་ཡོད་ཀྱང་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི་སོ་གཉིས་པའོ། །འདིའི་སྒྲུབ་ཐབས་ཀྱི་གཞུང་གི་གཙོ་བོ་རྣམས་ནི་རྩ་རྒྱུད་དང་སྦྱར་ནས་འཆད་ནུས་ཀྱང་མང་དུ་དོགས་ཏེ། མཚོན་ཙམ་ནི་རྒྱུད་ཕྱི་མ་ལས། རྡོ་རྗེ་བཞི་པོ་ཐུན་མོང་སྟེ།། ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་ཏེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་པ་ལྟར་དང་། ཡང་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །སྒྲུབ་པའི་དོན་གྱི་དམ་ཚིག་དང་། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་སོགས་འབྱུང་བ་ལྟར་ཏེ། དེ་ཡང་འདིའི་དང་པོ་ནི། ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་དེ་ཡིན། གཉིས་པ་ནི། ཉི་མ་སོགས་ལ་དམིགས་པ་ལས་ལྡང་བའི་དེ་ཉིད་ནས་སྐུ་རྫོགས་པ་ལས་བྱུང་བའི་དེ་ཉིད་ཀྱི་བར་ཡིན། གསུམ་པ་ནི། སྐུ་བྱིན་གྱིས་བརླབས་པ་ནས་ཏིང་ངེ་འཛིན་སེམས་དཔའི་དེ་ཉིད་ཀྱི་བར་ཡིན། བཞི་པ་ནི། རིག་མ་འདུ་བྱ་བ་ནས་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་ཡིན་ལ། དང་པོའི་སྦྱོར་བ་ལའང་རྣལ་འབྱོར་བཞིའི་ཆིངས་གསུངས་ཏེ། གནས་ཀྱི་དེ་ཉིད་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་རྣལ་འབྱོར། དེ་ནས་སྐུ་རྫོགས་པའི་བར་རྗེས་སུ་རྣལ་འབྱོར། དེ་ནས་དང་པོའི་མགོན་པོ་རྡོར་སེམས་སུ་བསྒྱུར་ནས་ཁྲོ་བོ་སྒོམ་པའི་བར་ཤིན་ཏུ་རྣལ་འབྱོར། དེ་ནས་མཆོད་པའི་དེ་ཉིད་ཀྱི་བར་རྣལ་འབྱོར་ཆེན་པོའོ། །དེ་དག་གི་དོན་ནི་ལྷག་མོས་འོད་གསལ་དུ་སྡུད་པ་འཆི་བ་སྤྱོང་བྱེད་དང་། དང་པོའི་མགོན་པོ་སྒོམ་པ་བར་དོ་སྦྱོང་བ་དང་། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་ནས་ལུས་དཀྱིལ་སྒོམ་པ་སྐྱེ་བ་སྦྱོང་བའི་སྐོར་གསུམ་དུ་འདུ་ཞིང་། དེའི་ལྷག་མ་ནི་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་ཏུ་འདུའོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་དེ་ལྟར་བསྒོམས་པས་སྐྱེ་འཆི་བར་དོ་གསུམ་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་རགས་པ་མངོན་འགྱུར་བ་སྦྱངས་ནས་རྫོགས་རིམ་གྱི་སྐབས་སུ་དངོས་གནས་ལ་སྦྱོང་བའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཚད་ཡིན་ཏེ། རྗེའི་འདུས་པའི་སྨོན་ལམ་ལས། དེར་ནི་སྐུ་གསུམ་གོ་འཕང་མངོན་འགྱུར་བའི། །ཐབས་ཀྱི་དམ་པ་འཆི་བ་ཆོས་སྐུ་དང་། །བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར། །ཚུལ་བཞིན་ཉམས་སུ་ལེན་པའི་རྡོ་རྗེ་མཆོག །རིམ་པ་ཇི་བཞིན་རྒྱུད་ལ་བ སྐྱེད་པ་ཡིས། །ཐ་མལ་སྐྱེ་འཆི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་དང་པོའི་སྦྱོར་བ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། འདིར་སློབ་མི་སློབ་ཀྱི་ཟུང་འཇུག་གི་སྐུ་འགྲུབ་པའི་རྒྱུར་སྒྱུ་ལུས་སྒྲུབ་དགོས་ཤིང་དེའི་ཚུལ་ཤེས་དགོས་པར་བཤད་པ་དེ་ལ་རིམ་ལྔའི་ཁྱད་པར་ཡང་ཤེས་དགོས་པས་མཚོན་ཙམ་ནི། རྩ་རྒྱུད་ལེའུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། །ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་སྤྱོད་བསྡུས་དང་། སྒྲོན་གསལ་ལས་རིམ་པ་དྲུག་ཏུ་མཛད། །བཤད་རྒྱུད་རྡོ་རྗེ་འཕྲེང་བར། །རྡོ་རྗེ་བཟླས་པ་ར བ་སྦྱོར་བས། །ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་འཕགས་པའི་རིམ་ལྔ་དང་ཀླུ་བྱང་གི་རྣམ་བཞག་རིམ་པར་རིམ་པ་ལྔའི་རྣམ་བཞག་མཛད་ཀྱང་དབྱེ་བསྡུ་ཡིན་པས་མི་འགལ་ཏེ། རིམ་པ་དྲུག་ཏུ་བྱས་པ་ནི་ལུས་དབེན་རིམ་པ་དང་པོར་མཛད་པ་ཡིན་ལ༑ རིམ་ལྔར་བྱས་པ་ནི་ངག་དབེན་སེམས་དབེན་གྱི་རིམ་པར་སྡུད་པའམ་ལུས་དབེན་དང་ངག་དབེན་གཉིས་ཀ་རིམ་པ་དང་པོ་དང་། སེམས་དབེན་རིམ་པ་གཉིས་པ། སྒྱུ་ལུས་རིམ་པ་གསུམ་པ། དོན་གྱི་འོད་གསལ་རིམ་པ་བཞི་པ། ཟུང་འཇུག་རིམ་པ་ལྔ་པར་མཛད་པའི་ཕྱིར་རོ། །རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཀའང་རིམ་ལྔར་འདུ་བ་ཡིན་ཏེ། སོར་སྡུད་དང་བསམ་གཏན་གཉིས་ལུས་དབེན་དང་། སྲོག་རྩོལ་གྱི་གཙོ་བོ་རྡོར་བཟླས་ངག་དབེན་དང་། འཛིན་པ་འོད་གསལ་དང་། རྗེས་དྲན་དང་ཏིང་ངེ་འ ཛིན་གཉིས་ཟུང་འཇུག་ཏུ་འདུ་བའི་ཕྱིར་ཏེ། །རྗེའི་འདུས་པའི་སྨོན་ལམ་ལས། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །ཞེས་གསུངས་པའི་ཕྱིར། དེ་ལ་ལུས་དབེན་ནི། སྨོན་ལམ་ལས། ནོར་བུར་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཞེས་སོགས་རྐང་པ་བཞིས་བསྟན་པ་ལྟར་རང་གི་འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམས་པ་ལ་བརྟེན་ནས། དྷཱུ་ཏཱིི་མར་སྣ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པ་ན། དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །ཞེས་སོགས་རྐང་པ་བཞིས་བསྟན་པ་ལྟར་མཉམ་བཞག་ལས་ལངས་པའི་དུས་སུ་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བར་བྱས་ནས་སྒོམ་ཞིང་། ལྷར་ཤར་བ་དེ་ལ་རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་པའི་ལུས་དབེན་ཡོད་དོ། །དེ་ནས། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཅེས་སོགས་ཀྱིས་བསྟན་པ་ལྟར་སྙིང་གར་སྔགས་ཀྱི་ཐིག་ལེ་སྒོམ་དགོས་ཏེ། དེ་ལ་རླུང་གི་མཚན་ཉིད་ཤེས་པར་བྱས་ནས་སྙིང་གར་དབྱངས་གསལ་གྱི་ཡི་གེ་རྣམ་བཀོད་ནས་སྒོམ་པ་དང་། མི་ཤིགས་པའི་ཐིག་ལེའི་ནང་དུ་ཨ་ཐུང་ཙམ་སྒོམ་པའི་ཚུལ་གཉིས་ཡོད་ལ། དེ་གཉིས་གང་ཡིན་ཀྱང་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་རླུང་ཞུགས་གནས་ཐིམ་གསུམ་བྱས་ཏེ་ཡེ་ཤེས་སྐྱེའོ། །དེ་ནས། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །ཞེས་སོགས་ཀྱིས་བསྟན་པ་ལྟར་རྡོར་བཟླས་བྱ་དགོས་པ་ཡིན་ཏེ། དེ་ནི་སྙིང་གའི་མི་ཤིགས་པ་ལ་དམིགས་ནས་རླུང་འཇུག་གནས་ལྡང་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་སྒོ་ནས་བྱེད་པ་ཡིན་ལ། དེའི་ཚེ་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་ༀ་གྱི་གདངས་ཀྱིས་ན ང་དུ་འཇུག་ཅིང་ཨཱཿའི་གདངས་ཀྱིས་གནས་པ་དང་ཧཱུཾ་གི་གདངས་ཀྱིས་ཕྱིར་ལྡང་བར་མོས་པ་ཡིན་པའི་ཕྱིར་རོ། །དེ་ནས། ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །ཞེས་སོགས་ཀྱིས་བསྟན་པ་ལྟར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་དང་མཉམ་པར་སྦྱར་བའི་གསང་གནས་ཀྱི་མར་སྣ་ཕྲད་མཚམས་སུ་ཐིག་ལེ་ཕབ་ནས་དམིགས་ཏེ་བསྒོམས་པས་རླུང་དབུ་མར་ཐིམ་ནས་སྟོང་པ་བཞི་སྔར་ལས་ཀྱང་ཕུལ་དུ་བྱུང་བ་འདྲེན་ཏེ། འདི་ནི་སྔ་མ་གཉིས་ཀྱི་བོགས་འདོན་ཡིན་པའི་ཕྱིར་ཏེ། སྲོག་རྩོལ་གསུམ་དང་དེའི་གཙོ་བོ་རྡོར་བཟླས་ཀྱི་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནུས་ཤིང་སེམས་དབེན་རྫོགས་པར་སྐྱེ་བ་ཡིན་གྱི། སྙིང་གའི་རྩ་འཁོར་ནི་རོ་རྐྱང་གི་མདུད་པ་གསུམ་གསུམ་གྱིས་དཀྲིས་ནས་དབྱེ་དཀའ་ཞིང་། དེ་རྫོགས་པར་མ་གྲོལ་བར་དུ་ལུས་ཀྱི་རླུང་ཐམས་ཅད་དབུ་མའི་ནང་དུ་རྫོགས་པར་མི་འདུ་ལ། རྫོགས་པར་གྲོལ་ན་འདུ་ཞིང་སེམས་དབེན་གྱི་རྟོགས་པའང་རྫོགས་པར་སྐྱེ་བར་འགྱུར་བའི་ཕྱིར་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྤྱིར་སྟོང་པ་བཞི་ཡོད་ཀྱང་སེམས་དབེན་གྱི་སྐབས་འདིར་སྟོང་པ་གསུམ་བྱེད་པ། སྟོང་པ་བཞི་པ་གསུམ་པ་སྟོང་ཆེན་ཉེར་ཐོབ་ཏུ་བསྡུས་པ་ཡིན་ཏེ། དེ་ཡང་འཕགས་པ་ཡབ་སྲས་ཀྱི་བཞེད་པ་ཡིན་པའི་ཕྱིར། སྐབས་དེ་དག་ཏུ་སྒྱུ་ལུས་འགྲུབ་པའི་ཆེད་དུ་བསྲེ་བ་རྣམ་པ་གསུམ་བྱ་དགོས་ཏེ། །སྨོན་ལམ་ལས། སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །ཞེས་སོགས་རྐང་པ་བཞི་གསུངས་པ་དང་། སྒྱུ་ལུས་གྲུབ་ནས་ཟུང་འཇུག་གི་ཆེད་དུ་བསྲེ་བ་བྱེད་པ་དང་། སེམས་དབེན་གྱི་སྔོན་དུའང་བསྲེ་བ་བྱ་བའི་སྐབས་མང་དུ་འབྱུང་བའི་ཕྱིར། བསྲེ་བ་ལ་རྩ་བའི་དབྱེ་བས་གསུམ་ཡོད་དེ། འཆི་བ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་གསུམ་ཡོད་པའི་ཕྱིར། དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། སད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། གཉིད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གསུམ་གྱི་ཁྱད་པར་ཡོད་དེ། སད་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པ་དེ་སད་དུས་ཀྱི་ཆོས་སྐུ་དང་བསྲེ་བ། དེ་ལས་ལངས་ནས་རྒྱུ་ལུས་དངོས་སམ་རྗེས་མཐུན་པ་རྡོ་རྗེ་འཆང་དུ་སྒོམ་པ་སད་དུས་ཀྱི་ལོངས་སྐུ་དང་བསྲེ་བ། དེ་ཉིད་རྣམ་སྨིན་གྱི་ཕུང་པོ་རྡོ་རྗེ་འཆང་དུ་སྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་པ འི་ཚུལ་གྱིས་འཇུག་པ་དེ་སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གཉིས་པ་གསུམ་གྱི་ཁྱད་པར་ཡོད་དེ། གཉིད་དུས་ཀྱི་འོད་གསལ་དེ་ལམ་གྱི་འོད་གསལ་དུ་བསྒྱུར་ནས་སྒོམ་པ་ཆོས་སྐུ་དང་བསྲེ་བ། རྨི་ལམ་གྱི་ལུས་ཁྱད་པར་ཅན་རྡོ་རྗེ་འཆང་དུ་སྒོམ་པ་ལོངས་སྐུ་དང་བསྲེ་བ། དེ་ཉིད་གཉིད་དུས་ཀྱི་ཕུང་པོ་ལྷར་སྒོམ་པའི་ཐུགས་ཀར་འཇུག་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གསུམ་པ་སྐུ་གསུམ་གྱི་ཁྱད་པར་ཡོད་དེ། འཆི་དུས་ཀྱི་སྟོང་པ་བཞི་པ་འོད་གསལ་དེ་ལམ་གྱི་འོད་གསལ་དུ་ཁྱེར་བ་ཆོས་སྐུ་དང་བསྲེ་བ། འོད་གསལ་དེ་ལས་བར་དོའི་དོད་དུ་སྒྱུ་ལུས་སུ་ལྡང་བའམ་བར་དོ་གྲུབ་པ་དེ་སྒྱུ་མའི་སྐུར་སྒོམ་པ་ལོངས་སྐུ་དང་བསྲེ་བ༑ དེ་ཉིད་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་བཟུང་བ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། སྒྱུ་ལུས་ཀྱི་སྒྲུབ་གཞི་ནི་རྟེན་ལ་བཞི་དུས་ཡོད་པའི་རླུང་སེམས་ཕྲ་བ་གཉིས་ཡིན་ཏེ། དེ་ཡང་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པ་ལྟར། གཞི་དུས་སུ་འཆི་བ་འོད་གསལ་གྱི་རླུང་སེམས་ལས་བར་དོའི་ལུས་འགྲུབ་འོང་རྒྱུ་དེ་ཉིད། ཐབས་མཁས་ཀྱིས་ལམ་དུ་བསྒྱུར་ནས་སྒྱུ་ལུས་འགྲུབ་པར་འགྱུར་བའི་ཕྱིར་ཏེ། འཆི་དུས་སུ་ལས་དབང་གིས་རྩ་མ དུད་གྲོལ་ནས་ལས་རླུང་དྷཱུ་ཏཱིར་ཐིམ་པའི་འཆི་བ་འོད་གསལ་གྱི་རླུང་སེམས་ཚོགས་པ་ལས་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོ་འགྲུབ་པ་དེ་བཞིན་དུ། །འདིར་སྲོག་རྩོལ་རྣམ་གསུམ་བསྲེ་བ་དང་ཕྱག་རྒྱ་ལ་བརྟེན་པའི་ཐབས་ཀྱིས་སྙིང་གའི་རྩ་མདུད་སོགས་གྲོལ་ཏེ། ལུས་ཀྱི་ལས་རླུང་ཐམས་ཅད་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། སྟོང་པ་གསུམ་དང་བཞི་པ་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་བསྐྱེད་ནུས་ཤིང་། དེ་ལས་ཆུ་ལས་ཉ་ལྡང་བ་ལྟར་ལུགས་ལྡོག་ཏུ་ལངས་པ་དང་དུས་མཉམ་དུ་རིམ་པ་གསུམ་པ་རླུང་སེམས་ལས་གྲུབ་པའི་སྒྱུ་མའི་སྐུ་འགྲུབ་པ་ཡིན་པའི་ཕྱིར་ཏེ། རིམ་ལྔ་ལས། རང་བཞིན་འོད་གསལ་དེ་དང་དེ། རྣམ་ཤེས་གསུམ་དང་ལྡན་པ་ཡི། །བདག་བྱིན་བརླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་འབྱུང་། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་གསུངས་པས་སོ། །སྒྱུ་ལུས་གྲུབ་ནས་རྟེན་དེ་ལ་བསྲེ་བ་དང་། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་ཡང་ཡང་བྱས་པས་མཐར་རིམ་པ་གསུམ་པའི་སྒྱུ་ལུས་འོད་གསལ་གྱིས་སྦྱངས་ནས་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པ་དང་མཉམ་དུ་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་། དེ་ནི་སྤངས་པ་ཟུང་འཇུག་ཡིན་ལ། སླར་དོན་གྱི་འོད་གསལ་དུ་ཞུགས་ན་རྟོགས་པ་ཟུང་འཇུག་ཐོབ་པར་འགྱུར་ཏེ། རྟེན་དེ་ལ་སྤྱ྄ོད་པ་གསུམ་ལ་སློབ་པའི་སྒོ་ནས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཆག་བསྒྲིལ་དུ་བྱས་ནས་བསྒོམས་པས་ནི་སློབ་པའི་ཟུང་འཇུག་གི་སྐུ་ཐོབ་པར་འགྱུར་ཏེ་མང་དུ་དོགས་ནས་དེ་ཙམ་ཞིག་སྨྲས་སོ། །གཉིས་པ་ནི། དགའ་བཞི་འདྲེན་པའི་ཚུལ་བདེ་མཆོག་དང་ཀྱེ་རྡོར་སོགས་ནས་སྟོན་པས་བདེ་མཆོག་གི་སྐོར་ལ་སྦྱང་དགོས་པར་གསུངས་པའི་དགོངས་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་སྦྱང་རྒྱུའི་བདེ་མཆོག་གི་རྒྱུད་ལ་རྩ་རྒྱུད་དང་། བཤད་རྒྱུད་དང་། སྒྲུབ་ཐབས་སོགས་ཀྱི་སྐོར་མང་སྟེ། རྩ་རྒྱུད་ལ་འབུམ་ཕྲག་གསུམ་པ། འབུམ་ཕྲག་གཅིག་པ། ཉུང་ངུའི་རྩ་རྒྱུད་དང་གསུམ་ལས་དང་པོ་གཉིས་ནི་འདིར་མ་འགྱུར་ཞིང་། ཕྱི་མ་ཉུང་ངུའི་རྩ་རྒྱུད་ལེའུ་ང་གཅིག་པ་ནི་ད་ལྟ་གྲགས་ཆེའོ། །བཤད་རྒྱུད་ལ༑ མངོན་བརྗོད། རྡོ་རྗེ་མཁའ་འགྲོ །ཀུན་སྤྱོད། སྡོམ་འབྱུང་། མཁའ་སྦྱོར། ཕག་མོའི་མངོན་འབྱུང་སྟེ་དྲུག་དང་། ཆ་མཐུན་གྱི་རྒྱུད་ཧེ་རུ་ཀ་མངོན་འབྱུང་། མཁའ་འགྲོ་རྒྱ་མཚོ། རྣལ་འབྱོར་མ་བཞི་ཞལ་སྦྱོར་རྣམས་སོ། །སྒྲུབ་ཐབས་ཊཱིཀྐ་སོགས་ཀྱི་སྐོར་ལ། ལཱུ་ཧི་པའི་མངོན་རྟོགས། དྲིལ་བུ་པའི་ལུས་དཀྱིལ། རིམ་ལྔ། ནག་པོ་སྤྱོད་པའི་དཔྱིད་ཐིག་སོགས་དང་། ལྭ་ཝ་པ་པྲཛྙཱ་རཀྵི་ཏས་མཛད་པའི་རྒྱུད་ཊཱིཀ་སོགས་དང་། རྗེའི་རྩ་རྒྱུད་ཀྱི་ཊཱིཀྐ་སྦས་དོན་གསལ་བ་མངོན་རྟོགས་ཀྱི་འགྲེལ་པ་འདོད་འཇོ། རྫོགས་རིམ་རྣལ་འབྱོར་ཆེན་པོ་སོགས་མང་ངོ་། །རྩ་རྒྱུད་ལས་རིམ་པ་གཉིས་ཀ་བསྟན་ཅིང་། དེ་ཡང་བསྐྱེད་རྫོགས་གཉིས་ལྷན་ཅིག་སྟོན་པའི་གཞུང་གི་གཙོ་བོ་ནི་ལེའུ་སོ་གཉིས་པ་ལས། བ་གླང་གནས་དང་སྟེང་ལྡིང་དང་། །ཞེས་སོགས་དང་། ལེའུ་ང་གཅིག་པར་རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ཡི་སྐྱེས། །ཞེས་གསུངས་པ་འདི་ལྟ་བུ་ཡིན་པར་རྒྱུད་འགྲེལ་དུ་བཤད་ལ། བཤད་རྒྱུད་མངོན་བརྗོད་ལས་ནི་བསྐྱེད་རིམ་གཙོ་བོར་འཆད་དེ། ལྷ་རེ་གཉིས་པའི་དཀྱིལ་འཁོར་མི་འདྲ་བ་དུ་མ་དང་། སྐུ་གསུང་ཐུགས་ཀྱི་བདེ་མཆོག་ཡབ་ཡུམ་གཙོ་བོ་བྱས་པའི་འཁོར་ལ། རང་རང་གི་དཔའ་བོ་བཅུ་དྲུག་རེས་བསྐོར་བའི་སྟེང་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་བསྣན་པའི་ལྷ་སུམ་ཅུ་པའི་དཀྱིལ་འཁོར་གསུམ། ཡང་དམ་ཚིག་གི་འཁོར་ལོའི་གཙོ་བོ་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་བསྣན་པའི་ལྷ་བཅུ་གསུམ་པའམ་བཅུ་གཉིས་པའི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་ལ་རྣལ་འབྱོར་མ་བཞིས་བསྐོར་བའི་ལྷ་ལྔ་མའམ་དྲུག་པའི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་གཅིག་པུའི་དཀྱིལ་འཁོར་རྣམས་བཤད་ཅིང་། འདིའི་ལེའུ་བཞི་པ་ནས་བདེ་མཆོག་ཞལ་བཞི་ཕྱག་བཞི་པ་ནས་ཕྱག་འབུམ་གྱི་བར་ཡོད་པར་བཤད་དེ། རྩ་རྒྱུད་ལེའུ་སོ་གཉིས་པར། ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་གསུངས་པའི་དགོངས་པའོ། །རྒྱུད་གཞན་གྱིས་རྩ་རྒྱུད་ཀྱི་རིམ་གཉིས་འཆད་དེ། རྡོ་རྗེ་མཁའ་འགྲོ་ལས་བསྐྱེད་རྫོགས་གཉིས་ཀ་དང་ལས་ཚོགས། སྡོམ་འབྱུང་ལས་ནི་རིམ་གཉིས་དང་དབང་གི་སྐོར། ཀུན་སྤྱོད་ལས་ནི་རིམ་གཉིས་སྤྱི་དང་བསྐྱེད་རིམ་རྒྱས། ཁ་སྦྱོར་ལས་ནི་རིམ་གཉིས་དང་དབང་གི་སྐོར་འཆད་དོ། །ལཱུ་དྲིལ་གཉིས་ཀྱིས་གཙོ་བོར་ཀུན་སྤྱོད་ལ་བརྟེན་པར་སྣང་ལ། རྗེ་ཉིད་ཀྱིས་ལཱུ་དྲིལ་ནག་གསུམ་དང་ཁྱད་པར་དུ་ལཱུ་དྲིལ་གྱི་ལུགས་འཛིན་ཅིང་། རྒྱུད་ཊཱིཀ་ལྭ་ཝ་པ་དང་དེའི་འགྲེལ་པ་པྲཛྙཱ་རཀྵི་ཏས་མཛད་པ་གཞིར་འཇོག་སྟེ། བོད་ཀྱི་མར་དོའི་བཤད་པ་ཡང་ཁུངས་སུ་འདྲེན་ནོ། །རང་ཅག་ལྟ་བུས་ནི་རྗེའི་འདོད་འཇོ་དང་རྫོགས་རིམ་རྣལ་འབྱོར་ཆེན་པོ་ལ་སྦྱངས་ན་བློ་བསྐྱེད་ཆེ་བར་སེམས་སོ། །གོང་དུ་བརྗོད་པའི་སྒྲུབ་ཐབས་དེ་རྣམས་ཀྱི་དོན་ལ་རིམ་གཉིས་ཀྱི་གསུང་ཡོད་ཀྱང་། ལཱུ་ཧི་བའི་ལུགས་ཀྱི་ལྷ་རེ་གཉིས་པའི་དཀྱིལ་འཁོར་འདི་དཀྱིལ་འཁོར་གཞན་རྣམས་ཀྱི་གཙོ་བོ་དང་རྩ་བའི་དཀྱིལ་འཁོར་ཡིན་པར་བཤད་ཅིང་། འདིའི་མངོན་རྟོགས་ལས་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་མཚོན་ཚུལ་རྒྱས་པར་བཤད་ན་མང་དུ་འགྱུར་བས། བསྡུས་ན་འདིའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་སྡུད་རིམ་བྱས་ནས་སྟོང་ཉིད་སྒོམ་པ་ནི་འཆི་བ་སྦྱོང་བྱེད་ཆོས་སྐུའི་ལམ་ཁྱེར། སྟོང་པའི་ངང་ལས་ནཱ་ད་ནམ་མཁར་འཇོག་པ་ནི་བར་དོ་མཚོན་བྱེད་དང་སྦྱོང་བྱེད་ལོངས་སྐུའི་ལམ་ཁྱེར། དེ་ནས་རི་རབ་ཀྱི་སྡེང་དུ་སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་ལས་བྱང་སེམས་དཀར་དམར་མཚོན་བྱེད་ཀྱི་ཟླ་བ་དཀར་དམར་གྱི་དབུས་སུ་བར་དོའི་མཚོན་བྱེད་ནམ་མཁའི་ནང་ཞུགས་ནས་ཧཱུཾ་ཡིག་དཀར་དམར་དུ་བསྒྱུར་བ་ནི་མངལ་དུ་སྐྱེ་བ་བཟུང་བའི་མཚོན་བྱེད་དེ། དེ་དང་ཧེ་རུ་ཀར་ལངས་པ་གཉིས་ཀ་སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུའི་ལམ་ཁྱེར་ཡིན་ཞིང་། འོན་ཀྱང་རྟེན་བརྟེན་པ་དུས་གཅིག་ཏུ་གྲུབ་པའི་ཧེ་རུ་ཀ་ནི་མངལ་ནས་ཕྱིས་བཙས་པ་དང་སྦྱོར་རོ། །དེ་ཡང་རྗེའི་སྨོན་ལམ་ལས། སྤྲོས་ཀུན་འོད་གསལ་གནས་སུ་སྡུད་པ་དང་། །དེ་ལས་ནཱ་དའི་གཟུགས་སུ་ལྡང་བ་དང་། །དེ་ཉིད་དབྱངས་གསལ་གཟུགས་བརྙན་བཞིན་ཤར་བའི། །དཀར་དམར་ཟླ་བའི་དབུས་སུ་ཞུགས་པ་ལས། །ཧེ་རུ་ཀའི་དཀྱིལ་འཁོར་རྫོགས་པའི་དོན། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་སྐུར་ཁྱེར་བའི་ལམ་ཁྱེར་དུ། །ཤེས་ནས་བསྒོམས་པས་དེ་བཞིན་འགྲུབ་པར་ཤོག །གསུངས་པའི་དོན་ནོ། །འབྱུང་བཞི་རི་རབ་པདྨ་དང་བཅས་པས་སྒྲུབ་པ་པོའི་ལུས་དང་ལུས་ཀྱི་རྩ་འཁོར་སོགས་མཚོན་པ་ཡིན་ཏེ། དེ་ཉིད་ལས། གནས་མཆོག་གང་དུ་ཧེ་རུ་ཀ་རྫོགས་པའི། །འབྱུང་བཞི་རི་རབ་པདྨས་མཚོན་པའི་དོན། །གང་དུ་གནད་དུ་བསྣུན་པའི་རྩ་འཁོར་སོགས། །རྡོ་རྗེའི་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག །ཞེས་སོ། །ཟླ་བ་དཀར་དམར་གྱིས་ཁམས་དཀར་དམར་མཚོན་ཞིང་དེ་ཡང་རྫོག་རིམ་གྱི་སྐབས་སུ་ལྟེ་བའི་དམར་ཆ་གཏུམ་མོ་སྦར་ནས་སྤྱི་བོའི་དཀར་ཆ་བྱང་སེམས་བབས་པའི་འདུ་འཕྲོད་ཀྱིས་རླུང་དྷཱུ་ཏཱིར་འདུས་པ་ལས་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བའི་ཚད་དམ་མཚོན་བྱེད་ཡིན་ཏེ། པདྨའི་ལྟེ་བར་ཟླ་བ་དཀར་དམར་ནི། འདུས་པ་སོགས་ཀྱིས་མཚོན་པར་གྱུར་པའི་དོན། ལྟེ་བའི་དམར་ཆ་སྤྱི་བོའི་དཀར་ཆ་ཡི། །འབར་དང་འཛག་པ་དྷཱུ་ཏཱིར་འདུས་པ་ལས། །ངེས་དོན་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི། །དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་སུ་ནི། །ལེགས་པར་ཤེས་ནས་དེ་བཞིན་བསྒོམས་པ་ཡིན། །དེ་འདྲའི་རྫོགས་རིམ་སྐྱེ་བའི་སྣོད་གྱུར་ཅིག །ཞེས་སོ། །ལུས་ཀྱི་དབང་པོའི་སྒོ་རྣམས་དང་གནས་ཉེར་བཞི་སོགས་ལ་ལུས་དཀྱིལ་གྱི་ལྷ་སྒོམ་པ་ནི་ལྷ་དེ་རྣམས་ཀྱིས་རྩ་རླུང་ཐིག་ལེ་རྣམས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ལུས་ཀྱི་གནས་དེ་དག་གི་རླུང་རྣམས་དྷཱུ་ཏཱིར་སྡུད་ནུས་པའི་ཆེད་ཡིན་ཏེ། སྒོ་མཚམས་མ་རྣམས་དབང་པོའི་སྒོར་བསྒོམས་པས། ལས་རླུང་དབང་པོའི་སྒོ་ནས་ལྡོག་པར་ཤོག །ཉེར་བཞིའི་ཡུལ་དུ་དཔའ་བོ་དཔའ་མོ་རྣམས། །བསྒོམས་པས་རླུང་རྣམས་ཉེར་བཞིའི་རྩར་འདུས་ཤོག །ཆོས་ཀྱི་འཁོར་ལོ་འདབ་མར་བདེ་ཆེན་གྱི། །ལྷ་རྣམས་བསྒོམས་པ་སླར་ཡང་རླུང་རྣམས་ནི། །སྙིང་གའི་ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་དུ། །འདུས་ནས་དབུས་ཀྱི་དྷཱུ་ཏཱིར་འཇུག་པར་ཤོག །ནང་གི་རྗེ་བཙུན་ཡབ་ཡུམ་བསྒོམས་པ་ལས། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམས་ཞུགས་ནས། །རྫོགས་པའི་རིམ་པ་མཆོག་རྣམས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྫོགས་རིམ་གྱི་སྐོར་ལ་བཞི། ལུགས་འདིའི་རིམ་ལྔ་འཇོག་ཚུལ། ཕྱག་རྒྱའི་རྣམ་བཞག །དགའ་བཞི་འདྲེན་ཚུལ། བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། ལུགས་འདིའི་རྫོགས་རིམ་དང་། རིམ་པ་ལྔའི་ཁྱད་པར་རོ། །དང་པོ་ནི། སྨོན་ལམ་ལས། སྤྲུལ་བའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། །སེམས་ནི་བརྟན་པས་ཉི་ཟླའི་འགྲོས་བཅོམ་སྟེ། །དྷཱུ་ཏཱིར་ཙཎྜ་ལི་ནི་འབར་བ་ཡིས། །སྟོང་ཕྲག་དོན་གཉིས་རྩ་རྣམས་རབ་གཡོས་པའི། །བྱང་ཆུབ་སེམས་རྒྱུན་འབབ་དང་འཇོག་པ་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཅེས་གསུངས་ཏེ། འདིས་ལཱུ་ཧི་པའི་ལུགས་ཀྱི་སྡུད་རིམ་གྱི་རྫོགས་རིམ་གྱི་སྔོན་དུ་ལྟེ་བའི་གནས་སུ་ཧཱུཾ་ཡིག་བསྒོམས་ནས་དགའ་བཞི་འདྲེན་དགོས་པར་བསྟན། དེ་ནས། འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། །ཞེས་སོགས་རྐང་པ་དྲུག་གིས་ཧཱུཾ་ཡིག་ལ་དམིགས་ནས་རྡོར་བཟླས་བྱས་པས་ལྟེ་བའི་གཏུམ་མོ་སྦར་ནས་སྤྱི་བོའི་ཧཾ་ཡིག་གི་མིང་ཅན་གྱི་བྱང་སེམས་དབུ་མར་ཞུ་བ་ལས་འོད་གསལ་སྐྱེ་བར་བསྟན། དེ་ནས། མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །ཞེས་སོགས་རྐང་པ་དྲུག་གིས་ལུགས་འདིའི་རྗེས་གཞིག་གི་སྡུད་རིམ་བསྟན། དེ་ནས། བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ཞེས་སོགས་ཚིགས་བཅད་གཉིས་ཀྱི་མཉམ་བཞག་ཏུ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་སྒོམ་པ་དང་། རྗེས་ཐོབ་ཏུ་སྣོད་བཅུད་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་དེའི་རྣམ་རོལ་ཏུ་ལྟ་ཚུལ་བསྟན། དེ་ནས། རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཞེས་སོགས་རྐང་པ་བཞིས་ཆུ་ལས་ཉ་འཕར་བ་ལྟར་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་ཚུལ་བསྟན། དེ་ནས། སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཞེས་སོགས་རྐང་པ་བཞིས་སྒྱུ་ལུས་དེ་ཉིད་འོད་གསལ་དུ་འཇུག་ཚུལ་དང་། འོད་གསལ་དུ་ཞུགས་པ་ལས་ལུགས་ལྡོག་ཏུ་ཟུང་འཇུག་གི་སྐུ་འགྲུབ་པའི་རིམ་པ་བསྟན་ཏེ། འདི་ལའང་སྤངས་པ་ཟུང་འཇུག་དང་རྟོགས་པ་ཟུང་འཇུག་གཉིས་ཡོད་པ་འདུས་པ་དང་འདྲའོ། །དེ་ནས། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཞེས་སོགས་རྐང་པ་བཞིས་སློབ་པའི་ཟུང་འཇུག་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་བསྒོམས་པའི་སྟོབས་ཀྱིས་སྒྲིབ་པ་སྤངས་ནས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ཚུལ་བསྟན་ཏེ་མཚོན་ཙམ་མོ། །གཉིས་པ་ལུགས་འདིའི་རྫོགས་རིམ་རིམ་པ་ལྔར་འཇོག་ཚུལ་ནི། གོང་དུ་བཤད་པ་དེ་རྣམས་ཀྱི་དོན་བསྡུས་ཏེ་རྗེས་རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ལུགས་འདིའི་རྫོགས་རིམ་གྱི་རྗེས་གཞིག་གི་སྡུད་རིམ་ལ་ནུས་པ་ཐོན་པའི་མཚམས་ནས་ལུས་དབེན་གྱི་སྐོར་ཅི་རིགས་འབྱུང་ལ། རྡོ་རྗེའི་བཟླས་པ་ནི་ཤིན་ཏུ་གསལ། དེ་གཉིས་ཀྱིས་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་བའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་ཚུན་ཆད་ནི་རྡོར་བཟླས་ཀྱི་རིམ་པར་འདུ་ཞིང་། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །རྒྱུ་ལུས་དངོས་སུ་བསྐྱེད་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་དང་དེའི་ཐབས་ཉེ་བའི་རྒྱུ་རྣམས་ནི་འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པའོ་ཞེས་དང་། དོན་གྱི་འོད་གསལ་ལས་ལངས་པའི་མཚམས་སུ་ནི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ལ་ཞེས་གསུངས་པ་ལྟར་རོ། །འདིར་འོད་གསལ་ལས་ལངས་ཞེས་གསུངས་པ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ཡིན་གྱི། དེའི་རྗེས་སུ་སློབ་པའི་རྟོགས་པ་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་དོན་གྱི་འོད་གསལ་ནི་ཡོད་ལ། སྤངས་པ་ཟུང་འཇུག་གི་རྐྱང་པའི་ཡ་གྱལ་ལ་དོན་གྱི་འོད་གསལ་མེད་ཀྱང་། ཉོན་སྒྲིབ་སྤངས་པའི་ཡེ་ཤེས་ནི་ཡོད་དེ་ད་དུང་དཔྱད་བྱའི་གནས་སུ་སྣང་ངོ་། །གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས། འདི་ལུགས་ཀྱི་རིམ་པ་ལྔ་བཤད་དེ་མ་དྲངས་སོ། །དྲིལ་བུའི་ཞབས་དང་ནག་པོ་སྤྱོད་པའི་ལུགས་ཀྱི་རིམ་ལྔ་ནི། རང་བྱིན་རླབས་ཀྱི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛཱ་ལནྡྷ་རའི་རིམ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་སྔ་མ་དང་ཅུང་མི་འདྲ་ཞིག་ངོས་བཟུང་གཞན་དུ་ཤེས་པར་བྱའོ། །གཉིས་པ་ཕྱག་རྒྱ་བཞིའི་སྐོར་ལ། ཕྱག་རྒྱ་བཞི་ནི། གླང་པོ་ཅན་མ། དུང་ཅན་མ། རི་དྭགས་ཅན་མ༑ པདྨ་ཅན་ཏེ་བཞི་ཡིན་ལ། དེ་དག་ནི་གསང་གནས་ཀྱི་རྩའི་དབྱིབས་ཀྱི་སྒོ་ནས་མིང་དེ་ལྟར་དུ་བཏགས་པར་གསུངས་ཤིང་། དེ་རྣམས་ཀྱི་ཁྱད་པར་རྩ་འཚོལ་ལུགས། བསྟེན་ལུགས་རྣམས་ནི་འདུས་པའི་ཡིག་ཆུང་ཉེར་གཅིག་གི་བཅུ་བདུན་པའི་སྐབས་སུ་ལེ་ཚན་ལྔ་ལས་རྒྱས་པར་བཤད་ཅིང་། འདུས་པའི་མཐའ་གཅོད་ལེའུ་བཅུ་གསུམ་པའི་ནང་དུའང་རྒྱས་ཙམ་ཞིག་བཤད་པ་ཀྱེ་རྡོར་དང་གུར་ནས་གསུངས་པའི་དོན་ཏེ་དེ་དག་ཏུ་ཤེས་པར་བྱའོ། །ལུགས་འདིར་ལམ་མྱུར་དུ་བགྲོད་པ་ལ་གྲོགས་མཁའ་འགྲོ་མའི་ཕོ་ཉ་བསྟེན་དགོས་ཏེ། རྩ་རྒྱུད་ལེའུ་དང་པོ་ལས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་པ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་པའི་སྐབས་སུ་ཕོ་ཉ་ལ་ལྷན་སྐྱེས་དང་ཞིང་སྐྱེས་དང་སྔགས་སྐྱེས་གསུམ་བཤད་ཅིང་། དེ་གསུམ་ཡང་རིམ་པ་བཞིན་དུ་མཆོག་དང་འབྲིང་དང་ཐ་མར་གསུངས་ལ། རྩ་རྒྱུད་ལེའུ་བཅོ་ལྔ་པ་སོགས་ལེའུ་དགུས་ཕོ་ཉའམ་མཁའ་འགྲོ་མའི་མཚན་ཉིད་དབྱེ་བ་བརྟག་ཐབས་ཀྱི་སྐོར་མང་དུ་བཤད་ཅིང་། རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཞེས་ཕྱག་རྒྱ་ལ་མ་བསྟེན་པར་ལམ་ཁྱད་པར་ཅན་མྱུར་དུ་མི་འགྲུབ་པར་བཤད་ལ། ཡང་དེ་ཉིད་ལས། དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་ཕོ་ཉ་ལ་བསྟེན་ན་ལམ་མྱུར་དུ་འགྲུབ་པ་དང་། དེ་བཞིན་དུ་ཧེ་རུ་ཀ་མངོན་འབྱུང་དང་། སམྦྷུ་ཊི་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་སོགས་ནས་ཀྱང་བཤད་ལ། རྗེའི་དངོས་གྲུབ་སྙེ་མ་ལས་ཀྱང་། དེ་ལྟར་བྱ་ནུས་པ་ནས་ཕྱིའི་རྐྱེན་ཕོ་ཉ་མོ་མཚན་ཉིད་ཚང་བ་ལ་བསྟེན་ན་ལམ་ཆེས་མྱུར་བར་འགྱུར་གྱི། གཞན་དུ་མིན་པས་ཐབས་དེ་གཙོ་བོ་ཡིན་ཏེ། །ཞེས་གསུངས་སོ། །དེ་ཡང་ཡུལ་རྟེན་གཉིས་ཀ་མཚན་ཉིད་ཚང་བ་དགོས་ཤིང་མ་ཚང་ན་ཉེས་པ་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པ་རྣལ་འབྱོར་ཆོས། །ཕྱག་རྒྱ་ལས་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །ཞེས་གསུངས་པས་ད་ལྟའི་གང་ཟག་གིས་ལས་རྒྱལ་ལ་བསྟེན་དཀའོ། །ལུགས་འདི་ལའང་སྤྱོད་པ་གསུམ་ལ་སློབ་དགོས་པ་ནི་འདུས་པ་དང་འདྲའོ། །གསུམ་པ་དགའ་བཞི་འདྲེན་ཚུལ་ནི། རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གཏུམ་མོ་སྤར་ནས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་སྐྱེས་སྐྱེ་བར་བཤད་དེ་ལུགས་འབྱུང་ངོ་། །ཡང་དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས།། ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་སླར་བྱང་སེམས་ནོར་བུའི་རྩེ་ནས་ལྟེ་བར་སླེབས་པ་ན་དགའ་བ། ལྟེ་བ་ནས་སྙིང་གར་མཆོག་དགའ། སྙིང་ག་ནས་མགྲིན་པར་ཁྱད་དགའ། མགྲིན་པ་ནས་སྤྱི་བོར་སླེབས་པ་ན་ལྷན་སྐྱེས་སྐྱེ་བར་བཤད་པ་ནི་ལུགས་ལྡོག་གོ །ཡས་བབས་ཀྱི་དགའ་བཞི་ལས་མས་བརྟན་གྱི་དགའ་བཞི་ཁྱད་པར་དུ་འཕགས་ཤིང་། བཞི་ཀའང་ལྷན་སྐྱེས་སུ་བཤད་དོ། །དགའ་བཞི་དང་སྟོང་བཞི་དུས་མཉམ་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་ཏེ། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་གསུངས་ཤིང་། འོན་ཀྱང་དགའ་བ་ནི་མྱོང་ཚུལ་དང་སྟོང་པ་ནི་རླུང་ཐིམ་པའི་སྣང་བ་འཆར་ཚུལ་གྱི་སྒོ་ནས་འཇོག་གོ །དགའ་བ་བཞི་པོ་རེ་རེ་ལ་བཞི་བཞི་སྟེ་བཅུ་དྲུག་དང་གསུམ་གསུམ་སྟེ་བཅུ་གཉིས་སུ་འབྱེད་ཚུལ་ནི། །ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བཞི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ན འང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པ་ལྟར་བྱང་སེམས་དཀར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་དྲུག་དང་། དམར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་གཉིས་སུ་འབྱེད་པ་ཡིན་ཏེ། དང་པོ་ནི། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་བཞིར་ཕྱེ་བའི་གནས་བཞིར་རིམ་པ་བཞིན་བྱང་སེམས་སླེབས་པ་ན་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་ཁྱད་དགའ། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་མྱོང་བར་འཇོག་ལ། དེས་མཚོན་ནས་གཞན་གསུམ་ཡང་ཤེས་པར་བྱ་ཞིང་། བཅུ་གཉིས་སུ་འགྱུར་ཚུལ་གནས་བཞི་པོ་རེ་རེར་གསུམ་གསུམ་དུ་ཕྱེ་ནས་དམར་ཆ་འབབ་པའི་ལྡོག་པས་འཇོག་གོ །དགའ་བཞི་འདྲེན་པའི་ཚེ་བདེ་བ་ཆེ་ཆུང་འབྱུང་བར་གསུངས་པ་ནི། དེའི་སྐབས་སུ་བྱང་སེམས་འབབ་ལྡོག་ཆེ་ཆུང་གིས་བདེ་བ་ཡང་ཆེ་ཆུང་དུ་འགྱུར་ཞིང་། སྤྱིར་བྱང་སེམས་ཕྱིར་མ་འཕོས་པ་ལ་ནི་བདེ་བ་ཆེ་ཞིང་། ཕྱིར་འཕོས་ན་བདེ་བ་ཆུང་བར་དེ་ཉིད་རབ་གསལ་ལས་བཤད་པ་ལྟར་རོ། །བཞི་པ་ལ་གཉིས། བདེ་སྟོང་སྦྱོར་ཚུལ་དང་། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ལ་བདེ་སྟོང་སྦྱོར་རྒྱུའི་བདེ་བ་ལ་སྤྱི་དོན་གྱི་བདེ་བ་རླུང་དབུ་མར་མ་ཞུགས་པའི་སྐབས་སུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདེ་བ་དང་། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་གཉིས་ལས་འདིར་ཕྱི་མའོ། །སྟོང་པ་ལ་ཕྲ་རགས་མང་ཡང་ཐལ་འགྱུར་བའི་འདོད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཕྲ་མོ་དེ་ཉིད་འདིར་བདེ་སྟོང་སྦྱོར་རྒྱུའི་སྟོང་པ་ཡིན་པས། སྟོང་པ་ལ་ཁྱད་པར་མེད་ཀྱང་། སྟོང་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བ་ཡོད་ཅེས་གསུངས་པ་ནི། བླ་མེད་ཀྱི་སྐབས་སུ་སྡུད་རིམ་གྱི་སྒོ་ནས་སྟོང་པར་སྦྱངས་ནས་སྟོང་ཉིད་སྒོམ་པ་དེ་ཉིད། ཕར་ཕྱིན་ཐེག་པའི་སྟོང་ཉིད་སྒོམ་ཚུལ་ལས་ལྷག་པའི་ཐབས་མཁས་སུ་བཤད་པ་ལྟར་ཡིན་ལ། བདེ་སྟོང་སྦྱོར་ཚུལ་ནི། ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས་ཡུལ་སྟོང་པ་ཉིད་ལེགས་པར་རྟོགས་པའི་སྒོ་ནས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་སྦྱོར་བ་ནི་འདིར་བདེ་སྟོང་སྦྱོར་བའི་ཚུལ་དང་། ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་ཉིད་རྟོགས་པའི་བློ་གཉིས་གྲུབ་སྡེ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཡང་འདིར་བདེ་སྟོང་སྦྱོར་བའི་དོན་ཡིན་ལ། དེ་ཡང་དོན་གྱི་འོད་གསལ་གྱི་སྐབས་སུ་ཡུལ་དང་ཡུལ་ཅན་གཉིས་ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་སོང་བའི་བདེ་སྟོང་སྦྱོར་བ་ཡོད་ལ། དེའི་གོང་དུ་ནི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་ཡིན་པས་རོ་མཉམ་དབྱེར་མེད་དུ་སོང་བ་མེད་ཀྱང་མོས་པ་ཡིད་བྱེད་དང་དོན་སྤྱིའི་ཚུལ་དུ་སྦྱོར་བ་ནི་ཡོད་དོ། །སྦྱོར་བའི་དུས་ནི་འདིར་ཡས་བབས་མས་བརྟན་གྱི་དགའ་བཞི་སྐྱེས་པའི་དུས་དང་། ཁྱད་པར་དུ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱོར་བ་སྟེ། དེ་ཡང་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་བའི་དྲོད་ཀྱིས་བྱང་སེམས་ཞུ་བས་དྷཱུ་ཏཱིའི་ནང་དུ་རེག་བྱ་ཁྱད་པར་ཅན་ཞིག་སྐྱེ། རེག་བྱ་དེས་གཟུང་དོན་དང་དྷཱུ་ཏཱིའི་ནང་གི་ལུས་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་པ་ལས་དབང་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་པ་ལས་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ་ཞིང་བདེ་བ་དེ་ཉིད་སྟོང་ཉིད་རྟོགས་པའི་བདེ་སྟོང་གི་ཡེ་ཤེས་སུ་འགྱུར་བ་ཡིན་ཏེ་མཚོན་ཙམ་མོ། །གཉིས་པ་ཐེག་པ་འདིའི་དབང་དུ་བྱས་ནས། ལམ་ཐུན་མོང་བ་ནས་བཟུང་སྟེ་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ། དེ་ནུས་པ་ནས་རིམ་པ་གསུམ་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ། སློབ་པའི་ཟུང་འཇུག་པའི་ལས་རྣམས་སྒོམ་ལམ། མི་སློབ་པའི་ཟུང་འཇུག་པའི་རྒྱུད་ཀྱི་ལམ་ནི་མི་སློབ་ལམ་མོ། །དེ་ཡང་སྒྱུ་ལུས་མན་ཆད་དུ་བདེ་སྟོང་སྦྱོར་བའི་ཡེ་ཤེས་ཀྱིས་བདེན་འཛིན་ལ་ཉོན་སྒྲིབ་ཏུ་བྱས་པའི་ཀུན་བཏགས་དང་ལྷན་སྐྱེས་གཉིས་དང་། ཐ་མལ་གྱི་སྣང་ཞེན་རགས་པ་ཅི་རིགས་སྤངས། བཞི་པའི་དོན་གྱི་འོད་གསལ་གྱིས་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀའི་དངོས་གཉེན་བྱས་ཏེ་སྤངས་པ་དང་མཉམ་དུ་སློབ་པའི་ཟུང་འཇུག་ཐོབ་ཅིང་། དེའི་ཚེ་དགྲ་བཅོམ་པ་དང་སྒོམ་ལམ་པའི་གཞི་མཐུན་ཡིན་ནོ། །ལུགས་འདིར་མཐོང་ལམ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ཙམ་ཡིན་གྱི། དེ་ཕྱིན་ཆད་སློབ་པའི་ཟུང་འཇུག་གི་ལམ་ཐམས་ཅད་སྒོམ་ལམ་ཡིན་པས། སློབ་པའི་ཟུང་འཇུག་པའི་ཡེ་ཤེས་ལ་སྐོར་དགུར་ཕྱེ་བའི་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་ཤེས་སྒྲིབ་ཆུང་འབྲིང་ཆེ་གསུམ་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བའི་དགུ་རིམ་གྱི་སྤོང་བའི་སྒོམ་ལམ་ས་དགུ་དང་སྦྱོར་ཚུལ་ཡོད་དོ། །དེར་མ་ཟད་གཞུང་འདི་ནས་གསུངས་པ་ལྟར་བ དེ་ཆེན་གྱི་ཡེ་ཤེས་རེ་རེ་སྐྱེས་པས་ཀྱང་རང་རང་གི་ངོ་སྐལ་གྱི་སྤང་བྱ་ཕྲ་རགས་རེ་སྤོང་བ་དང་། སྤངས་པའི་ལག་རྗེས་ཀྱི་རྟགས་ཀྱང་འབྱུང་བ་ཡོད་པར་མངོན་ནོ། །གསུམ་པ་ལ་གཉིས། འཇིགས་བྱེད་ལ་བསྟེན་དགོས་ཚུལ་དང་། གཞན་ལ་བསྟེན་དགོས་པའི་ཚུལ་ལོ། །དང་པོ་ལ་གསུམ། དངོས་དང་དེའི་དཔེ། དེ་ལ་དོགས་པ་གཅོད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། ཚིག་དོན་བཤད་པའོ། །དང་པོ་ལ་གཉིས། གཞུང་གི་ཁྱད་པར་དང་། རིམ་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་པའོ། །དང་པོ་ནི། འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་ཡོད་པ་ནི་ཨུ་རྒྱན་གྱི་ཡུལ་ན་བཞུགས་པ་འཕགས་ཡུལ་དང་འདིར་མ་འགྱུར་ལ། རྒྱུད་དེ་ལས་ལཱ་ལི་ཏས་ཕྱུང་བའི་རྟོག་བདུན་ནི་ད་ལྟར་གྲགས་པ་འདི་ཉིད་དེ་འདི་ཡང་རྩ་རྒྱུད་ཡིན་ལ། བཤད་རྒྱུད་ནི་རྟོག་གསུམ་དུ་གྲགས་པ་འདིའོ། །རྩ་རྒྱུད་ཀྱི་དོན་གྱི་སྒྲུབ་ཐབ་ལ་དཔའ་བོ་གཅིག་པ་དང་རོ་ལངས་བརྒྱད་བསྐོར་དང་བཅུ་གསུམ་མ་དང་ཞེ་དགུ་མ་སོགས་ཡོད་དོ། །སྤྱིར་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ག་ཡང་འཇམ་དབྱངས་ཁྲོས་པ་ཡིན་ཀྱང་། ཁྱད་པར་དུ་འཇིགས་བྱེད་ལ་ནི་རྒྱུ་རྡོ་རྗེ་འཛིན་པ་དང་ཡེ་ཤེས་སེམས་དཔའ་གཉིས་འཇམ་དཔལ་དང་། འབྲས་བུ་རྡོ་རྗེ་འཛིན་པ་ལའང་འཇམ་དཔལ་གྱི་ཞལ་དངོས་སུ་ཡོད་པས་འདི་བསྟེན་ན་འཇམ་དཔལ་གྱིས་རྗེས་སུ་འཛིན་པ་མྱུར་རོ། །གཉིས་པ་ལ་གཉིས་ཀྱི་དང་པོ་བསྐྱེད་རིམ་ལ། སྐུ་གསུམ་ལམ་འཁྱེར་གྱི་དབང་དུ་བྱས་ན་འཆི་བ་ཆོས་སྐུའི་ལམ་ཁྱེར་ནི་ཚོགས་ཞིང་གི་འོག་ཏུ་སྟོང་ཉིད་སྒོམ་པ་དང་། བར་དོ་ལོངས་སྐུའི་ལམ་ཁྱེར་ནི་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དང་། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་ནི་འབྲས་བུ་རྡོ་རྗེ་འཛིན་པ་འཇིགས་བྱེད་དུ་བསྒོམས་ནས་ཡུམ་དང་སྦྱོར་བ་སྟེ། དེ་མན་དཀྱིལ་འཁོར་རྒྱ་མཆོག་དང་ལས་རྒྱལ་མཆོག་གོ །གཉིས་པ་རྫོགས་རིམ་ལ་རིམ་པ་ལྔ་སྟེ་དེ་ཡང་རྣལ་འབྱོར་བཞིར་བསྡུས་ནས་འཆད་ཅིང་། རྒྱས་པར་མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་ཆེན་མོའི་མཇུག་ཆོས་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལས་འབྱུང་བ་ལྟར་རོ། །འདིའི་རྒྱུད་རྒྱས་པ་མ་འགྱུར་བའི་སྟོབས་ཀྱིས་རྫོགས་རིམ་འཆད་པའི་རྒྱུད་ཀྱི་ཁུངས་རྒྱས་པ་མི་གསལ་ཡང་། རྟོག་བདུན་ལས་ཟུར་ཙམ་དང་། གཞན་འདིའི་རིམ་གཉིས་ཀྱི་སྐོར་ནི་གྲུབ་ཆེན་དཔལ་འཛིན་གྱིས་གཤེད་དམར་ལ་གསང་འདུས་འཇམ་རྡོར་གྱི་རྒྱས་བཀབ་ནས་འཆད་པ་ལྟར། འཇིགས་བྱེད་ལ་གསང་འདུས་མི་བསྐྱོད་པའི་རྒྱས་བཀབ་ཅིང་རྫོགས་རིམ་ལ་བདེ་དགྱེས་ནས་ཅུང་ཟད་རེ་བསྣན་པའི་མན་ངག་གིས་འཆད་ཅེས་གསུངས། རྫོགས་རིམ་རྣལ་འབྱོར་བཞི་ལས། དང་པོ་སྔགས་ཀྱི་རྣལ་འབྱོར་ནི། རྗེ་དགེ་འདུན་རྒྱ་མཚོའི་སྨོན་ལམ་ལས། སྤྲུལ་པའི་འཁོར་ལོར་འདོད་ལྷ་ཡབ་ཡུམ་ལ། །ཞེས་སོགས་ཀྱིས་བསྟན་པ་ལྟར་ལྟེ་བའི་སྡུད་རིམ་ལ་བརྟེན་ནས་དགའ་བཞི་འདྲེན་ཅིང་། སྙིང་གར་བུམ་པ་ཅན་དང་རྡོར་ཟླས་བྱེད་པའི་སྐོར་དང་། གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི། སླར་ཡང་བྱིན་གྱིས་བརླབས་པ འི་རྣལ་འབྱོར་གྱིས། །ཞེས་སོགས་བསྟན་པ་ལྟར་རྗེས་གཞིག་གི་སྡུད་རིམ་དང་ཕྱག་རྒྱ་གཉིས་དང་སྦྱོར་བའི་སྟོབས་ཀྱིས་སེམས་དབེན་མཐར་ཐུག་བསྐྱེད་པ་དང་། གསུམ་པ་དབྱིབས་ཀྱི་རྣལ་འབྱོར་ནི། འཆི་རིམ་ཇི་བཞིན་རླུང་རྣམས་མ་ལུས་པ།། ཞེས་སོགས་ལྟར་ལུས་ཀྱི་རླུང་རྣམས་འཆི་རིམ་བཞིན་དུ་དྷཱུ་ཏཱིར་ཐིམ་པའི་སེམས་དབེན་མཐར་ཐུག་དེ་ལས་སྒྱུ་ལུས་ལྡང་བ་དང་། བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས་ལས། དང་པོ་ནི། དབང་པོའི་གཞུ་ལྟར་དྭངས་པའི་སྐུ་དེ་ཉིད། །ཅེས་སོགས་ལྟར་སྒྱུ་ལུས་དེ་ཉིད་འོད་གསལ་གྱིས་སྦྱོར་ཚུལ་དང་། གཉིས་པ་ནི། དོན་གྱི་ལྷན་ཅིག་སྐྱེས་པ་དེ་ཉིད་ལས། །ཞེས་སོགས་ལྟར་དོན་གྱི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་ཚུལ་དང་། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། །ཅེས་སོགས་ཀྱིས་སློབ་པའི་ཟུང་འཇུག་གི་རྒྱུན་གོམས་པ་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་འགྲུབ་ཚུལ་བསྟན་པ་ལྟར་རོ། །རྣལ་འབྱོར་བཞིས་རིམ་པ་ལྔ་བསྡུས་པ་ཡིན་ཏེ། ལྟེ་བའི་སྡུད་རིམ་དང་བུམ་པ་ཅན་གྱི་སྐབས་སུ་ལུས་དབེན་ཅི་རིགས་འབྱུང་ཞིང་དེ་དང་རྡོར་བཟླས་གཉིས་སྔགས་ཀྱི་རྣལ་འབྱོར་ཏེ་རིམ་པ་དང་པོ། འཆི་རིམ་བཞིན་དུ་རླུང་ཐིམ་པའི་དཔེའི་འོད་གསལ་ནི་དམ་ཚིག་གི་རྣལ་འབྱོར་རམ་སེམས་དབེན་ཏེ་རིམ་པ་གཉིས་པ། དེ་ལས་སྒྱུ་ལུས་ལྡང་བའི་དབྱིབས་ཀྱི་རྣལ་འབྱོར་ནི་རིམ་པ་གསུམ་པ། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས་ཀྱི་དང་པོ་ནི་དོན་གྱི་འོད་གསལ་ཏེ་རིམ་པ་བཞི་པ༑ གཉིས་པ་ནི་ཟུང་འཇུག་སྟེ་རིམ་པ་ལྔ་པ་ཞེས་མཚོན་ཙམ་མོ། །གཉིས་པ་ནི། གསང་བདེ་གཉིས་ཀྱི་ཞེས་པ་ནས། མང་དུ་གསུངས་སོ་ཞེས་པའི་བར་ཏེ། འདི་དག་གི་དོན་གོ་བདེ་བར་སྣང་བས་ཚིག་འགྲེལ་རྒྱས་པ་མི་དགོས་འདུག་ཅིང་ཅུང་ཟད་ཙམ་རེ་བསྣན་པའི་སྒོ་ནས་མཐར་ཆགས་སུ་བཀོད་ན། བདེ་མཆོག་གསང་འདུས་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་ལྟ་བུ་རྒྱུད་ལ་སྐྱེ་བ་ལ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་པའི་ཡི་དམ་ནི་རྡོ་རྗེ་འ ཇིག་བྱེད་ལ་བསྟེན་པར་བྱེད་དགོས་ཏེ། འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྔ་ཡོད་ལ། དེ་གང་ཞེ་ན། གནད་གཅིག་ནི་ད་ལྟ་དུས་དང་སེམས་ཅན་ལྟ་བ་སོགས་སྙིགས་མ་ལྔ་ལས་ཀྱང་ཆེས་སྙིགས་མའི་དུས་སུ་སེམས་ཅན་རྣམས་ལ། ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་སྲུང་བ། སྡོམ་པ་དང་མི་ལྡན་པ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ༑ ཆོས་སྤོང་ཞིང་ཁེངས་པ་ཆེ་བ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ༑ འབྱུང་པོ་དང་རོ་ལངས་དང་གཤིན་རྗེ་དང་མ་མོ་དང་བགེགས་དང་ལོག་འདྲེན་གྱིི་བར་ཆད་ཧ་ཅང་ཆེ་བའི་དུས་སུ། ལམ་ཉམས་སུ་ལེན་པའི་ཚེ་ཡི་དམ་འདི་ལྟ་བུ་དང་མི་ལྡན་ན་ཟབ་ལམ་མཐར་མི་ཕྱིན་པས། དེས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཞིང་ཐུན་བཞིའི་རྣལ་འབྱོར་ལ་གནས་ན་ནི་བགེགས་དེ་ལྟ་བུ་རྣམས་དང་བྲལ་ཞིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་འཇམ་དཔལ་རྩ་རྒྱུད་དང་། གསང་བ་སྤྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་གཏུམ་ཆུང་གི་རྒྱུད་ལ་སོགས་པར་གསུངས་སོ། །གཉིས་པ་དེའི་དཔེ་ནི། དེའང་དཔེར་ན་ནས། གནད་ཆེའོ་ཞེས་པའི་བར་ཏེ། དེ་ལྟར་དགོས་པ་དེའང་དཔེར་ན། རྒྱ་མཚོའི་གླིང་ནས་ནོར་བུ་རིན་ཆེན་ལེན་པའི་ཚེ་ལམ་གྲུ་ལ་བརྟེན་ནས་འགྲོ་དགོས་མོད། དེར་འགྲོ་བ་ལ་དེད་དཔོན་ཐབས་ལ་མཁས་ཤིང་ཤེས་རབ་ཆེ་བ། ནོར་བུ་ལེན་པའི་ས་ལམ་གྱི་གནད་རྣམས་རྒྱུས་ཤེས་པ་སྔོན་དུ་སོང་བ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཞིག་བསྟེན་དགོས་ཏེ། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ་གྲོགས་གཞན་གྱིས་ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། ཁ་དོག་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ཕྱི་འདི་ལྟ་བུ། རི་དང་རླུང་འདི་ལྟ་བུ་འདུག་པས་ཇི་ལྟར་བགྱི་ཞེས་དེད་དཔོན་དེ་ལ་བརྗོད་པ་ན། དེད་དཔོན་དེས་ཐབས་འདི་ལྟ་བུ་གྱིས་ཤིག་ཅེས་བསྟན་པའི་གདམས་པ་དང་མཐུན་པར་བགྱིས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་བ་སེལ་བ་སོགས་རང་གང་འདོད་ཀྱི་འབྲས་བུ་འགྲུབ་པ་བཞིན་དུ། ཡི་དམ་རྡོ་རྗེ་འཇིགས་བྱེེད་ཀྱི་རྣལ་འབྱོར་ལ་གནས་པས་ལམ་བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་རྫོགས་པར་རྒྱུད་ལ་སྐྱེས་ནས་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་མངོན་དུ་བཞེད་དེ་འགྲུབ་བོ་ཞེས་དཔེ་དང་བཅས་ནས་རྗེ་བཙུན་གསུངས་པས་གནད་ཆེའོ། །གསུམ་པ་དེའི་དོགས་གཅོད་ནི། འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ནས། རྒྱས་པར་སྟོན་པའོ་ཞེས་པའི་བར་ཏེ། བདེ་གསང་གཉིས་ཀྱི་ལམ་ཉམས་སུ་ལེན་པ་ལ་འཇིགས་བྱེད་ལ་བསྟེན་དགོས་ན། འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས་དེའི་ལམ་ལ་བདེ་གསང་གཉིས་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་མཐར་ཐུག་པ་མེད་པའམ། ཡོད་ན་ཇི་ལྟར་ཡིན་སྙམ་ན་ཞེས་དོགས་པ་བསླངས་ནས། དོགས་ལན་ལ་ནི་དམར་སེར་འོད་ཀྱི་ཕུང་པོའི་སྐུ་ཅན་འཇམ་དཔལ་གྱི་མཁྱེན་པའི་ཚ་ཟེར་གྱིས་ཁོ་བོ་བློ་བཟང་གྲགས་པའི་དཔལ་གྱི་བློ་གྲོས་ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་བྱས་པས་ལན་དེ་ཉིད་བཤད་པར་བྱའོ་ཞེས་དམ་བཅས་ཏེ། དེ་ཡང་བདེ་གསང་། འཁོར་ཆེན། དུས་འཁོར། དགྱེས་རྡོར་རྣམས་ལ་རང་རང་གི་རྒྱུད་གང་དུ་གཏོགས་པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་འདི་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ནས་བཤད་ལ། ཕ་རྒྱུད་འཇིགས་བྱེད་རང་གི་རྩ་རྒྱུད་གཉིས་དང་། མ་རྒྱུད་ཀྱང་སཾ་བྷུ་ཊ་ནས་བཤད་དོ། །མཚན་ཙམ་ཟིན་པའི་དབང་དུ་བྱས་ན་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཞེས་དང་། མཚན་བརྗོད་དུ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཞེས་པས་འདིས་བསྟན་ཅིང་། བདེ་མཆོག་རྩ་རྒྱུད་ལས། གསང་པའམ་རྡོ་རྗེ་འཇིགས་བྱེད་ལས། ཞེས་པས་ཀྱང་འདིའི་རྩ་རྒྱུད་བསྟན་པར་བཤད་དོ། །དེས་ན་འཇིགས་བྱེད་འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ཡོད་དེ། འདིའི་ཕྱག་མཚན་འཆད་པའི་སྐབས་སུ་གནད་གཅིག་ལ་རྒྱུ་མ་དང་མེ་ཐབ་ཀྱིས་རིམ་པ་བཞིན་དུ་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ་ཁ་ཊྭཱཾ་གས་བདེ་བ་འབར་འཛག་སྟོན་ལ། ཕ་རྒྱུད་རྐྱང་པ་ལ་ནི་ཕྱག་མཚན་དུ་ཁ་ཊྭཱཾ་ག་མི་འོངས་པས་དེས་ན་ཁ་ཊྭཱཾ་གས་ནི་བདེ་མཆོག་ནས་བཤད་པའི་བདེ་སྟོང་གི་རྣམ་བཞག་སྟོན་པ་སྟེ། འདི་ནི་བདེ་མཆོག་གི་སྐོར་ནས་བཤད་པའི་དགའ་བཞི་འདྲེན་ཚུལ་གྱི་གནད་ཡོད་པར་སྟོན་པའི་དོན་ནོ། །གནད་གཅིག་ལ་རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གནད་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་མེ་ཐབ། སྡིགས་མཛུབ། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་ཡིན་ལ། དེ་ཡང་མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བར་མཚོན་ཞིང་། སྡིགས་མཛུབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་ཅེས་བཀའ་བསྒོས་པས། རྒྱུད་གཞན་ལ་མེད་པའི་ཁྱད་ཆོས་ཕ་རྒྱུད་མ་རྒྱུད་གཉིས་ཀའི་མཐར་ཐུག་པའི་ལམ་གྱི་གནད་ང་ལ་ཡོད་ཅེས་མཚོན་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལའང་བསྡིགས་ན་འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གདོན་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་མི་དགེ་བ་བཅུ་དང་། ཆོས་སྤོང་བ་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་ཡང་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པའོ། །དེ་ཡང་དུར་ཁྲོད་ཀྱི་གསལ་ཤིང་དང་འདི་མི་གཅིག་སྟེ། དུར་ཁྲོད་ཀྱི་གསལ་ཞིང་ལ་བཙུགས་པ་ནི་རོ་ཡིན་ལ། འདི་ནི་གང་ཟག་གོ །གནད་གཅིག་ནི་སྤྱིར་རྗེ་བཙུན་སངས་རྒྱས་ཀུན་གྱི་ཡབ་ཡིན་ཞིང་འཚང་རྒྱ་འགྱུར་གྱི་ཚེ་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བར་བྱེད་པ་དགོས་པ་ཧ་ཅང་ཆེ་བ་ཞིག་ཡིན་མོད། ཁྱད་པར་དུ་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ་ནི་རྒྱུ་དུས་དང་འབྲས་དུས་དང་ཡེ་ཤེས་སེམས་དཔའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པ་ལས་རྗེ་བཙུན་གྱིས་རྫས་སུ་འཛིན་པས་འདིའི་སྒྲུབ་པ་པོ་ཤེས་རབ་སྔ་མ་དམར་ནག་གཉིས་ཀྱི་སྒྲུབ་པ་པོ་ལས་ལྷག་པར་ཆེ་བ་ཡིན་ནོ། །འདིའི་རྭ་གཉིས་ཀྱིས་ནི་གཞི་ཡུལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་གནས་ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་བསྐྱེད་པ༑ དེས་སྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་རྣམས་གཞན་ལ་མེད་པ་མཚོན་ཞིང་རྒྱས་པར་སྟོན་པའོ། །དེ་ཡང་མཚོན་ཙམ་བཤད་ན། སྒྲུབ་ཐབས་ཀྱི་དག་པའི་སྐབས་སུ་རྭ་གཉིས་ནི་བདེན་པ་གཉིས་ཞེས་པའི་བདེན་གཉིས་ལ། གཞི་དུས་ཀྱི་བདེན་པ་གཉིས་དང་། ལམ་དུས་ཀྱི་ཀུན་རྫོབ་སྒྱུ་ལུས་དང་དོན་དམ་འོད་གསལ། འབྲས་དུས་ཀྱི་ཆོས་གཟུགས་ཀྱི་སྐུ་གཉིས་སམ་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་མཚོན་པ་དང་། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་གསུམ་བསྣན་པའི་སོ་བདུན་གྱིས་ལམ་དྲན་ཉེ་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། ཞབས་བཅུ་དྲུག་གིས་ཡུལ་སྟོང་པ་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་བཅུ་དྲུག་མཚོན་ཞིང་། དེས་མི་སོགས་བཅུ་དྲུག་མནན་པས་ནི་དེ་དག་གིས་མཚོན་པའི་སྟོང་ཉིད་བཅུ་དྲུག་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་དངོས་འཛིན་བཅུ་དྲུག་ཟིལ་གྱིས་གནོན་པ་མཚོན་ནོ། །ཡང་མི་སོགས་བརྒྱད་ཀྱིས་རལ་གྲི་སོགས་དངོས་གྲུབ་བརྒྱད་དང་། བྱ་རྒོད་སོགས་བརྒྱད་ཀྱིས་སྐུའི་དབང་ཕྱུགས་སོགས་བརྒྱད་དག་པ་མཚོན་པ་སོགས་དག་པའི་སྐབས་སུ་བཤད་པ་ལྟར་གཞན་ནས་ཀྱང་མང་དུ་འབྱུང་ངོ་། །དེས་ན་འཇིགས་བྱེད་ཀྱི་རྣལ་འབྱོར་པས་འདིའི་རིམ་གཉིས་ལ་བདེ་གསང་གཉིས་ནས་བཤད་པའི་རིམ་གཉིས་ཀྱི་ལམ་འགའ་ཞིག་བསྣན་ཏེ། སྒོམ་པ་ཉིད་ཀྱིས་ཀྱང་ཚེ་འདིར་མཆོག་འགྲུབ་པར་ནུས་སོ། །གཉིས་པ་ལ་བཞི། ཆོས་སྐྱོང་དང་བླ་མ་དང་གྲོགས་ལ་བསྟེན་དགོས་པ་དང་ཚོགས་གསོག་སྒྲིབ་སྦྱོང་དགོས་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་ནས། ཡིན་ལ་ཞེས་པའི་བར་ཏེ། གོང་དུ་བརྗོད་པ་དེ་ལྟ་བུའི་ལམ་སྒྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཆོས་སྐྱོང་ལ་མདོ་རྒྱུད་གཞན་ནས་གསུངས་པའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་མོད། དེ་ལྟ་ནའང་གོང་དུ་བཤད་པ་ལྟར་མྱུར་བའི་དབང་དུ་བྱས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པ་ཞིག་ངེས་པར་དགོས་པ་ཡིན་ལ། དེ་ལ་ནི་འཆད་འགྱུར་གྱི་ཆོས་སྐྱོང་གསུམ་པོ་འདི་བསྟེན་དགོས་སོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཆོས་སྐྱོང་ངོ་། །དང་པོ་ནི། སྐྱེས་བུ་གསུམ་གྱི་ཁྱད་པར་གོང་དུ་བརྗོད་ཟིན་ཅིང་། དེ་ལ་སྐྱེས་བུ་ཆུང་ངུའི་ཞེས་པ་ནས། ལས་གཤིན་བསྟེན་པར་བྱའོ་ཞེས་པའི་བར་ཏེ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི། འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་དང་། དེ་ལས་སྐྱོབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། དེ་ལྟ་བུའི་ལམ་འདི་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། ཆོས་རྒྱལ་འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཆད་ལས་མཁན་ནམ། དགེ་བ་ཅན་གྱི་སྟངས་འཛིན་ཏེ་གྲོགས་བྱེད་པའམ། དཀར་ནག་གི་ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་སྟེ་ལས་དཀར་ནག་གཉིས་གང་བྱས་པ་དང་མཐུན་པའི་ཚར་གཅོད་རྗེས་འཛིན་བྱེད་པ། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་པས་ན་ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ནི་ཐེག་པ་གསུམ་གྱི་ལམ་མམ་སྐྱེས་བུ་གསུམ་དང་ཐུན་མོང་བའི་ལམ་གསུམ་གའི་རྩ་བ་ཡིན་པས་འདི་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་ལས་ཀྱི་གཤིན་རྗེ་ཆོས་སྐྱོང་དུ་བསྟེན་པར་བྱའོ། །འོ་ན་ཆོས་རྒྱལ་འདི་ནི་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་གང་ཡིན་ཞེ་ན། འདི་ནི་འདིའི་ལོ་རྒྱུས་ཀྱི་རྟོག་པ་ལྟར་ན། འཇམ་དཔལ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ། ལྕ་མཁར་སྒོ་མེད་བཅུ་དྲུག་ཞབས་བཅུ་དྲུག་གིས་མནན་ནས་བཏུལ་བར་བཤད་པ་དང་། ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་དེ་མིན་གཞན་ཞིག་ཀྱང་བཤད་པ་ལྟར་ན་འཇིག་རྟེན་པ་ཡིན་པ་ལྟར་སྣང་ཡང་། དོན་ལ་ཆོས་རྒྱལ་ལ་ཕྱི་ནང་གསང་གསུམ་འབྱུང་བའི་རིགས་པ་དང་། པཎ་ཆེན་གོང་མའི་ཆོས་རྒྱལ་གྱི་བསྐང་གསོའི་བླ་མེད་ཀྱི་རྟེན་གྱི་སྐབས་སུ། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །མ་རུངས་འདུལ་ཕྱིར་གཤིན་རྗེའི་སྐུར་བསྟན་ཡང་། །ཞེས་སོགས་གསུངས་པ་དང་། ཁ་ཅིག་འདི་འཇམ་དཔལ་གྱི་འཕྲིན་ལས་ཀྱི་སྤྲུལ་པར་བཞེད་པ་འདུག་པ་ལྟར་ཁོ་བོ་ཡང་དེ་ལྟར་དུ་བསམ་མོ། །གཉིས་པ་ནི། སྐྱེས་བུ་འབྲིང་ནས་བསླབ་པ་སྲུང་བའོ་ཞེས་པའི་བར་ཏེ། སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མའི་བདེ་བའི་ཐབས་སུ་མ་ཟད། འཁོར་བ་མཐའ་དག་མེ་འོབས་སམ་མེ་དོང་ལྟ་བུར་མཐོང་ནས་དེ་དང་འབྲལ་འདོད་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་ག ི་བམས་པ་ཅན་ཡིན་ལ། ཡང་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས་དེ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། སྔ་མ་དང་འདི་གཉིས་དོན་གཅིག་པས་སོ། །དེས་ན་ལམ་དེ་རྒྱུད་ལ་སྐྱེ་བའི་ཆེད་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཆོས་སྐྱོང་དུ་བསྟེན་དགོས་ཏེ། འདི་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་སྲུང་མའམ། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་བའོ། །འོ་ན། རྣམ་སྲས་འདི་འཇིག་རྟེན་ལས་འདས་མ་འདས་གང་ཡིན་སྙམ་ན། ལོ་རྒྱུས་འགའ་ཞིག་ལས་རྒྱལ་པོ་ཆེན་པོ་བཞི་ཀ་རྒྱུན་ཞུགས་བཤད་ལ། ལོ་རྒྱུས་གཞན་ཞིག་དང་འདིའི་བསྐང་གསོའི་གཞུང་ལས། ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །ཅེས་ས་བརྒྱད་པ་བར་གསུངས་ཤིང་། ཁ་ཅིག་འདི་ཕྱག་རྡོར་གྱི་སྤྲུལ་པར་བཞེད། འགའ་ཞིག་བསྐང་གསོའི་གཞུང་ལས། རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ། །ཞེས་གསུངས་པས་སངས་རྒྱས་རིན་ཆེན་མང་གི་སྤྲུལ་པའོ་ཞེས་གསུངས་ཏེ་བརྟག །གང་ལྟར་ཡང་འཇིག་རྟེན་ལས་འདས་པའི་འཕགས་ཆེན་ཞིག་འཇིག་རྟེན་སྐྱོང་བའི་ཚུལ་བཟུང་བའོ། །གསུམ་པ་ནི། སྐྱེས་བུ་ཆེན་པོའི་ནས་ཆོས་སྐྱོང་ཡིན་པས་སོ་ཞེས་པའི་བར་ཏེ། སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཆོག་པར་མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ཡིན་ལ། དེ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་མགོན་པོ་ཕྱག་དྲུག་པ་ཆོས་སྐྱོང་དུ་བསྟན་དགོས་ཏེ། འདི་ནི་སྙིང་རྗེ་ཅན་གྱི་ཆོས་སྐྱོང་ཡིན་པས་སོ། །དེའི་འཕྲོས་སམ་ཞར་བྱུང་ལྟ་བུར། ཤེས་རབ་བམ་ལྟ་བ་རྣམ་དག་རྒྱུ་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་ཤེས་རབ་ཅན་གྱི་ཆོས་སྐྱོང་ཡིན་པའམ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་སྡོད་ཡིན་པས་སོ་ཞེས་གསུངས་སོ། །མགོན་པོ་ཕྱག་དྲུག་པ་འདི་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་ཆེ་ཞིང་། འོན་ཀྱང་མགོན་པོའི་བསྐང་གསོའི་གཞུང་ལས། ས་བཅུའི་དབང་ཕྱུག་མགོན་པོ་ནི། །ཞེས་ས་བཅུ་པ་བར་བཤད་པ་ནི་སྤྱན་རས་གཟིགས་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ་དེའི་དབང་དུ་མཛད་ཀྱི། དངོས་པོའི་གནས་ཚོད་ལ་ནི་སྤྱན་རས་གཟིགས་སངས་རྒྱས་སུ་ངེས་པར་འདོད་དགོས་ཏེ། བླ་མེད་ལྟར་ན་རིགས་གསུམ་མགོན་པོའི་བསྐྱེད་རྫོགས་ལ་བརྟེན་ནས་ཚེ་གཅིག་ལ་འཚང་རྒྱ་ནུས་པར་བཤད་པས། ཁོ་རང་རྣམས་སངས་རྒྱས་མིན་ན་འདི་དག་གི་བསྐྱེད་རྫོགས་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཡང་ག་ལ་སྲིད། སངས་རྒྱས་ཡིན་པར་མ་ཟད་དང་པོའི་སངས་རྒྱས་ཡིན་པར་ལུང་རིགས་དུ་མས་སྒྲུབ་ནུས་ཏེ་མ་སྤྲོས་སོ། །མདོར་ན་འཕགས་པ་རིགས་གསུམ་མགོན་པོ་སངས་རྒྱས་མིན་ན། སངས་རྒྱས་མི་སྲིད་ཅེས་འདོད་དགོས་པར་སྣང་ངོ་། །གཉིས་པ་བླ་མ་ནི། དེ་ལྟ་བུའི་ནས། བསྟེན་པར་བྱའོ་ཞེས་པའི་བར་ཏེ། སྔར་བཤད་པ་དེ་ལྟ་བུའི་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཡང་ཡོན་ཏན་ཕྱོགས་རེ་བ་རྙེད་པ་ཙམ་གྱིས་མི་ཆོག་གི །སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་གྱི་བསྣོན་བྲི་ཤེས་པ་དང་། དེ་དག་རང་རང་གི་ཉེས་ལྟུང་དང་བྲལ་བ། འདུལ་བ་མངོན་པ་མདོ་སྡེའི་སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མཁས་ཤིང་། དེའི་བརྗོད་བྱ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དང་ལྡན་པ། བྱ་སྤྱོད་ཡོ་ག་བླ་མེད་ཀྱི་རྒྱུད་སྡེ་བཞི་ལ་མཁས་ཤིང་བུམ་དབང་སོགས་དབང་བཞི་ཡོངས་སུ་རྫོགས་པས། རང་རྒྱུད་བསྐྱེད་རྫོགས་ཀྱིས་ལམ་སྐྱེ་བའི་སྣོད་རུང་དུ་བྱས་ནས་ལམ་ཟབ་མོ་གཉིས་ཉམས་སུ་ལེན་ཅིང་། མྱོང་བ་ཐོན་ནས་གཞན་ལ་བརྩེ་བས་འདོམས་པར་མཛད་པ་སྟེ། མདོར་ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་བ་ལས་ཀྱང་ཆེས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ཅན་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །གསུམ་པ་གྲོགས་ནི། ལམ་ཚུལ་བཞིན་དུ་ནས་མཐུན་པ་ཞིག་དགོས་སོ་ཞེས་པའི་བར་ཏེ། དེ་ལྟ་བུའི་ལམ་ཚུལ་བཞིན་དུ་སྒྲུབ་བའི་གྲོགས་ཀྱང་བླ་མ་དང་ཡོན་ཏན་ཆ་མཐུན་ཞིག་དགོས་ལ། གྲོགས་རང་གི་ཐུན་མོང་མ་ཡིན་པའི་གནད་ལ། ལས་འབྲས་ལ་དད་པ་དང་། རང་དང་ཆོས་རྒྱུ་མཚན་དུ་བྱས་ནས་ངོ་ཚ་ཤེས་ཤིང་། གཞན་གྱིས་ཁྲེལ་དོགས་ནས་ཁྲེལ་ཡོད་འཛིན་པ། འགྲན་སེམས་ཆེ་བ་ཞེས་པ་འདི་ཆུང་བ་ལ་བསྒྱུར་ན་གོ་བདེ་བ་ལྟར་སྣང་ཡང་ཡིག་ནོར་དུ་འཇོག་མ་ནུས་ཤིང་། གཞན་ལ་འགྲན་སེམས་ཆེ་བ་ལ་བྱས་ན་མི་ལེགས་པས། དམ་པ་གོང་མའི་མཛད་སྤྱོད་ཁྱད་པར་ཅན་དང་འགྲན་ཅིང་མཐུན་པར་སྒྲུབ་པ་བྱེད་པ་ལ་སྦྱར་ན་རུང་ངམ་སྙམ་དུ་སེམས་ཏེ་བརྟག །བཞི་པ་ཚོགས་གསོག་སྒྲིབ་སྦྱོང་ལ་གཉིས། ཚོགས་གསོག་དང་། སྒྲིབ་སྦྱོང་ངོ་། །དང་པོ་ནི། ཡོངས་སུ་རྫོགས་པའི་ནས་བཞུགས་པའོ་ཞེས་པའི་བར་ཏེ། གོང་དུ་བཤད་པའི་ཡོངས་སུ་རྫོགས་པའི་ལམ་དེ་ལྟ་བུ་སྔར་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་ཟིན་བརྟན་པར་བྱེད་པ། བརྟན་པ་གོང་འཕེལ་དུ་བྱེད་པ་ལ་བླ་མ་ཡི་དམ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལ་ལྟ་བ་གསུམ་སུམ་བསྒྲིལ་དུ་བྱེད་དགོས་ལ། ཚོགས་གསོག་པའི་ཚུལ། དེ་ལ་ཐོག་མར་ཚོགས་ཞིང་གསལ་འདེབས་དགོས་པས་དེ་ནི། རང་གི་སྤྱི་བོར་རམ་དེའི་ཐད་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་ངོ་བོ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་འདུས་པའི་བདག་ཉིད་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཕྱག་གཡས་པ་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། མཚན་དཔེས་སྤྲས་ཤིང་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ཅིང་། བཅུ་དྲུག་ལོན་པའི་ན་ཚོད་ཅན། འཛུམ་སྒེག་ཞི་བའི་ཉམས་དང་ལྡན་པ། འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པའི་རྣམ་པ་ཅན་དུ་གསལ་གདབ་ལ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེའི་སྐུ་གསུང་ཐུགས་ཀྱི་ས་བོན་ནམ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དེ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ་བསྟིམས་ནས། ༀ་ཨཱརྱ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་དང་། རཱུ་པ་ནས། སྤཪྴའི་བར་དང་། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་སོགས་དང་། མཎྜལ་རྒྱས་པའམ། བདག་གཞན་ལུས་ངག་ཡིད་གསུམ་སོགས་དང་། ས་གཞི་སྤོས་ཀྱི་མས་མཎྜལ་འབུལ་ལ། མཚམས་སྤྲིན་མ་ལྟ་བུ་དང་། དམིགས་བརྩེ་མ་ཅི་འགྲུབ་དང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མི་ཕྱེད་པའི་ཞབས་ལ་གསོལ་བ་འདེབས་སོ། །ཞེས་ལན་མང་དུ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས། ཡང་དེའི་མཇུག་ཏུ་བདག་གི་རྒྱུད་ལ་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་ཕྱིན་དྲུག་བསླབ་གསུམ་རིམ་གཉིས་ཀྱིས་བསྡུས་པའི་ལམ་གྱི་རིམ་པ་མཐའ་དག་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། སྐྱེ་བར་གྱུར་ཅིག། ཞེས་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་དུ་གསོལ་བ་བཏབ། དེ་ནས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ནས་གསོལ་བ་འདེབས་སོ། །བདག་ལ་དབང་བཞི་བསྐུར་བར་མཛད་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །ལན་གསུམ་དང་། ཞེས་གསོལ་བ་བཏབ་པས། བླ་མ་རྗེ་བཙུན་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་བཅས་རིམ་པར་བྱུང་ནས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་རིམ་པ་བཞིན་དུ་ཞུགས། སླར་ཡང་ཡི་གེ་ལས་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་བྱུང་ནས་རང་གི་གནས་གསུམ་དུ་ཅིག་ཅར་དུ་ཞུགས་ཤིང་ཐིམ་པས། སྒོ་གསུམ་སོ་སོ་དང་། ཐུན་མོང་བའི་སྒྲིབ་པ་ཐམས་ཅད་དག །བུམ་པའི་དབང་ལ་སོགས་པའི་དབང་བཞི་ཐོབ། སྤྲུལ་སྐུ་སོགས་སྐུ་བཞི་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་གྱུར། དེ་ནས་བླ་མ་དང་ཡི་དམ་གྱི་གསོལ་འདེབས་སྨོན་ལམ་གྱི་འབྲས་བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར། བླ་མ་ཡི་དམ་དབྱེར་མེད་བདག་ཉིད་ཀྱི། །སྤྱི་བོར་བྱོན་ནས་ཚངས་བུག་ནས་ཞུགས་ཏེ། །སྙིང་གར་ཐིག་ལེ་གའུ་ཁ་སྦྱར་དབུས། །བཞུགས་ནས་བྱིན་རླབས་རྗེས་སུ་བཟུང་བར་གྱུར། །ཅེས་དང་། སྐྱེ་བ་ཀུན་ཏུ་ཞེས་སོགས་བསྔོ་སྨོན་བྱའོ་ཞེས་པ་ནི་གཞུང་གི་ཚིག་འགྲེལ་དང་འཇུག་པ་གཅིག་ཏུ་བྱས་སོ། །གཉིས་པ་སྒྲིབ་སྦྱོང་ནི། སྒྲིབ་པ་སྦྱོང་བ་ལ་ནས། བླ་ན་མེད་པའོ་ཞེས་པའི་བར་ཏེ། སྒྲིབ་པ་སྦྱོང་བའི་ཐབས་ལ་ལྟུང་བཤགས་ཕྱག་དང་བཅས་པ་དང་། ཡི་གེ་བརྒྱ་བའི་སྒོམ་བཟླས་གྲགས་ཆེ་བ་དེ་ལྟ་བུ་དང་། ཡིག་ཆུང་ཉེར་གཅིག་ནས་འབྱུང་བའི་དམ་ཚིག་རྡོ་རྗེའི་བཟླས་པ་དང་། དེ་ནས་འབྱུང་བ་ལྟར་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དང་། སོགས་ཀྱིས་ཟབ་མོའི་མདོ་རྒྱུད་དང་སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་སོགས་ཏེ་མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་སྦྱང་བ་གནད་ཆེ། དེ་ཡང་སྡིག་པའི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོངས་པ་མཐོང་ནས་སྡིག་པ་སྔར་བྱེད་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་བསམ་པའི་སྡོམ་སེམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་ཐབས་བླ་ན་མེད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས། གཞུང་ཆེན་མོ་རྣམས་ལ་ཐོས་བསམ་བྱེད་དགོས་པ་དང་། སྔར་བཤད་པ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞུང་ཆེན་མོ་ནས་ངེས་པར་བརྟག་དགོས་པའི་བར་ཏེ། ཤེས་རབ་ཆེ་བ་དག་གིས་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་ལ་ལྟ་དགོས་ཤིང་། ལྟ་བ་ཡང་སྔགས་མཚན་ཉིད་ཀྱི་གསུང་རབ་བཀའ་དང་དེའི་དགོངས་འགྲེལ་དང་བཅས་པ་གང་ལ་ཡང་གཞུང་དེའི་དངོས་བསྟན་དང་ཤུགས་བསྟན་དང་བསྟན་བྱའི་གཙོ་བོ་དང་། གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱ་གང་ཡིན་དང་། གཞུང་དེ་དག་གོང་འོག་གི་འགྲེལ་ཚུལ་རྣམས་ཅི་ལྟར་ཡིན་ངེས་པར་བརྟག་དགོས་སོ། །གཉིས་པ་ནི། མདོར་ན་ཞེས་པ་ནས། གཏན་འདྲ་བ་མིན་ནོ་ཞེས་པའི་བར་ཏེ། མདོར་ན་ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་འབྲས་བུ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུ་སྦྱངས་པ་སྔོན་དུ་བཏང་དགོས་ཤིང་། དེའང་སྐུ་གསུམ་གྱི་ལམ་ཐུན་མོང་བ་ནས་རིམ་གྱིས་ཁྲིད་ཚུལ། ཐུན་མོང་མ་ཡིན་པ་སྔགས་ལམ་ལ་འཇུག་པ་ལ་ཡང་དབང་རྣམ་པར་དག་པ་ཐོབ་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ། རིམ་གཉིས་རྒྱུད་ལ་བསྐྱེད་ཚུལ་སོགས་གྲངས་ངེས་དང་གོ་རིམ་དང་ལམ་སོ་སོའི་ངོ་བོ་རྣམས་མྱོང་བ་ཐོན་པར་རྒྱུད་ལ་བསྐྱེད་ཅིང་གོ་བ་ཆགས་པར་བྱེད་པ་དང་། འདི་དག་ལ་མྱོང་བ་ཐོན་པ་ལྟ་ཞོག །འདི་དག་གི་དོན་ལ་རགས་པའི་བཤར་སྒོམ་ཙམ་རེ་བྱེད་པ་ལ་ཡང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་ཕྲན་ཚེགས་བྱེད་ཚུལ་གཞན་དང་གཏན་འདྲ་བ་མིན་ཏེ། ཁྱད་དུ་འཕགས་པ་ཡིན་ནོ་ཞེས་པའོ། །ལམ་གྱི་ངོ་བོ་དང་གྲངས་དང་གོ་རིམ་ལ་རྒྱས་བསྡུས་ཀྱི་དབང་དང་མདོ་སྔགས་སྐབས་སྟོབས་ཀྱིས་མི་འདྲ་བ་ཡོད་ཀྱང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐུན་མོང་བ་འདི་ནི་ཕར་ཕྱིན་ཐེག་པའི་ལམ་གྱི་རིམ་པའི་གྲངས་དང་གོ་རིམ་ཀྱང་ཡིན་པར་སྣང་ལ། གཞན་ཐེག་པ་གསུམ་གྱི་ལམ་ལྔའི་རིམ་པ་ཡང་རང་རང་གི་ལམ་གྱི་ངོ་བོ་དང་དྲང་ངེས་དང་གོ་རིམ་དུ་འགྱུར་ཞིང་། ཐེག་ཆེན་ལ་ནི་ཚོགས་སྦྱོར་དང་ས་བཅུ་ཡང་དེའི་ས་ལམ་གྱི་གོ་རིམ་ཡིན་ནོ། །བླ་མེད་ལ་ནི་དབང་གིས་རྒྱུད་སྣོད་རུང་དུ་བྱས་ཏེ། བསྐྱེད་རིམ་གྱིས་སྐུ་གསུམ་འགྲུབ་པའི་རྒྱུད་སྨིན་པར་བྱས་རྗེས་རྫོགས་རིམ་ལ་འཇུག་པ་དང་། རྫོགས་རིམ་གྱི་རིམ་པ་ལྔ་ཡང་དེའི་ལམ་གྱི་ངོ་བོ་དང་གོ་རིམ་དུ་འགྱུར་བར་སྣང་སྟེ་རགས་ཙམ་སྔར་བཤད་ཟིན་ཏོ། །གསུམ་པ་མཇུག་གི་དོན་ལ། གཞུང་འདི་བརྩམས་པའི་རྒྱུ་ནི་སྔར་བཤད་པ་ལྟར་གྱི་རྒྱུ་མཚན་དེས་ན། བླ་མ་རྗེ་བཙུན་རེད་མདའ་བ་ཞལ་སྔ་ནས་ཀྱིས་རྗེ་བཙུན་ལ་ཞུས་ལ། མྱོང་བ་ལ་བཀར་བའི་དགེ་སྦྱོར་བྱེད་ཚུལ་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ཞིག་ཞུས་ལ་བསྐུར་ཞིང་གསུངས་པའི་གསུང་ཤོག་ནན་ཅན་བསྐུར་བྱུང་བའི་དབང་གིས། བདག་རྗེ་བཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བར་མངོན་དུ་བྱེད་པའི་ལམ་གྱི་གནས་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས། ཉམས་སུ་ལེན་ཚུལ་འདི་བཞིན་གྱིས་ཞེས་གསུངས་པའི་རྗེ་བཙུན་གྱི་གསུང་ངག་ཡི་གེར་བཏབ་ནས་ཕུལ་བ་ལགས། ཉམས་ལེན་གྱི་གནད་འདི་ལྟ་བུ་ཆེས་ཆེར་ནས་ཀྱང་ཤིན་ཏུ་དཀོན་ཅིང་སྣོད་མིན་ལ་གསང་བ་མཐར་ཐུག་པར་འདུག་པས་གཞན་ལ་གཏན་ནས་མི་སྟོན་པར་ཞུ་ཞུ་ཞེས་གསུངས་པ་ནི་སྒྲོ་སྐུར་འབྱུང་བར་དོགས་པའོ། །ཕུལ་བ་འདི་ནི་རྗེ་བཙུན་གྱི་གསུང་གི་སྙིང་པོ་བསྡུས་པ་ཡིན་གྱི། འདི་དག་གི་དོན་རེ་རེ་བཞིན་རྗེ་བཙུན་གྱིས་ཞིབ་པར་གསུངས་པ་རྣམས་འདིར་འབྲི་བར་མ་ལང་བས་ནམ་ཉིད་ཞལ་མཇལ་དུས་སུ་ཞུ་བར་སྨོན་ལགས། ཞུ་ཡིག་གི་རྟེན་དུ་ཧང་ཁྲུང་ཇ་སེར་པོ་ཞོ་ལྔ་ཕུལ་བས་དགེ་ལེགས་སུ་གྱུར་ཅིག་ཅེས་པ་ནི་གསུང་ངོ་མའོ། །སྔོན་མ་དེའི་དབུ་ན་ཚིགས་བཅད་མེད་ཅིང་མཇུག་ཏུ་ཡོད་པ་དང་། འདིའི་དབུ་ན་ཚིགས་བཅད་ཡོད་ཅིང་མཇུག་ཏུ་མེད་པ་ལྟར་ན། འདི་དང་སྔོན་མ་དེ་གཉིས་འཇུག་པ་གཅིག་ཏུ་མཛད་པའི་ངེས་པ་མི་སྣང་ངོ་། །དེའི་མཇུག་ཏུ། རྗེ་བཙུན་རེད་མདའ་བའི་ཞུ་ཡིག་ལན་རྗེ་ཐམས་ཅད་མཁྱེན་པ་བཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞུས་ནས་ཕུལ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ལོ་ཞེས་པ་ནི་གཞན་གྱི་བཅུག་པ་སྟེ། གཞུང་འདིའི་མཚན་ཀྱང་ཡིན་ནོ། །སྨྲས་པ། རྒྱལ་བ་གཉིས་པ་རྗེ་བཙུན་བཙོང་ཁ་པའི། །ཐུགས་བཅུད་མན་ངག་ལེགས་བཤད་པད་བརྒྱའི་ཚལ། །བློ་གྲོས་ཉི་མའི་འོད་ཀྱིས་དེང་ཕྱེ་ནས། །དགོངས་དོན་སྙིང་པོ་ཟེའུ་འབྲུ་གསལ་བར་བྱས། །དམ་པའི་གསུང་གི་དཎྜིས་ཉེར་བསྐུལ་བས། །དབང་བྲལ་བློ་ཆུང་དུནྡུ་བྷི་ངོས་སུ། །གསང་ཆེན་ཆོས་ཀྱི་སྒྲ་ཆེན་བསྒྲགས་ཐལ་བས། །གང་ཐུགས་སྒྲ་འཛིན་ལྷན་ཅིག་ཚིམ་གྱུར་ཅིག །རྒྱ་མཚོས་ཆུ་ཕྲན་རྟག་འཐུང་ཡང་། །ངོམས་མེད་ཇི་བཞིན་ཆོས་ཀྱི་ཚུལ། །དོན་གཉེར་ཅན་དག་ལེགས་བཤད་ཀྱིས། །ཆོག་ཤེས་མི་མངའ་ངང་ཚུལ་ཉིད། །བློ་བཟང་རྒྱལ་བ་གཉིས་པ་ཡི། །གསུང་རབ་རྒྱ་མཚོར་གནས་བཅས་ཤིང་། །ལེགས་བཤད་རིན་ཆེན་གཙུག་བསྟེན་པའི། །མཁས་མཆོག་གདེངས་ཅན་དབང་མང་ཡང་། །རྗེ་བཙུན་ཉིད་དང་ལྷན་ཅིག་དྲི་བའི་གཞུང་། །ཟུང་གི་དགོངས་དོན་ལེགས་པར་འགྲེལ་བྱེད་པའི། །བགོ་སྐལ་བཀའ་བབས་སྐལ་བ་ཆེ་ལྡན་པ། །དེང་དུས་ཁོ་བོ་ཉིད་ལས་གཞན་ན་གང་། །རིམ་གཉིས་གཞུང་བརྒྱའི་དགོངས་དོན་ཕྱོགས་གཅིག་ཏུ། །སྡུད་འདོད་ཉུང་ངུའི་རྗོད་བྱེད་ཀྱིས་སྤྲས་པས། །མ་གསལ་ལོག་པར་བཤད་པའི་ཉེས་མཆིས་ན། །གཟུར་གནས་དམ་པ་རྣམས་ཀྱི་སྤྱན་སྔར་འཆགས། །གང་གང་ལེགས་པར་བཤད་ལས་ཐོབ་པའི་རྣམ་དཀར་ཇི་སྙེད་མཆིས་གྱུར་དེ། །མང་མང་རིམ་བརྒྱུད་ཚེ་རབས་ཀུན་ཏུ་འཇམ་པའི་དབྱངས་དང་རྗེ་བླ་མས། །ཡང་ཡང་ཞལ་བསྟན་འབྲལ་མེད་རྗེས་འཛིན་རྟག་ཏུ་དལ་རྟེན་རྙེད་པ་དང་། །ངེས་ངེས་བླ་མེད་རྫོགས་བྱང་དམ་པ་མྱུར་དུ་འགྲུབ་པའི་རྒྱུར་བསྔོའོ། །ཅེས་པ་འདི་ནི། རྒྱལ་དབང་བདུན་པའི་དངོས་སློབ་རིགས་པ་སྨྲ་བ་ཨང་དཀར་ཞབས་དྲུང་ཉི་མ་ཐང་མཁན་པོ་ཨང་སྨོན་དབྱངས་ཅན་གཞོན་ནུ་འཇིགས་མེད་གྲགས་པའི་དབྱངས་ཀྱི་སྡེ་ཞེས་བགྱི་བས་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་གསུང་ཤོག་དང་བཅས་ད་དུང་འདི་ལ་རྒྱས་འགྲེལ་ཞིག་གྱིས་ཞེས་ནན་ཏན་དུ་བསྐུལ་བའི་ངོ་བོར། །ཅོ་ནེའི་སློབ་དཔོན་པ་གཡོ་སའི་ཁྲི་ཟུར་དུ་འབོད་པ་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། འདིའི་རྒྱས་འགྲེལ་ཇི་བཞིན་བྱེད་ཚོད་མ་ཞོག་ཀྱང་དེ་ཡིན་ཁུལ་དུ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་གྱི་ལོ་མཇུག །རང་ལོ་རེ་དགུ་ལ་ཉེ་བར་ཅོ་ནེ་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཡིག་སྡེ བ་དང་འདྲི་འདོན་ལ་བློ་གསལ་ཞིང་དད་སྟོབས་དང་ལྡན་པ་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒལཾ།། །།


previousརྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ།next