Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
 
  
  
རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ།
  
  
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousརྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ།next

རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ།

རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རབ་ཡངས་སྒྲིབ་བྲལ་ཆོས་སྐུའི་མཁའ་ལ་འཕགས། །སྟོང་ཉིད་ཟབ་མོའི་འབྲུག་སྒྲའི་དཔལ་གྱིས་མཛེས། །གདུལ་བྱའི་ཞིང་སར་དོན་གཉིས་ཆར་གྱི་རྒྱུན། །འབེབ་མཛད་ཐུབ་དབང་ཆུ་འཛིན་དབང་བོར་འདུད། བརྟན་པའི་འཁོར་ལོ་དགྲ་བཅོམ་རྣམ་རོལ་གྱིས། །ཟབ་དོན་འདྲི་ཞིང་ལན་ཀུན་ལྡོན་ལ་མཁས། །ཉོན་མོངས་མེད་པའི་མཆོག་ཏུ་ལུང་བསྟན་པ། །ཕགས་པ་རབ་འབྱོར་ཞབས་ལ་གུས་ཕྱག་འཚལ། །ཟབ་དོན་འགྲེལ་པར་རྒྱལ་བས་ལུང་བསྟན་པ། །ཀླུ་སྒྲུབ་འཕགས་པ་ལྷ་དང་ཟླ་བ་གྲགས། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བཤེས་གཉེན་རིམ་པར་བྱོན་ལ་ཕྱག་འཚལ་ལོ། །༈ འདིར་རྡོར་གཅོད་དུ་གྲགས་པ་ཤེར་ཕྱིན་སུམ་བརྒྱ་པའི་འགྲེལ་པ་ཇི་ལྟར་འཚམ་པ་ཞིག་དད་པས་བཤད་པར་བྱ་སྟེ། གཞུང་འདིས་ནི་བདག་མེད་ཀྱི་དོན་འཆད་པ་གཙོ་བོར་མཛད་ཅིང་ཟློས་ཏེ་གསུངས་པ་མང་བ་དང་། འདི་ལ་རྒྱ་འགྲེལ་གཅིག་ལས་བོད་འགྲེལ་མི་སྣང་བས་ཇི་བཞིན་འཆད་དཀའ་བར་སྣང་ནའང་རང་བློས་ཇི་ལྟར་ནུས་པ་བཞིན་བཤད་པར་བྱའོ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། མཇུག་གི་རིམ་པའོ། །དང་པོ་ལ་གསུམ། མཚན་བསྒྱུར་ཞིང་དོན་བཤད་པ། འགྱུར་གྱི་ཕྱག །གླེང་གཞིའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཞེས་སོགས་ཏེ། དེ་བོད་སྐད་དུ་བསྒྱུར་ན། ཨཱརྱ་ནི་འཕགས་པ། བཛྲ་ནི་རྡོ་རྗེ། ཙྪེ་ད་ཀ་ནི་གཅོད་པ། པྲཛྙཱ་ནི་ཤེས་རབ། པཱ་ར་ནི་ཕ་རོལ་ཏུ། ཨི་ཏ་ནི་ཕྱིན་པ། ནཱ་མ་ནི་ཞེས་བྱ་བ། མ་ཧཱ་ནི་ཆེན་པོ། ཡ་ན་ནི་ཐེག་པ། སཱུ་ཏྲ་ནི་མདོ་ཞེས་པར་འགྱུར་རོ། །འདིར་པཱ་ར་མི་ཏ་ཞེས་འབྱུང་བ་ནི། པཱ་ར་དང་ཨི་ཏའི་བར་དུ་རྣམ་དབྱེ་གཉིས་པའི་ཨས་བྱིན་ནས་ཨི་ཕྱག་ཏེ་མ་ཨི་ལ་ཕྱིན་ནས་མཚམས་སྦྱར་བས་མི་ཏར་སོང་བའོ། །འདིའི་མཚན་དོན་བཤད་པ་ནི། བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དེ་ཕྱིའི་དངོས་པོ་གཞན་གྱིས་གཞིག་པར་མི་ནུས་ཤིང་། དེ་རི་བྲག་སོགས་ཀྱི་དངོས་པོ་གང་ལ་བསྣུན་ཀྱང་ཐལ་བར་བྱེད་ནུས་པ་ལྟར། གཞུང་འདིའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ལ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་། དེས་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་རྩད་ནས་གཅོད་པའི་དོན་ནོ། །གཉིས་པ་འགྱུར་ཕྱག་གི་དོན་ནི་སླའོ། །གསུམ་པ་གླེང་གཞི་ནི། གཞུང་འདི་སྐད་ཅེས་སྡུད་པ་པོ་བདག་གིས་ཐོས་པ་ནི་དུས་གཅིག་གི་ཚེ་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློོང་གི་དགེ་འདུན་ཆེན་པོ་ཉན་ཐོས་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་གཅིག་སྟེ་ལྷན་ཅིག་ཏུ་བཞུགས་སོ། །དེ་ཡང་རྒྱ་གར་ན་མཉན་ཡོད་སོགས་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པ་ལས། མཉན་ཡོད་འདི་རྒྱལ་པོ་གསལ་རྒྱལ་གྱི་མངའ་འོག་ཏུ་གཏོགས་ཤིང་། དེར་རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བའི་སྐྱེད་མོའི་ཚལ་ཕུན་སུམ་ཚོགས་པ་ས་གཞི་བཟང་བ་ཞིག་ཡོད་དོ། །བཅོམ་ལྡན་འདས་སངས་རྒྱས་ནས་ལོ་ཆ་ཤས་སོང་བའི་སྐབས་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་བཅས་རྒྱུན་དུ་བཞུགས་པའི་གནས་གཙུག་ལག་ཁང་ཆེན་པོ་བཟང་བ་ཞིག་འདེབས་པར་འདོད་ནས། རྒྱལ་བུ་རྒྱལ་བྱེད་ལ་ཚལ་དེ་གང་བའི་གསེར་སྲང་སྟོང་ཕྲག་དུ་མ་བྱིན་ནས་རྒྱལ་བྱེད་ཀྱི་ཚལ་དེ་ཉོས་སོ། །རྒྱལ་བྱེད་ཀྱིས་ཀྱང་སྒོ་ཁང་ཕྱོགས་ནས་ས་དུམ་བུ་ཞ ིག་བཅོམ་ལྡན་འདས་ལ་ཕུལ་ཏེ། ཚལ་དེར་མགོན་མེད་ཟས་སྦྱིན་གྱིས་ཤཱ་རིའི་བུ་ལ་བརྟེན་ནས་ལྷ་མིའི་བཟོ་བོས་ཀུན་དགའ་ར་བ་ཁྱད་པར་དུ་འཕགས་པ་ཞིག་བཞེངས་ཏེ་ཟིན་པ་ན་བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཀྱི་བསམ་པ་མཁྱེན་ནས། གཙུག་ལག་ཁང་གི་མིང་ཡང་དེ་བསྟུན་གྱིས་བཏགས་སོ། །མགོན་མེད་ཟས་སྦྱིན་འདིས་ཆུ་ནང་དང་ས་འོག་ན་ཡོད་པའི་རིན་པོ་ཆེའི་གཏེར་རྣམས་མཐོང་ཞིང་རང་དགར་བླངས་ནས་ལོངས་སྤྱོད་ནུས་པ་སྟོན་པའི་སྦྱིན་བདག་གི་ཆེད་དུ་བསམ་བཞིན་དུ་སྐྱེ་བ་བཟུང་བའི་སྐྱེས་ཆེན་དམ་པ་ཞིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དོན་དུ་སྔ་དྲོའི་དུས་སུ་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་ལྷུང་བཟེད་བསྣམས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཏེ་ཆེད་དུ་གཤེགས་སོ། །བསོད་སྙོམས་བླངས་ཏེ་མཇུག་ཏུ་སླར་བྱོན་ནས་ཞལ་ཟས་གསོལ་བའི་བྱ་བ་མཛད་དོ། །ཟས་ཕྱི་མ་ཕྱི་དྲོའི་བསོད་སྙོམས་ཟ་བ་སྤངས་ནས། ལྷུང་བཟེད་སོགས་བཞག་ནས་ཞབས་བཀྲུས་ཤིང་བསིལ་ཏེ། གདན་བཤམས་པ་ཉིད་ལ་དཀྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་སྲང་སྟེ། གཞུང་འདི་སྟོན་པར་འགྱུར་བ་མཁྱེན་པའི་དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །བཅོམ་ལྡན་འདས་བསོད་སྙོམས་ལ་འབྱོན་པ་ནི། རང་ཉིད་བསོད་སྙོམས་ཀྱི་ཟས་ཟ་དགོས་པའི་ཆེད་མིན་གྱི། གདུལ་བྱ་ལ་ཚོགས་གསོག་པ་དང་ཆོས་སྟོན་པ་སོགས་ཀྱི་ཆེད་དུའོ། །སངས་རྒྱས་ལ་ནི་བཀྲེས་སྐོམ་འབྱུང་མི་སྲིད་པར་གསེར་འོད་ལས་བཤད་ཅིང་། གསོལ་དགོས་ནའང་རང་ཉིད་ནམ་མཁའ་མཛོད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བས་ཡོ་བྱད་ཀྱིས་ཕོངས་པ་མི་སྲིད་ལ། ས་རྡོ་སོགས་གསེར་དངུལ་རིན་པོ་ཆེར་བསྒྱུར་ནུས་ཤིང་། དེ་དག་དང་ཟས་དམན་པ་དག་ཀྱང་རོ་བརྒྱ་ལྡན་པའི་ཟས་སུ་བསྒྱུར་བ་དང་། ཟས་ངན་པ་ཅི་འདྲ་བ་ཞིག་ཡིན་ཀྱང་སངས་རྒྱས་ཀྱི་ཞལ་དུ་བཞེས་པ་ན་རོ་ཕུན་སུམ་ཚོགས་པ་གཞན་གྱིས་མྱོང་བར་མི་འགྱུར་བ་ལྟ་བུའི་ཟས་སུ་འགྱུར་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །ཞེས་གསུངས་པའི་དོན་ཡང་དེའོ། །སྔོན་སྟོན་པས་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་གསོལ་དགོས་པའི་ཚུལ་བསྟན་པའི་ཚེ། ཀུན་དགའ་བོའི་བསམ་པ་ལ་སྟོན་པ་རྒྱལ་པོའི་རིགས་སུ་སྐྱེས་ཀྱང་། ད་ལྟ་རྟ་ཆས་གསོལ་བའི་དུས་བྱུང་ངོ་སྙམ་དུ་ཡིད་སྐྱོ་བའི་ཚེ། སྟོན་པས་ཞལ་ནས་ནས་ཀྱི་འབྲུ་གཅིག་ཕྱུང་སྟེ་འདི་ཟོ་ཞིག་ཅེས་གསུངས་ནས་བྱིན་པས་ཀུན་དགའ་བོས་ཟོས་པ་ན་ཚིམ་སྟེ། དེ་ནས་ཉིན་ཞག་བདུན་དུ་ཟས་ཟ་དགོས་པའི་འདུ་ཤེས་མ་སྐྱེས་པས་ངོ་མཚར་དུ་གྱུར་པ་བཞིན་ནོ། །གསེར་འོད་ལས་སྟོན་པས་བསོད་སྙོམས་ལེན་པར་མཛད་ཅིང་གསོལ་བ་ལྟར་སྣང་ཡང་དོན་ལ་གསོལ་བ་མེད་ཅིང་། བཤང་གཅི་ཡང་མེད་པར་བཤད་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་ནི་གསེར་གྱི་གར་བུ་ལྟ་བུ་སྟེ། སྐུ་ལ་ཁོང་སྟོང་དང་ཕོ་བ་ལོང་ཀ་རྒྱུ་མ་སོགས་ཀྱང་མེད་པར་བཤད་དེ་དོན་ལ་གནས་སོ། །དེ་ནས་དགེ་སློང་མང་པོ་ཡང་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་པ་སྟེ་ཕྱིན་ནས་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་སྟེ་ལྷན་ཅིག་ཏུ་འཁོད་དོ། །དེར་མ་ཟད། དེའི་ཚེ་གནས་བརྟན་རབ་འབྱོར་ཡང་ཁོར་དེ་ཉིད་དུ་འདུས་ནས་འདུག་གོ །༈ གཉིས་པ་དངོས་གཞི་གཞུང་དོན་བཤད་པ་ལ་གཉིས། ཐོག་མར་ཞུས་ཚུལ་དང་། དེའི་ལན་རྣམས་རིམ་པར་བཤད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་རང་གི་འདུག་པའི་སྟན་ལས་ལངས་ཏེ། བླ་གོས་ཏེ་སྟོད་གོས་ཕྲག་པ་གཡོན་པའི་ཕྱོགས་གཅིག་ཏུ་གཟར་ནས། རྐང་པ་གཡོན་པའི་མཐིལ་དང་། གཡས་པའི་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཕྱོགས་གཡས་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་ཚིག་སྣ་བསྡུས་ཏེ་བརྗོད་ན། བཅོམ་ལྡན་འདས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་སྒོ་ནས་འདི་ཕྱི་རྣམས་ལ་ཕན་གདགས་པའི་དམ་པ་མཆོག་ཇི་སྙེད་པ་ཅིག་མཛད་ནས་ཕན་གདགས་པ་དང་། ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་གནས་དང་ཆོས་དང་བཀར་གདགས་པའི་ཡོངས་སུ་གཏད་པ་རྣམ་པ་གསུམ་གྱི་དམ་པ་ཇི་སྙེད་པས་ཡོངས་སུ་གཏད་པར་མཛད་ན། བཅོམ་ལྡན་འདས་ངོ་མཚར་ཆེ་སོགས་ཞེས་གསོལ་ཏོ། །དེ་ལ་གནས་ནི་དགེ་བའི་བཤེས་གཉེན་ལ་གཏད་པ་དང་། ཆོས་ནི་དེས་ཕན་འདོགས་བྱེད་དུ་བཅུག་པ་དང་། བཀར་བཏགས་པ་ནི་བྱང་སེམས་ཁྱེད་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པར་བྱའོ་ཞེས་གཏད་པ་སྟེ་སློབ་དཔོན་ཀཱ་མ་ཤཱིའི་དགོངས་པའོ། །ཞུས་ཚུལ་དངོས་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ས་གང་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་སྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི་ཞེས་དོན་ཚན་གསུམ་ཞུས་སོ། །གཉིས་པ་ལན་ལ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་དེ་ལྟར་ཞུས་པ་ལ་ཐུགས་དགྱེས་ནས་ལེགས་སོ་དང་དེ་ཡིན་པའི་བདེན་ཁ་གནང་སྟེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་དང་། ཡོངས་སུ་གཏད་པར་ཞལ་གྱིས་བཞེས་སོ། །རྒྱུ་མཚན་དེའི་ཕྱིར་ན། ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་མི་བརྗེད་པར་ཟུངས་ཤིག་ཅེས་དང་། གོང་དུ་ཞུས་པའི་ཇི་ལྟར་གནས་པར་བྱ་བ་སོགས་གསུམ་ཁྱོད་ལ་བཤད་པར་བྱའོ་ཞེས་གསུངས། ལན་ལ་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་གསུངས་པ་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་རབ་འ བྱོར་ལ་འཆད་པར་འགྱུར་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཉན་ཐོས་ཀྱི་ཚུལ་བཟུང་བ་ཙམ་མ་གཏོགས། དོན་ལ་འཇམ་དཔལ་གྱི་སྤྲུལ་པར་སྣང་ལ། སྟོན་པས་ཡུམ་གསུངས་པའི་ཚེ་རབ་འབྱོར་ཉིད་ཡུམ་གྱི་མདོ་ཐོག་མར་འཆད་པ་པོར་བསྐོས་ཏེ་དགོངས་གཞི་ཆེའོ། །གཞུང་གི་བསྡུས་དོན་ལ་སློབ་དཔོན་ཀཱ་མ་ཤཱི་ལས། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། གཟུགས་སྐུ་ཐོབ་པར་འདུན་པ་ནས། །སངས་རྒྱས་ཀྱིས་ཡོངས་སུ་བཙལ་བའི་བར་བཅོ་བརྒྱད་བཤད་ཅིང་། དེའི་དང་པོ་བཅུ་དྲུག་ནི་ཆོས་སྤྱོད་ཀྱི་ས་དང་། དེ་ནས་གཅིག་ནི་ལྷག་བསམ་དག་པའི་ས་དང་། བཅོ་བརྒྱད་པ་ནི་སངས་རྒྱས་ཀྱི་ས་དང་སྦྱར་ནས་འཆད་དོ། །འདིར་ཅུང་ཟད་བསྡུས་ནས་འཆད་པར་འདོད་པས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པས་ཐོག་མར་སེམས་བསྐྱེད་པའི་ཚེ་འདི་སྙམ་དུ་སེམས་པར་བྱ་སྟེ། བདག་གིས་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་ཅིང་གྲངས་མེད་པ་ཞིག་ཡོད་པ་ཇི་ཙམ་པ་དེ་རྣམས་སྐྱེ་གནས་ཀྱི་སྒོ་ནས་སེམས་ཅན་གྱི་རིགས་སུ་བསྡུ་བས་བསྡུས་པ་ན། སྒོ་ང་ལས་སྐྱེས་པའམ། དེ་བཞིན་དུ་མངལ་དང་། དྲོད་གཤེར་དང་། རྫུས་ཏེ་སྐྱེས་པ་བཞི་དང་། འདོད་ཁམས་དང་གཟུགས་ཁམས་ན་ཡོད་པའི་སེམས་ཅན་གཟུགས་ཅན་དང་། གཟུགས་མེད་ན་ཡོད་པའི་གཟུགས་ཅན་མ་ཡིན་པ་དང་། འབྲས་བུ་ཆེ་བ་དང་སྲིད་རྩེའི་སེམས་ཅན་ལས་གཞན་པའི་འདུ་ཤེས་ཅན་གྱི་སེམས་ཅན་དང་། འབྲས་བུ་ཆེ་བའི་ཕྱོགས་གཅིག་གི་སེམས་ཅན་རྣམས་འདུ་ཤེས་མེད་པ་དང་། སྲིད་རྩེར་སྐྱེས་པའི་སེམས་ཅན་རྣམས་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་མེད་པའང་མ་ཡིན་པ་སྟེ། མདོར་ན་སེམས་ཅན་གྱི་ཁམས་ཅི་ཙམ་དུ་སེམས་ཅན་ཞེས་མིང་གིས་གདགས་པས་བཏགས་པ་དེ་དག་ཐམས་ཅད་སྒྲིབ་གཉིས་དང་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་བསྡུས་ན་སེམས་ཅན་དེ་ཐམས་ཅད་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ངོ་བོ་ཉིད་སྐུ་ཐོབ་པའི་ཆེད་དུ་སེམས་བསྐྱེད་པའོ། །སེམས་ཅན་ཀུན་སྡུག་བསྔལ་གསུམ་པོ་ཅི་རིགས་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས་མྱང་འདས་མཐར་ཐུག་ལ་འགོད་འདོད་ཀྱི་སེམས་གསར་དུ་བསྐྱེད་པ་དང་། སྔར་བསྐྱེད་ཟིན་པ་ཞིག་ཡིན་ན་ནི་བསྐྱེད་པ་དེ་གསལ་བཏབ་སྟེ་གོང་འཕེལ་དུ་བྱེད་པའོ། །སྐྱེ་གནས་བཞི་ལས་སྒོང་སྐྱེས་ནི། མི་དང་ཀླུ་དང་བྱ་སོགས་ལ་ཡོད་ཅིང་། མངལ་སྐྱེས་ནི་མི་དང་དུད་འགྲོ་དང་ཡི་དྭགས་ལའང་ཡོད་དོ། །དྲོད་སྐྱེས་ལ་ཕྱིའི་དངོས་པོ་ལོ་ཏོག་སོགས་མང་ཡང་མི་ལ་རྒྱལ་པོ་སྤྱི་བོ་སྐྱེས་ལྟ་བུ་དང་དབྱར་དུས་སུ་སྐྱེས་པའི་འབུ་སྲིན་ཕལ་ཆེར་རོ། །བརྫུས་སྐྱེས་ནི་བསྐལ་བ་དང་པོའི་མི་རྣམས་དང་ལྷ་དང་དམྱལ་བ་བ་རྣམས་དང་བར་དོ་བ་དང་ལྷ་མིན་དུད་འགྲོ་ལའང་ཡོད་དོ། །མི་ལ་སྒོང་སྐྱེས་ནི་སྟོན་པའི་དུས་སུ་དགེ་བསྙེན་ས་ག་མ་ལས་སྒོ་ང་མང་པོ་དང་དེ་ལས་བུ་མང་པོ་ཞིག་བྱུང་བར་བཤད་པ་ལྟར་རོ། །གོང་གི་དེ་ནི་ཀུན་རྫོབ་པའི་སེམས་བསྐྱེད་ཚུལ་ཡིན་ལ། དེ་ལ་སྨོན་སེམས་དང་འཇུག་སེམས་གཉིས་ཏེ། གཙོ་བོར་ཚོགས་སྦྱོར་གྱི་གནས་སྐབས་ལ་དགོངས་པར་སེམས་སོ། །སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་གཞན་སངས་རྒྱས་ལ་འགོད་འདོད་ཙམ་གྱིས་མི་ཆོག་གི །རང་ཡང་སངས་རྒྱས་ཐོབ་འདོད་ཞིག་ངེས་པར་དགོས་སོ། །དེའི་ཕྱིར་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ཏེ། གཞན་དོན་ཕྱིར་ཞེས་པས་གཞན་མྱང་འདས་ལ་འགོད་འདོད་དང་། རྫོགས་པའི་བྱང་ཆུབ་འདོད་ཅེས་རང་རྫོགས་བྱང་ཐོབ་འདོད་ཞིག་དགོས་ཞེས་བཤད་དོ། །སེམས་བསྐྱེད་དེ་བདག་མེད་རྟོགས་པའི་ལྟ་བས་ཟིན་དགོས་པར་བསྟན་པའི་ཕྱིར་དེ་ལྟར་སེམས་ཅན་ཚད་མེད་པ་ཞིག་མི་གནས་པའི་མྱང་འདས་ལ་ཡོངས་སུ་འགོད་པར་འདོད་ཅིང་། བཀོད་དུ་ཟིན་ཀྱང་དོན་དམ་པར་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །འདིར་མྱ་ངན་ཞེས་འབྱུང་བ་ནི་མྱ་ངན་ནི་ལས་ཉོན་གཉིས་དང་སྡུག་བསྔལ་ཏེ་དེ་ལས་འདས་པ་ནི་ལས་ཉོན་དང་སྡུག་བསྔལ་ལས་ཐར་པའམ་འདས་པའི་མྱང་འདས་སོ། །དེས་ན་འདས་ཞེས་པ་ནི་མྱང་འདས་དང་དེ་ལ་འགོད་པའི་དོན་དུ་ཡང་འགྱུར་རོ། །གཞུང་འདིས་སོ་སྐྱེ་ལ་དོན་དམ་སེམས་བསྐྱེད་རྗེས་མཐུན་པ་ཞིག་བསྟན་ཅིང་། དོན་དམ་སེམས་བསྐྱེད་དངོས་ཀྱང་བསྟན་ཏེ་འཕགས་པ་ཁོ་ནར་ཡོད་དོ། །སློབ་དཔོན་ཀཱ་མ་ལ་ཤཱི་ལས། སྐབས་འདིར་ལྟ་བའི་སྐོར་མང་པོ་ཞིག་བཤད་ཅིང་། དེ་ཡང་འདིའི་གཞུང་འོག་མ་རྣམས་ནི་སྟོང་ཉིད་ཀྱི་ལྟ་བ་དང་སྦྱར་ནས་གསུངས་པའི་དོན་ཤེས་པ་ལ་དགོས་པའི་དབང་དུ་མཛད་པ་ཡིན་པས་གལ་ཆེ་ཡང་། འདིར་མང་དུ་འགྱུར་དོགས་ནས་བསྡུས་ཏེ་མཚོན་ཙམ་བརྗོད་ན། ཀུན་བྱང་གི་ཆོས་ཐམས་ཅད་ཀྱང་ཐ་སྙད་ཙམ་དུ་ཡོད་པར་འཇོག་གི །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་དཔྱད་མི་བཟོད་ཅིང་བཏགས་དོན་མི་རྙེད་དེ། དེ་ལ་དགག་བྱ་ངོས་ཟིན་ན་འགོག་སླ་བས་ཐོག་མར་དགག་བྱ་ཇི་ལྟ་བུ་ཡིན་བརྗོད་ན། དགག་བྱ་ལ་སྤྱིར་འདོད་ཚུལ་མང་ཡང་འདིར་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་བཤད་པར་བྱའོ། །དེ་ཡང་མདོ་ལས། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་ཞེས་སོགས་དང་། རྗེས་དགོངས་པ་རབ་གསལ་ལས། ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་ཏེ། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དང་རྟོག་པའི་དབང་གིས་བཞག་པར་གསུངས་པ་མང་ངོ་ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་རྟོག་པས་བཏགས་པའི་དཔེ་ནི། ཐག་པ་ཁྲ་བོ་ཡུལ་མི་གསལ་བ་ན་གནས་པའི་ཚེ་ཁ་ཅིག་ལ་འདི་སྦྲུལ་ལོ་སྙམ་པའི་བློ་འབྱུང་ངོ་། །དེའི་ཚེ་ཐག་པ་དེའི་ཚོགས་པ་དང་ཆ་ཤས་གང་ཡང་སྦྲུལ་དུ་མེད་ཀྱང་། དེ་ལ་སྦྲུལ་ལོ་སྙམ་པའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་དུ་འཆར་རོ། །དེ་བཞིན་དུ་ཕུང་པོ་འདི་ལ་བརྟེན་ནས་ངའོ་སྙམ་དུ་འབྱུང་ཡང་། ཕུང་པོའི་ཚོགས་པ་དང་རྒྱུན་དང་ཆ་ཤས་གང་ཡང་ངའི་མཚན་གཞིར་འཇོག་རྒྱུ་མེད་ཅིང་། ཕུང་པོ་ལས་ངོ་བོ་ཐ་དད་པ་གཞན་ཞིག་ཀྱང་ངའི་མཚན་གཞིར་བཟུང་དུ་མེད་པས། ང་དེ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །དེ་ལྟར་ཡང་འཕགས་པའི་རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང་། །ཞེས་གསུངས་ཏེ། ས་མིན་ནས་རྣམ་ཤེས་མིན་ཞེས་པས་སྐྱེས་བུའི་ཁམས་དྲུག་གི་ཆ་ཤས་རེ་རེ་བ་དང་། ཀུན་མིན་ཞེས་པས་ཁམས་དྲུག་གི་ཚོགས་པ་སྐྱེས་བུའི་བདག་ཏུ་འཇོག་པ་བཀག་ཅིང་། རྐང་པ་ཕྱི་མས་ཁམས་རྣམས་ལས་ངོ་བོ་ཐ་དད་པའི་བདག་བཀག་གོ །འོ་ན་སྐྱེས་བུ་སྟེ་གང་ཟག་ཇི་ལྟར་འཇོག་པ་ཡང་དེ་ཉིད་ལས། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསུངས་ཏེ། རྒྱུ་མཚན་དེས་ན་སྐྱེས་བུ་ནི་རང་གི་ཁམས་དྲུག་འདུས་པའི་སྟེང་དུ་བཏགས་པ་ཙམ་མ་གཏོགས། ཡང་དག་པར་མ་གྲུབ་བོ། །དེ་ཇི་ལྟ་བ་བཞིན་དུ་ཁམས་རྣམས་ཀྱང་རང་རང་གི་ཆ་ཤས་འདུས་པ་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ཡང་དག་པར་མ་གྲུབ་ཅེས་བསྟན་ཏོ། །དེ་བཞིན་དུ་ཕུང་སོགས་ཀྱི་ཆོས་ཐམས་ཅད་ཀྱང་རང་རང་གི་ཆ་ཤས་དང་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རང་དབང་དུ་གྲུབ་པ་མེད་ཅེས་སྦྱོར་རོ། །རང་གི་གཟུགས་ཕུང་ནི་ཡན་ལག་ལྔ་སོགས་ལ་བརྟེན་ནས་བཏགས་པ་དང་། ཡན་ལག་རྣམས་ཀྱང་ཆ་ཅན་ཕུང་པོ་དང་རང་གི་ཕྱོགས་ཀྱི་ཆ་ལ་བརྟེན་ནས་བཏགས་པ་དང་། ཉིང་ལག་སོར་མོ་ལྟ་བུ་ཡང་རང་གི་ཆ་ཅན་དང་ཆ་ཤས་ལ་བརྟེན་ནས་བཏགས་པ་དང་། བུམ་པ་ནི་རང་གི་མཆུ་ཞབས་ལྟོ་བ་སོགས་ལ་བཏགས་པ་དང་། མཆུ་ཞབས་སོགས་ཀྱང་རང་གི་ཆ་ཤས་དང་ཆ་ཅན་བུམ་པ་ལ་བརྟེན་ནས་བཏགས་པ་སོགས་གཟུགས་ཅན་རྣམས་ལ་འགྲེ་ཞིང་། ཤེས་པ་རྣམས་ཀྱང་སྐད་ཅིག་སྔ་ཕྱི་དང་དམིགས་པ་སོགས་ལ་བརྟེན་ནས་དང་། འདུས་མ་བྱས་རྣམས་ཀྱང་རང་གི་གདགས་གཞི་སོ་སོ་ལ་བརྟེན་ནས་བཏགས་པ་སྟེ། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །དེས་ན་བརྟེན་ནས་བྱུང་བ་དང་བརྟེན་ནས་བཏགས་པ་མ་ཡིན་པའི་ཆོས་མེད་པས། བརྟེན་ནས་བཏགས་པ་མ་ཡིན་པར་ཡོད་པ་དེ་བརྟག་པ་མཐའ་གཟུང་གི་དགག་བྱའི་ཚད་དོ། །དེ་ལྟར་ཡང་། རྩ་ཤེ་ལས། གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན་བདག་གམ་གང་ཟག་བཏགས་དོན་བཙལ་བའི་ཚེ་མི་རྙེད་ཀྱང་ཐ་སྙད་དུ་སྒྱུ་མ་དང་སྤྲུལ་པ་ལྟར་བྱ་བྱེད་འཐད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལའང་འདྲ་སྟེ། སྡུད་པ་ལས། བདག་ཅི་འདྲ་བར་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་བྱར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་སྦྱིན་སོགས་ཀྱི་ཆོས་རྣམས་ཀྱང་ཐ་སྙད་བཏགས་པ་ཙམ་དུ་ཡོད་པ་མ་གཏོགས། རང་བཞིན་གྱིས་སྟོང་པར་ཤེས་དགོས་པ་ལ་དགོངས་ནས་དངོས་པོ་ཅི་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་སོགས་གསུངས་སོ། །གནད་ཆེ་བ་འདི་ཤེས་དགོས་ཏེ། ཇི་སྲིད་བདེན་འཛིན་གྱིས་བཅིངས་པ་ལས་མ་གྲོལ་ཅིང་སྟོང་ཉིད་ཀྱི་དོན་མ་རྟོགས་པ་དེ་སྲིད་དུ་སངས་རྒྱས་ཀྱིས་དངོས་སུ་རྗེས་སུ་བཟུང་ཡང་ཐར་པ་ཐོབ་མི་ནུས་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བརྩོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་ཤིང་། འཕགས་པ་ལྷས་ཀྱང་། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་ཅེས་བཤད་པའི་ཕྱིར་དང་། གཞན་ཡང་མང་ངོ་། །གོང་གི་ཕྲོ་ནི། བདེན་པར་གྲུབ་པའི་སེམས་ཅན་གང་ཡང་མྱང་འདས་ཐོབ་པ་མེད་པར་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ལ་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེས་བོས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ལ་སེམས་ཅན་དུ་བདེན་པར་གྲུབ་པའི་འདུ་ཤེས་འཇུག་ན། བྱང་ཆུབ་སེམས་དཔའ་དེ་བདག་མེད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་སེམས་ཅན་ལ་སེམས་ཅན་དུ་བདེན་པའི་འདུ་ཤེས་འཇུག་གམ། སྲོག་ཏུ་སྟེ་སྲོག་ལྡན་དུ་འདུ་ཤེས་འཇུག་གམ། གང་ཟག་ཏུ་བདེན་པའི་འདུ་ཤེས་བདེན་འཛིན་སྐྱེ་ཞིང་འཇུག་ན་ནི། དེ་བདེན་མེད་ཤེས་པའི་བྱང་སེམས་ཞེས་བྱར་མི་རུང་བའི་ཕྱིར་རོ། །འཇུག་པ་ལས། དོན་དམ་སེམས་བསྐྱེད་རྒྱུད་ལ་མ་སྐྱེས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བར་གསུངས་པ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་མ་མྱོང་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་དོན་ཡིན་ལ། འདིར་ནི་ཚོགས་སྦྱོར་གཉིས་ན་བྱང་ཆུབ་སེམས་དཔའ་ཡོད་པས་དེའི་དབང་དུ་བྱས་ནས་བཤད་དོ། །སེམས་ཅན་ཞེས་པའི་སྒྲ་དོན་ནི་འཁོར་བར་ཀུན་ཏུ་གདུང་བའི་སེམས་པ་ཅན་དང་། སྲོག་ནི་ཚེ་འདིའི་རིས་མཐུན་སྐལ་མཉམ་རྫོགས་པའི་བར་གནས་པ་དང་། གང་ཟག་ནི་བག་ཆགས་དམན་པས་རྒྱུད་གང་ཞིང་འཁོར་བར་ཟག་པར་བྱེད་པའི་སྒོ་ནས་བརྗོད་ཅིང་། འདིར་བདག་ཅེས་མ་བྱུང་ཡང་འོག་ཏུ་འབྱུང་བས་བདག་ནི་ངའོ་སྙམ་པའི་ངར་འཛིན་སྐྱེ་བའི་གཞིའི་དོན་ཏེ། བསླབ་བཏུས་མཆན་འགྲེལ་ལས་བཤད་དོ། །དེ་དག་ནི་གང་ཟག་གི་མིང་གི་རྣམ་གྲངས་ཡིན་ཡང་། གང་ཟག་ཡིན་ན་གོང་གི་སྒྲ་དོན་དེ་ཚང་བས་མ་ཁྱབ་ཅིང་། སེམས་ཅན་དང་གང་ཟག་གཉིས་ལ་ཡང་ཁྱབ་ཆེ་ཆུང་ཡོད་དོ། །དེ་ལྟར་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ནི། སྦྱིན་པས་མཚོན་ནས་ཕར་ཕྱིན་གཞན་རྣམས་ལའང་སློབ་པར་སྟོན་པས་དང་པོ་སྦྱིན་པ་ནི། ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་པའི་དངོས་པོ་ནི་སྦྱིན་བྱའི་དངོས་པོ་སྟེ་དེ་དང་སྦྱིན་པ་དང་གང་ལ་སྦྱིན་པའི་འཁོར་གསུམ་གྱི་དངོས་པོ་གསུམ་ལ་བདེན་ཞེན་གྱིས་མི་གནས་པར་སྦྱིན་པ་བྱེད་པའོ། །དེ་ནི་བྱམས་སྨོན་ལས། དངོས་པོ་ཀུན་ལ་མི་གནས་པར། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །ཅེས་དང་། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པའི། །སྦྱིན་པ་ཞེས་གསུངས་པ་ལྟར་དང་། དབུ་མ་འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་བོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་དེ། །འཇིག་རྟེན་ལ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་མངོན་སུམ་དུ་རྟོག་པའི་ཤེས་རབ་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་དང་། དེས་མ་ཟིན་པའི་སྦྱིན་པ་འཇིག་རྟེན་པའི་ཕར་ཕྱིན་དུ་བཤད་དེ། སྔ་མ་འཕགས་པ་དང་ཕྱི་མ་སོ་སྐྱེ་ལ་ཡོད་པའོ། །ལམ་མ་ཞུགས་ན་སྦྱིན་པ་ཡོད་ཀྱང་སྦྱིན་པའི་ཕར་ཕྱིན་མེད་ཅིང་གཞན་ལྔ་ལའང་འདྲའོ། །སྦྱིན་པ་སྦྱིན་པ་ལ་བརྩོན་པ་ལྟ་བུ་ནི་ཇི་ལྟར་གནས་པར་བྱ་ཞེས་པའི་དོན་དང་། དེའི་འཁོར་གསུམ་ལ་བདེན་པར་མི་ཞེན་པ་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེས་པའི་དོན་དང་། བདེན་མེད་དུ་རྟོགས་པའི་བློ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་ན ི་སེམས་རབ་ཏུ་གཟུང་བར་བྱ་ཞེས་པའི་དོན་དུ་བཤད་དེ། ཕར་ཕྱིན་གཞན་ལའང་སྦྱར་བར་བྱའོ། །སྦྱིན་པའི་འཁོར་གསུམ་དུ་མ་ཟད་དངོས་པོ་གཞན་ཅི་ལ་ཡང་བདེན་པར་ཞེན་ཏེ་མི་གནས་པར་སྦྱིན་པ་བྱའོ། །ཅུང་ཟད་ཕྱེ་སྟེ་བཤད་པ་ནི་གཟུགས་ལ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་ཡང་བདེན་ཞེན་གྱིས་མི་གནས་པར་སྦྱིན་པ་བྱའོ་ཞེས་པ་སྟེ། གཟུགས་ནི་ཕྱི་རོལ་གྱི་གཟུགས་མིག་ཤེས་ཀྱི་ཡུལ་རྣམས་དང་། སྒྲ་ནི་རྣ་བའི་ཡུལ། དྲི་ནི་སྣའི་ཡུལ། རོ་ནི་ལྕེའི་ཡུལ། རེག་བྱ་ནི་ལུས་ཀྱི་ཡུལ། ཆོས་ནི་ཡིད་ཀྱི་ཡུལ་ཏེ། ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་དོ། །རབ་འབྱོར་ཆོས་ཐམས་ཅད་ཐ་སྙད་བཏགས་པ་ཙམ་དུ་ཡོད་པ་མ་གཏོགས། རང་བཞིན་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་རང་བཞིན་གྱི་གྲུབ་པར་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་ཞེན་པ་ཡིན་པས། ཅི་ནས་ཀྱང་རང་བཞིན་གྱི་གྲུབ་པར་ཞེན་པའི་མཚན་མར་འཛིན་པའི་འདུ་ཤེས་ལ་བྱང་ཆུབ་སེམས་དཔས་གནས་པར་མི་བྱའོ། །མཚན་མར་འཛིན་པ་ནི་བདེན་འཛིན་གྱི་མིང་གི་རྣམ་གྲངས་ཏེ། བདེན་འཛིན་གྱིས་བཅིངས་ན་སྐྱོན་ཆེ་བའི་དཔེ་འོག་ཏུ་འཆད་དོ། །བདེན་འཛིན་གྱིས་བཅིངས་པའི་སྦྱིན་སོགས་ལས་བསོད་ནམས་ཆེན་པོ་འབྱུང་མོད། བདེན་འཛིན་གྱིས་བཅིངས་པ་དང་བྲལ་བའི་སྒོ་ནས་སྦྱིན་སོགས་བསྒྲུབས་ན་བསོད་ནམས་ལྷག་པར་ཆེ་བར་ངེས་ཞེས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཆེ་བའི་མཐའ་ཚད་ནི་གཞན་གྱིས་གཟུང་བར་སླ་བ་མིན་ཏེ་དཀའ་བའི་ཕྱིར་རོ། །དེའི་དཔེ་སྟོན་པ་ནི། ཤར་ལ་སོགས་པ་ཕྱོགས་བཅུའི་ནམ་མཁའི་ཚད་གཟུང་བ་སླ་བ་མ་ཡིན་པ་ལྟ་བུ་སྟེ། རབ་འབྱོར་དེ་བཞིན་དུ་ཞེས་སོགས་ཀྱིས་དཔེ་བསྟན་པའི་དོན་བསྡུས་སོ། །སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པར་འགྱུར་ཞིང་། གཟུགས་ཀྱི་སྐུ་ནི་མཚན་དཔེས་བརྒྱན་པའོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་ཞེས་པ་ནི། རབ་འབྱོར་ཁྱོད་ཀྱིས་དོན་འདི་ལ་ཇི་ལྟར་ཡིན་སྙམ་དུ་སེམས་པ་སྟེ་བསམ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ནི་མཚན་དཔེ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་མོད། འོན་ཀྱང་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་དེ་ཙམ་གྱིས་དེ་བཞིན་གཤེགས་པར་ལྟ་བ་སྟེ་འདོད་པར་བྱ་བ་ཡིན་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་ནི་དེ་ལྟར་བལྟ་བ་མ་ལགས་སོ་ཞེས་གསོལ་ཏེ། ཅུང་ཟད་དབྱེ་བ་ནི་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་དེ་ཙམ་གྱིས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱིད་དེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་སྐུའི་མཚན་དཔེ་ཕུན་སུམ་ཚོགས་པ་གང་གསུངས་པ་དེ་ཉིིད་ཀུན་རྫོབ་ཏུ་སྒྱུ་མ་ལྟར་ཡོད་པར་གསུངས་ཀྱི། དོན་དམ་པར་མཚན་དཔེ་ཕུན་སུམ་ཚོགས་པ་མ་མཆིས་པའི་ལན་དུའོ་ཞེས་གསོལ་ཏེ། །གཟུགས་སྐུའི་མཚན་དཔེ་རྣམས་ནི་རི་མོས་བྲིས་པའི་གཟུགས་བརྙན་ལྟར་རྐྱེན་ཚོགས་པ་ལས་བྱུང་བའི་ཀུན་རྫོབ་བརྫུན་པའི་གནས་ཚུལ་ཡིན་གྱི། བདེན་པའི་རང་བཞིན་མིན་ནོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཅི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ་ཞེས་གསུངས། །འོ་ན་མི་བརྫུན་པ་གང་ཞེ་ན། ཇི་ཙམ་དུ་མཚན་དཔེ་ཕུན་སུམ་ཚོགས་པ་རྣམས་བདེན་པར་མེད་པ་དེ་ཙམ་ནི་མི་བརྫུན་ཞིང་བདེན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བདེན་པར་གྲུབ་པའི་མཚན་དང་མཚན་མ་མེད་པར་བལྟ་བར་བྱའོ། །འདིས་གཟུགས་སྐུ་ལ་མཐའ་གཉིས་སེལ་ཏེ། །གཟུགས་སྐུ་དང་དེའི་མཚན་དཔེ་རྣམས་ཀུན་རྫོབ་བརྫུན་པའི་སྟོང་ཚུལ་དུ་ཡོད་པས་སྐུར་འདེབས་སེལ་ཞིང་། བདེན་གྲུབ་ཀྱི་མཚན་དང་མཚན་མ་མེད་པར་བསྟན་པས་སྒྲོ་འདོགས་ཀྱི་མཐའ་སེལ་བའི་ཕྱིར་རོ། །དེ འི་སྔ་མས་གཟུགས་སྐུ་དང་ཕྱི་མས་ཆོས་ཀྱི་སྐུ་བསྟན་ཏེ་ངོ་བོ་ཉིད་སྐུ་གཙོ་ཆེའོ། །དེ་ལྟ་བུའི་ཆོས་གཟུགས་ཀྱི་སྐུ་བཤད་པའི་མདོ་འདི་ལ་ཡིད་ཆེས་ཤིང་མོས་པའི་སེམས་ཅན་མ་འོངས་པ་འབྱུང་ངམ་ཞེས་པ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་མ་མོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་སོགས་ཏེ། ལན་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་དེ་སྐད་མ་ཟེར་ཅིག་ཅེས་པ་ནི་ཁྱོད་མ་འོངས་པ་ན་དེ་ལྟ་བུའི་གང་ཟག་འབྱུང་མི་འབྱུང་ལ་དོགས་པ་མ་ཟ་ནས་མ་འདྲི་ཤིག་ཅེས་པའི་དོན་ནོ། །རབ་འབྱོར་མ་འོངས་པའི་དུས་སུ་དམ་པའི་ཆོས་འཇིག་པར་འགྱུར་བའི་ཚེ་ན་ཡང་། བྱང་ཆུབ་སེམས་དཔའ་ཆེན་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན་དང་ལྡན་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་པ་དག་ངེས་པར་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྔོན་སངས་རྒྱས་གཅིག་ཙམ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེེན་བཀུར་ཞིང་དགེ་རྩ་བསྐྱེད་པ་ཡིན་པར་ངས་མཁྱེན་ཏོ་ཞེས་པའོ། །ཀཱ་ཤཱིས་ལྔ་བརྒྱ་མཐའ་མ་ཞེས་བྱ་བ་ལ་བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་ཞེས་བཤད་པའི་ལྔ་བརྒྱ་ཕྲག་ལྔ་ནི་ལོ་ཉིས་སྟོང་ལྔ་བརྒྱའི་བར་དུ་བསྟན་པ་གནས་ཞེས་པའོ། །བསྟན་པའི་གནས་ཚད་ལ་མདོ་དང་དགོངས་འགྲེལ་དག་ལས་བཤད་ཚུལ་མི་འདྲ་བ་མང་སྟེ། ཐུབ་པའི་བསྟན་པ་ལོ་སྟོང་དང་ཉིས་སྟོང་དང་ཉིས་སྟོང་ལྔ་བརྒྱ་དང་ལྔ་སྟོང་དུ་གནས་པར་བཤད་པའང་ཡོད་དེ་དགོངས་པ་ནི་མི་འགལ་ལོ། །མི་འགལ་བའི་ཚུལ་ནི་འགའ་ཞིག་འབྲས་བུ་དང་སྒྲུབ་པའི་དུས་དང་འགའ་ཞིག་ནི་ལུང་གི་དུས་ལ་དགོངས་ཤིང་། ལ་ལ་ནི་འཕགས་ཡུལ་གྱི་དབང་དུ་མཛད་པར་མངོན་ནོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི་འཕགས་ཡུལ་གྱི་འཛམ་གླིང་རྒྱན་དྲུག་ལྟ་བུ་སོགས་དང་། བོད་དུ་ནི་ས་པཎ་དང་བུ་སྟོན་དང་རྗེ་ཡབ་སྲས་ལྟ་བུའོ། །དེའི་ཚེ་སེམས་ཅན་གང་དག་འདི་ལྟ་བུའི་མདོ་སྡེ་ཤེར་ཕྱིན་སྟོན་པའི་གཞུང་རྣམས་ལ་ཐོས་བསམ་གྱི་དད་པ་མང་པོ་ལྟ་ཅི་སེམས་དང་བ་གཅིག་ཙམ་ཞིག་རྙེད་ཅིང་བསྐྱེད་པར་འགྱུར་བའི་སེམས་ཅན་དེ་རྣམས་ནི། ད་ལྟ་ནས་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་ཏེ་སེམས་ཅན་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་སྡུད་པར་འགྱུར་རོ། །མཁྱེན་པ་ནི་བསམ་པ་དང་གཟིགས་པ་ནི་གཟུགས་ལ་སོགས་པའོ། །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་པར་འཛིན་པའི་འདུ་ཤེས་མངོན་འགྱུར་བ་འཇུག་པར་མི་འགྱུར་བའི་ཕྱིར་རོ། །བདག་དང་གང་ཟག་སོགས་ཀྱི་སྒྲ་དོན་ནི་གོང་དུ་བཤད་པ་ལྟར་ཏེ། ཀཱ་ཤཱིས་ནི་ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་ནི་བདག་ཏུ་འདུ་ཤེས་པའོ། །བདག་གིར་ཡོད་པར་འཛིན་པ་ན ི་སེམས་ཅན་དུ་འདུ་ཤེས་པའོ། །བདག་དེ་ཉིད་ཀྱི་ཚེ་ཇི་སྲིད་གནས་ཀྱི་བར་ཡོངས་སུ་འཛིན་པ་ན ི་སྲོག་ཏུ་འདུ་ཤེས་པའོ། །ཡང་དང་ཡང་དུ་འགྲོ་བ་དག་ཏུ་འགྲོ་བར་འཛིན་པ་ནི་གང་ཟག་ཏུ་འཛིན་པའོ་ཞེས་བཤད་དོ། །བདག་གིར་འཛིན་པའི་དོན་སྔ་མ་དང་ཅུང་མི་འདྲའོ། །དེ་ལྟ་བུའི་འདུ་ཤེས་རགས་པ་མི་འཇུག་པ་ནི་བདག་མེད་རྟོགས་པའི་སྐབས་ལ་དགོངས་སོ། །དེ་རྣམས་བདག་ཏུ་སོགས་བདེན་ཞེན་གྱིས་མི་འཇུག་པར་མ་ཟད། གཟུགས་སོགས་ལ་ཐ་སྙད་དུ་ཆོས་སུ་བདེན་པར་འདུ་ཤེས་པ་དང་། ཆོས་སུ་མེད་པར་ཡང་བདེན་ཞེན་གྱི་འདུ་ཤེས་མི་འཇུག་སྟེ། དེ་དག་ནི་དེ་ལྟ་བུའི་འདུ་ཤེས་ཡོད་པ་དང་འདུ་ཤེས་མེད་པར་ཡང་འཇུག་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ནི་གཟུགས་ལ་སོགས་པ་ཀུན་རྫོབ་པའི་ཆོས་དང་། ཀུན་རྫོབ་པའི་ཆོས་རྣམས་བདེན་པར་མེད་པ་ལའང་བདེན་ཞེན་གྱི་འདུ་ཤེས་མི་འཇུག་པའི་དོན་དུ་བཤད་ཀྱང་རུང་སྟེ། འདུ་ཤེས་དེ་ལྟར་འཇུག་ན་སྐྱོན་དུ་འགྱུར་བ་ནི། ཆོས་སུ་འདུ་ཤེས་འཇུག་ན་ཡང་སོགས་དང་། ཆོས་བདག་མེད་པར་འདུ་ཤེས་འཇུག་ན་ཡང་ཞེས་སོགས་དང་འབྲེལ་ལོ། །ཡང་ཆོས་ཀྱང་ལོག་པར་གཟུང་བར་མི་བྱ་སྟེ། ཆོས་མ་ཡིན་པ་ཡང་མི་བཟུང་བའི་ཕྱིར་རོ་ཞེས་པའི་ཆོས་ནི་ལུང་གི་དམ་པའི་ཆོས་བདེན་ཞེན་གྱིས་ལོག་པར་མི་བཟུང་བ་དང་། ཆོས་མ་ཡིན་པ་ནི་དམ་པའི་ཆོས་མ་ཡིན་པ་མུ་སྟེགས་ཀྱི་གཞུང་སོགས་མི་བཟུང་བར་བཤད་པ་ལྟར་ན་དཔྱད་དགོས་པར་སྣང་ངོ་། །རྒྱུ་མཚན་དེ་བས་ན་དེ་བཞིན་གཤེགས་པས་ཚུལ་དེ་ལ་དགོངས་ནས་ལུང་གི་ཆོས་ཀྱི་རྣམ་གྲངས་འདི་གྲུ་གཟིངས་ལྟ་བུ་སྟེ་གྲུ་གཟིངས་ནི་ཆུའི་ཕ་རོལ་ཏུ་ཕྱིན་པ་ན་མི་དགོས་པར་ཤེས་པ་ལྟ་བུ་མཐར་ཕྱིན་པའི་འཕགས་པ་རྣམས་ཀྱིས་ནི། འབྲས་བུ་ཐོབ་བྱེད་ཀྱི་ཐབས་ལུང་གི་ཚོགས་ལྟ་བུའི་ཆོས་རྣམས་ཀྱང་འབྲས་བུ་ཐོབ་པའི་ཚེ་འདོར་ཞིང་སྤང་བར་བྱ་ན། དམ་པའི་ཆོས་མ་ཡིན་པ་རྣམས་འདོར་བ་གཞིར་བཅས་ཏེ་ལྟ་ཅི་སྨོས་སོ་ཞེས་གསུངས་སོ། །དེ་ནི་འབྲས་བུ་ཐོབ་པའི་ཚེ་དགོས་པ་གྲུབ་ཟིན་པས་ལུང་དེ་ལྟ་བུ་རང་དོན་དུ་དགོས་པ་མེད་པ་དང་། དེ་ལ་རག་མ་ལས་པའི་དོན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་བཞིན་གཤེགས་པས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཆོས་དང་གསུངས་པའི་ཆོས་དེ་གང་ཡང་ཡོད་ཅིང་བསྟན་ནམ་སྙམ་དུ་སེམས་སམ་ཞེས་གསུངས་པ་ན། རབ་འབྱོར་གྱིས་ལན་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་སྟེ་གོ་ཞིང་ཤེས་པ་ལྟར་ན། དོན་དམ་པར་སངས་རྒྱས་པ་དང་བསྟན་པའི་ཆོས་གང་ཡང་མ་མཆིས་སོ། །རྒྱུ་མཚན་ནི་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཐ་སྙད་དུ་རང་གིས་མངོན་དུ་བྱས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པའམ། ཐ་སྙད་དུ་ཆོས་བསྟན་པའོ་ཞེས་བཤད་ཀྱང་དོན་དམ་པར་སངས་རྒྱས་པ་དང་དེས་བསྟན་པའི་ཆོས་དེ་གང་ཡང་མེད་ཅིང་དེ་དག་གི་བདེན་སྟོང་ཆོས་ཉིད་དེ་འཕགས་པ འི་མཉམ་བཞག་གི་གཟིགས་ངོ་ན་ཡོད་པ་ལྟར་ཐ་སྙད་པའི་བློ་དོན་མཐུན་གྱིས་གཟུང་དུ་མ་མཆིས། ཚིག་གིས་སྤྲོས་མེད་ཀྱི་ཚུལ་དུ་བརྗོད་དུ་མ་མཆིས་ཏེ། དེ་དག་ནི་དོན་དམ་པར་ཆོས་ཀྱང་མ་ལགས། ཐ་སྙད་དུ་ཆོས་མ་མཆིས་པ་སྟེ་མེད་པ་ཡང་མ་ལགས་པའི་སླད་དུ་སྟེ་དེའི་ཕྱིར་རོ། །རྒྱུ་མཚན་དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་འདུས་མ་བྱས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་མྱོང་བས་རབ་ཏུ་ཕྱེ་བ་སྟེ་བཞག་པའི་སླད་དུའོ་ཞེས་ཞུས་སོ། །འདི་དག་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོར་སྤྲོས་པ་དང་བྲལ་བ་ལ་དགོངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐ་སྙད་དུ་སངས་རྒྱས་པར་འདོད་དགོས་མོད། དོན་དམ་པར་སངས་མ་རྒྱས་པ་ནི། གོང་དུ་བརྗོད་པ་ལྟར་དེ་བཞིན་གཤེགས་པ་ཡང་རང་གི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་མ་གཏོགས། རང་གི་ཟག་མེད་ཀྱི་ཕུང་པོ་རེ་རེ་བ་དང་ཚོགས་པ་དང་དེ་ལས་ངོ་བོ་ཐ་དད་པ་གང་ཡང་དེ་བཞིན་གཤེགས་པ་མིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་གཉིས་པ་ལས། དེ་བཞིན་གཤེགས་པ་ཕུང་པོ་མིན། །ཕུང་པོ་ལས་གཞན་མ་ཡིན་ཏེ། །དེ་ལ་ཕུང་པོ་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡོད། །ཅེས་དང་། ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །ཅེས་གསུངས་ཏེ། འདིར་གཞུང་གི་རྐང་པ་དང་པོ་གཉིས་སུ་བྱས་པ་ནི་གོ་བདེ་བའི་ཆེད་དོ། །དེ་ལྟར་ན་དེ་འཚང་རྒྱ་བ་དང་རྒྱས་པ་ཐ་སྙད་དུ་ཡོད་ཀྱང་རང་བཞིན་གྱིས་མེད་དེ་མཚོན་ཙམ་མོ། །དེས་ཆོས་བསྟན་པ་ཡང་རང་བཞིན་གྱི་མེད་ཚུལ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པས་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་པའི་དོན་རྩ་ཤེས་རབ་བྱེད་ཉེར་ལྔ་པ་ལས། སྤྲོས་པ་ཉེར་ཞི་ཞི་བ་དང་། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་པའི་འགྲེལ་པར་རྗེས། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་ངོ་བོ་ལ་མཚན་མར་མི་གནས་པའི་ཚུལ་གྱིས་གནས་པ་དེའི་ཚེ། མཚན་མར་འཛིན་པའི་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་མི་དམིགས་པའི་ཕྱིར་དེའི་དབང་དུ་བྱས་ན་སངས་རྒྱས་རྣམས་ཀྱིས་ནི་ལྷ་ཡུལ་ལམ་མི་ཡུལ་གང་དུ་ཡང་ཀུན་ནས་ཉོན་མོངས་སམ་རྣམ་པར་བྱང་བའི་ཆོས་འགའ་ཡང་མ་བསྟན་ཏོ། །ཞེས་དང་། སངས་རྒྱས་ཀྱིས་སུ་ལའང་ཆོས་མ་བསྟན་ན་གསུང་རབ་ཀྱི་ཐ་སྙད་སྣ་ཚོགས་པ་འདི་དག་མངོན་པ་ཇི་ལྟར་འགྱུར་ཞེ་ན། སྟོན་པས་ཁོ་བོ་ཅག་ལ་ཆོས་བསྟན་ཏོ་ཞེས་པ་འདི་ནི་གདུལ་བྱ་མ་རིག་པའི་གཉིད་དང་ལྡན་པའི་རྨི་ལམ་རྨི་བཞིན་པ་རྣམས་ཀྱི་རང་གི་རྣམ་རྟོག་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་ཤིང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་ཀྱང་འབྱུང་སྟེ་རྟོགས་དཀའ་བའི་གནས་སོ། །འདིར་བཤད་པ་ལྟར་འོག་ནས་ཀྱང་སངས་རྒྱས་ཀྱིས་ཆོས་མ་བསྟན་ཞེས་གསུངས་པའི་དོན་ཡང་ཤེས་པར་བྱའོ། །མདོར་ན་ཆོས་ཀྱང་མ་ལགས་ཞེས་པས་རྟག་པའི་མཐའ་དང་། ཆོས་མ་མཆིས་པ་མ་ལགས་ཞེས་པས་ཆད་པའི་མཐའ་བཀག་པ་སྟེ། སྒྲོ་སྐུར་གྱི་མཐའ་གཉིས་སྤངས་ནས་འཕགས་པའི་གང་ཟག་རྣམས་ཞེས་སོགས་ཀྱིས་ཐ་སྙད་དུ་འཕགས་པའི་གང་ཟག་ཆེན་པོ་དག་གིས་འདུས་བྱས་ཀྱི་ཆོས་ཉིད་མངོན་དུ་རྟོགས་ཤིང་མྱང་འདས་མངོན་དུ་བྱས་པར་འཇོག་ཅེས་གསུངས་པའོ། །དེ་ལྟར་སངས་རྒྱས་པ་དང་ཆོས་བསྟན་པ་སོགས་ཆོས་ཐམས་ཅད་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པས་སྦྱིན་པ་བྱིན་པ་ལས་བསོད་ནམས་ཆེན་པོ་འབྱུང་མོད། དེ་ལས་ཀྱང་ཆོས་འདི་ལ་ཐོས་བསམ་སྒོམ་པའི་ཉམས་ལེན་བྱས་པའི་བསོད་ནམས་ལྷག་པར་ཆེའོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཁྱོད་འདི་སྙམ་དུ་སེམས། རིགས་ཀྱི་བུ་དང་བུ་མོ་གང་ལ་ལ་ཞིག་གིས། ཇི་སྐད་དུ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་འབྱུང་བ་ལྟར། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་དང་དངུལ་དང་ཤེལ་དང་བཻཌཱུརྱ་དང་རྡོའི་སྙིང་པོ་དང་སྤུག་དང་མུ་ཏིག་དམར་པོ་སྟེ་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། གཞན་ལ་སྦྱིན་པ་བྱིན་ན་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དམ་དྲིས་པས། ལན་དུ་རབ་འབྱོར་གྱིས་བསོད་ནམས་ཀྱི་ཕུང་པོ་མང་བར་ཞུས་ཤིང་བསོད་ནམས་ཀྱི་ཕུང་པོ་དེ་ཡང་རྨི་ལམ་དང་སྒྱུ་མ་ལྟ་བུར་ཐ་སྙད་ཙམ་དུ་ཡོད་པར་འཇོག་ལགས་ཀྱི། བསོད་ནམས་ཀྱི་ཕུང་པོ་དེ་ཉིད་དོན་དམ་པར་ཕུང་པོར་གྲུབ་པ་མ་མཆིས་ཤིང་། ཐ་སྙད་དུ་དེ་བཞིན་གཤེགས་པས་དེ་ལ་བསོད་ནམས་ཀྱི་ཕུང་པོ། །བསོད་ནམས་ཀྱི་ཕུང་པོ་ཞེས་ཐ་སྙད་མཛད་ཅིང་གསུངས་སོ་ཞེས་གསོལ། །འདིས་ནི་ལས་དཀར་ནག་སྔར་བྱས་པ་དང་ཕྱིས་བྱེད་པར་འགྱུར་བའི་འདས་པ་འགག་ཤིང་མ་འོངས་པ་ད་ལྟ་མ་བྱུང་བས་མེད་ཀྱང་། སྤྱིར་ཡོད་པར་འདོད་དགོས་ཤིང་དེ་ཉིད་བྱེད་པ་པོའི་སེམས་རྒྱུད་དང་འབྲེལ་བ་ལས་འབྲས་བུ་འབྱུང་བར་འདོད་དགོས་ཚུལ་ལ་སོགས་བསྟན་ཏེ་ཅུང་དཀའ་བའི་གནས་ཡིན་ནོ། །ཚིགས་སུ་བཅད་པ་ཞེས་འབྱུང་བ་ནི་འདི་བོད་སྐད་དུ་ཚིགས་བཅད་མ་ཡིན་ཀྱང་ལེགས་སྦྱར་གྱི་སྐད་ལ་ཚིགས་བཅད་དུ་བསྒྲིག་རྒྱུ་ཡོད་པ་ལ་དགོངས་པའོ། །བཟུང་བ་ནི་ཚིག་བློ་ལ་བཟུང་བ་དང་། གླེགས་བམ་ལག་ཏུ་ཡོད་པ་ལའང་བྱར་རུང་ཞིང་ཁ་ཏོན་བྱེད་པ་དང་། ཡང་དག་པར་འཆད་པ་ནི་ཚིག་བརྗོད་ཅིང་ལེགས་པར་འཆད་པ་དང་། སྟོན་པ་ནི་དོན་ལེགས་པར་སྟོན་པ་ལ་བཤད་ཅིང་དེ་ནི་གཙོ་ཆེ་བའི་དབང་དུ་མཛད་པའོ། །དེ་ལྟར་བཟུང་བ་སོགས་བྱས་ན་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆོས་གྲངས་མེད་ཅིང་དཔག་ཏུ་མེད་པ་ཞིག་བསྐྱེད་དོ། །རྒྱུ་མཚན་ནི། ཟང་ཟིང་གི་སྦྱིན་པ་བྱིན་པ་ལས་ཆོས་ཀྱི་སྦྱིན་པ་བྱིན་པ་ཕན་ཡོན་ལྷག་པར་ཆེ་ཞིང་། དེར་མ་ཟད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ནི་གཞུང་འདིའི་བརྗོད་བྱའི་དོན་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་འདི་ལས་ཐོབ་ཅིང་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་འདི་ཉམས་སུ་བླངས་པ་ལས་སྐྱེས་པའི་ཕྱིར་རོ། །ཐ་སྙད་དུ་དེ་ལྟར་ཡིན་ཀྱང་དོན་དམ་པར་ཐོབ་པར་བྱར་མེད་དེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་དེ་དག་ཐ་སྙད་དུ་བཏགས་པ་ཙམ་མ་གཏོགས། དོན་དམ་པར་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པ་དེའི་ཕྱིར་ཏེ། འོན་ཀྱང་ཀུན་རྫོབ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་དེ་དང་དེར་ཐ་སྙད་གདགས་སོ་ཞེས་པའོ། །ཉན་ཐོས་འཕགས་པ་རྣམས་ཀྱིས་ཀྱང་འབྲས་བུ་གང་ཐོབ་པ་དེ་ཡང་བདག་མེད་རྟོགས་ནས་ཐོབ་པ་ཡིན་གྱི། དེ་མ་རྟོགས་པར་ཐོབ་པར་མི་ནུས་སོ་ཞེས་སྟོན་པ་ནི་རབ་འབྱོར་རྒྱུན་ཏུ་ཞུགས་པས་འདི་སྙམ་དུ་བདག་གི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་བདེན་པར་ཞེན་ཅིང་སེམས་སྙམ་མམ་ཞེས་གསུངས་པ་ན། རབ་འབྱོར་གྱིས་དེ་ནི་མ་ལགས་སོ། །རྒྱུ་མཚན་ལ་རྒྱུན་ཏུ་ཞུགས་པ་དེ་ནི་དོན་དམ་པར་འཇུག་བྱ་གང་ལ་ཡང་ཞུགས་པ་མ་མཆིས་ཀྱང་། ཐ་སྙད་དུ་ཐར་པའི་ལམ་རྒྱུན་ལ་ཞུགས་པས་ན་རྒྱུན་ཏུ་ཞུགས་པ་ཞེས་བགྱིའོ། །དོན་དམ་པར་གང་ལ་ཡང་མ་ཞུགས་ཤིང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ལ་ཡང་དོན་དམ་པར་བཟུང་ནས་ཞུགས་པ་མ་ལགས་སོ། །རྗེས་འཇུག་པའི་ཊཱིཀ་ཆེན་དུ་སྐབས་འདི་དྲངས་ཏེ། རྒྱུན་ཞུགས་ཀྱིས་ཐོབ་མཁན་དང་ཐོབ་བྱའི་འབྲས་བུ་བདེན་བར་བཟུང་ནས། བདག་གིས་རྒྱུན་ཞུགས་ཐོབ་བོ་སྙམ་དུ་སེམས་ན། དེ་ཉིད་དེ་ཡི་བདག་ཏུ་འཛིན་པར་འགྱུར་རོ་ཞེས་པས་གང་ཟག་དང་འབྲས་བུ་བདེན་འཛིན་བདག་འཛིན་དུ་གསུངས་པའི་དང་པོ་ནི། གང་ཟག་གི་བདག་འཛིན་དང་། གཉིས་པ་ནི་ཆོས་ཀྱི་བདག་འཛིན་ནོ། །རྒྱུན་ཞུགས་ཀྱིས་བདེན་པར་བཟུང་ནས་བདག་གིས་འབྲས་བུ་ཐོབ་བོ་སྙམ་དུ་མི་འཛིན་པ་ནི། བདེན་འཛིན་གྱི་ཡུལ་སུན་ཕྱུང་བའི་དབང་དུ་མཛད་པ་ཡིན་གྱི། ལྷན་སྐྱེས་ཀྱི་འཛིན་པ་ཡང་མེད་པར་བསྟན་པ་ཡིན་ནོ། །དེས་ནི་ཕྱི་མ་རྣམས་ཀྱང་ཤེས་པར་བྱའོ་ཞེས་གསུངས་པ་ལྟར་རོ། །དོན་ནི་རྒྱུན་ཞུགས་སོགས་བཞིའི་བྲལ་བའི་འབྲས་བུ་འགོག་བདེན་ཐོབ་པ་ལ་སྟོང་ཉིད་ངེས་པར་རྟོགས་དགོས་པར་བསྟན་ཅིང་། དེ་ལ་བདེན་མེད་རྟོགས་ནས་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་དགོས་པར་བཤད་པའོ། །དེས་ན་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་མྱོང་མ་མྱོང་ནི་བདེན་མེད་རྟོགས་མྱོང་མ་མྱོང་བའི་སྒོ་ནས་འཇོག་སྟེ། ཇི་སྲིད་གཞི་གང་ལ་བདེན་པར་གྲུབ་བམ་མ་གྲུབ་སྙམ་དུ་དཔྱོད་པ་ཞུགས་པ་ན་བདེན་ཞེན་ལས་འདའ་མི་ནུས་པའི་བར་དེ་སྲིད་དུ་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་མི་ནུས་པས་བདེན་འཛིན་གྱིས་བཅིངས་པར་འཇོག་གོ །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོངས་པ་དང་དགྲ་བཅོམ་པ་གསུམ་ལ་སྦྱར་ནས་གསུངས་པ་ལྟར་ཏེ་དོན་ནི་སྔར་ལྟར་རོ། །རྒྱུན་ཞུགས་སོགས་བཞི་ལ་ཞུགས་པ་དང་འབྲས་གནས་ཟུང་རེ་ཡོད་པས་སོ་སོར་ཕྱེ་ན་གང་ཟག་ཡ་བརྒྱད་དང་། ཟུང་རེ་བསྡོམས་ན་སྐྱེས་བུ་ཟུང་བཞིར་འགྱུར་རོ། །འདིའི་བཞི་ལ་བཤད་པ་མང་དུ་ཡོད་ཀྱང་མཚོན་ཙམ་ནི་རྒྱུན་ཞུགས་དགེ་སྦྱོང་ཚུལ་གྱི་འབྲས་བུ་འགོག་བདེན་ནི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་སྒོ་ནས་བཞག་པས། དེ་ལྟ་བུའི་འབྲས་བུ་དེ་ཐོབ་ནས་དེ་ལ་གནས་པ་ལ་ནི་རྒྱུན་ཞུགས་འབྲས་གནས་དང་། དེ་ཐོབ་ཕྱིར་དུ་འབད་ཅིང་ཞུགས་པ་ལ་དེའི་ཞུགས་པ་ཞེས་བྱ་ཞིང་། ཀུན་སྦྱོར་གསུམ་ནི། འཇིག་ལྟ་དང་ཚུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་ཉོན་མོངས་ཅན་ནོ། །འཇིག་ལྟ་ལ་ལྷན་སྐྱེས་ཡོད་ཀྱང་འདིར་ཀུན་བཏགས་སོ། །ཕྱིར་འོང་གི་འབྲས་བུ་ནི་འདོད་ཉོན་དྲུག་པ་སྤངས་པའི་ཆ་ནས་འཇོག་ཅིང་། །དེ་ལ་གནས་པ་ནི་དེའི་འབྲས་གནས་དང་། དེ་ཐོབ་ཕྱིར་དུ་བརྩོན་པས་འཇུག་པ་ནི་དེའི་ཞུགས་པའོ། །ཕྱི་མི་འོངས་ཀྱི་འབྲས་བུ་ནི་འདོད་ཉོན་དགུ་པ་སྤངས་པའི་ཆ་ནས་འཇོག་ཅིང་། དེ་ལ་གནས་པ་དང་དེའི་ཆེད་དུ་ཞུགས་པ་ནི་འབྲས་གནས་དང་ཞུགས་པའོ། །དགྲ་བཅོམ་པའི་འབྲས་བུ་ནི་སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པའི་ཆ་ནས་འཇོག་ཅིང་། འབྲས་བུ་དེ་ལ་གནས་པ་དང་དེ་ཐོབ་ཕྱིར་ཞུགས་པ་ནི་དགྲ་བཅོམ་འབྲས་གནས་དང་ཞུགས་པ་སྟེ་ཞིབ་ན་མང་དུ་བཤད་དགོས་པར་སྣང་ངོ་། །ལན་ཅིག་ཕྱིར་འོང་བའི་དོན་ནི་འདོད་ཁམས་སུ་ད་དུང་སྐྱེ་བ་ལན་གཅིག་ལེན་དགོས་པ་དང་། ཕྱི་མི་འོངས་པ་ནི་དེ་ལེན་མི་དགོས་པའོ། །གཞན་ཡང་ཕྱི་འོང་གི་འབྲས་བུ་ནི། ཀུན་སྦྱོར་གསུམ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་སྒོ་ནས་འཇོག་པ་དང་། ཕྱི་མི་འོངས་ཀྱི་འབྲས་བུ་ནི་ཁམས་གོང་མ་གཉིས་ཀྱི་འདོད་ཆགས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པའི་ཕྱོགས་གཅིག་སྤངས་པའི་སྒོ་ནས་འཇོག་ཚུལ་ཡོད་ཅིང་། འདི་དག་རྣམས་ཉན་ཐོས་ཁོ་ན་སྟེ། འདིར་ཐལ་འགྱུར་བའི་ལུགས་སུ་ཐམས་ཅད་འཕགས་པ་ཡིན་ལ། ཀུན་བཏུས་ཀྱི་ལུགས་ལ་རྒྱུན་ཞུགས་ཞུགས་པ་ལ་སོ་སྐྱེ་ཡོད་ཀྱང་གཞན་ཐམས་ཅད་འཕགས་པའོ། །མདོར་ན་རྒྱུན་ཞུགས་སོགས་བཞི་པོ་དེས་ཐོབ་མཁན་དང་ཐོབ་བྱའི་འབྲས་བུ་ལ་བདེན་ཞེན་མི་བྱེད་ཅིང་། བདེན་འཛིན་ལྷན་སྐྱེས་ཡོད་སྲིད་ཀྱང་དེའི་ཞེན་ཡུལ་སུན་མ་ཕྱུང་བ་ནི་མེད་དེ། དེ་ཐམས་ཅད་ཀྱང་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བའི་ཕྱིར་རོ། །དེ་ནས་རབ་འབྱོར་གྱིས་བདག་ཐ་སྙད་དུ་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ལགས་ཀྱང་། བདག་གིས་བདག་ནི་དགྲ་བཅོམ་པའོ་སྙམ་དུ་བདེན་པར་མི་འཛིན་ལགས་སོ་ཞེས་དང་། གལ་ཏེ་དེ་ལྟར་འཛིན་ན་ནི་བདག་ཀྱང་ཉོན་མོངས་ཅན་དུ་འགྱུར་བས་དགྲ་བཅོམ་པ་མ་ཡིན་པར་འགྱུར་རོ། །བདག་ནི་དགྲ་བཅོམ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཐ་སྙད་དུ་རིགས་ཀྱི་བུ་རབ་འབྱོར་ནི་ཉོན་མོངས་པ་མེད་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ལ། དོན་དམ་པར་ཅི་ལ་ཡང་མི་གནས་པས་ན་ཉོན་མོངས་པ་མེད་པར་གནས་པར་ཞེས་ལུང་མི་སྟོན་ཏེ། དོན་དམ་པར་གནས་བྱ་དང་གནས་བྱེད་དང་གནས་པ་པོ་གང་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བཤད་དེ། ཐལ་འགྱུར་བས་བདེན་འཛིན་ཉོན་མོངས་སུ་བཞེད་པ་དང་མཐུན་ནོ། །དོན་དམ་པར་ཐོབ་བྱ་དང་ཐོབ་བྱེད་དང་ཐོབ་མཁན་རྣམས་མེད་པར་མ་ཟད། དོན་དམ་པར་བླང་བར་བྱ་བའི་ཆོས་ཀྱང་མེད་ཅེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འ བྱོར་ལ་དེ་བཞིན་གཤེགས་པ་ངས་སྔོན་སངས་རྒྱས་མར་མེ་མཛད་ལས་དོན་དམ་པར་གང་བླངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་དེ་མ་མཆིས་སོ་ཞེས་ལན་ཕུལ། འདིར་སྒོས་སུ་སངས་རྒྱས་མར་མེ་མཛད་ཀྱི་མཚན་ནས་སྨོས་པ་ནི། སྟོན་པས་སྔོན་གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་ཚེ། སངས་རྒྱས་མར་མེ་མཛད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ཅིང་། ས་བརྒྱད་པ་མངོན་དུ་མཛད་པ་ན་མར་མེ་མཛད་ཀྱིས་ཁྱོད་ལ་མ་འོངས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་བཀའ་དྲིན་དྲན་པའི་ཆེད་དེ་འོག་ཏུ་བཤད་པར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་ནི། ཉོན་མོངས་སྤངས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་མཐའ་དག་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ལ་གོམས་པ་དབང་བསྒྱུར་ཐོབ་པའི་ཕྱིར་མཉམ་བཞག་གི་གནས་སྐབས་སུ་མ་ཟད། རྗེས་ཐོབ་ཀྱི་སྐབས་སུ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུ་འབའ་ཞིག་ཏུ་སྣང་བར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་གཟིགས་ཤིང་གང་ལུང་བསྟན་པ་དང་ཐོབ་པར་བྱ་བ་དང་འཚང་རྒྱ་བར་འགྱུར་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་གཟིགས་པས། མར་མེ་མཛད་ལས་བདེན་གྲུབ་ཀྱི་ཆོས་གང་ཡང་བླངས་སྙམ་དུ་ཞེན་པ་མེད་དོ། །དེ་ཡང་ལུང་སྟོན་པའི་དུས་སུ་གང་དུ་ལུང་བསྟན་པའི་སངས་རྒྱས་དེ་མེད་ཅིང་། ལུང་བསྟན་པའི་དུས་ཀྱི་གང་ཟག་དེ་ལུང་བསྟན་ནས་སངས་རྒྱས་པའི་ཚེ་ཡང་མེད་ཀྱང་། ཐ་སྙད་དུ་འཚང་རྒྱ་བར་ལུང་བསྟན་པ་དང་སངས་རྒྱས་པའི་བར་གྱི་གང་ཟག་རྣམས་རྒྱུད་གཅིག་ཡིན་ཞིང་། དུས་སྔ་ཕྱིའི་ང་རྣམས་སོ་སོར་མ་ཕྱེ་བར་སྔ་ཕྱིའི་ང་ཀུན་ལ་རྗེས་སུ་འགྲོ་བའི་ང་སྤྱི་ཞིག་ཡོད་པས་དེ་ལ་དགོངས་ནས་ཁྱོད་མ་འོངས་པ་ན་སངས་རྒྱས་དེར་འགྱུར་རོ་ཞེས་ལུང་བསྟན་པའོ། །དཔེར་ན་སྐྱེ་བ་སྔ་ཕྱི་རྣམས་དང་ཚེ་སྟོད་སྨད་ཀྱི་ང་རྣམས་ད་ལྟའི་དུས་ཀྱི་ང་འདི་མིན་ཡང་དེ་དག་གིས་བྱས་པ་ལ་ངས་བྱས་སོ་ཞེས་དང་། དེ་དག་གིས་བྱེད་པ་ཡང་ངས་བྱེད་པར་འགྱུར་རོ་ཞེས་ཐ་སྙད་འདོགས་ནུས་པ་བཞིན་ནོ། །དེ་བཞིན་དུ་ངས་ཁང་པ་དང་ཞྭ་གོས་ལྷམ་སོགས་འདི་དང་འདི་བྱའོ་ཞེས་བརྗོད་པའི་དུས་སུ་ཁང་པ་སོགས་མེད་ཀྱང་མ་འོངས་པ་ན་འབྱུང་འགྱུར་ལ་བསམས་ཏེ་བརྗོད་པ་ལྟ་བུ་སྟེ། ཐ་སྙད་ཙམ་དུ་འབྱུང་ཡང་རང་བཞིན་གྱིས་སྐྱེ་བ་མེད་དོ། །རང་བཞིན་གྱིས་སྐྱེ་ན་ནི་ཁང་པ་སོགས་བྱའོ་སྙམ་པའི་དུས་ནའང་ཁང་པ་སོགས་ཡོད་ཅེས་འདོད་དགོས་ཀྱང་དེ་མེད་དོ། །དེ་ལྟ་བུ་ལ་དགོངས་ནས། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། སྔར་བཤད་པའི་བདེན་མེད་སྒྲུབ་པའི་རིགས་པ་རྣམས་ཀྱང་འདིར་ཡང་སྦྱར་རོ། །རྒྱུ་ལས་འབྲས་བུ་རྣམས་སྐྱེ་ཡང་རང་བཞིན་གྱིས་མི་སྐྱེ་བའི་ཚུལ་དེ་བཞིན་ལེགས་པར་ཤེས་ན་དབུ་མའི་ལུགས་ཀྱི་རང་བཞིན་གྱི་སྟོང་པ་ལ་བྱ་བྱེད་འཐད་ཚུལ་ཤེས་ཤིང་། སྣང་སྟོང་ཟུང་འཇུག་གི་དབུ་མའི་ལམ་ཡང་རྙེད་པར་འགྱུར་རོ། །དེ་ལྟར་འཚང་རྒྱ་བ་ལ་གང་དུ་འཚང་རྒྱ་བའི་ཞིང་དག་པ་སྒྲུབ་དགོས་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བདག་གིས་ཞིང་བཀོད་པ་རྣམས་བདེན་ཞེན་གྱིས་དོན་དམ་པར་བསྒྲུབ་པར་བྱའོ་སྙམ་ཞིང་ཟེར་ན། ཚིག་དེ་ནི་མི་བདེན་པར་སྨྲ་བའོ། །དེའི་རྒྱུ་མཚན་ནི། འཚང་རྒྱ་བའི་གནས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམས་ནི་རྒྱུ་རྐྱེན་དུ་མ་ཚོགས་ནས་བྱུང་བ་སྒྱུ་མ་ལྟ་བུའི་བཀོད་པ་ཡིན་གྱི། དོན་དམ་པར་བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། འོན་ཀྱང་མ་བརྟག་མ་དཔྱད་པའི་བློ་ངོ་ན་ཡོད་པས་ཐ་སྙད་དུ་ཞིང་གི་བཀོད་པ་རྣམས་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་དུ་མ་ཟད། སྣོད་བཅུད་ཀྱི་བཀོད་པ་ཐམས་ཅད་ཀྱང་ཆ་ཤས་དུ་མ་ཚོགས་པ་ལ་བཏགས་པ་སྟེ། ཁང་པ་ལ་སོགས་པ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་རིགས་པས་རྡུལ་ཕྲ་རབ་ཀྱི་བར་བཤིག་ན་ཅི་ཡང་མ་ཡིན་པའི་བར་འགྱུར་ཏེ་མཚོན་ཙམ་མོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཞིང་གི་བཀོད་པ་བསྒྲུབ་པར་བྱ་བ་ན་འདི་ལྟར་བདེན་ཞེན་གྱིས་མི་གནས་པར་སེམས་བསྐྱེད་པར་བྱའོ། །དོན་དམ་པར་ཅི་ལ་ཡང་མི་གནས་ཤིང་གཟུགས་སྒྲ་སོགས་ཀྱི་ཆོས་གང་ལ་བདེན་ཞེན་གྱིས་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཕྱིའི་ཞིང་གི་བཀོད་པ་ལྟ་བུར་མ་ཟད། བཅུད་ཀྱི་གང་ཟག་གི་ལུས་ཀྱི་བཀོད་པ་ཡང་རྐྱེན་ཚོགས་པ་ཙམ་ལས་དོན་དམ་པར་གྲུབ་པ་མེད་དོ་ཞེས་སྟོན་པ་ནི། རབ་འབྱོར་དཔེར་ན་སྐྱེས་བུ་ཞིག་ལུས་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ན་ལུས་དེ་ཆེ་བ་ཡིན་སྙམ་མམ་ཞེས་དྲིས་པ་ན། ལན་དུ་ལུས་དེ་ཆེ་བར་ཞུས་ཤིང་། ལུས་དེ་ཉིད་ཆ་དུ་མ་ཚོགས་པའི་ཕུང་པོ་ཐ་སྙད་ཙམ་དུ་ཡོད་ཀྱི། ཆ་ལ་མ་ལྟོས་པའི་དངོས་པོ་སྟེ་ངོ་བོར་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ལུས་དེ་ལ་ཆེའོ་ཞེས་བྱའོ། །དེས་ན་དོན་དམ་པར་ལུས་སུ་གྲུབ་པ་མ་མཆིས་པའི་ཀུན་རྫོབ་པའི་ལུས་དེ་ལ་ལུས་ཞེས་བྱའོ། །ལུས་ཆེ་བས་མཚོན་ནས་གཟུགས་ཆེ་ཆུང་ཐམས་ཅད་ཀྱང་དེ་དང་འདྲ་བར་སྦྱར་རོ། །དེ་ལྟར་གསུངས་པ་ནི་སྣོད་བཅུད་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་སྒོམ་པའི་ཚུལ་བཤད་པའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་སྟོན་པ་ལ་དཔེ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་ཁོ་ནར་གྱུར་ན། དེ་དག་གི་བྱེ་མ་དེ་དག་གྲངས་མང་ངམ་ཞེས་དྲིས་པ་ན། ལན་ལ་གངྒཱའི་ཀླུང་དེ་དག་ཉིད་ཀྱང་མང་ན་དེ་དག་གི་བྱེ་མ་རྣམས་མང་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བརྗོད་མི་དགོས་སོ་ཞེས་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཁྱོད་མོས་པ་སྟེ་འདོད་པ་བསྐྱེད་པ་དང་ཁྱོད་ཀྱིས་དོན་དེ་ཁོང་དུ་ཆུད་པར་བྱའོ། །གངྒཱའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པའི་གྲངས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སྐྱེས་པའམ་བུད་མེད་གང་གིས་གསེར་དངུལ་སོགས་སྔར་བཤད་པ་ལྟར་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དེ་སྦྱིན་པ་བྱིན་ན་བསོད་ནམས་མང་ངམ་ཞེས་དྲིས་པའི་ལན་དུ་ཆེས་མང་བར་ཞུས་སོ། །གངྒཱའི་ཀླུང་ཞེས་པ་ནི་མ་དྲོས་མཚོ་ནས་འབབ་པའི་ཆུ་བོ་ག །ངྒཱ་ལ་བཞེད་པ་དང་། རྒྱ་མཚོ་ཆེན་པོ་ལ་བཞེད་པའི་ཚུལ་གཉིས་དང་། བྱེ་མ་ཡང་བྱེ་མ་ཡོངས་གྲགས་དང་། ཆུའི་ཐིགས་པའི་རྡུལ་ལ་བྱེད་པའི་ཚུལ་གཉིས་སྣང་ངོ་། །དཔེ་བཤད་པ་དེ་ལས་གཞུང་འདི་འདོན་ཅིང་ཉན་སེམས་བསྒོམས་པའི་ཕན་ཡོན་ལྷག་པར་ཆེའོ་ཞེས་པ་ནི། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་། ཐ་ན་ཞེས་པ་ནི་མ་མཐའོ། །གཞན་ནི་སྔར་ལྟར་རོ། །ཡང་རབ་འབྱོར་ཞེས་སོགས་ཀྱིས་རྣམ་གྲངས་སྟོན་ཏེ། འདོན་པ་སོགས་ལས་ཕན་ཡོན་དེ་ལྟར་འབྱུང་བར་མ་ཟད། གཞུང་འདི་ལེགས་པར་འདོན་པ་དང་འདིའི་དོན་སྟོན་ཅིང་ཉམས་སུ་ལེན་པའི་ས་ཕྱོགས་སམ་གནས་དེ་ནི་གཞན་གྱི་མཆོད་པའི་རྟེན་དུ་འགྱུར་བ་ཡིན་པས། དེ་ལྟ་ན་གཞུང་འདིའི་ཚིག་བློ་ལ་ལེན་ཅིང་འཛིན་པ་དང་། གླེགས་བམ་འཆང་བ་དང་། དེ་ཀློག་པ་དང་། དེའི་དོན་ཀུན་ཆུབ་པ་སྟེ་ཤེས་པ་དང་། དོན་ཚུལ་བཞིན་དུ་ཉམས་ལེན་གྱིས་ཡིད་ལ་བྱེད་པའི་གང་ཟག་དེ་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་པ་ལྟ་ཅི་སྨོས་ཏེ། ས་ཕྱོགས་དེ་ན་སྟོན་པ་སངས་རྒྱས་སམ་བླ་མ་སྐྱེས་བུ་དམ་པ་གང་ཡང་རུང་བ་གནས་སོ། །དེ་ནས་རབ་འབྱོར་གྱིས་གཞུང་འདིའི་མིང་ཅི་ལྟར་ལགས་ཞེས་ཞུས་པ་ན། ལན་དུ་བཅོམ་ལྡན་འདས་ཀྱིས་འདིའི་མིང་ལ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་འདིའི་མིང་དེ་ལྟར་ཟུངས་ཤིག་ཅེས་པ་ནི། བརྗོད་བྱ་དོན་གྱི་ཤེར་ཕྱིན་བརྗོད་བྱར་བྱས་ནས་སྟོན་པས་རྗོད་བྱེད་གཞུང་ལ་བརྗོད་བྱའི་མིང་གིས་བཏགས་པའོ། །འདིས་ཤེས་རབ་ཀྱི་ཕར་ཕྱིན་གྱི་མིང་གིས་མཚོན་ཏེ་ཕར་ཕྱིན་གཞན་ཡང་བསྟན་ཏོ། །དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པ་དེ་ཉིད་དོན་དམ་པར་ཕ་རོལ་ཏུ་ཕྱིན་པར་གྲུབ་པ་མེད་ཅིང་། དེས་ན་ཐ་སྙད་དུ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ཞེས་འདོགས་སོ། །དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པར་བཤད་པ་འདི་འདྲ་ཐམས་ཅད་ཀྱིས་ཀྱང་མཐའ་གཉིས་སྤངས་པའི་བདེན་གཉིས་ཟུང་དུ་འཇུག་པའི་དབུ་མའི་ལམ་སྟོན་ཏེ། དེ་ཡང་རང་བཞིན་གྱིས་སྟོང་པ་དང་ཐ་སྙད་དུ་ཡོད་པ་གཉིས་དུས་གཅིག་ཏུ་གཞི་གཅིག་གི་སྟེང་དུ་འདུ་བར་སྟོན་པའོ། །ཕར་ཕྱིན་ཞེས་པའི་སྒྲ་དོན་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང་ཕྱིན་ཟིན་པའི་དོན་ཏེ། སྔ་མ་ལྟར་ན་སློབ་ལམ་ན་ཡོད་ཅིང་། ཕྱི་མ་ནི་སངས་རྒྱས་ཀྱི་ས་ན་ཡོད་དེ་རྣམས་མཁྱེན་དང་དོན་གཅིག་གོ །ཤེར་ཕྱིན་ཀྱི་སྒྲས་བརྗོད་པ་ཙམ་ལ་ནི། རང་བཞིན་དང་གཞུང་དང་ལམ་དང་འབྲས་བུའི་ཤེར་ཕྱིན་ལྟ་བུ་མང་སྟེ་ཁྱད་པར་ཤེས་དགོས་ཀྱང་མ་བརྗོད་དོ། །མདོར་ན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་ཤེར་ཕྱིན་དུ་གསུངས་པའི་ཤེར་ཕྱིན་འདི་ནི་སྦྱིན་པའི་ཕར་ཕྱིན་སོགས་ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་ཁྲིད་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་ཏེ་འཆད་པར་འགྱུར་རོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཞེས་ཤེར་ཕྱིན་གསུངས་པར་བཤད་པ་ན། འོ་ན་དེ་བཞིན་གཤེགས་པས་དོན་དམ་པར་གསུངས་པའི་ཆོས་གཞན་ཡོད་དམ་སྙམ་པ་ན༑ དེ་མེད་ཅེས་སྟོན་པ་ནི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པའི་ཚེ། ལན་དུ་རབ་འབྱོར་གྱིས་དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་གང་ཡང་དོན་དམ་པར་མ་མཆིས་སོ་ཞེས་ལན་ཕུལ་ཏེ། སྔར་དེ་བཞིན་གཤེགས་པས་ཆོས་བསྟན་པ་མ་མཆིས་པར་གསུངས་པའི་དོན་བཤད་པ་དང་འདྲའོ། །དེ་ནས་ཡང་དེ་རྡུལ་ཕྲ་རབ་དང་རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་དོན་དམ་པར་མ་གྲུབ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་མང་ངམ་ཞེས་དྲིས་པ་ན༑ ལན་དུ་དེ་མང་ངོ་ཞེས་ཞུས་ཤིང་། སའི་རྡུལ་ཕྲ་རབ་གང་ཡིན་པ་དེ་རྣམས་ནི་དོན་དམ་པར་རྡུལ་དུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པ་དེས་ན་སའི་རྡུལ་ཞེས་བགྱིའོ། །དེས་ན་རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ཡང་དོན་དམ་པར་འཇིག་རྟེན་གྱི་ཁམས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ། །དེ་དག་དོན་དམ་པར་གྲུབ་པ་མེད་པའི་རིགས་པ་ཕྱོགས་ཙམ་ནི། རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱང་རྡུལ་ཕྲ་རབ་འདུས་པའི་སྟེང་དུ་བཏགས་པ་ཙམ་ཡིན་གྱི། རྡུལ་ཕྲ་རབ་རེ་རེ་བ་དང་ཚོགས་པ་དང་དེ་ལས་དོན་གཞན་ན་འཇིག་རྟེན་གྱི་ཁམས་ཞེས་པ་ཞིག་ལོགས་སུ་མེད་དེ། དཔེར་ན་བུམ་པའི་མཆུ་ཞབས་ལྟོ་བ་སོགས་ཚོགས་པ་ལ་བུམ་པར་བཏགས་པ་བཞིན་ནོ། །རྡུལ་ཕྲ་རབ་གཅིག་ལ་ཕྱོགས་བཞི་དང་སྟེང་འོག་གི་ཕྱོགས་དྲུག་ཡོད་དམ་མེད། ཡོད་ན་དེ་རང་གི་ཕྱོགས་ཀྱི་ཆ་དྲུག་ལས་ཆེ་བར་འགྱུར་བའི་ཕྱིར་ཕྲ་རབ་ཀྱི་དོན་མེད་ལ། དེའི་ཕྱོགས་དྲུག་མེད་ན་ནི་གོ་ས་མནོན་པའི་ནུས་པ་མེད་པའི་ཕྱིར་ན་རྡུལ་གཟུགས་ཅན་མ་ཡིན་པར་ཐལ་ཞིང་དངོས་མེད་དུའང་འགྱུར་རོ། །དེས་ན་རྡུལ་ཕྲ་རབ་གཅིག་ནི་ཡན་གར་དུ་གནས་མི་ནུས་པས་གཞན་དང་ཚོགས་ཤིང་འདུས་པ་ལ་ལྟོས་དགོས་པས་རྡུལ་ཕྲ་རབ་རང་དབང་གིས་མ་གྲུབ་ཅིང་། དེ་མ་གྲུབ་པས་དེ་བསགས་པའི་རྡུལ་རགས་པའང་རང་དབང་གིས་མ་གྲུབ་ཅེས་བྱའོ། །མདོར་ན་རྡུལ་ཕྲ་རབ་ནི་གཅིག་གི་རང་བཞིན་དུ་བདེན་པར་མེད་ཅིང་། འཇིག་རྟེན་གྱི་ཁམས་ནི་དུ་མ་ཚོགས་པའི་རང་བཞིན་དུ་བདེན་པར་མ་གྲུབ་ཅེས་སྟོང་ཉིད་སྒོམ་པར་བཤད་པའོ། །སློབ་དཔོན་ཀ་མ་ཤཱི་ལས་འདིའི་སྐབས་ཀྱི་འཇིག་རྟེན་གྱི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་ལ་དགོངས་པར་བཤད་དེ། །སེམས་ཅན་གནས་པའི་གཞི་མ་དག་པའི་འཇིག་རྟེན་གྱི་ཁམས་སོ། །དེ་ནས་འཇིག་རྟེན་གྱི་ཁམས་སུ་མ་ཟད། སངས་རྒྱས་ཀྱི་གཟུགས་སྐུ་དང་དེའི་མཚན་དཔེ་ཡང་དོན་དམ་པར་མ་གྲུབ་ཅེས་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྐྱེས་བུ་ཆེན་པོ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་ཚོགས་པའི་སྐུ་ཙམ་ཞིག་དེ་བཞིན་གཤེགས་པར་བལྟ་བ་སྟེ་གཟུང་བར་བྱ་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་དེ་མ་ལགས་ཏེ། རྒྱུ་མཚན་ནི་སྐྱེས་བུ་ཆེན་པོ་སངས་རྒྱས་ཀྱི་མཚན་སོ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་ཐ་སྙད་དུ་ཡོད་པར་གསུངས་པ་དེ་དག་ནི་དོན་དམ་པར་མཚན་མ་མཆིས་པར་གསུངས་པའི་སླད་དུ་སྟེ་ཞེས་སྒྲོ་འདོགས་རྟག་མཐའ་བཀག་ཅིང་། དེས་ན་ཐ་སྙད་དུ་དེ་དག་ལ་སྐྱེས་བུ་ཆེན་པོའི་མཚན་རྣམས་ཞེས་བྱའོ་ཞེས་པས་སྐུར་འདེབས་ཆད་མཐའ་བཀག་པ་འདི་ལྟ་བུ་གཞན་ལ་ཡང་འདྲའོ། །མཚན་བསྟན་པའི་ཤུགས་ལ་དཔེ་བྱད་བརྒྱད་ཅུ་ཡང་བསྟན་ཏེ། དཔེ་བྱད་རྣམས་ནི་མཚན་གྱི་འཁོར་ཡིན་པའི་ཕྱིར་རོ། །མཚན་སོ་གཉིས་ནི་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦས་ཞབས། །ཞེས་སོགས་དང་། དཔེ་བྱད་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ལ་མཚན་དཔེ་གསལ་རྫོགས་ཡོད་པར་མཐོང་བ་ན་བདེན་ཞེན་གྱིས་སངས་རྒྱས་ནི་མཚན་དཔེ་འདི་ཙམ་གྱི་སྒོ་ནས་འཇོག་གམ་སྙམ་ན། དེ་ནི་མ་ཡིན་ཏེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ལ་ནི་ཆོས་ཀྱི་སྐུ་མངོན་དུ་བྱས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི། མཚན་དཔེ་དང་ལྡན་པའི་སྐུ་ཐོབ་པ་ཙམ་གྱི་སྒོ་ནས་བཞག་པ་མ་ཡིན་པའི་ཕྱིར་ཏེ། བརྒྱད་སྟོང་པ་ལས། གཟུགས་ཀྱི་སྐུ་བརྙེས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་ཡི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་པ་ལྟར་རོ། །སྐུ་མཚན་དཔེས་བརྒྱན་པའི་གཟུགས་སྐུ་མཐོང་ནས་དེ་ལ་བདེན་ཞེན་གྱིས་ཕྱག་འཚལ་བ་སོགས་ལེགས་པའི་ལམ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཡིན་མོད། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་ཀྱི་སྐབས་སུ་འཆད་པ་ལྟར་བདེན་འཛིན་གྱིས་བཅིངས་པའི་སྐྱོན་ཅན་ཡིན་ཏེ། མངོན་རྟོག་རྒྱན་ལས་ཀྱང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའི་སྐབས་སུ་ཚུལ་དེ་ལྟ་བུ་ལ་བདེན་ཞེན་གྱི་ཆགས་པའི་སྐྱོན་ཡོད་པར་བཤད་པའི་ཕྱིར་རོ། །སྐབས་འདིར་བདེན་འཛིན་ནི་མ་རིག་པར་འདོད་དགོས་པས། མ་རིག་པས་ཀུན་ནས་བསླངས་ཏེ་དགེ་བའི་ལས་བསགས་ནས་འཁོར་བས་བསྡུས་པའི་མངོན་མཐོ་དང་། མི་དགེ་བའི་ལས་བསགས་ན་ནི་ངན་འགྲོའི་ལུས་འགྲུབ་པར་གཞུང་དུ་མ་ལས་བཤད་དོ། །གཞུང་འདི་ལ་བརྟེན་ནས་དེ་ལྟར་དག་མ་དག་གི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ཤིང་བསྒོམས་ན་ཕན་ཡོན་ཆེའོ་ཞེས་སྙོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་གང་ཟག་གང་གིས་རང་གི་ལུས་ཀྱི་སྦྱིན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བཏང་བ་ལས་ཀྱང་། ཆོས་ཀྱི་རྣམ་གྲགས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ཞིང་གཞན་དག་ལ་སྟོན་ཅིང་བསྒོམས་ན་བསོད་ནམས་ལྷག་པར་ཆེའོ་ཞེས་གསུངས་སོ། །འདི་ནི་འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བ་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའི་ཕན་ཡོན་འབྱུང་བ་ལ་ཡང་དགོངས་མོད། ཕྱིས་འབྱུང་གི་གདུལ་བྱ་བློ་དམན་དང་བ་དང་ལྡན་པ་རྣམས་ཕན་ཡོན་ལ་སྤྲོ་བ་སྐྱེས་ནས་གཞུང་ལ་ཐོས་བསམ་གྱིས་འཇུག་པའི་ཆེད་བསྔགས་བརྗོད་ཀྱི་ཚུལ་དུ། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་གཟུང་ཞིང་བརྗོད་ན་ཕན་ཡོན་རྒྱ་ཆེན་པོ་དེ་ལྟ་བུ་འབྱུང་བར་གསུངས་ཤིང་དགོངས་གཞི་དངོས་ནི་དེ་ལྟར་བསྟན་པའི་དོན་གྱི་ཤེར་ཕྱིན་ལས་དེ་ལྟ་བུའི་ཕན་ཡོན་རྫོགས་པར་ཐོབ་པར་འགྱུར་པ་ལ་དགོངས་ཀྱི། གཞུང་བཀླག་པ་ཙམ་ལས་དེ་ལྟ་བུའི་ཕན་ཡོན་གྱི་ཕྱོགས་གཅིག་ལས་རྫོགས་པར་མིན་ནོ། །ཚུལ་འདི་ནི་དེ་ལྟ་བུའི་སྐབས་གཞན་ལའང་ཤེས་དགོས་སོ། །དེ་ལྟར་གསུངས་པ་ན་རབ་འབྱོར་གྱིས་ཆོས་ཟབ་མོ་འདི་ཐོས་ནས་ངོ་མཚར་སྐྱེས་པའི་ཤུགས་སྟོབས་ཀྱིས་སྤྱན་ལས་མཆི་མ་ཕྱུང་སྟེ། རབ་འབྱོར་དེས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་ཤེར་ཕྱིན་གྱི་ཆོས་འདི་དེ་བཞིན་གཤེགས་པ་ཇི་སྙེད་བྱོན་ཅིང་བཞུགས་པ་ཐམས་ཅད་ཀྱིས་གསུངས་པ་ནི་ངོ་མཚར་ཆེའོ། །རབ་འབྱོར་བདག་གིས་ནི་རང་ལ་འཕགས་པའི་ཡེ་ཤེས་སྐྱེས་ཚུན་ཆད་ནས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་ཤིང་། དེར་མ་ཟད་སྔོན་ནམ་ཡང་འདི་མ་ཐོས་སོ་ཞེས་པ་ནི་རབ་འབྱོར་གྱིས་སྔོན་འདི་ལྟ་བུ་མ་ཐོས་པ་མ་ཡིན་གྱི། ཤེར་ཕྱིན་གྱི་ཆོས་ཟབ་མོ་འདི་ལྟ་བུ་གཞན་གྱིས་ཐོས་པར་དཀའ་བར་བསྟན་པའོ། །ངོ་མཚར་ཆེ་ཚུལ་ནི། མདོ་སྡེ་འདི་བཤད་པའི་ཚིག་དང་དོན་ལ་སེམས་ཅན་གང་དག་བདེན་ཞེན་མེད་པ་ཡང་དག་པའི་འདུ་ཤེས་སྐྱེད་པར་འགྱུར་བའི་སེམས་ཅན་དེ་དག་ནི། ཐར་པའི་བག་ཆགས་འཇོག་ཅིང་སངས་རྒྱས་ཐོབ་པའི་རྒྱུ་ཆེན་པོ་བཟུང་བས་ན་ངོ་མཚར་ཆེན་པོ་རབ་དང་ལྡན་པར་འགྱུར་རོ། །ཡང་དག་པའི་འདུ་ཤེས་ཞེས་བཤད་པ་གང་ཡིན་པ་དེ་ནི་བདེན་པར་ཞེན་པའི་འདུ་ཤེས་མ་མཆིས་པའི་སླད་དུ་སྟེ། དེས་ན་བདེན་ཞེན་མེད་ཅིང་བདེན་མེད་རྟོགས་པའི་འདུ་ཤེས་དེ་ལ་ཡང་དག་པའི་འདུ་ཤེས་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །བཅོམ་ལྡན་འདས་བདག་ཆོས་འདི་བཤད་པའི་དོན་ལ་དད་པས་རྟོག་ཅིང་ཤེས་ནས་མོས་པ་སྐྱེས་པ་འདི་ནི། བདག་ལ་ངོ་མཚར་ཆེན་པོ་བྱུང་བ་མ་ལགས་ཀྱི། སླད་མའི་དུས་སུ་སེམས་ཅན་གང་དག་སྟོང་ཉིད་ཀྱི་དོན་ལ་མོས་ཤིང་ཆོས་འདི་ལེན་པ་སོགས་བྱེད་པ་དེ་དག་ནི་ངོ་མཚར་ཆེན་པོ་རབ་དང་ལྡན་པར་འགྱུར་ལགས་སོ། །ཚུལ་འདི་ངོ་མཚར་ཆེ་སྟེ། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་ལྟར་རོ། །གཞན་གྱི་དོན་སྔར་བཤད་ཟིན་ཅིང་། འདྲི་བ་ལ་ནི་ད་འདྲི་འབྱུང་བ་ལྟར་ན་དོན་གཞན་ལ་འདྲི་བ་དང་། བ་འབྲི་འབྱུང་བ་ལྟར་ན་ཡི་གེར་འབྲི་བ་དང་སྦྱོར་ཏེ། འོན་ཀྱང་དབུ་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཞེས་འབྱུང་བ་ལྟར་ན་ཕྱི་མའོ། །གཞུང་འདི་དག་གིས་ནི་ཇི་ལྟར་གནས་པ་དང་སྒྲུབ་པ་དང་གཟུང་བར་བྱ་བའི་ཚུལ་བསྟན་ཏོ། །མ་འོངས་པའི་དུས་ན་གཞུང་འདི་ལྟ་བུ་ལ་ཐོས་བསམ་བསྒོམས་པས་འཇུག་པའི་སེམས་ཅན་དེ་དག་ལ་ནི། གང་ཟག་གི་བདག་ཏུ་འདུ་ཤེས་རགས་པ་འཇུག་པར་མི་འགྱུར་ཞིང་། དེ་བཞིན་དུ་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་ཞེན་གྱི་འདུ་ཤེས་ཅི་རིགས་འཇུག་པ་སྟེ་སྐྱེ་བར་མི་འགྱུར་རོ། །རྒྱུ་མཚན་ནི་དེ་ལྟ་བུའི་བདག་ཏུ་འདུ་ཤེས་པ་སོགས་ནི་ཞེན་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པས། དེ་ཉིད་ཡང་དག་པའི་འདུ་ཤེས་ཐམས་ཅད་དང་བྲལ་བའི་ཕྱིར་རམ། འདུ་ཤེས་དག་དོན་དམ་པར་འདུ་ཤེས་སུ་གྲུབ་པ་དང་བྲལ་བའི་ཕྱིར་ཞེས་པའོ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་དེ་བཞིན་ནོ་ཞེས་པ་དང་། རྒྱུ་མཚན་ནི། མ་འོངས་པ་ན་སེམས་ཅན་གང་དག་མདོ་སྡེ་འདི་བཤད་པའི་ཚིག་དོན་ཐོས་པ་ན། དེ་ལྟར་ཐམས་ཅད་བདེན་པར་མེད་ན་ལས་འབྲས་སོགས་བྱ་བྱེད་མི་འཐད་ཅིང་མེད་པར་འགྱུར་རོ་སྙམ་དུ་ཡིད་མི་སྐྲག་ཅིང་མི་དངང་ལ། ཤིན་ཏུ་དངང་བར་མི་འགྱུར་ཞིང་ཡིད་ཆེས་ཏེ་མོས་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བས་ལས་འབྲས་ལ་སོགས་པའི་བྱ་བྱེད་ཐམས་ཅད་བཞག་ཏུ་མི་རུང་ཞིང་མི་འཐད་ལ། བདེན་པར་མེད་པའམ་རང་བཞིན་གྱིས་མ་གྲུབ་པ་ལ་བྱ་བྱེད་ཐམས་ཅད་དང་མྱང་འདས་སོགས་འཐད་པའི་ཚུལ་ནི། རྗེས་རྟེན་འབྲེལ་བསྟོད་པ་ལས། རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང་། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །ཞེས་དང་། རང་བཞིན་གྱིས་ནི་སྟོང་པ་དང་། །བྱ་བྱེད་འཐད་པས་མི་འགལ་ཞིང་། །དེ་ལས་ལྡོག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང་། །ཞེས་གསུངས་པ་ལྟར་རོ། །ངོ་མཚར་ཆེ་བའི་རྒྱུ་མཚན་ནི། ཆོས་ཀུན་རང་བཞིན་གྱིས་མ་གྲུབ་པར་སྟོན་པའི་གཞུང་ཕ་རོལ་ཏུ་ཕྱིན་པ་དམ་པ་མཆོག་འདི་ནི་ད་ལྟ་དེ་བཞིན་གཤེགས་པ་ངས་གསུངས་ཏེ། སྔོན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ནི་གོང་དུ་རྒྱུ་འབྲས་ཀྱི་ཆོས་རྣམས་རང་བཞིན་གྱིས་མེད་པར་བཤད་པ་ལ་ཡིད་ཆེས་པའི་གནས་སུ་འཛིན་པའི་ཆེད་དུ་གསུངས་པའོ། །རྒྱུ་མཚན་དེས་ན་ཕ་རོལ་ཏུ་ཕྱིན་པ་དམ་པ་ཞེས་བྱའོ། །དེ་ནས་བཟོད་པའི་ཕར་ཕྱིན་སྒོས་སུ་འཆད་པ་ནི། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དོན་དམ་པར་མེད་པས་གང་གིས་བཟོད་པ་དང་ཇི་ལྟར་རམ་གང་བཟོད་པ་དང་། གང་ལ་བཟོད་པའི་འཁོར་གསུམ་ལ་བདེན་ཞེན་གྱིས་གཟུང་བར་བྱར་མི་རུང་སྟེ། རྒྱུ་མཚན་ནི་རབ་འབྱོར་སྔོན་གྱི་དུས་གང་གི་ཚེ་ཀ་ལིངྐའི་རྒྱལ་པོས་ང་ཁོ་རང་གི་བུད་མེད་དང་འབྲེལ་ལམ་སྙམ་པའི་དོགས་ངན་བྱུང་སྟེ་རལ་གྲིས་ངའི་ཡན་ལག་དང་ཉིང་ལག་སོར་མོ་རྣམས་བཅད་པར་གྱུར་པ་དེའི་ཚེ། ངས་བཟོད་པའི་འཁོར་གསུམ་བདེན་མེད་དུ་ཤེས་ནས་བཟོད་པ་བསྒོམས་པས། ཐ་སྙད་པའི་ང་ལ་དམིགས་ནས་ངའོ་སྙམ་དུ་བདག་ཏུ་བདེན་པར་ཞེན་པའི་འདུ་ཤེས་ནས་གང་ཟག་ཏུ་བདེན་པར་ཞེན་པའི་འདུ་ཤེས་ཀྱང་མ་བྱུང་ཞིང་། དེའི་ཚེ་ང་ལ་དེ་ལྟ་བུའི་བདེན་ཞེན་གྱི་འདུ་ཤེས་ཅི་ཡང་མེད་ལ། ཐ་སྙད་དུ་འདུ་ཤེས་གཞན་མེད་པར་གྱུར་པ་ཡང་མ་ཡིན་ཏེ། བཟོད་དོ་སྙམ་པའི་སྡུག་བསྔལ་དང་ལེན་དང་གནོད་པ་ལ་ཇི་མི་སྙམ་པ་དང་། བདེན་མེད་དུ་རྟོགས་པའི་ཆོས་ལ་ངེས་སེམས་ཀྱི་འདུ་ཤེས་རྣམས་ཡོད་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །རྒྱུ་མཚན་ནི་གལ་ཏེ་དུས་དེའི་ཚེ་ང་ལ་ངའོ་སྙམ་དུ་དོན་དམ་པར་བདག་ཏུ་འདུ་ཤེས་པ་སོགས་ཡོད་ན་ནི་དེའི་ཚེ་གཞན་ལ་གནོད་སེམས་ཀྱི་འདུ་ཤེས་ཀྱང་འབྱུང་བར་འགྱུར་ན་དེ་མ་བྱུང་བའི་ཕྱིར་རོ་ཞེས་སོ། །དེར་མ་ཟད། ངས་མངོན་པར་ཤེས་ཤིང་མཁྱེན་ཏེ། ང་སྔོན་ཚེ་རབས་ལྔ་བརྒྱར་བཟོད་པ་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་པའི་དུས་སུ་རྐྱེན་དེ་ལྟ་བུ་ལ་བརྟེན་ནས་གཞན་གྱིས་ངའི་ཡན་ལག་སོགས་བཅད་པ་ན་བདག་ཏུ་འདུ་ཤེས་སོགས་མ་བྱུང་ངོ་། །གལ་ཏེ་ཡན་ལག་བཅད་པའི་དུས་ཀྱི་ང་དེ་སྟོན་པ་མིན་ཞིང་། སྟོན་པ་ཡང་དེའི་དུས་ཀྱི་ང་དེ་མིན་པས། སྟོན་པས་ངའི་ཡན་ལག་རྣམས་གསུངས་པ་དེ་ཇི་ལྟར་འཐད་སྙམ་ན། བདེན་མོད། འདིའི་ལན་ཞིབ་ཏུ་བཤད་ན་མང་དུ་འགྱུར་བས། བསྡུས་ན་དེ་ནི་རྒྱུད་གཅིག་པ་ལ་དགོངས་ཤིང་སྐྱོན་མེད་ཚུལ་གོང་དུ་ཅུང་ཟད་བཤད་ཅིང་འཆད་པར་བྱའོ། །ངའོ་སྙམ་པའི་བདག་ཏུ་ཞེན་པ་ཡོད་ན་གནོད་སེམས་སོགས་འབྱུང་བ་ནི། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་བུའི་བཟོད་པའི་སྟོབས་ཀྱིས་ང་སངས་རྒྱས་པས་རྒྱུ་མཚན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུའི་བདག་ཏུ་འདུ་ཤེས་པ་རྣམ་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གོང་འཕེལ་དུ་བྱའོ། །བཟོད་པའི་འཁོར་གསུམ་ལ་བདེན་ཞེན་གྱིས་མི་གནས་པར་མ་ཟད། གཟུགས་སྒྲ་སོགས་ལ་ཡང་དེ་ལྟར་མི་གནས་ཤིང་། ཀུན་རྫོབ་པའི་ཆོས་གང་ཅི་ལ་ཡང་བདེན་ཞེན་གྱིས་མི་གནས་པ་དང་། ཀུན་རྫོབ་པའི་ཆོས་བདེན་པར་མེད་པའི་དོན་དམ་པ་ལ་ཡང་བདེན་ཞེན་གྱིས་གནས་པར་མི་བྱའོ། །རྒྱུ་མཚན་ནི་གཟུགས་སྒྲ་སོགས་ལ་ཞེན་ཅིང་གནས་པའི་ཡུལ་གཟུགས་སོགས་གང་ཡིན་པ་དེ་ཉིད་དོན་དམ་པར་མི་གནས་པ་སྟེ་མ་གྲུབ་པའི་ཕྱིར་རོ་ཞེས་སོ། །དེ་བས་ན་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཅི་ལ་ཡང་དོན་དམ་པར་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་གསུངས་ཏེ། དེས་མཚོན་ནས་ཚུལ་ཁྲིམས་སོགས་གཞན་ལའང་སྦྱོར་བར་དགོངས་སོ། །བྱང་ཆུབ་སེམས་དཔས་ནི་བདེན་ཞེན་མེད་པའི་ཚུལ་འདི་ལྟར་སྦྱིན་པ་ཡོངས་སུ་གཏོང་བ་དང་ཚུལ་ཁྲིམས་སྲུང་སོགས་བྱའོ། །སེམས་ཅན་དུ་བདེན་པར་འདུ་ཤེས་པ་དེ་ཉིད་ཀྱང་དོན་དམ་པར་འདུ་ཤེས་མེད་པ་དང་། ཐ་སྙད་དུ་སེམས་ཅན་གང་དག་ཅེས་གསུངས་པའི་སེམས་ཅན་དེ་དག་ཉིད་ཀྱང་སེམས་ཅན་དུ་རང་བཞིན་གྱིས་མེད་པའོ། །རྒྱུ་མཚན་ནི་རབ་འབྱོར་དེ་བཞིན་གཤེགས་པས་དེ་ལྟར་ཆོས་རྣམས་བདེན་སྟོང་དུ་བཤད་པ་ནི་རྫུན་དུ་གསུངས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པ་དང་། རྣམ་པ་གཞན་དུ་མི་འགྱུར་བའི་བདེན་པར་གསུངས་པ་དང་། ཆོས་རྣམས་ཀྱི་གནས་ཚུལ་ཇི་ལྟ་བ་དེ་བཞིན་ཉིད་དུ་གསུངས་པ་པོ་སྟེ། ལོག་པར་གསུངས་པ་པོ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པས་ཐོབ་བྱའི་ཆོས་གང་ཡང་སངས་རྒྱས་པའམ་བསྟན་པ་དེ་རྣམས་ལ་བདེན་པ་དོན་དམ་པའི་ཆོས་རྣམས་བདེན་པར་གྲུབ་པ་ཡང་མེད་ཅིང་། རྫུན་པ་ཀུན་རྫོབ་པའི་ཆོས་རྣམས་ཀྱང་བདེན་པར་གྲུབ་པ་མེད་དོ་ཞེས་སོ། །ཀ་མ་ལ་ཤཱི་ལས་ནི། ཀུན་རྫོབ་རྣམས་དོན་དམ་དཔྱོད་པའི་རིག་ཤེས་ཀྱི་ངོ་བོར་མེད་པས་མི་བདེན་ཅིང་རྫུན་པ་ལ་བཤད་པ་ལྟར་སྣང་སྟེ། གཞུང་འདིས་མཐའ་གཉིས་སེལ་བའང་ཡིན་ནོ། །བདེན་མེད་རྟོགས་མ་རྟོགས་པའི་དབང་གིས་སྦྱིན་སོགས་ཀྱི་བྱེད་ལས་ལ་ཁྱད་པར་ཡོད་ཅེས་སྟོན་པ་ནི། འདི་ལྟ་སྟེ་དཔེར་ན། མིག་དང་ལྡན་པའི་མི་ཞིག་མུན་པ་ཆེན་པོར་ཞུགས་ནས་ཡུལ་གཟུགས་ཀྱི་དངོས་པོ་ཅི་ཡང་གསལ་བར་མི་མཐོང་བ་དེ་བཞིན་དུ། བྱང་སེམས་གང་བདེན་མེད་ལ་བློ་ཁ་མ་ཕྱོགས་ཤིང་བདེན་འཛིན་གྱིས་བཅིངས་པའི་མངོན་ཞེན་གྱི་ལྟ་བའི་གཡང་དུ་ལྷུང་ནས་སྦྱིན་པ་གཏོང་བའི་བྱང་སེམས་རྣམས་ནི་དཔེ་དེ་དང་འདྲ་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། །ཡང་འདི་ལྟ་སྟེ། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་ཡུལ་གཟུགས་བཟང་ངན་རྣམ་པ་སྣ་ཚོགས་མཐོང་བ་དེ་བཞིན་དུ། བྱང་སེམས་གང་བདེན་འཛིན་གྱིས་བཅིངས་པའི་དངོས་པོར་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཔེ་དེ་དང་འདྲ་བར་བལྟ་བར་བྱའོ་ཞེས་བདེན་འཛིན་གྱིས་བཅིངས་པའི་སྦྱིན་པ་ནི་མི་མུན་པར་ཞུགས་ནས་གཟུགས་མི་མཐོང་བ་དང་འདྲ་ཞིང་། བདེན་མེད་རྟོགས་པའི་སྦྱིན་པ་ནི་མིག་ལྡན་གྱིས་གཟུགས་མཐོང་བ་དང་འདྲ་བར་བཤད་ཅིང་། གཞན་ཡང་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་སོགས་ལྔ་ནི་དམུས་ལོང་ལྟ་བུ་དང་། བདེན་མེད་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི་ལོང་ཁྲིད་མིག་ལྡན་དང་འདྲ་སྟེེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་མཇུག་ཏུ། ཕར་ཕྱིན་དང་པོ་ལྔ་པོ་དེ་བདེན་མེད་རྟོགས་པའི་ཤེར་ཕྱིན་གྱིས་མ་ཟིན་ན་མིག་མེད་ལྟ་བུ་དང་སངས་རྒྱས་ཀྱི་སར་བགྲོད་མི་ནུས་ཤིང་། ཟིན་ན་མིག་ལྡན་ལྟ་བུ་དང་དེར་བགྲོད་ནུས་སོ་ཞེས་སྔོན་མ་དང་སྦྲེལ་ནས་སྟོན་པ་ནི། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་གསུངས་སོ། །དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས་ཀྱང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡིས། །ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ད་ལྟ་དང་མ་འོངས་པའི་དུས་སུ་གཞུང་འདི་འཛིན་འཆང་སོགས་བྱེད་པའི་གང་ཟག་གང་འབྱུང་བ་ནི་དེ་བཞིན་གཤེགས་པས་ད་ལྟ་ནས་མཁྱེན་ཅིང་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ་ཞེས་པ་ནི། སངས་རྒྱས་ཀྱིས་སེམས་ཅན་དེ་དག་ལ་ཐུགས་ཀྱིས་དགོངས་ཤིང་བསོད་ནམས་ཆེའོ་ཞེས་སྤྲོ་བ་བསྐྱེད་པའོ། །གཞན་ཡང་གང་གིས་སྔ་དྲོ་དང་ཕྱི་དྲོའི་དུས་རྣམས་དང་བསྐལ་བ་མང་པོར་ལུས་ཀྱི་སྦྱིན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚན་པའི་ལུས་གཏོང་ཞིང་། བཏང་བའི་ཕན་ཡོན་ལས་གང་གིས་གཞུང་འདི་རྫོགས་པར་ཐོས་ཤིང་མོས་ནས་བློས་མི་སྤོང་ན། དེའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་ལས་ཀྱང་ཆེ་ན་གང་གཞུང་འདི་ཡི་གེར་འབྲི་བ་སོགས་བྱས་ན་བསོད་ནམས་དེ་ལས་ཆེ་བ་ལྟ་ཅི་སྨོས་ཞེས་གསུངས། དེ་ཡང་ལེན་པ་ནས་རབ་ཏུ་སྟོན་པའི་བར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བསོད་ནམས་ཏེ་ཕན་ཡོན་ཆེ་བར་འགྱུར་རོ། །བསྔགས་པ་ནི་ཆོས་ཀྱི་རྣམ་གྲངས་འདིའི་དོན་ཟབ་པ་དང་རྟོགས་དཀའ་བའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་འདི་དང་མཉམ་པའི་མཚུངས་པ་གཞན་མེད་དེ། འདི་ལ་ཐོས་བསམ་བསྒོམས་པ་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པ་སྟེ་ཤེས་པར་བྱའོ། །ཆོས་འདི་ནི་ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་ཆེད་དུ་གཙོ་བོར་མ་ཡིན་གྱི། ཐེག་པ་མཆོག་དང་ཐེག་པ་ཕུལ་དུ་ཕྱིན་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གསུངས་སོ། །ཐེག་པ་མཆོག་དང་ཐེག་པ་ཕུལ་དུ་ཕྱིན་པ་གཉིས་ཀ་ཐེག་པ་ཆེན་པོའི་མིང་གི་རྣམ་གྲངས་སོ། །དེ་ལྟ་བུའི་ཐེག་པ་ཆེན་པོའི་སེམས་ཅན་གང་དག་ཆོས་འདི་ལེན་པ་དང་འཛིན་པ་སོགས་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པས་ད་ལྟ་ནས་མཁྱེན་ཅིང་གཟིགས་ཏེ་སེམས་ཅན་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། བློས་བསམ་གྱིས་མི་ཁྱབ་པ་དང་། དེ་དང་མཚུངས་པ་མེད་པ་དང་། མཐའ་གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པར་འགྱུར་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ངའི་བྱང་ཆུབ་ཀྱི་གོ་འཕང་ཕྲག་པ་ལ་ཐོགས་པ་ལྟར་མྱུར་དུ་ཐོབ་པར་འགྱུར་རོ། །རྒྱུ་མཚན་ནི། ཆོས་དམན་པ་ལ་མོས་པ་རྣམས་ཀྱིས་ནི་ཆོས་ཀྱི་རྣམས་གྲངས་ཟབ་མོ་འདི་ལ་ཐོས་བསམ་སྒོམ་པའི་ཚུལ་གྱིས་མཉན་པར་བྱར་མི་ནུས་ཏེ། གང་ཟག་གི་བདག་ཏུ་ལྟ་བ་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་ཞེན་གྱིས་ལྟ་ཞིང་། འདོད་པའི་གང་ཟག་ཕྱི་རོལ་པ་ལྟ་བུ་རྣམས་ཀྱིས་གཞུང་འདིའི་ཚིག་དོན་མཉན་པ་དང་བླང་བ་སོགས་བྱེད་མི་ནུས་ཏེ། དེ་བྱེད་པའི་གནས་སམ་གོ་སྐབས་མེད་པའི་ཕྱིར་ཏེ། དེ་ལྟ་བུའི་སེམས་ཅན་རྣམས་ཀྱིས་བདག་མེད་པའི་དོན་མི་འདོད་པའི་ཕྱིར་རོ། །ཡང་ས་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པའི་ས་ཕྱོགས་དེ་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱིས་མཆོད་པ་དང་ཕྱག་བྱ་བ་དང་བསྐོར་བར་བྱ་བ འི་འོས་སུ་འགྱུར་ཏེ། །ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །འདི་ནི་མངོན་རྟོགས་རྒྱན་ལས། བྱང་ཆུབ་དག་ནི་རྟེན་མཆོད་ཉིད། །ཞེས་པའི་རྩ་བའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་འགྲེལ་པ་རྣམས་ལས་ནི་བྱང་སེམས་སྒོམ་ལམ་པ་གང་དུ་བཞུགས་པའི་གནས་དེ་གཞན་གྱིས་བཀུར་བའི་གནས་མཆོད་རྟེན་ལྟ་བུར་གསུངས་པ་དང་འདྲ་ལ། གཙོ་བོ་ནི་གཞུང་འདིའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གང་ཟག་བཞུགས་པའི་གནས་ལ་དགོངས་སོ། །གོང་དུ་འདི་ལྟ་བུ་ཞིག་སོང་ཡང་གཞི་སོ་སོའི་དབང་དུ་མཛད་པའོ། །སྔ་མ་ལས་གཞན་ཡང་རབ་འབྱོར་རིགས་ཀྱི་བུའམ་བུ་མོ་གང་མདོ་སྡེ་འདི་འཛིན་འཆང་སོགས་བྱེད་ཅིང་དོན་ཉམས་སུ་ལེན་པའི་སེམས་ཅན་དེ་དག་ནི་ནད་སྣ་ཚོགས་དང་འཐབ་རྩོད་མཚང་འདྲུ་དང་བཅིང་རྡེག་སོགས་ཀྱིས་མནར་བ་དང་ཤིན་ཏུ་མནར་བའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡོད་སྲིད་ཀྱང་། སྐྱོན་ཆེན་པོ་མ་ཡིན་ཏེ། རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གིས་ནི་ཚེ་རབས་འདི་དང་སྔ་མའི་དུས་སུ་མི་དགེ་བའི་ལས་ཆེན་པོ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བའི་ལས་གང་དག་བྱས་པ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་ཚེ་འདི་ཉིད་ཀྱི་ཐོག་མ་སྨིན་ཏེ་སྡུག་བསྔལ་གྱིས་མནར་བ་དེའི་སྟོབས་ཀྱིས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་ཐམས་ཅད་འབྱང་བ་སྟེ་དག་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །ཤེར་ཕྱིན་ལ་བརྩོན་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་ནི་སྡིག་ལས་རྣམས་ཀྱི་རྩ་བ་བདག་འཛིན་བཅོམ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་ཐོབ་པར་འགྱུར་ཞེས་བཤད་ན། ངན་འགྲོར་སྐྱེ་བའི་ལས་རྣམ་འཇོམས་པ་ལྟ་ཅི་སྨོས་སོ། །ཚུལ་དེ་ལྟར་རྟོག་གེ་འབར་བ་སོགས་ནས་བཤད་ཅིང་། ཐར་པ་ཆེན་པོ་ལས་ཀྱང་། ངན་འགྲོར་སྐྱེ་བའི་སྡིག་ཡོད་ཀྱང་། །མགོ་བོ་ན་བ་ཙམ་གྱིས་འབྱང་། །ཞེས་གསུངས་སོ། །དཔེར་ན་ས་བོན་བཏབ་ཀྱང་ཆུ་ལུད་དྲོད་གཤེར་སོགས་གཏན་མེད་ན་མྱུ་གུ་མི་སྐྱེ་བ་ལྟར་བདག་འཛིན་སྤོང་ནུས་ན་ནི། བསགས་པའི་ལས་ཅི་ཡོད་ཀྱང་གྲོགས་ཉོན་མོངས་མེད་པས་རྣམ་སྨིན་འབྱིན་མི་ནུས་ཏེ། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །རབ་འབྱོར་ངས་མངོན་པར་ཤེས་ཤིང་མཁྱེན་ཏེ། སྔོན་འདས་པའི་བསྐལ་བ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དང་། སངས་རྒྱས་མར་མེ་མཛད་ཀྱི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་གྱི་དུས་ན༑ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དག་བྱུང་བ་དེ་དག་ངས་མཆོད་ཅིང་བསྙེན་བཀུར་བ་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ཤིང་ཐུགས་སུན་ཕྱུང་པ་མ་བྱས་ཏེ། ངས་དེ་ལྟར་བྱས་པའི་བསོད་ནམས་དང་། ཕྱི་མའི་དུས་ལྔ་བརྒྱའི་མཐའ་མ་ལ་མདོ་སྡེ་འདི་འབྲི་བ་སོགས་བྱེད་པའི་བསོད་ནམས་གང་ཡིན་པ་གཉིས་ལས། བསོད་ནམས་ཀྱི་ཕུང་པོ་ཕྱི་མ་འདི་ཆེ་སྟེ་བསོད་ནམས་ཀྱི་ཕུང་པོ་སྔོན་མས་འདི་ལ་ཆ་བརྒྱར་བགོས་པའི་བརྒྱའི་ཆ་སྟེ་ཆ་གཅིག་ཙམ་གྱི་བར་ཉེ་བར་མི་ཕོད་མི་འགྲོ་ཞིང་། དེ་བཞིན་དུ་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཚད་དང་བགྲང་བ་དང་དཔེ་དང་ཟླ་དང་རྒྱུར་ཡང་འགྲན་པར་མི་བཟོད་པ་སྟེ་མི་ནུས་སོ། །དེ་དག་ཀུན་ནི་དཔེ་མཚོན་པ་ཡིན་ཡང་། ཆ་ནི་ཆ་ཤས་ཆེ་ཆུང་དང་གྲངས་མང་ཉུང་མི་འདྲ་ཞིང་དཔེ་མི་འདྲ་བ་དང་དོ་ཟླ་མི་མཉམ་པ་དང་རྒྱུ་མཚན་མི་འདྲ་བ་དང་། བགྲང་བ་ནི་མཚུངས་པར་བགྲང་དུ་མི་རུང་བའོ། །གལ་ཏེ་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་རབ་ཏུ་བསྐྱེད་ཅིང་འཛིན་པར་འགྱུར་བའི་བསོད་ནམས་ཀྱི་ཕུང་པོ་འདི་ལྟ་བུའོ་ཞེས་ལེགས་པར་ཕྱེ་ཞིང་བརྗོད་ན། བློ་དམན་པའི་སེམས་ཅན་རྣམས་ཡིད་མི་ཆེས་ཤིང་ཡིད་མྱོས་མྱོས་པོར་ཏེ་རྨོངས་ནས་སེམས་རབ་ཏུ་འཁྲུགས་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་གཞུང་ཉུང་ཡང་དོན་རྒྱ་ཆེ་བས་བསམ་གྱིས་མི་ཁྱབ་ཅིང་། འདིའི་དོན་ཉམས་སུ་བླངས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་བསམ་གྱིས་མི་ཁྱབ་བོ། །རྣམ་པར་སྨིན་པའི་འབྲས་བུ་ཞེས་པའི་རྣམ་སྨིན་གྱི་འབྲས་བུ་ཁོ་ན་ལ་མི་བཟུང་གི །རྒྱུ་མཐུན་དང་བདག་འབྲས་དང་བྲལ་འབྲས་སོགས་ཀྱང་སྡུད་དོ། །འདི་ལྟ་བུ་ཞིག་གོང་དུ་ཡང་བྱུང་མོད། སྐབས་དོན་ཐ་དད་ལ་དགོངས་ནས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པས་ཇི་ལྟར་གནས་པར་བགྱི་ཞེས་སོགས་ཞུས་སོ། །སྔར་འདི་ལྟ་བུ་ཞིག་སོང་ཡང་ཚོགས་ལམ་དང་མོས་སྤྱོད་ཀྱི་སའི་དབང་དུ་མཛད་ལ། འདིར་ནི་མཐོང་ལམ་ཐོབ་པ་ལ་ཉེ་བ་དང་དེ་ཐོབ་པའི་སྐབས་ནས་དེ་ལྟར་བྱེད་པ་ལ་དགོངས་ནས་གསུངས་ཏེ་དོན་ནི་སྔར་བཤད་ཟིན་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་ཆོས་དེ་གང་ཡང་བདེན་པར་གྲུབ་པ་མེད་དོ་ཞེས་མཇུག་བསྡུས་སོ། །ཡང་རབ་འབྱོར་དེ་བཞིན་གཤེགས་པ་ངས་སྔོན་སངས་རྒྱས་མར་མེ་མཛད་ལས་ཆོས་གང་དོན་དམ་པར་བླངས་ནས་སངས་རྒྱས་པའི་ཆོས་དེ་གང་དག་ཡོད་སྙམ་མམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་མ་མཆིས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་ཚིག་དང་། དེ་དེ་བཞིན་ནོ་ཞེས་དོན་ལ་བདེན་ཁ་གནང་སྟེ། དེ་ལྟ་བུའི་ཆོས་གང་ཡང་མེད་དོ། །གལ་ཏེ་དེ་འདྲ་བའི་ཆོས་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་འདི་ཙམ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་མི་སྟོན་པ་ཞིག་ན༑ མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡང་བདེན་པར་གྲུབ་པ་མེད་པའི་ཕྱིར་ན། དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་དེ་ལྟར་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཡང་གང་གིས་གང་ཞིག་གང་དུ་ལུང་བསྟན་པའི་ཆོས་རྣམས་ནི་ཐ་སྙད་བཏགས་ཡོད་མིང་རྐྱང་ཙམ་ཡིན་གྱི། དོན་དམ་པར་གྲུབ་པ་མེད་པའི་ཚུལ་གོང་དུ་བརྗོད་ཟིན་ཏོ། །སངས་རྒྱས་མར་མེ་མཛད་བྱོན་ནས་བསྐལ་བ་གྲངས་མེད་གཅིག་དང་དགུ་བཅུ་རྩ་གཅིག་ཡིན་པར་མདོ་ལས་བཤད་ཅིང་། འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གྱི་མཆན་བུ་ལས་ཀྱང་རྗེས། མར་མེ་མཛད་ནི་བསྐལ་ཆེན་གྲངས་མེད་གཅིག་དང་དགུ་བཅུ་རྩ་གཅིག་གི་གོང་རོལ་ཏུ་བྱུང་སྟེ་ཞེས་གསུངས་སོ། །དེའི་ཚེ་སྟོན་པ་བྲམ་ཟེའི་ཁྱེའུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་དུས་སུ་ལུས་ལ་སངས་རྒྱས་དེ་ཉིད་ཀྱིས་ཞབས་བཞག་སྟེ་བྱིན་གྱིས་བརླབས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ནས་འཚང་རྒྱ་བར་ལུང་བསྟན་ཏེ། སྤྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ཆུང་འབྲིང་ཆེན་པོ་གསུམ་སྟེ། ཆུང་ངུ་སྦྱོར་ལམ་བཟོད་པ་དང་། འབྲིང་མཐོང་ལམ་དང་། ཆེན་པོ་དགྲ་བཅོམ་ཐོབ་པ་ནས་འབྱུང་ཞིང་། ཐེག་ཆེན་གྱི་དབང་དུ་བྱས་ན་ས་བརྒྱད་པ་ནས་ཐོབ་བོ། །བཟོད་པ་དེ་གསུམ་གང་རུང་ཐོབ་པ་ལ་འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་དགོས་པའི་ཕྱིར་སྟོང་ཉིད་ངེས་པར་རྟོགས་དགོས་ལ། འབྲིང་དང་ཆེན་པོ་ལ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་ཤིང་། ཆེན་པོ་ལ་ནི་ཉོན་མོངས་ཡང་སྤངས་དགོས་སོ། །དེས་ན་འཚང་རྒྱ་བར་དངོས་ལུང་སྟོན་པ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བ་ཞིག་ངེས་པར་དགོས་པས། བདེན་འཛིན་གྱིས་བཅིངས་པའི་བྱང་སེམས་ལ་དངོས་ལུང་སྟོན་པར་མི་མཛད་དེ། ཐོབ་བྱ་ཐོབ་བྱེད་ཀྱིས་ཆོས་ལ་བདེན་པར་ཞེན་ནས་བདེན་འཛིན་གྱིས་བཅིངས་པ་རྣམས་ནི་དངོས་ལུང་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར་ཏེ། བདེན་གྲུབ་ཀྱི་ཆོས་བསྒྱུར་དུ་མི་ནུས་པ ས་ཐོབ་བྱེད་སོགས་གང་ཡང་འཇོག་ཏུ་མི་རུང་བར་སྔར་བཤད་ཟིན་པའི་ཕྱིར་རོ། །ལུང་སྟོན་པའི་རྒྱུ་མཚན་ལ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བརྗོད་པ་དེ་ནི་ཆོས་ཐམས་ཅད་བདེན་པས་སྟོང་པ་ཡང་དག་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་ཚིག་བླ་དྭགས་ཏེ་དེའི་སྒོ་ནས་བརྗོད་པའི་ཕྱིར་རོ། །བསྡུ་ན་དེ་བཞིན་གཤེགས་པ་ཞེས་པའི་དོན་ནི་སྒྲིབ་གཉིས་སྤངས་པའི་དེ་བཞིན་ཉིད་མངོན་དུ་བྱས་ཤིང་ཁོང་དུ་ཆུད་པ་སྟེ། ཐུགས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའམ་མཁྱེན་པའི་དོན་ནོ། །སེམས་ཅན་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དོན་དམ་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཟེར་ན་ཚིག་དེ་ལོག་པར་སྨྲ་བ་ཉིད་ཡིན་ནོ། །རྒྱུ་མཚན་ནི་དོན་དམ་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །འདི་ལྟ་བུ་ཞིག་གོང་དུ་སོང་ཡང་སྐབས་སོ་སོ་དང་སྦྱར་བ་སྟེ། ཚིག་ལ་ཟློས་པ་ཡོད་ཀྱང་དོན་ལ་ཟློས་སྐྱོན་མེད་ཅིང་། འདིའི་དོན་ལེགས་པར་ཤེས་པ་ནི་རྩ་བ་རང་བཞིན་མེད་པའི་དོན་ཤེས་པ་ལ་ཐུག་གོ །དེ་བཞིན་གཤེགས་པས་ཆོས་གང་སངས་རྒྱས་པའམ་བསྟན་པ་དེ་ལ་རང་བཞིན་གྱིས་གྲུབ་པའི་དོན་དམ་པའི་ཆོས་བདེན་པ་ཡང་མེད་ཅིང་། དེར་གྲུབ་པའི་ཀུན་རྫོབ་པའི་ཆོས་རྫུན་པ་ཡང་མེད་དོ།། འདི་ལ་འཆད་ཚུལ་མི་འདྲ་བ་གཞན་ཞིག་ཀྱང་སྣང་ངོ་། །རྒྱུ་མཚན་དེ་བས་ན་བདེན་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཁྱད་པར་མེད་པར་རང་བཞིན་གྱིས་སྟོང་པ་དེ་བཞིན་གཤེགས་པས་ཁོང་དུ་ཆུད་ཅིང་མངོན་དུ་མཛད་ཅིང་། དེའི་དབང་དུ་བྱས་ན་ཆོས་ཐམས་ཅད་བདེན་པས་སྟོང་པའི་དེ་བཞིན་ཉིད་ནི་སངས་རྒྱས་ཀྱི་ཆོས་སྐུ་དང་འདྲ་བས་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །འདི་ནི་མངོན་རྟོགས་རྒྱན་ལས། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང་། རིན་པོ་ཆེ་མཐའ་ཞེས་བྱ་བའི་མདོ་ལས། འཇམ་དཔལ་གྱིས་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཁྱུ་མཆོག་དང་མཉམ་པར་མོས་སམ་ཞེས་དྲིས་པ་ན། ལན་དུ་འཇམ་དཔལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟར་མོས་སོ་ཞེས་འབྱུང་བ་དང་འདྲའོ། །སངས་རྒྱས་དང་གཟུགས་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མེད་པ་ཡིན་ཏེ་དེའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ་ཞེས་གསུངས་པའི་དོན་ཡང་དེ་བཞིན་ནོ། །དེ་ལ་དཔེ་སྟོན་པ་ནི། སྐྱེས་བུ་ཞིག་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོར་གྱུར་པ་བཞིན་ནོ་ཞེས་གསུངས། སློབ་དཔོན་ཀ་མ་ལ་ཤཱི་ལས་འདིའི་དོན་ལ་ལུས་དང་ལྡན་པ་ནི་བྱང་སེམས་ཀྱི་ལུས་དང་ལུས་ཆེན་པོ་སངས་རྒྱས་ཀྱི་སྐུ་ལ་སྦྱར་བ་ལྟར་སྣང་ལ། འདི་ལྟར་བཤད་པར་བྱ་སྟེ། སྐྱེས་བུ་ལུས་ཆུང་ངུ་ཞིག་རིམ་གྱིས་སྐྱེས་ནས་ཆེར་སོང་བའི་ལུས་ནི་སྔ་མ་ལ་ལྟོས་ཏེ་ལུས་ཆེན་པོ་ཞེས་ཐ་སྙད་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་པས་སྟོང་པའི་ཆོས་ཉིད་དེ་ལ་སྒྲིབ་པ་རིམ་གྱིས་སྦྱངས་ཏེ་མཐར་སྒྲིབ་པ་མཐའ་དག་ཟད་ནས་སངས་རྒྱས་ཀྱི་ཆོས་སྐུར་གྱུར་པ་ནི་དཔེ་དེའི་དོན་ནོ་ཞེས་བྱས་ན་དགོངས་པར་འགྲོའམ་སྙམ་མོ། །དེ་ནས་རབ་འབྱོར་གྱིས་དེ་ལྟ་བུའི་དཔེའི་ལུས་དེ་དོན་དམ་པར་ལུས་སུ་མ་གྲུབ་ཀྱང་། ཐ་སྙད་དུ་དེ་ལྟར་འཇོག་གོ་ཞེས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་སོགས་གནང་ངོ་། །ཡང་། བྱང་ཆུབ་སེམས་དཔས་ཐ་སྙད་སྒྱུ་མ་ལྟ་བུའི་ཚུལ་གྱིས་སེམས་ཅན་དཔག་ཏུ་མེད་པ་མི་གནས་པའི་མྱང་འདས་ལ་འགོད་པར་སེམས་བསྐྱེད་དགོས་ཀྱང་། དོན་དམ་པར་སེམས་ཅན་གང་ཡང་དེ་ལ་འགོད་པ་མེད་ཅེས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ། བདེན་ཞེན་གྱིས་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའོ་ཟེར་ན། དེ་བདག་མེད་ཀྱི་དོན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །རྒྱུ་མཚན་ནི་དོན་དམ་པར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་དེ་ལྟ་བུ་ཡོད་པ་མ་ལགས་ཞེས་གསོལ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་མེད་པའི་རྒྱུ་མཚན་དེ་བས་ན་དེ་བཞིན་གཤེགས་པ་ཀུན་བྱང་གི་ཆོས་ཐམས་ཅད་གང་ཟག་གི་བདག་ཏུ་གྲུབ་པའི་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པའོ་ཞེས་གསུངས་སོ། །བསྡུས་ན་བདག་ནི་ཐོབ་པར་བྱེད་པའོ། །འདི་ནི་ཐོབ་པར་བྱ་བའི་ཆོས་སོ་སྙམ་དུ་བདེན་ཞེན་གྱིས་འཇུག་ན་མེད་པ་ལ་ཡོད་པར་རློམ་པ་མངོན་པའི་ང་རྒྱལ་ཅན་དུ་བཤད་པས་མི་རུང་ཞེས་པ་སྟེ་བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བའི་ཕྱིར་ཆོས་གང་ལའང་ཐོབ་བྱ་ཐོབ་བྱེད་སོགས་བཞག་ཏུ་མི་རུང་ངོ་ཞེས་གོང་དུ་བཤད་ཟིན་ཏོ། །འདི་དག་གིས་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེས་པའི་དོན་བདག་མེད་སྒོམ་ཚུལ་བསྟན་ཏོ། །དེ་ནས་སེམས་ཅན་མྱང་འདས་ལ་འགོད་པ་ལ་བདེན་ཞེན་མི་བྱེད་པར་མ་ཟད། སངས་རྒྱས་ཀྱི་ཞིང་བཟུང་བ་ཡང་ཐ་སྙད་དུ་བྱེད་ཀྱང་བདེན་ཞེན་གྱིས་མི་བྱའོ་ཞེས་སྟོན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ། བདག་གིས་གང་དུ་འཚང་རྒྱ་བའི་གནས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམ་པར་དོན་དམ་པར་བསྒྲུབ་པར་བྱའོ་ཞེས་ཞེན་ཅིང་ཚིག་གིས་ཟེར་ན། དེ་ཡང་དེ་བཞིན་དུ་བརྗོད་ཅིང་ཞེན་པར་བྱར་མི་རུང་ངོ་། །རྒྱུ་མཚན་ལ་ཞིང་གི་བཀོད་པ་དེ་དག་ནི། ཀུན་རྫོབ་ཏུ་ཚོགས་ཤིང་འདུས་པ་སྒྱུ་མ་ལྟར་ཡོད་པ་ལས་གཞན་བདེན་པར་གྲུབ་པའི་བཀོད་པ་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཐ་སྙད་དུ་ཞིང་བཀོད་པ་རྣམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ་གཟུགས་སོགས་ཀྱི་ཆོས་རྣམས་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པའོ་སྙམ་དུ་མོས་ཤིང་རྟོགས་པ་དེ་ནི། དེ་བཞིན་གཤེགས་པས་བདག་མེད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །འདིས་ཀྱང་བདག་མེད་གཉིས་སྒོམ་དགོས་པར་བཤད་དོ། །འོ་ན་དེ་བཞིན་གཤེགས་པ་ལ་བདག་མེད་ཀྱི་དོན་གཟིགས་པའི་མཁྱེན་པ་ཇི་ལྟར་ཡོད་སྙམ་ན། དེ་བཞིན་གཤེགས་པ་ལ་སྤྱན་ལྔ་ཁྱད་པར་ཅན་ཡོད་དོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་བཞིན་གཤེགས་པ་ལ་ཤའི་སྤྱན་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་སྤྱན་མངའམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལ་དེ་དག་མངའོ་ཞེས་གསོལ་ཏོ། །སྤྱིར་སྤྱན་ལྔས་ཡུལ་མཐོང་ཚུལ་ལ་རྒྱ་ཆེ་ཆུང་ཡོད་ཀྱང་འདིར་སངས་རྒྱས་དང་སྦྱར་ན། ཤའི་སྤྱན་གྱིས་ནི་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་། ལྷའི་སྤྱན་གྱིས་སེམས་ཅན་རྣམས་ཀྱི་སྐྱེ་འཆིའི་རིམ་པ་སོགས་དང་། ཤེས་རབ་ཀྱི་སྤྱན་གྱིས་བདག་མེད་ཕྲ་རགས་ཐམས་ཅད་དང་། ཆོས་ཀྱི་སྤྱན་གྱིས་ཀུན་རྫོབ་པའི་རབ་དབྱེ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱན་གྱིས་ནི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་གཟིགས་པའོ། །དེ་ལ་ཤའི་སྤྱན་དང་ལྷའི་སྤྱན་ནི་མིག་གི་དབང་པོའམ་དེ་ལ་བརྟེན་པའི་དབང་ཤེས་ཡིན་ལ། གཞན་གསུམ་ནི་ཡིད་ཤེས་སོ། །འོན་ཀྱང་དེ་དག་ནི་རང་གི་ཡུལ་སོ་སོ་བའི་དབང་དུ་བྱས་པ་སྟེ། སངས་རྒྱས་ཀྱིས་མིག་ཤེས་སོགས་དབང་ཤེས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་གཟིགས་པས་རྣམ་མཁྱེན་དངོས་དང་ཁྱད་པར་མེད་པར་བཤད་ཅིང་། མདོ་ལས། སངས་རྒྱས་ཀྱི་གཙུག་ཏོར་གྱིས་ཀྱང་གཟིགས་སོ་ཞེས་སོགས་དང་། མཚན་བརྗོད་དུ། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པའི་སྐབས་སུ་སངས་རྒྱས་ཀྱི་སྐུའི་ཆ་ཐམས་ཅད་ཀྱིས་ཤེས་བྱ་མཁྱེན་པར་བཤད་པ་ལྟར་རོ། །དེ་ཡང་སངས་རྒྱས་ཀྱི་སྐུ་དང་དབང་ཤེས་ནི་ཡིད་ཤེས་དང་ངོ་བོ་གཅིག་པའི་ཚུལ་གྱིས་འཇུག་པ་ལ་དགོངས་པར་སེམས་ལ། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་པ་ལས་ཀྱང་། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཞེས་པའི་སྐབས་སུ་ཡང་དེ་བཞིན་དུ་འབྱུང་ངོ་། །དེ་བཞིན་གཤེགས་པ་ལ་སྤྱན་དེ་ལྟ་བུ་མངའ་བས་ཆོས་ཐམས་ཅད་གཟིགས་ཤིང་། སེམས་ཅན་རྣམས་ཀྱི་སེམས་རྒྱུད་ཀྱང་གཟིགས་སོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དཔེར་ན་གངྒཱའི་ཀླུང་གི་བྱེ་མའི་གྲངས་མང་པོ་ཇི་སྙེད་ཡོད་པ་དེ་ཙམ་དུ། གངྒཱའི་ཀླུང་ཡང་གྲངས་དེ་སྙེད་ཁོ་ནར་གྱུར་ན་འཇིག་རྟེན་གྱི་ཁམས་དེ་དག་མང་ངམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་མང་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་ཡོད་པའི་སེམས་ཅན་དེ་དག་གི་བསམ་པ་སྣ་ཚོགས་པ་མི་འདྲ་བ་ཐ་དད་པའི་སེམས་ཀྱི་རྒྱུན་དང་རྣམ་པ་ངས་རབ་ཏུ་ཤེས་སོ། །དེ་ལྟར་ཡིན་ཀྱང་སེམས་ཅན་གྱི་སེམས་ཀྱི་རྒྱུན་ནི་དོན་དམ་པར་རྒྱུན་ཞེས་བྱ་བར་གྲུབ་པ་མེད་པར་ངས་བཤད་དེ། དོན་དམ་པར་མེད་པ་དེས་ན་ཐ་སྙད་དུ་སེམས་ཀྱི་རྒྱུན་ཞེས་བྱ་བར་བརྗོད་དོ། །འདིས་སྤྱན་ལྔ་དང་སྤྱན་ལྔའི་ཡུལ་རྣམས་ཀྱང་ཐ་སྙད་ཙམ་དུ་འཇོག་གི །དོན་དམ་པར་མ་གྲུབ་ཅེས་བསྟན་ཏོ། །འདས་པའི་སེམས་རྣམས་ནི་འདས་ཟིན་པའི་ཕྱིར་དོན་དམ་པར་དམིགས་སུ་མེད། མ་འོངས་པའི་སེམས་རྣམས་ཀྱང་ད་ལྟ་མ་སྐྱེས་ཤིང་མ་བྱུང་བའི་ཕྱིར་དོན་དམ་པར་མེད། ད་ལྟར་བྱུང་བའི་སེམས་རྣམས་ཀྱང་རང་དབང་གིས་མེད་པའི་ཕྱིར་དོན་དམ་པར་མེད་དོ། །སེམས་ཞེས་པ་ནི་གཙོ་སེམས་ཙམ་མ་ཡིན་གྱི། སེམས་དང་སེམས་བྱུང་ཐམས་ཅད་སྡུད་པའོ། །སེམས་བྱུང་རྣམས་ལས་ཚོ ར་བ་རྣམས་ནི་བདེན་པར་འཛིན་པའི་གཞི་ཆེ་སྟེ། ཚོར་བ་བདེ་སྡུག་དྲག་པོ་བྱུང་བ་ན་བདག་ཏུ་འཛིན་པའི་བློ་ཡང་ཤུགས་དྲག་སྐྱེ་བའི་ཕྱིར་རོ། །དེས་ན་ཚོར་བ་བདེན་པར་མ་གྲུབ་པར་སྟོན་པའི་རིགས་པ་མང་ཡང་རྩ་བ་ནི། ཞི་བ་ལྷས། གང་ཚེ་ཚོར་བོ་འགའ་མེད་ན། །ཚོར་བ་འགའ་ཡང་ཡོད་མིན་ཏེ། །ཞེས་གསུངས་པ་འདི་ལྟ་བུ་ཡིན་ལ། དེ་ནི་ཚོར་བ་མྱོང་བ་པོའི་བདག་ནི་རང་བཞིན་གྱིས་མེད་ན་དེ་ལ་སྐྱེ་བའི་ཚོར་བ་རང་བཞིན་གྱིས་ག་ལ་ཡོད་དེ། ཁྱད་གཞི་མེད་པའི་ཁྱད་ཆོས་མི་སྲིད་པའི་ཕྱིར། ཚོར་བ་བདེ་སྡུག་ནི་ལུས་ཡིད་དང་འཕྲོད་མི་འཕྲོད་པའི་ངོ་བོར་སྐྱེས་ནས་མྱོང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མིན་ཏེ། ལུས་ཡིད་གང་རུང་མེད་ན་ཚོར་བ་ཡང་མེད་ཅིང་། ལུས་ཡོད་ཀྱང་ཡིད་མེད་ནའང་ཚོར་བ་མི་མྱོང་བའི་ཕྱིར་ཏེ། རོ་དང་ས་རྡོ་སོགས་བཤིག་ཀྱང་ཚོར་བ་བདེ་སྡུག་མི་འབྱུང་བ་བཞིན་ནོ། །མདོར་ན་ཚོར་བ་ལ་སོགས་པའི་ཤེས་པ་ཀུན་ཀྱང་དམིགས་པ་ལ་བརྟེན་ནས་མར་མེའི་འོད་བཞིན་དུ་ཐ་སྙད་ཙམ་དུ་སྐྱེའི། དེ་ལྟ་བུ་ལ་མ་བརྟེན་པར་རང་དབང་གིས་མི་སྐྱེ་བས་རང་བཞིན་གྱིས་མ་གྲུབ་བོ། །རང་བཞིན་གྱིས་གྲུབ་པ། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་དབང་གིས་གྲུབ་པ། ཡང་དག་པར་གྲུབ་པ། ལྟོས་མེད་དུ་གྲུབ་པ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་མོ། །འདིས་སེམས་ཇི་ལྟར་གཟུང་བར་བྱ་བའི་ཚུལ་བསྟན་ཏོ། །གལ་ཏེ་སེམས་ཀྱི་རྒྱུན་རང་བཞིན་གྱིས་མེད་ན། སེམས་ལ་བརྟེན་ནས་སྦྱིན་པ་བཏང་བ་སོགས་ལས་འབྲས་བུ་མི་འབྱུང་ངམ་སྙམ་པ་ལ་སེམས་ཀྱི་རྒྱུན་སོགས་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་སེམས་ལ་བརྟེན་ནས་འབྲས་བུ་འབྱིན་ནོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་རབ་འབྱོར་ལ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་དང་དངུལ་སོགས་སྔར་བཤད་པའི་རིན་པོ་ཆེ་སྣ་བདུན་གྱི་གང་བར་བྱས་ཏེ་གཞན་ལ་སྦྱིན་པ་བྱིན་ན། དེ་ལ་བསོད་ནམས་མང་དུ་བསྐྱེད་དམ་ཞེས་དྲིས་པ་ན། ལན་དུ་དེ་མང་ངོ་ཞེས་གསོལ་ནས། རབ་འབྱོར་ལ་དེ་དེ་བཞིན་ནོ་ཞེས་སོགས་བདེན་ཁ་བྱིན་ནོ། །བསོད་ནམས་ཀྱི་ཕུང་པོ་དེ་དག་ནི་ཐ་སྙད་དུ་སྒྱུ་མ་ལྟར་ཚོགས་པ་ལས་བྱུང་བ་ཡིན་གྱི། དེ་ལྟ་བུ་ལ་མ་ལྟོས་པར་གལ་ཏེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་བསོད་ནམས་ཀྱི་ཕུང་པོ་ཞེས་དེ་བཞིན་གཤེགས་པས་མི་གསུང་ངོ་། །རྒྱུ་མཚན་ནི་བསོད་ནམས་ཀྱི་ཕུང་པོ་ཞེས་པའི་ཕུང་པོའི་དོན་ནི་ཚོགས་པའི་དོན་ཡིན་ལ། རང་དབང་གིས་གྲུབ་ན་ཚོགས་པ་ལ་མ་ལྟོས་པ ར་གྲུབ་པ ར་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་བསོད་ནམས་ཀྱི་ཕུང་པོ་བདེན་པར་མེད་ན་དེ་ལས་འཁྲུངས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མེད་པར་འགྱུར་རོ་སྙམ་ན་དེ་མི་འགྱུར་ཞེས་སྟོན་པ་ནི། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་འདི་ལ་དོན་དམ་པར་དེ་བཞིན་གཤེགས་པར་བལྟ་བ་སྟེ་བཟུང་ཞིང་འདོད་པར་བྱ་སྙམ་མམ་ཞེས་དྲིས་པ་ན། ལན་དུ་དེ་ནི་མ་ལགས་ཏེ། དེ་ལ་དེ་ལྟར་བལྟ་བར་མི་བགྱི་ལགས་སོ་ཞེས་གསོལ། རྒྱུ་མཚན་ནི་གཟུགས་ཀྱི་སྐུ་ཡང་རྒྱུ་རྐྱེན་ཚོགས་པ་ལས་གྲུབ་ཀྱི། དོན་དམ་པར་གྲུབ་པ་མ་མཆིས་པ་བསོད་ནམས་ཀྱི་ཕུང་པོ་དང་འདྲ་སྟེ། ཐ་སྙད་དུ་གཟུགས་ཀྱི་སྐུར་གྲུབ་པ་ཞེས་བརྗོད་དོ། །གལ་ཏེ་གཟུགས་ཀྱི་སྐུ་ཞིག་ཡོད་ན་དེའི་མཚན་དཔེ་རྣམས་བདེན་གྲུབ་ཏུ་ཡོད་སྙམ་ན་དེ་མེད་ཅེས་སྟོན་པ་ནི། མཚན་དཔེ་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ་ཞེས་དྲིས་པའི་ལན་དུ་དེ་ལྟར་བལྟ་བར་མི་བྱའོ། །དེ་བཞིན་གཤེགས་པའི་སྐུ་ལ་མཚན་དཔེ་ཕུན་སུམ་ཚོགས་པ་བདེན་གྲུབ་ཏུ་ཡོད་པའི་སྒོ་ནས་དེ་བཞིན་གཤེགས་པར་བདེན་ཞེན་གྱིས་མི་བལྟ་སྟེ། མཚན་དཔེ་ཕུན་སུམ་ཚོགས་པ་དེ་དག་ནི་ཚོགས་ཤིང་འདུས་པའི་དངོས་པོ་སྒྱུ་མ་ལྟར་གྲུབ་པས་དོན་དམ་པར་མཚན་དཔེ་ཕུན་སུམ་ཚོགས་པར་གྲུབ་པ་མ་མཆིས་ཀྱང་། ཐ་སྙད་དུ་དེ་སྐད་ཅེས་བརྗོད་དོ། །འདི་ལྟ་བུ་ཞིག་སྔར་ཡང་བྱུང་མོད། དེ་ནི་མོས་སྤྱོད་ཀྱིས་ནས་ཉམས་སུ་ལེན་པའི་དབང་དུ་མཛད་ཅིང་། འདིར་ནི་ལྷག་བསམ་དག་པ་འཕགས་པའི་ས་ནས་ཉམས་སུ་ལེན་པའི་དབང་དུ་མཛད་ཅེས་ཀ་མ་ཤཱི་ལས་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་མེད་ཅེས་གསུངས་པའི་དོན་ཡང་གོང་དུ་བཤད་པ་ལྟར་རོ། །གལ་ཏེ་དེ་བཞིན་གཤེགས་པས་དོན་དམ་པར་ཆོས་བསྟན་ཏོ་ཞེས་བདེན་ཞེན་གྱིས་དམ་བཅའ་ཞིང་ཟེར་ན། དེ་ནི་མེད་པ་ལ་ཡོད་པར་ཞེན་ཅིང་ལོག་པར་རྟོག་པའི་བདེན་འཛིན་གྱིས་ཟིན་པའམ་བཅིངས་པ་ཡིན་པས། དེ་བཞིན་གཤེགས་པ་ང་ལ་སྐུར་བ་བཏབ་པར་འགྱུར་རོ། །རྒྱུ་མཚན་ནི་ཆོས་དང་ཆོས་བསྟན་པ་ཞེས་བྱ་བ་ནི་ཐ་སྙད་ཙམ་མ་གཏོགས་གང་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་རོ་ཞེས་པའི་དོན་ནི་སྔར་བཤད་ཟིན་ཅིང་། འདིར་ལུང་གིས་བརྗོད་ན། མདོ་ལས། མིང་ནི་གང་དང་གང་གིས་ནི། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་དང་དེ་ནི་ཡོད་མ་ཡིན། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་དང་། རིན་པོ་ཆེ་མཐའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་ན་གང་དང་གང་གིས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་ལ། ཆོས་དེ་དང་དེ་མ་མཆིས་ལགས་སོ། །གང་མ་མཆིས་པ་དེ་ནི་སྟོང་པ་ལགས་སོ། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། སྒྲ་རྣམས་ཀྱི་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །ཅེས་གསུངས་པ་ལྟར་རོ། །འདི་དག་གི་དོན་རྒྱ་ཆེ་ཡང་མཚོན་ཙམ་ནི། བུམ་སོགས་ཀྱི་ཆོས་རྣམས་ལ་ནི་དེ་དང་དེའོ་ཞེས་བརྗོད་པའི་ཚེ་སྒྲས་ནི་དངོས་སུ་དོན་སྤྱི་བརྗོད་ཀྱི། བུམ་སོགས་རང་མཚན་རྣམས་ནི་སྒྲའི་དངོས་ཀྱི་བརྗོད་བྱར་རང་དབང་དུ་མེད་པས། དེ་དག་ནི་རང་རང་གི་མིང་གི་ཐ་སྙད་འཇུག་པའི་གཞིར་རང་དབང་གིས་མ་གྲུབ་ཅིང་། སྒྲ་དེ་དང་དེའི་བརྗོད་བྱའི་རང་ལྡོག་རྣམས་ནི་བདེན་པར་མ་གྲུབ་ཅེས་སྟོན་པའོ། །དེར་གྲུབ་ན་ནི་གནོད་བྱེད་ཅི་ཡོད་ཅེ་ན། ཡོད་དེ། འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མེད་པའི་ཕྱིར་དང་མ་འདྲེས་ཕྱིར། །དེ་ཡི་བདག་ཉིད་བདག་མེད་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་བསྡུས་ཏེ་བརྗོད་ན། སྒྲ་རྣམས་ནི་དོན་དེ་དང་དེ་ལ་ཐ་སྙད་ཀྱི་དབང་གིས་འཇུག་གི །དངོས་པོའི་དབང་གིས་མི་འཇུག་སྟེ། བུམ་སོགས་ཀྱི་ཆོས་གང་ལ་ཡང་དེའི་མིང་མ་བཏགས་པའི་སྔ་རོལ་དུ་བུམ་སོགས་ཀྱི་འདུ་ཤེས་མི་སྐྱེ་བ་དང་། དོན་གཅིག་ལ་ཡང་མིང་སྣ་ཚོགས་ཀྱིས་བརྗོད་ཆོག་པ་དང་། དོན་དུ་མ་ལ་ཡང་མིང་གཅིག་གིས་བརྗོད་ཆོག་པའི་ཕྱིར། དངོས་པོའི་དབང་གིས་འཇུག་ན་ནི། མིང་མ་བཏགས་པའི་སྔོན་དུ་ཡང་དེའོ་སྙམ་པའི་འདུ་ཤེས་འབྱུང་བར་ཐལ་བ་དང་། དོན་གཅིག་ཏུ་མར་ཐལ་ཞིང་དོན་དུ་མ་ཡང་གཅིག་ཏུ་འགྱུར་ལ། བུམ་སོགས་མེད་པའི་གཞིར་ཡང་དེ་དག་གི་མིང་ནས་བརྗོད་པ་ཡོད་པའི་ཕྱིར་དེ་ན་བུམ་སོགས་ཀྱང་ཡོད་པར་འགྱུར་བས་སེམས་ཅན་འགའ་ཡང་བུམ་སོགས་ཀུན་གྱིས་མི་ཕོངས་པར་ཐལ་བར་འགྱུར་བ་སོགས་མང་ངོ་། །དེ་ནས་རབ་འབྱོར་གྱིས་མ་འོངས་པ་ན་སེམས་ཅན་གང་དག་འདི་ལྟ་བུའི་ཆོས་ཟབ་མོ་བཤད་པ་འདི་ཐོས་ན་ཡིད་ཆེས་པར་འགྱུར་རམ་ཞེས་ཞུས་པ་འདི་ལྟ་བུ་ཞིག་གོང་དུ་ཡང་སོང་མོད། གཞི་དང་དགོས་པ་ཐ་དད་པའི་དབང་གིས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ལན་སོང་ཟིན་པ་ལ་དགོངས་ནས། སེམས་ཅན་དེ་དག་ནི་སེམས་ཅན་དུ་དོན་དམ་པར་གྲུབ་པ་ཡང་མ་ཡིན། ཐ་སྙད་དུ་སེམས་ཅན་མེད་པ་ཡང་མ་ཡིན་ནོ། །རྒྱུ་མཚན་ནི་སེམས་ཅན་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དོན་དམ་པར་སེམས་ཅན་མེད་པར་གསུངས་པའི་ཕྱིར་ཏེ། ཀུན་རྫོབ་ཏུ་སེམས་ཅན་རྣམས་ཞེས་བྱའོ། །ཀུན་རྫོབ་ཏུ་སེམས་ཅན་འཇོག་ཚུལ་ནི། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །སྔོན་བཞིན་དུ་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པའི་ལན་དུ་དེ་མེད་ཚུལ་ཞུས་པ་ན། དེ་དེ་བཞིན་ནོ་ཞེས་སོགས་གནང་སྟེ། དེ་ལ་དོན་དམ་པར་སངས་རྒྱས་པའི་ཆོས་ཅུང་ཟད་ཀྱང་དམིགས་སུ་མེད་དེ། ཐ་སྙད་དུ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའོ་ཞེས་བརྗོད་དོ། །གོང་དུ་འདི་ལྟ་བུ་ཞིག་སོང་བ་ནི་སློབ་ལམ་གྱི་དབང་དུ་མཛད་ཅིང་། འདི་ནི་སངས་རྒྱས་ཀྱིས་ཇི་ལྟ་བ་བཞིན་གཟིགས་པའི་རིག་ངོར་མེད་པ་ལ་དགོངས་སོ་ཞེས་ཀ་ཤཱིས་བཤད་དོ། །ཡང་རབ་འབྱོར་ཆོས་གང་ཡིན་པ་དེ་ཐམས་ཅད་ནི་བདེན་པར་མ་གྲུབ་པར་མཚུངས་ཤིང་མཉམ་པ་སྟེ། དེ་ལྟ་བུའི་མཉམ་པ་དེའི་དབང་དུ་བྱས་པ་ལ་མི་མཉམ་པའི་ཆོས་གང་ཡང་མེད་པས་སོ། །མཉམ་པ་དེ་ཡང་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་གི་བདག་མེད་པར་མཉམ་པ་སྟེ། དོན་དམ་པར་ཆོས་སུ་གྲུབ་པ་མེད་ཀྱང་ཐ་སྙད་དུ་སྦྱིན་སོགས་དགེ་བའི་ཆོས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཤིང་། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དགེ་བའི་ཆོས་རྣམས་ལའང་སངས་རྒྱས་ཞེས་བྱའོ། །སེམས་ཅན་མེད་པ་སོགས་གསུམ་གྱིས་སྒྲོ་འདོགས་ཀྱི་མཐའ་བཀག་ཅིང་། དགེ་བའི་ཆོས་དེ་དག་ཅེས་སོགས་ཀྱིས་སྐུར་འདེབས་ཀྱི་མཐའ་བཀག་པའི་སྒོ་ནས་མཐའ་གཉིས་བསལ་ཏེ། དོན་དམ་པར་ཆོས་རྣམས་མ་གྲུབ་ནའང་ཐ་སྙད་དུ་སེམས་ཅན་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་ཇི་སྙེད་པ་དེ་ལྟ་བུའི་ཚད་ཀྱི་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་རྣམས་བསྡུས་ཏེ་སྦྱིན་པ་བྱིན་པ་བས་ཀྱང་། གང་ཟག་གང་གིས་གཞུང་འདི་ཡོངས་རྫོགས་ལྟ་ཅི། འབྲས་བུ་སངས་རྒྱས་ཐོབ་པ འི་ཆེད་དུ་དམིགས་ནས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་དང་། དེའི་དོན་ལེགས་པར་བཟུང་ནས་གཞན་དག་ལ་ཡང་བསྟན་ན། སྔ་མ་སྦྱིན་པའི་བསོད་ནམས་དེས་ཕྱི་མ་འདི་ལ་ཆ་བརྒྱར་བགོས་པའི་གཅིག་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་མི་བཟོད་དོ་ཞེས་པའི་དོན་ནི་སྔར་བཤད་པ་ལྟར་རོ།། དེ་ལྟ་བུའི་སྦྱིན་པའི་བསོད་ནམས་ལས་ཀྱང་ཤེར་ཕྱིན་འདི་ལ་ཐོས་བསམ་བྱས་པའི་ཕན་ཡོན་ཆེ་བར་བཤད་པའི་དགོངས་པ་ནི་སྟོང་ཉིད་མ་རྟོགས་པའི་སྦྱིན་འབྲས་ཆེ་ཡང་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པར་འགྱུར་གྱི། ཤེར་ཕྱིན་ལ་ཐོས་བསམ་སོགས་བྱས་ན་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་བ་ལ་དགོངས་པ་སྟེ། འོན་ཀྱང་འདི་ནི་སྒོམ་ལམ་གྱི་སྐབས་ལ་དགོངས་སམ་སྙམ་མོ། །དེ་བཞིན་གཤེགས་པ་ལ་སེམས་ཅན་དུ་བདེན་ཞེན་མེད་ཅེས་སྟོན་པ་ནི། རབ་འབྱོར་དེ་བཞིན་གཤེགས་པས་རྗེས་ཐོབ་ནའང་འདི་སྙམ་དུ་ངས་གདུལ་བྱའི་སེམས་ཅན་རྣམས་བདེན་འཛིན་གྱིས་བཅིངས་པ་ལས་དོན་དམ་པར་བཀྲོལ་བར་བྱའོ་ཞེས་ཐུགས་ལ་དགོངས་པ་ཡོད་དམ་སྙམ་ན། རབ་འབྱོར་ཁྱོད་དེ་ལྟར་མི་བལྟའོ། །རྒྱུ་མཚན་ནི་དེ་བཞིན་གཤེགས་པས་དོན་དམ་པར་སེམས་ཅན་གང་བདེན་འཛིན་གྱིས་བཅིངས་པ་ལས་བཀྲོལ་ཏེ་ཐར་པར་བྱས་པའི་སེམས་ཅན་དེ་དག་གང་ཡང་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུའི་བློ་ཞིག་དེ་བཞིན་གཤེགས་པ་ལ་ཡོད་ན་ནི། དེ་ཉིད་དེ་བཞིན་གཤེགས་པའི་བདག་དང་སེམས་ཅན་དང་གང་ཟག་དང་སྲོག་ཏུ་བདེན་པར་འཛིན་པའི་སྐྱོན་དུ་འགྱུར་ན༑ དེ་ནི་མི་རིགས་ཏེ། དེ་བཞིན་གཤེགས་པ་ལ་བདག་ཏུ་འཛིན་ཅིང་ཞེན་པ་སོགས་མེད་པའི་ཕྱིར་ཏེ། དེས་བདག་ཏུ་འཛིན་པའི་མངོན་ཞེན་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་ཐ་སྙད་དུ་བདེན་འཛིན་གྱིས་བཅིངས་པའི་སེམས་ཅན་བཀྲོལ་བ་ཡོད་ཀྱང་། དོན་དམ་པར་བཅིངས་པ་ལས་བཀྲོལ་བ་མེད་དེ། དོན་དམ་པར་ཡོད་ན་བསྒྱུར་དུ་མེད་པས་བཀྲོལ་དུ་ཡང་མི་རུང་ཞིང་མི་ནུས་པའི་ཕྱིར་རོ། །རབ་འབྱོར་བདག་ཏུ་འཛིན་པའི་བདག་འཛིན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་དེ་སྤངས་ཤིང་རང་ལ་དེ་ལྟ་བུའི་བདེན་ཞེན་མེད་པར་གསུངས་ཏེ། དེ་ལྟ་ནའང་བདེན་མེད་མི་ཤེས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཆོས་ཀུན་ལ་བདག་ཏུ་ཞེན་ཅིང་བཟུང་ངོ་། །འདིར་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའི་སོ་སྐྱེ་ལ་བྱིས་པའི་མིང་གིས་བཏགས་པ་སྟེ། འཕགས་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་བྱིས་པ་ཞེས་མི་བྱ་བར་མཁས་པ་ཞེས་བྱ་ལ། དེ་ལྟ་བུའི་སོ་སྐྱེ་རྣམས་ཀྱིས་དེ་ལྟར་མི་ཤེས་པའི་ཕྱིར་བྱིས་པ་དང་འདྲ་བས་དེའི་མིང་གིས་བརྗོད་པའི་ཕྱིར་རོ། །དེ་འཛིན་པ་མེད་ཅེས་པའི་དོན་ནི་བདག་འཛིན་གྱིས་བཟུང་བའི་དོན་ལྟར་མེད་ཅེས་བཤད་ཀྱང་རུང་བར་སེམས། བྱིས་པ་ཞེས་དམིགས་བསལ་མཛད་པ་ནི། བདག་མེད་ཀྱི་དོན་ལ་མཁས་ཤིང་ཤེས་པའི་སོ་སྐྱེ་རྣམས་ལ་བྱིས་པ་ཞེས་མི་བྱ་བའི་ཆེད་དོ། །རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི་དེ་དག་དོན་དམ་པར་སྐྱེ་བོ་ཉིད་དུ་གྲུབ་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། ཐ་སྙད་དུ་མིང་གིས་དེ་སྐད་ཅེས་བརྗོད་དོ། །སོ་སོའི་སྐྱེ་བོའི་སྒྲ་དོན་ནི། ལས་སྟོབས་ཀྱིས་འགྲོ་བ་སོ་སོ་ཐ་དད་པ་རྣམས་སུ་སྐྱེ་བས་ན་དེ་ལྟར་དུ་བཤད་དོ། །ཡང་རབ་འབྱོར་ལ་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་ཙམ་གྱིས་དེ་བཞིན་གཤེགས་པར་བལྟ་ཞིང་འདོད་པར་བྱ་སྙམ་མམ་ཞེས་དྲིས། འམ་དང་མམ་གཉིས་ནི་འགྱུར་ཁྱད་ཙམ་ཡིན་ཅིང་དོན་ལ་ཁྱད་མེད་དོ། །ལན་དུ་དེ་ནི་མ་ལགས་སོ་ཞེས་སོགས་ཞུས། གོང་དུ་ཡང་འདི་ལྟ་བུ་ཞིག་བྱུང་ཀྱང་ཆོས་ཀྱི་སྐུ་གཙོ་བོར་སྟོན་པའི་ཆེད་དུ་མིན་ལ། འདིར་ནི་ཆོས་ཀྱི་སྐུ་སྟོན་པའི་ཆེད་དུ་སླར་དྲིས་སོ། །བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་སོགས་གནང་སྟེ། མཚན་དཔེ་ཡོད་ཙམ་གྱི་སྐུ་ལ་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ། །རབ་འབྱོར་གལ་ཏེ་དེ་ལྟར་བལྟ་བར་བྱེད་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་མཚན་དཔེ་ཡོད་པས་དེ་ཉིད་དེ་བཞིན་གཤེགས་པར་འདོད་དགོས་པར་ཐལ་བར་འགྱུར་ན། དེ་མི་འདོད་པའི་ཕྱིར་ན་མཚན་ཕུན་སུམ་ཚོགས་པ་མངའ་བ་ཙམ་གྱིས་ནི་དེ་བཞིན་གཤེགས་པར་བལྟ་ཞིང་འདོད་པར་མི་བྱའོ། །ཞེས་གསུངས་པ་དང་། དེ་ནས་རབ་འབྱོར་གྱིས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཤེས་པ་ལྟར་ན་དེ་ལྟར་མི་བལྟའོ་ཞེས་ཞུས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མཚན་སོ་གཉིས་ཡོད་ཀྱང་དེ་ཙམ་མི་གསལ་ཞིང་མ་རྫོགས་ལ། སངས་རྒྱས་ཀྱི་མཚན་དཔེ་རྣམས་ནི་གསལ་ཞིང་རྫོགས་པ་ཡིན་ཏེ། ཇི་སྐད་དུ། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །ཞེས་དང་། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ནི་གཟུགས་སྐུ་བསྟན་ནས་ཆོས་སྐུ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་བསྩལ་པ་ནི། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་གསུངས་ཏེ། འདིའི་དོན་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པར་རྗེ་ཉིད་ཀྱིས་ལུང་དེ་དྲངས་ནས། དོན་འདི་ལྟར་བཤད་དེ། ཚིག་དེ་དག་གིས་ནི་གཟུགས་སྒྲ་ལ་སོགས་པའི་སྤྲོས་པའི་ཆོས་སུ་བདེན་པར་འཛིན་པས་ནི། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ལ་ལོག་པར་ཞུགས་ཤིང་སྤོང་བ་ཡིན་པས། དེས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མི་མཐོང་བས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དུ་བལྟ་བར་བྱ་བ་དང་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་དེ་ནི་སྔར་ལྟར་བཟུང་བའི་ཚུལ་གྱིས་ཤེས་པར་བྱ་བ་མ་ཡིན་ཏེ། ཚུལ་དེས་ཤེས་པར་མི་ནུས་པའི་ཕྱིར་རོ་ཞེས་བསྟན་ཏེ་སྤྲོས་པས་བློ་མིག་ཉམས་པས་དེ་བཞིན་གཤེགས་པའི་དེ་ཉ ིད་མི་མཐོང་བའི་ཤེས་བྱེད་ཡིན་པའི་ཕྱིར་དང་ཞེས་གསུངས་པ་ལྟར་རོ།། ཚིག་དོན་ནི། སེམས་ཅན་གང་དག་དེ་བཞིན་གཤེགས་པ་ངའི་མཚན་དཔེ་སོགས་མཐོང་ན་ང་ལ་གཟུགས་སུ་བདེན་ཞེན་གྱིས་ལྟ་ཞིག་མཐོང་བ་སྟེ་འཛིན་པ་དང་། སེམས་ཅན་གང་དག་ང་ལ་ངའི་མིང་སོགས་ཐོས་ཤིང་སྒྲར་བརྗོད་པའི་སྒོ་ནས་བདེན་པར་ཤེས་པ་སྟེ་ཞེན་ནས་འཛིན་པ་སོགས་མདོར་ན། དེ་བཞིན་གཤེགས་པ་ལ་མིང་དང་གཟུགས་ཀྱི་སྐུར་བདེན་པར་ཞེན་པའི་བདེན་འཛིན་གྱིས་བཅིངས་པ་དེ་དག་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལྟ་བ་ལ་ལོག་པར་ཞུགས་པ་སྟེ། སྐྱེ་བོ་དེ་དག་གིས་དེ་བཞིན་གཤེགས་པ་ངའི་ཆོས་ཀྱི་སྐུ་སྟོང་པ་ཉིད་མི་མཐོང་ངོ་།། མི་མཐོང་བའི་རྒྱུ་མཚན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ངོ་བོ་ཉིད་ཀྱི་སྐུ་དེ་ནི་ཆོས་ཉིད་ཀྱི་སྐུར་ལྟ་དགོས་ཤིང་། འདྲེན་པ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཆོས་ཉིད་དོན་དམ་བདེན་པ་དེ་ནི། བདེན་འཛིན་གྱིས་བཅིངས་པའི་བློ་ཤེས་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་སྐུ་དེ་ནི་བློ་དེས་རྣམ་པར་ཤེས་མི་ནུས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་སྐུ་སྟོང་པ་ཉིད་ཤེས་པ་ལ་སྟོང་ཉིད་རྟོགས་དགོས་པའི་ཕྱིར་རོ། །དེས་མཚོན་ཏེ་ཆོས་གང་ལ་ཡང་བདེན་ཞེན་ཡོད་ན་ཆོས་དེའི་ཆོས་ཉིད་མི་མཐོང་བ་ནི་འདྲའོ། །གཟུགས་སོགས་ཀུན་རྫོབ་པའི་ཆོས་གང་ཡིན་ཡང་མངོན་སུམ་དུ་རྟོགས་པ་དེའི་ཚེ་སྤྲོས་བཅས་ཀྱི་རྣམ་པར་ཤར་བའི་ཚུལ་གྱིས་རྟོགས་དགོས་ལ། དེ་དག་གི་ཆོས་ཉིད་དོན་དམ་པའི་ཆོས་གང་མངོན་སུམ་དུ་རྟོགས་པ་དེའི་ཚེ་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་རྟོགས་དགོས་ཏེ། བདེན་གཉིས་སོ་སོའི་མཐོང་ཚུལ་གྱི་ཁྱད་པར་འདི་ནི་རྟོགས་པར་དཀའ་བའི་གནས་སོ། །དེར་མ་ཟད། ཆོས་གང་ཡིན་ཡང་དེ་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་ཀྱང་། དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་དེའི་སྣང་ངོར་སྤྲོས་པ་འཆར་ཡང་ངེས་ངོར་སྤྲོས་པ་གཅོད་དགོས་སོ། །དེའི་དོན་བསྡུ་བ་ནི། དེ་ལྟར་ཆོས་སྐུའི་དབང་དུ་བྱས་ན་མཚན་དཔེ་ཕུན་སུམ་ཚོགས་པ་ཙམ་གྱིས་དེ་བཞིན་གཤེགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་མེད་དོ། །དེ་ལ་ཆད་ལྟ་འགོག་པ་ནི། རབ་འབྱོར་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་གཟུགས་སོགས་ཀྱི་ཆོས་གང་ལ་ལ་ཞིག་དོན་དམ་པར་མ་གྲུབ་པར་རྟོགས་པ་ན། ཆོས་དེ་རིགས་པས་རྣམ་པར་བཤིག་པའམ། མེད་པར་བྱས་ཏེ་ཆད་པར་བཏགས་པའོ་སྙམ་དུ་སེམས་ཤིང་འཛིན་ན། དེ་ལྟར་བལྟ་ཞིང་འདོད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་གང་ཡང་རྣམ་པར་བཤིག་པའམ་ཆད་པར་བཏགས་པ་མེད་དེ། དེ་ལྟར་རྟོགས་པ་དེའི་ཚེ་ཆོས་དེ་བདེན་མེད་དུ་རྟོགས་པ་ཡིན་གྱི། ཆོས་དེ་མེད་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་བློའི་ངེས་ངོ་ན་ཀུན་རྫོབ་པའི་ཆོས་དེ་དག་མེད་ཀྱང་བློ་དེས་དེ་དག་མེད་པར་རྟོགས་པ་མ་ཡིན་ཏེ། བློ་དེའི་དོན་མེད་ཀྱང་སྤྱིར་ཡོད་པའི་ཕྱིར་ཏེ། དཔེར་ན་བདེན་འཛིན་གྱིས་བཅིངས་པའི་བློ་ངོ་ན་བདེན་སྟོང་དུ་སྣང་བའི་བུམ་སོགས་མེད་ཀྱང་སྤྱིར་དེ་ཡོད་པ་བཞིན་ནོ། །ཡང་གང་ཟག་གང་གིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་པའི་བསོད་ནམས་ལས། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་ཤེར་ཕྱིན་གྱི་གཞུང་འདི་ལ་བརྟེན་ནས་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་ཤིང་། དོན་དམ་པར་སྐྱེ་བ་མེད་པ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ན། གང་ཟག་དེ་ཉིད་ཀྱིས་བཟོད་པ་ཐོབ་པའི་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་པའི་དོན་སྔར་བཤད་ཟིན་ཏོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་ཀྱི་ཕུང་པོ་བདེན་ཞེན་གྱིས་ཡོངས་སུ་གཟུང་བར་མི་བྱའོ་ཞེས་གསུངས་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་གཟུང་བར་མི་བགྱི་ལགས་སམ་ཞེས་ཐ་སྙད་དུ་བསོད་ནམས་མི་བཟུང་ངམ་སྙམ་པའི་དོགས་པ་བྱུང་བ་ལྟར་བཅོས་ནས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཐ་སྙད་དུ་བསོད་ནམས་ཡོངས་སུ་གཟུང་བར་བྱ་དགོས་མོད་ཀྱི། བསོད་ནམས་ལ་བདེན་ཞེན་གྱིས་ལྟ་བའི་ལོག་པར་མི་བཟུང་སྟེ། དེས་ན་ཐ་སྙད་དུ་བསོད་ནམས་ཡོངས་སུ་གཟུང་བ་ཞེས་བྱའོ་ཞེས་གསུངས་ཏེ། འདིའི་གཟུང་བར་མི་བྱའོ་ཞེས་པས་བསོད་ནམས་ཀྱི་ཕུང་པོ་ལ་བདེན་གྲུབ་ཏུ་ཞེན་པའི་རྟག་ལྟ་དང་། ཡོངས་སུ་བཟུང་མོད་ཀྱིས་ཞེས་ཆད་པར་ལྟ་བ་སེལ་ལོ། །ཡང་རབ་འབྱོར་ལ་སེམས་ཅན་གང་ལ་ལ་ཞིག་བདེན་ཞེན་གྱིས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་ཕར་གཞན་དུ་བཞུད་པ་སྟེ་འགྲོ་བའམ། ཚུར་བྱོན་ཏམ། ཡར་བཞེངས་སམ། སྟན་ལ་བཞུགས་སམ། གཉིད་དུ་མནལ་བར་མཛད་དམ་ཞེས་ཟེར་ཞིང་འདྲི་ན། འདྲི་བ་པོ་དེས་དེ་བཞིན་གཤེགས་པ་ངས་རང་ཉིད་འབྱོན་བཞུད་སོགས་དོན་དམ་པར་མེད་པར་བཤད་པའི་དོན་མི་ཤེས་སོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ནི་དོན་དམ་པ་ཕྱོགས་གར་ཡང་ཕར་མ་བཞུད། ཕྱོགས་གང་ནས་ཀྱང་ཚུར་མ་བྱོན་པའི་ཕྱིར་ཏེ། རྒྱུ་མཚན་དེ་བས་ན་ཐ་སྙད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་པའི་སྒྲ་དོན་ནི། མདོ་ལས། དེ་བཞིན་གཤེགས་པས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་གསུངས་པ་ལྟར། སྟོང་ཉིད་མངོན་སུམ་དུ་གཟིགས་པའི་སྒོ་ནས་ཡིན་ལ། ཐ་སྙད་དུ་འབྱོན་བཞུད་སོགས་ཡོད་ཀྱང་། ཆོས་སྐུ་སྟོང་པ་ཉིད་ཀྱི་དབང་དུ་བྱས་ན་ནི། འབྱོན་བཞུད་སོགས་དོན་དམ་པར་མེད་དེ། འཕགས་པ་བརྒྱད་སྟོང་པའི་རྟག་ཏུ་ངུས་ཆོས་འཕགས་བསྟེན་པའི་སྐོར་ནས་དེ་བཞིན་གཤེགས་པ་འབྱོན་བཞུད་སོགས་ཇི་ལྟར་ཡིན། རྟག་ཏུ་ངུས་ཆོས་འཕགས་ལ་དྲིས་པའི་ཚུལ་རྣམས་ནི། རྗེས་རྟག་ཏུ་ངུའི་རྟོག་བརྗོད་དུ་རྒྱས་པར་བཤད་པ་རྣམས་བཀོད་ན་མང་དུ་དོགས་པས་མདོར་བསྡུས་ཞིག་བརྗོད་ན། སོས་ཀའི་དུས་སུ་རི་ཐང་མཚམས་སུ་བྱེ་མའམ་གད་པ་སྐྱ་བོ་སོགས་དང་ཉེ་བ་ན་སྨིག་རྒྱུ་སྔོ་ཁྲེགས་ཁྲེགས་འགྲོ་བ་མཐོང་མོད། སྨིག་རྒྱུའི་ཆུ་དེ་དང་པོར་གང་ནས་ཀྱང་ཚུར་མ་འོངས་ཤིང་། མཐར་ཕྱོགས་གང་དུ་ཡང་དངོས་སུ་འགྲོ་བར་མི་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་འབྱོན་བཞུད་སོགས་ཀྱང་དེ་ལྟ་བུ་དང་། དེ་བཞིན་དུ་སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་སོགས་མི་དང་དུད་འགྲོ་སོགས་གང་ཟག་ཏུ་སྤྲུལ་པ་དང་། ཡང་རྨི་ལམ་དུ་སངས་རྒྱས་སམ་སེམས་ཅན་གྱི་གཟུགས་སྣ་ཚོགས་འཆར་བ་དང་། པི་ཝང་ལས་སྒྲ་འབྱུང་བ་རྣམས་ནི་དང་པོ་གང་ནས་ཀྱང་ངོ་བོ་ཉིད་ཀྱིས་མ་བྱུང་། མཐར་གང་དུ་ཡང་ངོ་བོ་ཉིད་ཀྱིས་འགྲོ་བ་མེད་པའི་དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་འབྱོན་བཞུད་སོགས་ཀྱང་དེ་དང་མཚུངས་པར་བཤད་དོ། །གཞན་ཡང་། བགྲེས་མོས་ཞུས་པ་ལས། དེ་བཞིན་གཤེགས་པ་ཙམ་དུ་མ་ཟད། སྐྱེ་བ་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ །ཞེས་སོགས་ཆོས་གཞན་ལའང་སྦྱར་ནས་གསུངས་པའི་མཇུག་ཏུ་དཔེ་དང་སྦྱོར་བ་ནི། རྔ་བརྡུང་བ་ལས་སྒྲ་འབྱུང་མོད། སྒྲ་དེ་དང་པོར་རྔའི་ཤིང་དང་ལྤགས་པ་དང་བརྡུང་མཁན་གྱི་ལག་པ་དང་དབྱུག་གུ་སོགས་ལ་ངོ་བོ་ཉིད་ཀྱིས་མི་གནས་ཤིང་མི་འབྱུང་ལ་མཐར་གང་དུ་ཡང་མི་འགྲོ་མོད། རྐྱེན་ཚོགས་ན་ཐ་སྙད་དུ་སྐྱེ་འགག་བྱེད་པར་བཤད་པ་བཞིན་འདོད་དགོས་ཏེ། དེ་ཉིད་ལས། སུས་རྔ་སྒྲའི་ཚུལ་རབ་ཏུ་ཤེས་པ་དེས་ནི་སྟོང་པ་ཉིད་རབ་ཏུ་ཤེས་སོ། །ཞེས་ཀྱང་གསུངས་སོ། །གཞན་ཡང་ཇི་སྐད་དུ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །ཞེས་གསུངས་པས། ཆོས་སྐུ་སྟོང་པ་ཉིད་དེ་ནི་ནམ་མཁའ་ལྟ་བུ་སྟེ་དོན་དམ་པར་འདི་ན་གནས་ཞེས་བསྟན་དུ་མེད་ཅིང་། ནམ་མཁའ་ནི་གཞན་དུ་འགྲོ་འོང་མི་བྱེད་པ་ལྟར་ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ཡང་འདི་ནས་ཕར་འགྲོ་ཞིང་དེ་ནས་ཚུར་འོང་བ་ཡང་མེད་དོ་ཞེས་པ་སྟེ་མཚོན་ཙམ་མོ། །ཡང་རབ་འབྱོར་ལ་སེམས་ཅན་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དཔེར་ན། རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཤིན་ཏུ་ཆུང་བའི་གཟུགས་སུ་ཕྱེ་མར་བྱས་ན། ཕྱེ་མར་བྱས་པའི་ཚོགས་དེ་དག་མང་ངམ་ཞེས་དྲིས་པ་ན། ལན་དུ་དེ་མང་ངོ་ཞེས་ཞུས་ཤིང་། གལ་ཏེ་རྡུལ་གྱི་ཚོགས་ཤིག་དོན་དམ་པར་མཆིས་པར་གྱུར་ན་ནི། བཅོམ་ལྡན་འདས་ཀྱིས་ཐ་སྙད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩོལ་ཏེ། དེ་རྣམས་དོན་དམ་པར་ཡོད་ན་དེར་ཡོད་ཅེས་གསུངས་དགོས་པའི་ཕྱིར་རོ། །དེ་རྣམས་དོན་དམ་པར་མེད་པའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་གང་གསུངས་པ་དེ་ནི། དེ་རྣམས་དོན་དམ་པར་ཚོགས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་མཁྱེན་ནས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བགྱིའོ། །གཟུགས་ཐམས་ཅད་ཀྱི་ཆུང་མཐའ་ནི་རྡུལ་ཕྲ་རབ་ཡིན་ཞིང་དེ་ལས་ཆུང་བའི་རྡུལ་མེད་ལ། དེ་ནི་ཆ་མེད་དུ་འདོད་པ་ཡོད་ཀྱང་དེ་ལ་རིགས་པས་གནོད་པས་ཆ་བཅས་སུ་ཁས་ལེན་དགོས་ཤིང་། ཆ་བཅས་ཀྱང་འདི་ལ་ཕྱོགས་བཞི་དང་སྟེང་འོག་ཏུ་རྡུལ་དྲུག་གིས་བསྐོར་ནས་གནས་པས་འགྲུབ་ལ། མེད་ན་དེ་ལ་རིགས་པའི་གནོད་བྱེད་སྟོན་ཚུལ་མཚོན་ཙམ་སྔར་བཤད་ཟིན་ཏོ། །རྡུལ་ཕྲ་རབ་ནས་རགས་པ་བརྩམ་ཚུལ་ནི། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག ། དེ་བདུན་ལ་རྡུལ་ཕྲ་མོ་གཅིག །དེ་བདུན་ལ་ལྕགས་རྡུལ་གཅིག །དེ་བདུན་ལ་ཆུ་རྡུལ་གཅིག །དེ་བདུན་ལ་རི་བོང་གི་རྡུལ་གཅིག །དེ་བདུན་ལ་ལུག་རྡུལ་གཅིག ། དེ་བདུན་ལ་གླང་རྡུལ་གཅིག །དེ་བདུན་ལ་ཉི་ཟེར་རྡུལ་གཅིག །དེ་བདུན་ལ་སྲོ་མའི་རྡུལ་གཅིག །དེ་བདུན་ལ་ཤིག་རྡུལ་གཅིག །དེ་བདུན་ལ་སོར་གཅིག ། སོར་ཉེར་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཡོད་དེ་གཞན་ཡང་མཚོན་ནོ། །རྡུལ་ཕྲ་རབ་རང་བཞིན་གྱིས་མ་གྲུབ་པར་བཤད་ནས་དེ་བསགས་པའི་རགས་པ་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་སྟོན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་དོན་དམ་པར་ཁམས་སུ་གྲུབ་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་ཐ་སྙད་ཙམ་དུ་མིང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །འདིས་སྣོད་བཅུད་གཉིས་ཀ་མཚོན་ནོ། །གལ་ཏེ་དོན་དམ་པར་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་དེ་ལྟ་བུ་ཞིག་མཆིས་པར་གྱུར་ན་ནི། དེ་ཉིད་ཚོགས་ཤིང་འདུས་པ་ལ་མ་ལྟོས་པར་རགས་པ་རིལ་པོ་གཅིག་ཏུ་གྲུབ་ཅིང་འཛིན་དགོས་པར་འགྱུར་བའི་སླད་དུ་སྟེ། དེ་ལྟར་གྲུབ་ན་དེ་བཞིན་གཤེགས་པས་ཀྱང་གཟིགས་དགོས་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་ལྟ་བུའི་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཚོགས་ཤིང་མ་འདུས་པའི་རིལ་པོ་རགས་པ་ཆ་མེད་གཅིག་ཏུ་གྲུབ་པར་མ་གཟིགས་པས། འཇིག་རྟེན་ན་རིལ་བོར་རགས་པ་ལིང་པོ་ཆ་མེད་གཅིག་ཏུ་གྲུབ་པར་འཛིན་པ་གང་གསུངས་པའི་འཛིན་པ་དེ་ཡང་དོན་དམ་པར་འཛིན་པར་གྲུབ་པར་མ་མཆིས་སོ་ཞེས་པའི་སྔ་མ་གཟུང་བྱ་དང་། འདིས་འཛིན་པ་ཡང་དོན་དམ་པར་འགྲུབ་པར་སྟོན་པར་བཤད་དོ། །ཕྱི་མ་འདིས་བཅུད་ཀྱི་འཇིག་རྟེན་སྟོན་པའི་དབང་དུ་བྱས་ན་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ལུས་ནི་རྡུལ་ཕྲ་རབ་བསགས་པ་ལས་བྱུང་བའི་རགས་པ་ཡིན་ཏེ། དེ་རྡུལ་ཕྲ་མོ་ཚོགས་ཤིང་འདུས་པ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་རགས་པ་རིལ་པོ་ཆ་མེད་གཅིག་ཏུ་འཛིན་པ་འགོག་པ་ཡིན་ནོ། །ཕྲ་རབ་བསགས་པའི་རགས་པ་རྣམས་ནི་ཚོགས་ཤིང་འདུས་པའི་རྫུན་པ་ཡིན་པར་ངེས་སླ་ཡང་། རྡུལ་ཕྲ་རབ་ནི་རྫུན་པར་ཅུང་ངེས་དཀའ་བའི་དབང་གིས་དེ་ཆ་མེད་དང་རྟག་པ་དང་དོན་དམ་བདེན་པར་འདོད་པ་ཡང་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་རིལ་བོར་འཛིན་པ་དེ་ཉིད་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་ཅིང་དོན་དམ་པར་མེད་ལ། གཟུང་བྱའི་ཆོས་དེ་ནི་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན་ཡང་། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་དེ་དོན་དམ་པར་བརྗོད་དུ་ཡོད་པར་ཞེན་ནས་བཟུང་ངོ་། །འདི་དག་གིས་ཟབ་པ་དང་རྒྱ་ཆེ་བ་ཕྱོགས་གཉིས་ཀ་བཤད་དོ། །འོན་ཀྱང་དོན་དམ་པར་བརྗོད་དུ་མེད་ཚུལ་ལེགས་པར་ཤེས་པ་ལ་རྗོད་བྱེད་སྒྲ་རྣམས་ནི་རང་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་ཅིང་། འདོད་པའི་དབང་དང་ཐ་སྙད་ཀྱི་དབང་གིས་འཇུག་ཚུལ་འདི་ལེགས་པར་ཤེས་དགོས་པར་སྣང་ངོ་།། དེ་ནས་རབ་འབྱོར་སེམས་ཅན་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་གང་ཟག་གི་བདག་ཏུ་ལྟ་བ་དང་། སེམས་ཅན་དང་སྲོག་དང་གང་ཟག་ཏུ་ལྟ་བར་རང་ལུགས་ལ་གསུངས་སོ་ཞེས་ཟེར་ན། དེ་ཡང་དག་པ་སྟེ་ལེགས་པར་སྨྲ་བས་སྨྲ་བ་ཡིན་ནམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་མ་ལགས་སོ། །རྒྱུ་མཚན་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་གཞན་གྱིས་བདག་ཏུ་ལྟ་བ་སོགས་སུ་གང་གསུངས་པ་དེ་ནི། བདག་ཏུ་ལྟ་བ་སོགས་རྣམ་པར་བཤིག་པ་དང་། ལྟ་བ་དེ་དག་གི་ཞེན་ཡུལ་མེད་པ་དང་ལྟ་བ་དེ་ཡང་དོན་དམ་པར་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་བདག་ཏུ་ལྟ་བ་སོགས་ཞེས་བགྱིའོ། །དེ་ནས་མཇུག་སྡུད་པར་བཞེད་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། ཇི་སྐད་བཤད་པ་འདི་ལྟར་ཆོས་ཐམས་ཅད་ལ་སྦྱར་ནས་ཤེས་པ་དང་བལྟ་བ་དང་མོས་པར་བྱ་ཞེས་པའི་ཤེས་པ་ནི་ཐོས་པའི་ཤེས་རབ། ལྟ་བ་ནི་བསམ་པའི་ཤེས་རབ། མོས་པ་ནི་བསྒོམས་པའི་ཤེས་རབ་བསྐྱེད་པར་བྱ་ཞེས་པའོ། །ཅི་ནས་ཀྱང་ཆོས་སུ་འདུ་ཤེས་ཞེས་པ་ནི་ཆོས་གང་ལ་ཡང་བདེན་པར་གྲུབ་སྙམ་པའི་འདུ་ཤེས་བདེན་འཛིན་མི་སྐྱེ་ཞིང་། བདེན་པའི་འདུ་ཤེས་ལ་མི་གནས་པར་བྱའོ། །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་སུ་འདུ་ཤེས་ཞེས་བྱ་བ་ནི། འདུ་ཤེས་པའི་ཡུལ་དང་འདུ་ཤེས་པ་ཉིད་ཀྱང་དོན་དམ་པར་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཐ་སྙད་དུ་ཆོས་སུ་འདུ་ཤེས་ཞེས་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན་དང་། དེ་ཅིའི་སླད་དུ་ཞེ་ན་གཉིས་ཀྱི་ཕྱིར་དང་སླད་དུ་ནི་གཏན་ཚིགས་སམ། རྒྱུ་མཚན་ཡིན་ཞིང་སྐད་དོད་ཨ་ཐ་ཞེས་པར་འདྲ་ཡང་། སྔ་མ་ནི་སྟོན་པའི་གསུངས་ཏེ་ཞེ་ས་མེད་ལ། ཕྱི་མ་རབ་འབྱོར་གྱི་གསུང་ནི་ཞེ་སར་བསྒྱུར་བའོ། །དེ་ལྟར་བདེན་མེད་ཡང་དང་ཡང་དུ་བཤད་ནས་བདེན་འཛིན་ནན་ཏན་དུ་མཛད་ནས་བཀག་གོ །འགོག་ཚུལ་ནི། བདེན་འཛིན་གྱིས་བཟུང་བ་ལྟར་དེའི་ཞེན་ཡུལ་ལ་རིགས་པའི་གནོད་བྱེད་བསྟན་ནས་འགོག་པ་ཡིན་གྱི། ཚེར་མ་འདོན་པ་ལྟར་མིན་ཏེ། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །འགོག་པའི་རྒྱུ་མཚན་ནི། བདེན་འཛིན་མ་རིག་པ་ཡིན་པས་དེའི་དབང་གིས་འཁོར་བར་འཁོར་བ་དང་། བདེན་འཛིན་སྤོང་བ་ལ་བདེན་མེད་རྟོགས་དགོས་ཤིང་དེ་རྟོགས་ནས་བསྒོམས་སྟོབས་ཀྱིས་འཁོར་བ་ལས་གྲོལ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་ཐོབ་པར་འགྱུར་སྙམ་དུ་དགོངས་པའི་ཕྱིར་ཏེ། མདོ་སྡུད་པ་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས།། ཞེས་དང་། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །མདོར་ན། བདག་མེད་རྟོགས་པའི་ཤེས་རབ་ནི་ཐར་པ་ཐོབ་བྱེད་ཀྱི་རྒྱུ་ཀུན་གྱིི་གཙོ་བོ་ཡིན་ཏེ། དེ་མེད་ན་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་མི་སྲིད་པའི་ཕྱིར་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟག་གང་ཞིག་སྒོམ་བྱེད་པ། །ཐར་པ་མྱ་ངན་འདས་ཐོས་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་པ་ལྟ་བུ་གཞན་ཡང་ཁུངས་མང་ཡང་ཤིན་ཏུ་གལ་ཆེའོ། །དེ་ལྟར་གལ་ཆེ་བ་ལ་དགོངས་ཏེ་ཕན་ཡོན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་གསེར་དངུལ་མུ་ཏིག་སོགས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྫོགས་པར་ལྟ་ཞོག །ཐ་ན་ཟབ་མོ་སྟོན་པའི་ཚིག་རྐང་པ་བཞི་པའི་ཚིགས་སུ་བཅད་པ་ཙམ་བྲིས་ནས་བློ་ལ་འཛིན་ཏམ། གླེགས་བམ་ཀློག་གམ། གླེགས་བམ་ཡོངས་རྫོགས་ལག་ཏུ་འཆང་ངམ། དེའི་ཚིག་དོན་རྣམས་ཀུན་ཆུབ་པ་སྟེ་ཤེས་པར་བྱེད་དམ། རང་གིས་ཚིག་དོན་ཤེས་པ་ལྟར་སེམས་ཅན་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ན། གང་ཟག་དེ་ཉིད་དེ་ལྟ་བུ་བྱས་པའི་གཞི་དེ་ལས་བསོད་ནམས་ཏེ་དོན་ལ་ཕན་ཡོན་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །བསོད་ནམས་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་མཚོན་ཞིང་། སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ལས་ནི་གཙོ་བོར་བསོད་ནམས་ཀྱི་ཚོགས་གསོག་ལ། བསམ་གཏན་ཤེས་རབ་གཉིས་ཀྱིས་ནི་གཙོ་བོར་ཡེ་ཤེས་ཀྱི་ཚོགས་གསོག་ཅིང་། བརྩོན་འགྲུས་ལས་ནི་དེ་གཉིས་ཀ་འབྱུང་ངོ་། །དེས་ན་ཤེར་ཕྱིན་ལ་ཐོས་བསམ་སོགས་བྱེད་པ་ནི་ཡེ་ཤེས་གྱི་ཚོགས་གསོག་པ་གཙོ་ཆེའོ། །འོ་ན་གཞུང་འདིར་ཕན་ཡོན་འཆད་པའི་སྐབས་རྣམས་སུ་བསོད་ནམས་ཀྱི་ཕུང་པོ་ཞེས་པ་མང་དུ་འབྱུང་བ་ཇི་ལྟར་ཡིན་ཞེ་ན། དེ་ནི་ཚོགས་གཉིས་ཀྱི་ཟླས་ཕྱེ་བའི་བསོད་ནམས་ཀྱི་ཚོགས་ཙམ་ལ་དགོངས་པ་མ་ཡིན་གྱི། ཕན་ཡོན་ལ་བསོད་ནམས་ཀྱི་མིང་གིས་བརྗོད་པའོ། །གཞུང་འདི་སྟོན་ཚུལ་ཇི་ལྟར་བྱ་བ་ནི། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། དེ་ཡང་བརྗོད་ཅིང་སྟོན་པ་དང་གོ་བ་རྣམས་ནི་ཐ་སྙད་ཙམ་དུ་འཇོག་ཅིང་། དོན་དམ་པར་བརྗོད་བྱ་རྗོད་བྱེད་སོགས་མེད་པས་དོན་ཇི་ལྟར་ཡང་དག་པར་རམ་དོན་དམ་པར་རམ་རབ་ཏུ་མི་སྟོན་ཀྱང་ཐ་སྙད་དུ་སྟོན་པ་དེ་བཞིན་དུ། འདིར་ཡང་ཐ་སྙད་ཙམ་དུ་ཚིག་དང་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་རབ་ཏུ་སྟོན་ཏེ། རྒྱུ་མཚན་དེས་ན། ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ། །འདི་ལེགས་པར་ཤེས་པ་ནི། རྗོད་བྱེད་ཀྱི་སྒྲ་རྣམས་ནི་རང་ཡུལ་ལ་བརྡ་དང་ཐ་སྙད་ཀྱི་དབང་གིས་འཇུག་ཅིང་། དངོས་པོའི་དབང་གིས་མི་འཇུག་པའི་ཚུལ་ལེགས་པར་ཤེས་དགོས་ཏེ་གོང་དུ་མཚོན་ཙམ་ཞིག་བཤད་ཀྱང་། འདིར་ཡང་དངོས་པོའི་དབང་གིས་མི་འཇུག་པའི་རྒྱུ་མཚན་ནི་དོན་གཅིག་ལའང་མིང་སྣ་ཚོགས་ཀྱིས་བརྗོད་ཆོག་པ་ལྟ་བུ་སྟེ། དཔེར་ན་རྟ་ལྟ་བུ་གཅིག་ལ་ཡང་རྒྱ་གར་རྒྱ་ནག་བོད་སོག་པོ་སོགས་ཀྱིས་རང་རང་གི་ཡུལ་སྐད་སྣ་ཚོགས་ཀྱི་མིང་གིས་བརྗོད་པ་བཞིན་དང་། ཤེར་ཕྱིན་བྱམས་པས་ཞུས་པ་ལས་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་ཡང་མིང་གློ་བུར་དུ་བཏགས་པར་གསུངས་པས་མིང་འཇུག་པ་ནི་བརྡའི་དབང་ཡིན་གྱི། དངོས་པོའི་དབང་གིས་མིན་ནོ། །དེས་ན་མིང་ལ་བརྟེན་ནས་དོན་གོ་བ་ཡང་བརྡ་སྦྱར་དགོས་པའི་དབང་གིས་ཡིན་གྱི། བརྡ་མ་སྦྱར་ན་དོན་གོ་མི་ནུས་ཏེ། དཔེར་ན་བྱིས་པ་ཆུང་ངུ་བརྡ་མི་ཤེས་པ་ལ་མིང་དེ་དང་དེ་བརྗོད་ཀྱང་སྒྲ་ཙམ་ཞིག་ཐོས་པར་འགྱུར་ཞིང་། དོན་དེ་དང་དེ་མི་གོ་བ་ལྟར་རོ། །དེ་བཞིན་དུ་གཞན་ཀུན་གྱིས་ཀྱང་དོན་དེ་གོ་བ་ནི་བརྡའི་དབང་གིས་ཡིན་གྱི། བརྡ་མེད་ན་བྱིས་པ་ཆུང་ངུ་ལྟར་སྒྲ་ཙམ་ཞིག་ཐོས་པར་འགྱུར་གྱི་དོན་གོ་བར་མི་འགྱུར་རོ། །ཆོས་རྣམས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་བཟོད་ཅིང་། འཕགས་པའི་མཉམ་བཞག་གི་གཟིགས་ངོར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་དེའི་ངོར་སྤྲོས་བཅས་ཀྱི་ཚུལ་དུ་བརྗོད་མི་ནུས་པ་ནི་སྔ་མ་ལས་ཀྱང་ཟབ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟར་རོ། །དེ་ནས་འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་མེད་ཅིང་མི་རྟག་པར་བསྟན་ནས་མཇུག་བསྡུ་བ་ནི། སྐར་མ་རབ་རིབ་མར་མེ་དང་། །ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་སོགས་ལ་མཚོན་ན། དཔེར་ཇི་ལྟར་ན། སྐར་མ་རྣམས་ནི་མཚན་མོར་སྣང་ཞིང་། ཉིན་མོར་མི་སྣང་བ་དེ་བཞིན་དུ་ཕུང་སོགས་ཀྱི་འདུས་བྱས་རྣམས་ནི་མ་རིག་པའི་མུན་པ་ཡོད་ན་དོན་དམ་པར་སྣང་གི །བདེན་མེད་རྟོགས་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བ་ན་དོན་དམ་པར་མི་སྣང་བས་སྐར་མ་བཞིན་དུ་བལྟའོ། །རྡུལ་སོགས་རབ་རིབ་ཀྱིས་མིག་བསྒྲིབས་པའི་ཚེ་དོན་ཇི་ལྟ་བ་བཞིན་དུ་མི་སྣང་བར་གཞན་དུ་མཐོང་བ་ལྟར་མ་རིག་པའི་རབ་རིབ་ཀྱིས་བློ་མིག་བསྒྲིབས་པའི་ངོར་འདུས་བྱས་རྣམས་ཀྱང་དོན་གཞན་དུ་སྣང་ངོ་། །མར་མེ་ནི་སྡོང་བུ་ལ་བརྟེན་ནས་མྱུར་དུ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ་འདུས་བྱས་རྣམས་ནི་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་མྱུར་དུ་སྐྱེ་འཇིག་བྱེད་དོ། །སྒྱུ་མ་ནི་དོན་གཞན་དུ་སྣང་བ་ལྟར་འདུས་བྱས་རྣམས་ནི་བློ་འཁྲུལ་བའི་ངོར་བདེན་པར་སྣང་ངོ་། །ཟིལ་བ་ནི་མྱུར་དུ་འཇིག་པ་ལྟར་འདུས་བྱས་རྣམས་ནི་རང་གི་དུས་གཉིས་པར་མི་སྡོད་པར་མྱུར་དུ་འཇིག་གོ །ཆུ་བུར་ནི་ཆུ་འ ཁྲུགས་པ་སོགས་ལས་གློ་བུར་དུ་འབྱུང་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི་རྐྱེན་ཚོགས་ན་གློ་བུར་དུ་འབྱུང་ཞིང་འཇིག་གོ །རྨི་ལམ་ནི་གཉིད་ཀྱིས་བསླད་པའི་ཚེ་འཁྲུལ་སྣང་ཡིན་པ་ལྟར་འདུས་བྱས་རྣམས་ནི་མ་རིག་པས་བསླད་པའི་ངོར་བདེན་སྣང་དུ་འཆར་རོ། །གློག་ནི་མྱུར་དུ་འབྱུང་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི་རྐྱེན་ཚོགས་ན་མྱུར་དུ་འབྱུང་ཞིང་འཇུག་གོ །སྤྲིན་ནི་ཀླུ་སོགས་ཀྱི་བསམ་པའི་དབང་གིས་མཁའ་ལ་སྐྱེ་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་དབང་གིས་སྐྱེ་འཇིག་བྱེད་པར་འགྱུར་ཞེས་པའི་དཔེ་རྣམས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་བདེན་མེད་དུ་བཤད་དོ། །དེ་དག་ནི་འདུས་བྱས་རྣམས་ལ་ཐུན་མོང་དུ་སྦྱར་ནས་བཤད་པ་སྟེ། མདོ་ལས་ནི། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་བཤད་ཅེས་མགོན་པོ་ཀླུ་སྒྲུབ་གསུང་ངོ་། །སློབ་དཔོན་ཀཱ་མ་ལ་ཤཱི་ལས་ནི་ཕྱི་མ་གསུམ་དུས་གསུམ་དང་སྦྱར་ནས་སྔ་མ་ལས་མི་འདྲ་བར་བཤད་ཀྱང་མི་འགལ་ལོ། །མདོར་ན་འདུས་བྱས་ཐམས་ཅད་ཀྱང་གོང་དུ་བཤད་པའི་དཔེ་དགུ་པོ་དེ་ལྟར་མི་རྟག་པ་དང་རང་བཞིན་མེད་པར་བལྟ་བོ་ཞེས་སོ། །འདིས་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ཀ་བསྟན་པར་བཟུང་ངོ་། །༈ གསུམ་པ་མཇུག་གི་རིམ་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དེ་ལ་གནས་བརྟན་རབ་འབྱོར་དང་། དེ་ལས་གཞན་པའི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མའི་འཁོར་རྣམ་པ་བཞི་པོ་དང་། གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཡི་རང་ཞིང་དགའ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་སོ། །འདིའི་མཇུག་ཏུ་རྡོ་རྗེ་གཅོད་པའི་སྙིང་པོའི་སྔགས་ཞེས་པ་ཞིག་འབྱུང་བ་འདི་མདོ་རྒྱུད་ན་ཡོད་པར་མ་མཐོང་བས། གཞན་ཞིག་གིས་བྱས་ནས་བཅུག་པར་ངེས་སོ། །དེར་མ་ཟད་སྙིང་པོ་འདི་ལན་གཅིག་བརྗོད་པས་རྡོར་གཅོད་ཚར་ཁྲི་དགུ་སྟོང་བཀླག་པ་དང་མཉམ་མོ་ཞེས་པ་ནི་བསྔགས་བརྗོད་ཧ་ཅང་ཐལ་བ་སྟེ། འོན་ཀྱང་ཏོན་མི་མཆོག་པ་ནི་མིན་ནོ། །དེ་ལྟར་གསུང་རབ་འདི་ལ་སོགས་པ་གཞུང་མང་པོའི་དགོངས་འགྲེལ་འབད་པས་བྱས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་དང་། །དམ་ཆོས་འཛིན་པའི་བསོད་ནམས་གང་། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སྟོང་པ་ཉིད་ཀྱི་དོན་འཆད་ཅིང་མོས་པ་ལས་ཕན་ཡོན་ཆེན་པོ་འབྱུང་བར་གསུངས་པ་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་བསྟན་གཉིས་སུ་འདུ། །ལེགས་པར་བཤད་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ཡང་། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་ཐུབ་པའི་བསྟན་པ་ལ་ཕན་ཅུང་ཟད་རེ་ཨེ་ཐོགས་བསམས་ནས་ཡིན་གྱི་གཞན་མིན་ནོ། །སྟོན་པས་ཤེར་ཕྱིན་བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་ཞེས་ལུང་བསྟན་འདུག་པ་བཞིན། བྱང་ཕྱོགས་འདིར་རྗེ་ཉིད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་སྙིང་པོ་ལྟ་བ་རྣམ་པར་དག་པ་གསལ་བར་མཛད་པའི་སྲོལ་དུ་ཞུགས་ནས། ཁོ་བོས་ཀྱང་རྗེའི་དགོངས་པ་འགྲེལ་པའི་ལྟ་བའི་རྣམ་བཞག་དུ་མ་བྱས་པ་རྣམས་ཕྱོགས་མང་པོར་དར་ཞིང་། ཁྱད་པར་དུ་རྩ་འཇུག་གཉིས་ཀྱི་འགྲེལ་པ་དང་། ཤེར་སྙིང་དང་ཟབ་མོའི་གཞུང་འདིའི་དགོངས་པ་བློས་ཅི་ནུས་སུ་བཀྲལ་བ་འདི་དག་ཀྱང་། རྒྱལ་བས་ལུང་དེ་ལྟར་བསྟན་པའི་ཕྱོགས་སུ་འགྲོའམ་སྙམ་ནས་ཡིན་པས། དེའི་ཕྱིར་ཚུལ་འདི་ལ་འབད་པ་ནི་དོན་མཆིས་པ་ཡིན་ནོ།། །།༈ སྨྲས་པ། སྔོན་བསགས་ལེགས་སྤྱད་མང་ཐོས་རླུང་ཤུགས་ཀྱིས། །ལུང་དང་རིགས་པའི་གཤོག་སྒྲོ་རབ་བསྐྱོད་དེ། །ཟབ་དོན་མཁའ་ལ་བགྲོད་པའི་གཉིས་སྐྱེས་ཁྱོད། །དོན་མིན་འཁྲུལ་བའི་གཡང་སར་མ་ལྷུང་ངམ། །གལ་ཏེ་ཚུལ་འདིར་ཉེས་བཤད་ཆ་མཆིས་ན། །ཐུབ་དབང་ཉིད་དྲུང་བཤགས་ཤིང་བཟོད་གསོལ་གྱི། །བརྩེ་བའི་ཐུགས་ཀྱིས་ནོངས་པའི་དྲི་སྦྱངས་ནས། །བྱང་ཆུབ་བར་དུ་རྗེས་སུ་འཛིན་གྱུར་ཅིག །ཆེས་ཟབ་ཟབ་མོའི་མདོ་དོན་བཀྲལ་བའི་དགེས། །གཞུང་མང་མང་དུ་ཐོས་པའི་བློ་ལྡན་བདག །སྐྱེ་ཀུན་ཀུན་མཁྱེན་ལམ་སྒྲུབ་རྟེན་རྙེད་ཚོགས། །རབ་རྫོགས་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། ཅེས་རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་སྣང་བའི་ཉི་མ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོར་དད་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །ལྕགས་འབྲུག་ལོར་ས་ཟླའི་ནང་དགེ་སློང་བློ་བཟང་ཆོས་འབྱོར་གྱི་ཞལ་མཇལ། །མངྒལཾ།། །།


previousརྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ།next