Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of མགོན་པོ་བེང་
[Clear Hits]


  
  
  
 
  
  
  
  
བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་།
  
  


1 occurrence of མགོན་པོ་བེང་
[Clear Hits]

 
previousབྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་།next

བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་།

བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུན་ཚོགས་ཚོགས་གཉིས་རྟ་བདུན་གྱིས་དྲངས་ཟབ་ཡངས་ཆོས་སྐུའི་མཁར་འཕགས་ཤིང་། །རབ་མཛེས་མཛེས་སྡུག་ལྟ་བས་མི་ངོམས་གཟུགས་སྐུའི་དཀྱིལ་འཁོར་རྣམ་པར་བཀྲ །མ་ལུས་ལུས་ཅན་འགྲོ་ལ་ཡོངས་ཁྱབ་འཕྲིན་ལས་སྣང་བའི་ཁོར་ཡུག་ཅན། །ལྷ་ཡི་ལྷ་མཆོག་ཐུབ་དབང་ཉི་མ་བདག་སོགས་སྐྱེ་འགྲོ་ཀུན་གྱི་སྐྱབས། །སྤང་རྟོགས་ས་འཛིན་དབང་པོའི་རྩེར་གནས་ཤིང་། །བྱམས་བརྩེ་ས་སྲུང་དཀར་པོའི་སྟེང་ན་འགྱིང་། །སྐལ་ལྡན་འཆི་མེད་ཚོགས་ལ་ཆོས་ཀྱི་བཀས། །མངའ་བསྒྱུར་རྒྱལ་ཚབ་མིག་སྟོང་ལྡན ལ་འདུད། །མགོན་དེས་སྔོན་ཚེ་ཐབས་ལམ་མཁས་པ་ཡིས། །མྱུར་དུ་བྱང་ཆུབ་ཐོབ་ཕྱིར་ཕྱིན་དྲུག་གི །རླབས་ཆེན་སྨོན་ལམ་མཛད་པའི་ཀུནྡའི་ཁ། །རྣམ་དཔྱོད་སོར་རྩེས་རྣམ་པར་དབྱེ་བར་བྱ། །འདི་ལ་གཉིས། གླིང་གཞི་ལུང་བསྟན་པ་དང་། གཞུང་དོན་བཤད་པ་དངོས་སོ། །དང་པོ་ལ། གཞུང་འདི་ནི་འཕགས་པ་དཀོན་མཆོག་བརྩེགས་པའི་ལེའུ་ཞེ་གཅིག་པ་བྱམས་པས་ཞུས་པ་ཞེས་བྱ་བ་བམ་པོ་གཅིག་པ་ལས་འབྱུང་སྟེ། འདི་ལ་ཡང་གླེང་བསླང་བའི་རྒྱུ་དང་། གླེང་བསླང་བ་དངོས་དང་། གླེང་བསླང་བའི་དོན་གསུམ་སྟེ། བསྡུས་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཝ་རྒན་ཆུ་སྲིན་བྱིས་པ་གསོད་པའི་རི་ལ་བཞུགས་པའི་ཚེ། བྱམས་པས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་ངན་འགྲོ་སྤོང་ཞིང་སྡིག་གྲོགས་ཀྱིས་དབང་དུ་མི་འགྲོ་བར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་ཞུས་པ་ལ། སྟོན་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། །ཞེས་སོགས་ཀྱིས་ཆོས་གཅིག་ནས་བཅུའི་བར་སྡེ་ཚན་བཅུ་གསུངས་པ་ན་བྱམས་པས་སྟོན་པ་ལ་ཕྱིན་དྲུག་གིས་སྒོ་ནས་བསྟོད་དོ། །དེ་ནས་ཀུན་དགའ་བོས་བྱམས་པ་ལ་བསྔགས་བརྗོད་བྱས་པས་སྟོན་པས་མཐུན་འགྱུར་མཛད་ནས། བྱམས་པ་འདིས་ང་ལ་ད་ལྟ་བསྟོད་པར་མ་ཟད། སྔོན་བསྐལ་བ་མང་པོ་འདས་པའི་ཚེ་སངས་རྒྱས་སྣང་བས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་བསྟོད་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་ཅེས་གསུངས། དེ་ནས་ཀུན་དགའ་བོས། བྱམས་པས་དེ་དུས་བཟོད་པ་ཐོབ་ན་ད་དུང་འཚང་མི་རྒྱ་བའི་རྒྱུ་ཞུས་པས། སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཞིང་དག་པ་འཛིན་པའི་ཆེད་ཡིན་པར་བཤད་ཅིང་། བྱམས་པས་འཕགས་ལམ་ཐོབ་ནས་བསྐལ་བ་བཞི་བཅུ་རྩ་གཉིས་ནས་ངས་སེམས་བསྐྱེད་ཅེས་གསུངས་ཏེ། དེའི་དབང་དུ་བྱས་ན་བསྐལ་བ་འདི་ནས་བསྐལ་བ་དགུ་ཅུ་རྩ་བཞི་ན་ང་འཚང་རྒྱ་དགོས་རྒྱུ་ཡིན་པ་ལས། ངས་བརྩོན་འགྲུས་དྲག་པོ་བྱས་ནས་མྱུར་དུ་སངས་རྒྱས་སོ་གསུང་། དེ་ནས་མྱུར་དུ་འཚང་རྒྱ་བའི་ཆོས་ཚན་བཅུ་གཉིས་གསུངས་པའི་དང་པོ་ནི། ངས་སྔོན་ནོར་བུ་དང་ཆུང་མ་དང་མགོ་དང་མིག་དང་རྒྱལ་སྲིད་དང་ལོངས་སྤྱོ་དང་ཁྲག་དང་རྐང་རུས་དང་ཡན་ལག་ཐམས་ཅད་སྦྱིན་པ་བྱིན་པའི་དཀའ་སྤྱད་མང་དུ་མཛད་ཅིང་། བྱམས་པས་དཀའ་སྤྱད་དེ་ལྟ་བུ་མེད་པར་ཐེག་པ་བདེ་བ་དང་ལམ་བདེ་བ་དང་འཇུག་པ་བདེ་བས་བྱང་ཆུབ་སྒྲུབ་ཅེས་གསུངས་སོ། །དེ་ནས་ཀུན་དགའ་བོས། བྱམས་པས་དཀའ་སྤྱད་དྲག་པོ་མེད་པར་ཐབས་བདེ་བས་ལམ་བགྲོད་པའི་ཐབས་མཁས་དེ་ཅི་ལྟ་བུ་ལགས་ཞེས་ཞུས་པས། དེའི་ལན་དུ་སྟོན་པས་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུངས་ནས་འཇུག་ཏུ། ཐབས་མཁས་པས་ཐེག་པ་བདེ་བ་དང་། ལམ་བ དེ་བ་དང་། འཇུག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཐབས་མཁས་པ་ནི་དེ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་སྨོན་ལམ་དེ་ཚིག་གིས་བརྗོད་པ་ཙམ་མ་ཡིན་པར་དོན་དེ་ལྟར་ཉམས་སུ་བླངས་ནས་འཚང་རྒྱ་བར་བསྟན་པའོ། །ཚུལ་དེ་བྱམས་པའི་ཐབས་མཁས་པ་ཙམ་ལ་དགོངས་པ་མ་ཡིན་གྱི། ཡན་ལག་བདུན་དང་ཕྱིན་དྲུག་གི་ལམ་ནི་རྗེས་འཇུག་རྣམས་ལའང་ཚོགས་གསོག་པ་དང་ཐབས་མཁས་པའི་ལམ་དུ་གོ་བར་མཛད་པའོ། །གཉིས་པ་གཞུང་དོན་བཤད་པ་དངོས་ལ་ལྔ། མཚན་བཤད་པ། འགྱུར་ཕྱག་བཤད་པ། སྨོན་ལམ་བཏབ་ཚུལ། གཞུང་དོན་རྣམས་སོ་སོར་བཤད་པ། མཇུག་བསྡུ་བའི་རིམ་པའོ། །དང་པོ་ནི། རྒྱ་གར་སང་སྐྲྀ་ཏའི་སྐད་དུ། སྨོན་ལམ་འདིའི་མཚན་ལ། ཨཱརྱ་མཻ་ཏྲི་པྲ་ཎི་དྷ་ན་རཱ་ཛ་ཞེས་འབྱུང་ཞིང་། དེ་ཉིད་བོད་སྐད་དུ་བསྒྱུར་ན་འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་པར་འགྱུར་ཏེ། ཨཱརྱ་ནི་འཕགས་པ། མཻ་ཏྲི་ནི་བྱམས་པ། པྲ་ནི་དྷ་ན་ནི་སྨོན་ལམ། རཱ་ཛ་ནི་རྒྱལ་པོ་ཞེས་པའོ། །གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བས་བཀོད་པ་སྟེ་གོ་སླའོ། །གསུམ་པ་སྨོན་ལམ་བཏབ་ཚུལ་ནི། དཀོན་བརྩེགས་ཀྱི་མདོ་ལས། ཀུན་དགའ་བོ་ཇི་ལྟར་ཞེས་པ་ནས། འདི་སྐད་ཅེས་སྨོན་ལམ་བཏབ་བོ་ཞེས་པའི་བར་སྔར་དྲངས་པ་ལྟར་རོ། །བཞི་པ་གཞུང་དོན་རྣམས་སོ་སོར་བཤད་པ་ལ་གཉིས། སྔོན་དུ་ཚོགས་གསོག་པའི་ཆེད་དུ་ཡན་ལག་བདུན་པ་བྱ་བ་དང་། དེ་ཉིད་བྱང་ཆུབ་ཆེན་པོའི་རྒྱུར་སྒྱུར་བྱེད་ཀྱི་སྨོན་ལམ་གདབ་པའོ། །དང་པོ་ནི། ཡན་ལག་བདུན་པ་འཆད་པའི་གཞུང་འདི་རྣམས་ལ་བཟང་སྤྱོད་ནས་འབྱུང་བ་ལྟར་གོ་རིམ་དངོས་སུ་མི་གསལ་ཡང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་འཁོར་བསྐོར་བ་དང་། བཞུགས་སུ་གསོལ་བ་ལྔ་ནི་དངོས་སུ་གསལ་ཞིང་། མཆོད་པ་ནི། སངས་རྒྱས་མཆོད་པ་གང་བྱུང་བ། །ཞེས་པ་ཙམ་ལས་མཆོད་ཚུལ་ནི་དངོས་སུ་མི་འབྱུང་ལ། བསྔོ་བ་ཡང་བསྔོའོ་ཞེས་དངོས་སུ་མ་བྱུང་ཀྱང་། སྨོན་ལམ་རྣམས་ཀྱང་བསྔོ་བར་གཏོགས་ཤིང་། དེ་གཉིས་ཀ་ནི་བདག་ལས་རྣམ་པ་གསུམ་གང་གིས། བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་ལ་བྱང་ཆུབ་མི་ཟད་ཤོག །ཅེས་པའི་རྐང་པ་གཉིས་ཀྱིས་སྒོ་གསུམ་གྱི་མཆོད་པའི་བསོད་ནམས་བསྟན་པའི་སྒོ་ནས་མཆོད་པ་དང་། ཕྱི་མ་གཉིས་ཀྱིས་བསོད་ནམས་དེ་ཀུན་མཁྱེན་གྱི་ས་བོན་དུ་བྱས་ནས་བྱང་ཆུབ་ཆེན་པོའི་རྒྱུར་སྨིན་པའི་ཚུལ་གྱིས་བསྔོས་སོ། །དེ་ལྟར་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བ་ལ་གཉིས། སངས་རྒྱས་བྱང་སེམས་ཉན་རང་རྣམས་དང་། བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བའོ། །དང་པོ་ནི། སངས་རྒྱས་ཀུན་ལ་སོགས་ཚིགས་བཅད་གཅིག་སྟེ། དང་པོ་ནི། ཕྱག་འཚལ་ལོ། །ཡུལ་གང་ལ་ན། སངས་རྒྱས་ཀུན་ལའོ། །སངས་རྒྱས་ལ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དང་། ཆོས་སྐུ་ལའང་ཡེ་ཤེས་ཆོས་སྐུ་དང་། སྤངས་པ་ཆོས་སྐུ་གཉིས། སྤྲུལ་སྐུ་ལ་བསྡུས་ན་མཆོག་གི་སྤྲུལ་སྐུ་དང་། དེ་ལས་གཞན་པའི་སྤྲུལ་པའི་སྐུ་གཉིས་སོ། །དེ་དག་གི་ཁྱད་པར་རྒྱས་པར་བཤད་ན་མང་དུ་དོགས་པས་བཞག་ལ། སངས་རྒྱས་ཀྱི་སྒྲ་དོན་ནི། དེའི་སྐད་དོད་བུདྡྷ་ཞེས་པ་དེ། སྒྲའི་གཞུང་ལས། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་དང་། རྟོགས་པ་ལའོ་ཞེས་འབྱུང་བ་ལྟར། དཔལ་ལྡན་ཟླ་བས་འཇུག་པ་ལས། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །ཞེས་གསུངས་པ་ལྟར། ཆོས་རྣམས་ཀྱི་སྟོང་པའི་དེ་ཁོ་ན་ཉིད་ཇི་བཞིན་ཁོང་དུ་ཆུད་པའམ། རྟོགས་ཤིང་མངོན་དུ་གྱུར་པའི་སྒོ་ནས་སངས་རྒྱས་ཞེས་བཤད་པ་དང་། ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་རྣམས་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་བཤད་པ་ལྟར་ཚུལ་གཉིས་སོ། །ཕྱག་འཚལ་ཚུལ་ནི་བཟང་སྤྱོད་ནས་འབྱུང་བ་ལྟར་སྒོ་གསུམ་གྱིས་རབ་ཏུ་དང་བས་ཕྱག་འཚལ་བ་དང་། དེ་ཡང་སངས་རྒྱས་གཅིག་ཙམ་མ་ཡིན་པར་སངས་རྒྱས་དཔག་ཏུ་མེད་པ་དམིགས་ཡུལ་དུ་བྱས་ནས་ཕྱག་འཚལ་བའོ། །སངས་རྒྱས་རྣམས་སུ་མ་ཟད། དྲང་སྲོང་ལྷའི་མིག་སྟེ་སྤྱན་དང་ལྡན་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་དང་། ཡང་དེར་མ་ཟད། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ་ཞེས་དང་། རང་རྒྱལ་རྣམས་ལའང་དོན་གྱིས་ཕྱག་འཚལ་བ་སྡུད་དོ། །འོ་ན། འདིར་ཉན་ཐོས་དངོས་སུ་སྨོས་ནས་རང་རྒྱལ་དངོས་སུ་མི་སྨོས་པ་ཅི་ཞེ་ན། ཉན་ཐོས་སྟོན་པའི་འཁོར་གྱི་གཙོ་བོ་ཡིན་ཞིང་མང་ལ། རང་རྒྱལ་སྟོན་པའི་འཁོར་དུ་ཆེར་མི་འབྱུང་ཞིང་ཉུང་བས་སོ། །དྲང་སྲོང་གི་སྒྲ་དོན་ནི། ཡིད་དྲང་པོར་སྲོང་བ་དང་ལམ་དྲང་པོར་སྒྲུབ་པའི་དོན་དུ་བཤད་ཅིང་། དྲང་སྲོང་གི་སྐད་དོད་རི་ཥི་ནི་འབྱོར་པ་དང་གསོ་ཞིང་སྦྱོང་བ་དང་། དེས་བརྗོོད་ཆ་བྱད་འཆང་བ་སྟེ། སྔ་མ་ལྟར་ན་ནུས་མཐུའི་འབྱོར་པ་དང་ལྡན་ཅིང་། ནད་དང་སྡུག་བསྔལ་སོགས་གསོ་ཞིང་སྦྱོང་བར་བྱེད་པ་དང་། ཕྱི་མ་ལྟར་ན་བདེན་པར་སྨྲ་བ་དང་བདེན་པར་སེམས་ཤིང་། དགེ་སྦྱོང་དང་བྲམ་ཟེའི་ཆ་བྱད་འཛིན་པའི་དོན་ཅན་དུ་བཤད་པ་ལྟར་རོ། །འདིར་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ལ་དྲང་སྲོང་ཞེས་བརྗོད་པ་ཡིན་ལ། སྤྱིར་དྲང་སྲོང་ལ་ཕྱི་ནང་གི་དྲང་སྲོང་གཉིས་དང་། ཁྱད་པར་དུ་ལྷའི་དྲང་སྲོང་མང་པོ་ཞིག་བཤད་ལ། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །ཞེས་གསུངས་པ་ལྟར་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དྲང་སྲོང་ཆེན་པོར་འཇོག་དགོས་ཤིང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཞེས་པའི་སྐབས་སུ་རང་རྒྱལ་ལ་དྲང་སྲོང་དུ་བཤད་ཅིང་། ཁ་ཅིག་དྲང་སྲོང་དང་ཐུབ་པ་མིང་གི་རྣམ་གྲངས་སུ་བཤད་པས། ཉན་རང་འཕགས་པ་ཀུན་ཀྱང་དྲང་སྲོང་དུ་འཇོག་ནུས་སོ། །འདིར་བྱང་སེམས་ལྷའི་མིག་དང་ལྡན་པ་དངོས་སུ་སྨོས་པ་ནི། ལྷའི་མིག་དང་ལྡན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ནི། སྨོན་ལམ་འདེབས་པའི་དཔང་པོར་འོས་པའི་དབང་གིས་ཡིན་པར་བཤད་དེ། ཐོག་མཐའ་བར་དགེར། དྲང་སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག །ཅེས་འབྱུང་བ་དང་མཐུན་ནོ། །ལྷའི་མིག་གམ་སྤྱན་ནི་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་སེམས་རྟེན་བསམ་གཏན་ལྟ་བུ་ལ་བརྟེན་ནས་རང་ཡུལ་གྱི་གཟུགས་ཕྲ་རགས་རྣམས་མཐོང་བའི་མིག་དབང་གཟུགས་ཅན་པ་ཞིག་ཡིན་ལ། མཐོང་ཚུལ་ལ་རྒྱ་ཆེ་ཆུང་འབྱུང་སྟེ། དཔག་ཚད་གཅིག་ནས་བརྒྱ་དང་སྟོང་གསུམ་ཚུན་ཆད་དང་། སངས་རྒྱས་ཀྱི་ལྷའི་སྤྱན་གྱིས་ནི་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་ཀྱང་མངོན་སུམ་དུ་གཟིགས་སོ། །བྱང་ཆུབ་སེམས་དཔའ་ཞེས་པའི་དོན་ནི། རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པ་སྟེ། སྐད་དོད་བོ་དྷི་སཏྭ་ཞེས་པ་དྲང་པོར་བསྒྱུར་ན་བྱང་ཆུབ་སེམས་པ་ཞེས་པ་ཙམ་ལས་དཔའ་བའི་དོན་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པའི་དབང་དུ་མཛད་ནས་སེམས་དཔར་བསྒྱུར་བ་ཡིན་ལ། དེ་ཡང་རང་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དང་རང་དོན་ཆོས་སྐུ་དོན་དུ་གཉེར་བས་ན་སེམས་དཔའ་དང་། གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དང་གཞན་དོན་གཟུགས་སྐུ་དོན་དུ་གཉེར་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་ཆེན་པོ་ལ་བཤད་ཚུལ་གཞན་ཡང་ཡོད་དོ། །ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀའམ་སྲ་བ་ཀ་ནི་ཐོས་སྒྲོག་ལ་འཇུག་པས། མཆོག་གི་སྤྲུལ་པའི་སྐུ་ལ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ཉན་ཅིང་ཐོས་པར་བྱས་ནས་གཞན་ལ་སྒྲོག་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །ཞེས་སོགས་གསུངས་པ་བཞིན་ནོ། །གཞུང་འདིས་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་གཉིས་ལ་ཕྱག་འཚལ་བ་དངོས་སུ་བསྟན་པའི་ཤུགས་ཀྱིས་ཆོས་དཀོན་མཆོག་ལའང་ཕྱག་འཚལ་བ་ཡིན་ཏེ། དེ་དག་གི་རྒྱུད་ཀྱིི་སྤངས་རྟོགས་ཀྱི་ཡོན་ཏན་ལ་ཕྱག་བྱེད་པའང་དོན་གྱིས་ཐོབ་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་ཉན་རང་ལ་ཕྱག་བྱེད་པར་མི་རིགས་སོ་སྙམ་ན། སྐྱོན་མེད་དེ། ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་བསམ་པས་ཕྱག་བྱར་མི་རུང་ཡང་། ཉན་ཐོས་ཆེན་པོ་དག་ལས་ཐེག་ཆེན་ཀྱི་ཆོས་ཉན་པ་དང་། ཆོས་མཐུན་སྒྲུབ་པ་དང་། ཚོགས་གསོག་པ་སོགས་ཀྱི་ཡུལ་དུ་ཉན་རང་ལའང་བྱང་སེམས་ཀྱིས་ཕྱག་བྱར་རུང་བའི་སྐབས་ཡོད་ཅིང་། དེ་བཞིན་དུ་འབྲས་བུའི་སྐྱབས་འགྲོའི་དབང་དུ་བྱས་ན་ཕྱག་བྱར་མི་རུང་ཡང་། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་གསུམ་གས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱར་རུང་བའི་ཕྱིར་རོ། །གཉིས་པ་ནི། ངན་འགྲོའི་ལམ་ནི་སོགས་ཚིགས་བཅད་གཅིག་སྟེ། ངན་སོང་གསུམ་དུ་འགྲོ་བའི་ལམ་མི་དགེ་བ་བཅུ་ལ་སོགས་པ་རྣམས་ནི་བཟློག་པ་སྟེ་སྤོང་བར་བགྱིད་ཅིང་། མངོན་མཐོའི་གོ་འཕང་མཐོ་རིས་ལྷ་དང་མིར་སྐྱེ་ཞིང་བགྲོད་པའི་ལམ་དགེ་བ་བཅུ་ལ་སོགས་པ་ནི་རབ་ཏུ་སྟོན་ལ། རྒ་ཤི་མེད་པ་སངས་རྒྱས་ཀྱི་སར་འདྲེན་པར་བགྱིད་པའི་ཡོན་ཏན་དང་ལྡན་པའི་ཐབས། བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཕྱི་མ་ནི་སྟོང་ཉིང་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཡིད་ཀྱི་རྣམ་ཤེས་ཞིག་ཡིན་ལ། སྔ་མ་ནི་ཐེག་ཆེན་སེམས་བསྐྱེད་དང་དོན་གཅིག་ཅིང་། ངོ་བོ་ནི། རྗེ་བཙུན་བྱམས་པས་མངོན་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ཏེ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཞིག་ལ་འཇོག་ཅིང་། དབྱེ་ན་སྨོན་སེམས་དང་འཇུག་སེམས་གཉིས་སོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་ནི་སྡིག་པ་ཐམས་ཅད་རྩ་བ་ནས་སྤྱོང་ནུས་ཤིང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་ངན་སོང་གི་རྒྱུ་སྡིག་སྒྲིབ་ཀུན་སྤྱོང་ནུས་པ་ཡིན་ཏེ། བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་ཡོངས་སུ་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གཅིག་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཞེས་དང་། སྤྱོད་འཇུག་ལས་ཀྱང་། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་ཤིང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྒྱས་པར་ནི་བྱམས་པས་ནོར་བཟང་ལ་བཤད་པ་ལྟར་ཏེ། འདི་ལས་ལྷག་དེའི་ཕན་ཡོན་རྒྱས་པར་བཤད་པ་གཞན་མ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒ་ཤི་མེད་པའི་གནས་ཐོབ་པའི་ཚུལ་ནི། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་དང་། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་གསུངས་པ་ལྟར་རོ། །འདིར་བྱང་ཆུབ་ཀྱི་སེམས་ལ་སྒོས་སུ་ཕྱག་འཚལ་བའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། སངས་རྒྱས་ཀྱི་གོ་འཕང་ནས་བཟུང་ཐེག་ཆེན་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ཐུག་ཅིང་རག་ལས་པ་ལ་དགོངས་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཡོན་ཏན་ཆེ་ཆུང་ཐམས་ཅད་ཀྱང་ཐེག་ཆེན་གྱི་ཡོན་ཏན་དུ་འཇོག་ནུས་ཀྱི། དེས་མ་ཟིན་པའི་ཡོན་ཏན་ཆེན་པོ་ཇི་ལྟ་བུ་ཞིག་ཡིན་ཡང་ཐེག་ཆེན་གྱི་ཡོན་ཏན་དུ་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། ཐེག་ཆེན་དུ་ཞུགས་མ་ཞུགས་ནི་སེམས་དེ་བསྐྱེད་མ་བསྐྱེད་ལ་རག་ལས་པའི་ཕྱིར་རོ། །དེར་མ་ཟད། འོག་ཏུ་འབྱུང་བའི་སྨོན་ལམ་རྣམས་ཀྱང་ཐེག་ཆེན་གྱི་སྨོན་ལམ་དུ་འགྱུར་བའི་ཆེད་དོ། །ཕྱག་གི་སྒྲ་དོན་ནི། ཎ་མ་འདུད་པ་ལའོ་ཞེས་པའི་བྱིངས་ལས་འདུད་པའི་དོན་ཏེ། དེ་ལའང་ལུས་ངག་ཡིད་གསུམ་གྱི་འདུད་པ་ཡོད་དོ། །འདུད་ཚིག་ཀྱང་ན་མཿཞེས་པ་བློ་གཞོལ་ཅིང་མཆོད་པའང་འདུད་པའི་དོན་ནོ། །གཉིས་པ་བཤགས་པ་ནི། སེམས་ཀྱི་དབང་དུ་སོགས་ཚིགས་བཅད་གཅིག་སྟེ། སེམས་ཉོན་མོངས་པ་དང་འདྲེས་པའི་དབང་དུ་གྱུར་པ་སྟེ་སོང་བ་ན། བདག་གིས་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་བཅུ་ལ་སོགས་པ་ཅི་བགྱིས་པ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དང་། དེའི་རྟེན་གྱི་སྤྱན་སྔར་ཏེ་དྲུང་དུ་མཆིས་ཤིང་ཕྱིན་ནས་སུ་བདག་གི་སྡིག་པའི་ལས་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཚུལ་ཇི་ལྟར་བཤགས་ན། གཉེན་པོ་སྟོབས་བཞིའི་སྒོ་ནས་ཏེ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི་རྟེན་གྱི་སྟོབས་དང་། སྡིག་ལས་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས་དང་། སྟོང་ཉིད་སྒོམ་པར་བྱེད་པ་སོགས་གཉེན་པོ་ཀུན་ཏུ་སྦྱོད་པའི་སྟོབས་དང་། ཕྱིན་ཆད་མི་བྱེད་པ་སླར་ལྡོག་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་སོ། །སྟོབས་བཞིའི་ཆ་རེ་རེས་ཀྱང་སྡིག་པ་དུ་མ་སྦྱོང་ནུས་མོད། །བཞི་ཀ་ཚང་བ་ནི་ལྷག་པར་སྟོབས་ཆེའོ། །གསུམ་པ་བསྔོ་བ་ནི། བདག་ལས་རྣམ་པ་སོགས་ཚིགས་བཅད་གཅིག་སྟེ། འདིར་བདག་ལ་ཞེས་པ་ཞིག་འབྱུང་ཡང་། བདག་ལས་ཞེས་པ་གཞུང་གཉིས་ནས་འབྱུང་བས་དེ་དང་བསྟུན་ན། བདག་གི་ལས་དགེ་བ་སྔར་བྱས་པ་རྣམས་བསྡུས་ན༑ ལུས་ངག་ཡིད་རྣམ་པ་གསུམ་གང་གི་སྒོ་ནས་མཆོད་པ་འབུལ་བས་མཚོན་ཏེ་བསོད་ནམས་ཀྱི་ཚོགས་ནི་བསྐྱེད་ཅིང་བསགས་པའི་དགེ་བ་གང་མཆིས་པ་དེ་རྣམས་ནི། བདག་གི་ཐོབ་བྱའི་འབྲས་བུ་ཀུན་མཁྱེན་སངས་རྒྱས་ཀྱི་ས་བོན་ཡིན་ཏེ། རྒྱུ་ས་བོན་དེ་ལས་བདག་གི་ཐོབ་བྱའི་འབྲས་བུ་བྱང་ཆུབ་ཡོན་ཏན་རྒྱ་མཚོ་ལྟར་མི་ཟད་པ་དེ་མྱུར་དུ་ཐོབ་པར་ཤོག་ཅིག །རྐང་པ་སྔ་ཕྱི་གཉིས་སུ་བདག་ལ་ཞེས་འབྱུང་བ་ལྟར་ན། བདག་ལ་མཆིས་པའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་ཞེས་དང་། བདག་ལ་བྱང་ཆུབ་མི་ཟད་པ་འབྱུང་བར་ཤོག་ཅེས་སྦྱར་ཀྱང་རུང་ངོ་། །ཀུན་མཁྱེན་ཞེས་པ་ནི་རྣམ་མཁྱེན་ཁོ་ནར་མི་བཟུང་གི་རྣམ་མཁྱེན་རྟེན་དང་བཅས་པ་ལ་བྱ་ཞིང་། ས་བོན་ཡང་ཉེར་ལེན་གྱི་རྒྱུ་ཙམ་མ་ཡིན་པར་ཐོབ་བྱེད་ཀྱི་རྒྱུ་ལ་བྱ་དགོས་ཏེ། འདིས་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་པའི་རྒྱུ་བསྟན་པར་འདོད་དགོས་པའི་ཕྱིར་རོ། །བཞི་པ་མཆོད་པ་དང་བཅས་པའི་ཡི་རང་བ་ལ། དངོས་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། ཕྱོགས་བཅུ་དག་གིས་སོགས་ཚིགས་བཅད་གཅིག་སྟེ། རང་གཞན་རྣམས་ཀྱིས་ཕྱོགས་བཅུ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བྱོན་པ་དང་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པའི་ཚོགས་ཀྱིས་མཆོད་པ་ལས་དགེ་བ་གང་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སངས་རྒྱས་ཀྱིས་མཁྱེན་པ་དང་གཟིགས་ནས་རྗེས་སུ་ཡི་རང་བ་མཛད་པ་དེ་དག་ལ་བདག་ནི་རྗེས་སུ་ཡི་རང་ངོ་། ཁ་ཅིག །མཆོད་པ་གང་བྱུང་བ་ཞེས་པའི་དོན་མཆོད་པའི་དགེ་བ་ལ་མ་སྦྱར་བར་མཆོད་པའི་ཡོ་བྱད་ལ་སྦྱར་བ་ནི་དོན་མིན་ནམ་སྙམ་སྟེ། གང་བྱུང་བ་ཞེས་པས་མཆོད་པ་ལས་བྱུང་བའི་དགེ་བ་བསྟན་སྣང་བའི་ཕྱིར་དང་། འདིར་རྗེས་སུ་ཡི་རང་བ་ཡང་མཆོད་རྫས་ཙམ་མ་ཡིན་པར་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བ་ཡིན་པའི་ཕྱིར་ཏེ། བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་ཞེས་པ་དང་། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །ཞེས་སོགས་དང་། འདིའི་དོན་བསྡུ་བའི་སྐབས་སུ། བསོད་ནམས་ཀུན་ལ་ཡི་རང་ངོ་། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་དེའི་དོན་བསྡུ་བ་ནི། སྡིག་པ་ཐམས་ཅད་སོགས་ཚིགས་བཅད་གཅིག་སྟེ། བསྡུས་ན། སྡིག་པའི་ཚོགས་ཐམས་ཅད་ནི་བཤགས་པར་བགྱི་ཞིང་། དགེ་བའི་བསོད་ནམས་བསགས་པ་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དེ་ལྟར་བགྱི་བའི་དགེ་བས་བདག་ནི་ཀུན་མཁྱེན་གྱི་ཡེ་ཤེས་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག །འདིས་ཀྱང་བཤགས་པ། ཡི་རང་བ། ཕྱག་འཚལ་བ། བསྔོ་བ་གསུམ་བསྡུས་ནས་བསྟན་ཏོ། །ལྔ་པ་བསྐུལ་བ་ལ་བྱང་སེམས་ལ་འཚང་རྒྱ་བར་བསྐུལ་བ་དང་། སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་གཉིས་ཀྱི་དང་པོ་ནི། ཕྱོགས་བཅུ་དག་གི་སོགས་ཚིགས་བཅད་གཅིག་སྟེ། ཤར་ལ་སོགས་པའི་ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ་ནི་ས་བཅུ་པ་སོགས་ལ་གནས་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ནི་མྱུར་དུ་བྱང་ཆུབ་མཆོག་སངས་རྒྱས་སུ་འཚང་རྒྱ་བར་བགྱིད་པར་བསྐུལ་མ་འདེབས་སོ། །ས་བཅུ་ཞེས་པ་ས་བཅུ་པོ་ལ་གནས་པའི་བྱང་སེམས་སུ་བཞེད་པ་ནི་ཅུང་མི་འཐད་དེ། འདིས་ནི་མྱུར་དུ་འཚང་རྒྱ་ནུས་པ་ཞིག་ལ་བསྐུལ་བ་ཡིན་པས་དེ་ནི་ས་བཅུ་པ་ལ་གནས་པའི་བྱང་སེམས་སུ་བཤད་པ་སྐབས་སུ་བབས་པའི་ཕྱིར་རོ། །གཉིས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེའི་འབྲས་བུ་ལ་སྨོན་པ་གཉིས་ཀྱི་དང་པོ་ནི། བྱང་ཆུབ་དམ་པར་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དེ་ལྟ་བུའི་བྱང་སེམས་རྣམས་ནི་འཚང་རྒྱ་བའི་ཚེ་བདུད་ཀྱི་རྒྱལ་པོ་སྡེ་དཔུང་དང་བཅས་པའི་བདུད་རྣམས་བཏུལ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དམ་པར་སངས་རྒྱས་ཤིང་། སངས་རྒྱས་ནས་ཀྱང་སྲོག་ཆགས་སེམས་ཅན་ཀུན་ལ་སྨན་པ་སྟེ་ཕན་པའི་སླད་དུ་ཆོས་ཀྱི་འཁོར་ལོ་རྣམས་བསྐོར་བར་གྱུར་ཅིག །བྱང་ཆུབ་དམ་པར་ཞེས་པ་སངས་རྒྱས་ཀྱི་བྱང་ཆུབ་དམ་པར་ཞེས་བྱས་ཀྱང་མི་འགལ་བར་སེམས་ཡང་འདིར་འཚང་རྒྱ་བའི་གནས་བསྟན་པ་དང་སྦྱར་རོ། །བདུད་བཏུལ་བ་གོང་དུ་བླངས་པ་ནི་ཚང་རྒྱ་བའི་སྔོན་དུ་བདུད་བཏུལ་ནས་དེའི་འོག་ཏུ་སངས་རྒྱས་པ་དང་སྦྱར་བ་སྟེ། སྔོན་བདག་ཅག་གི་སྟོན་པས་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་ལ་སངས་རྒྱས་པར་བཤད་པ་དང་བསྟུན་པའོ། །གཉིས་པ་ནི། ཆོས་རྔ་ཆེན་པོ་སོགས་རྐང་པ་གཉིས་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྔ་ཆེན་པོའི་སྒྲ་སྟེ་ཆོས་བསྟན་པ་དེ་ཡི་ནི་མཐུས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་པར་བགྱིད་པར་ཤོག །འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལྷའི་རྔ་བོ་ཆེའི་སྒྲ་དང་ཆོས་མཚུངས་སྦྱར་ཞིང་། སྡུག་བསྔལ་ལས་ཐར་པར་བགྱིད་པ་ནི་གནས་སྐབས་དང་སྦྱར་ན་ངན་འགྲོའི་སྡུག་བསྔལ་ལས་ཐར་པར་བྱས་ནས་མངོན་མཐོའི་བདེ་བ་ལ་འགོད་པ་དང་། མཐར་ཐུག་དང་སྦྱར་ན་སྡུག་བསྔལ་ཐམས་ཅད་ལས་ཐར་པའི་སངས་རྒྱས་ལ་འགོད་པའོ། །སངས་རྒྱས་ཀྱིས་ཆོས་སྟོན་པ་ལ་ཆོས་ཀྱི་རྔ་བརྡུང་བ། ཆོས་ཀྱི་དུང་འབུད་པ༑ ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་ཞེས་བཤད་པས་ལྷའི་རྔ་ཁོ་ན་དང་སྦྱར་དགོས་པ་ཡིན་ཡང་སྦྱོར་ན། རྒྱུད་བླ་མ་ལས། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་དང་ཡང་། །ཆོས་ཀྱི་རྔས་ནི་བསྐུལ་བྱེད་ལྟར། །ཞེས་སོགས་དཔེ་དོན་མཛད་ནས་གསུངས་པ་ལྟར་ཡིན་ལ། །རྔ་བོ་ཆེ་དེ་ལས་བརྡུང་མཁན་མེད་པར་ཆོས་ཀྱི་སྡོམ་བཞི་སྟོན་པ་འབྱུང་སྟེ་སུམ་ཅུ་རྩ་གསུམ་ན་ཡོད་པར་བཤད་དོ། །དྲུག་པ་མི་འདའ་བར་གསོལ་བ་གདབ་པ་ལ། དངོས་དང་། འཕྲིན་ལས་གང་མཛད་པ་གཉིས་ཀྱི་དང་པོ་ནི། བསྐལ་བ་བྱེ་བ་སོགས་རྐང་བ་གཉིས་ཏེ། སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་བ་བྱེ་བ་བསམ་ཡས་སུ་དམ་པའི་ཆོས་སྟོན་པར་མཛད་ཅིང་མྱ་ངན་ལས་མི་འདའ་བར་བཞུགས་པར་གྱུར་ཅིག །འདིར་བྱེ་བ་ཞེས་པ་བྱེ་བའི་གྲངས་ཚད་ཙམ་ལ་མི་བྱེད་ཀྱི། བསྐལ་བ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པའི་བར་བཞུགས་པར་གསོལ་བའི་མང་ཚིག་གོ །གཉིས་པ་ལ། ལས་ཉོན་གྱི་འཆིང་ལས་དགྲོལ་བ་དང་། དྲི་བཅས་ཀྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱིས་མི་སྨོད་ཅིང་བྱམས་པའི་ཐུགས་ཀྱིས་འཁོར་བ་ལས་ཐར་པར་མཛད་པ་གཉིས་ཀྱི་དང་པོ་ནི། འདོད་པའི་འདམ་སོགས་ཚིགས་བཅད་གཅིག་སྟེ། ཚུལ་དེ་ལྟར་བཞུགས་ནས་ཇི་ལྟར་མཛད་པ་ནི། འདོད་པའི་ཡོན་ཏན་ལྔ་པོ་ཅི་རིགས་ལ་ཆགས་ཤིང་ཞེན་པའི་སྲེད་པ་ནི་བརྒལ་བར་དཀའ་བའི་ཕྱིར་འདམ་དང་ཆོས་མཚུངས་པའི་ནང་དུ་བྱིང་བ་སྟེ་ལྷུང་ནས་བཟུང་བར་གྱུར་ཅིང་། འདོད་ཡོན་ལ་སྲེད་པའི་སྲད་བུ་ཞགས་སྐུད་དང་འདྲ་བས་རྒྱུད་ལྷོད་པོ་མ་ཡིན་པར་དམ་དུ་བཅིངས་པ་སོགས་འཆི ང་བ་ཀུན་གྱིས་བཅིངས་པའི་སེམས་ཅན་དག་ལ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་སུ་གསོལ་ལོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་སྲེད་པ་ནི་འདོད་པའི་ཁམས་ན་ཡོད་ཀྱི། ཁམས་གོང་མ་གཉིས་ན་མེད་ལ་ཁམས་གོང་ན་སྲིད་པའི་སྲེད་པ་ཡོད་ཅིང་དེ་ཡང་སྙོམས་འཇུག་ལ་སྲེད་པ་ཁ་ནང་དུ་བལྟ་བ་ཞིག་ཡིན་ཏེ། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། ཁ་ན་ནང་དུ་བལྟས་ཕྱིར་དེ། །ཞེས་གསུངས་པ་ལྟར་རོ། །མཁས་པ་ཁ་ཅིག་འདོད་པ་དང་སྲེད་པའི་སྲད་བུ་ནི་ཁམས་གསུམ་གྱི་སྲེད་པ་དང་སྦྱར་ལ། ཁ་ཅིག་དེ་ཁམས་གོང་མའི་སྲེད་པ་ཁོ་ན་དང་སྦྱོར་བར་མཛད་དོ། །འཆིང་བ་ལ་གཙོ་བོ་གསུམ་སྟེ། དུག་གསུམ་གྱི་འཆིང་བའོ། །འདོད་ཆགས་ཀྱིས་ནི་ཁམས་གསུམ་དང་སྡུག་བསྔལ་གསུམ་དང་འགྱུར་བའི་སྡུག་བསྔལ་ལ་གཙོ་བོར་འཆིང་། ཞེ་སྡང་གིས་ངན་སོང་གསུམ་དང་སྡུག་བསྔལ་གྱི་སྡུག་བསྔལ་ལ་གཙོ་བོར་འཆིང་། གཏི་མུག་གིས་ཁམས་གསུམ་དང་སྡུག་བསྔལ་གསུམ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་གཙོ་བོར་འཆིང་བར་བྱེད་དོ། །འོན་ཀྱང་འཁོར་བར་འཆིང་བྱེད་ཀུན་གྱི་གཙོ་བོ་ནི་སྲེད་པ་ཡིན་པར་ཤིང་རྟ་ཆེན་པོ་དག་གིས་ལུང་རིགས་དུ་མས་བསྒྲུབས་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཅེས་སྙད་མཛད་པ་ནི། སྤྱིར་སེམས་ཅན་ལ་རྐང་མེད་དང་རྐང་གཅིག་དང་རྐང་གཉིས་དང་རྐང་མང་སོགས་ཡོད་ཀྱང་། ལྷ་དང་མི་རྣམས་རྐང་གཉིས་པ་གཙོ་ཆེ་བས་དེ་རྣམས་ཀྱི་མཆོག་ཅེས་བཤད་དོ། །གཉིས་པ་ནི། སེམས་ཀྱི་དྲི་མར་གྱུར་སོགས་ཚིགས་བཅད་གཅིག་སྟེ། སེམས་ཀྱི་དྲི་མ་སྟེ་སེམས་དང་འབྲེལ་བའི་དྲི་མས་སྐྱོན་དུ་གྱུར་བའི་སེམས་ཅན་དམན་པ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨོད་པར་མི་མཛད་དེ། སེམས་ཅན་དེ་དག་གིས་སྤྱོད་པ་ངན་པ་བྱེད་པ་ཀུན་སེམས་ཅན་དེ་རྣམས་ཀྱི་སེམས་ཉོན་མོངས་པའི་དབང་དུ་སོང་ནས་བྱེད་པས། སེམས་ཅན་དེ་དག་ལ་རང་དབང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་སེམས་དང་སེམས་ཀྱི་དྲི་མ་གཉིས་གཅིག་ཏུ་འདྲེས་ནས་ཡོད་དམ། ཐ་དད་དུ་ཡོད་སྙམ་ན། འདི་ལ་ལན་ཞིབ་ཏུ་བཤད་དགོས་ཀྱང་མང་དུ་དོགས་པས་བསྡུས་ན། སེམས་དང་དེའི་དྲི་མ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་སེམས་ཆུ་དང་བ་ལྟ་བུ་ལ་དྲི་མ་རྣམས་ཆུ་རྙོག་པ་ལྟར་གློ་བུར་དུ་བྱུང་ཞིང་འབྲལ་རུང་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དང་བ་ནི། །ཞེས་པ་ནས། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཞེས་གསུངས་པ་ལྟར་རོ། །སྤྱིར་དྲི་མ་ལ་ཕྱིའི་དྲི་མ་དང་། ནང་གི་དྲི་མ་གཉིས་ལས། འདིར་ནང་གི་དྲི་མ་སྟེ། དེ་ལ་ཉོན་མོངས་པ་དང་ཉོན་མོངས་པའི་བག་ཆགས་གཉིས་ཀྱི་དང་པོ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་། ཕྱི་མ་ཉོན་མོངས་པའི་ས་བོན་དང་དེ་མིན་པ་གཉིས་སོ། །སངས་རྒྱས་ཀྱི་དྲི་བཅས་དམན་པའི་སེམས་ཅན་ལ་མི་སྨོད་པར་མ་ཟད། སེམས་ཅན་རྣམས་ལ་བདེ་བ་ལ་འགོད་པར་བཞེད་པའི་བྱམས་པའི་ཐུགས་དང་ལྡན་པའི་ཕྱིར་སེམས་ཅན་དེ་དག་ཐམས་ཅད་སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མཛད་པར་ཤོག་ཅིག་ཅེས་སྨོན་ནོ། །འདི་ཡན་ཆད་ནི་ཡན་ལག་བདུན་པའི་ཕྱོགས་སུ་གཏོགས་ཤིང་། ཡན་ལག་བདུན་པོ་བསྡུས་ན། ཚོགས་བསགས་པ་དང་། ཉེས་པ་སྦྱོང་བའི་ཡན་ལག་གཉིས་སུ་འདུ་ལ། ཅུང་ཟད་ཕྱེ་ན་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་དང་ཡི་རང་བ་རྣམས་ནི་མཐུན་རྐྱེན་ཚོགས་གསོག་པའི་ཡན་ལག་དང་། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་། གཞན་གྱི་དགེ་བ་ལ་ཡི་རང་བ་ནི་དགེ་བ་ཐོབ་མཉམ་དུ་འགྱུར་ཞིང་། རང་གི་དགེ་བ་ལ་དགའ་བ་སྒོམ་པ་ནི་དགེ་བ་གོང་འཕེལ་དུ་འགྱུར་ལ། བསྔོ་བས་ནི་བསགས་སྦྱང་གི་དགེ་བ་རྣམས་ཉུང་ངུ་མང་པོར་སྤེལ་བ་དང་། འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་རྣམས་མི་ཟད་པར་བྱེད་པའི་ཐབས་ཏེ། དེ་ལྟར་ན་བསགས་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་གསུམ་དུ་འདུའོ། །བསྔོ་རྒྱུ་དང་བཅས་པའི་སྨོན་ལམ་རྣམས་ནི་བསྔོ་བ་ཡང་ཡིན་པས་གོང་འོག་གི་སྨོན་ལམ་རྣམས་ནི་བསྔོ་བར་ཡང་འགྱུར་རོ། །གཉིས་པ་ཡན་ལག་བདུན་པའི་བསོད་ནམས་དེ་རྣམས་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་བའི་སྨོན་ལམ་ལ་ལྔ། དུས་གསུམ་གྱི་སངས་རྒྱས་ཀྱི་རྗེས་སུ་སློབ་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པར་སྨོན་པ། སྤྱོད་པ་ཕྱིན་དྲུག་རྫོགས་ནས་རིགས་དྲུག་གི་དོན་བྱེད་པར་སྨོན་པ། མངོན་ཤེས་དང་བྱང་ཆུབ་ཐོབ་པར་སྨོན་པ། ཟབ་མོའི་ཆོས་རྟོགས་པར་སྨོན་པ། ཕྱིན་དྲུག་གི་སྤྱོད་པ་རྒྱས་པར་འཆད་ཅིང་སྨོན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་སོགས་རྐང་པ་བཞི་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་གང་ཞིག་ཞུགས་པ་དང་། གང་དག་སྔོན་བྱོན་ནས་འདས་པ་དང་། ད་དུང་མ་བྱོན་པ་འབྱོན་འགྱུར་གྱི་སངས་རྒྱས་དེ་དག་གི་སྤྱོད་པའི་རྗེས་སུ་བདག་སློབ་ཅིང་། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག །སྤྱད་པ་ནི་བྱ་བ་དང་སྤྱོད་པ་ནི་བྱེད་པ་དང་སྦྱར་བའོ། །གལ་ཏེ་སྔོན་བྱོན་པ་རྣམས་འདས་ཟིན་ནས་ད་ལྟ་མེད་ཅིང་། མ་བྱོན་པ་རྣམས་ནི་མ་བྱུང་བས་ད་ལྟ་མེད་པས་དེ་དག་གི་རྗེས་སུ་ཇི་ལྟར་སློབ་སྙམ་ན༑ ཕྱི་མ་འདི་ལ་དོགས་པ་དེ་ལྟར་འབྱུང་བ་ནི་བདེན་ཡང་སྐྱོན་མེད་དེ། སྔོན་བྱོན་ནས་འདས་པའི་ཚུལ་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔར་འདས་པའི་དུས་ཞིག་བྱུང་ནས་འདས་ཟིན་ཞེས་ཐ་སྙད་དུ་བརྗོད་པ་ཡིན་གྱི། སྔོན་འདས་ཟིན་ནས་ད་ལྟ་མེད་ཅེས་བྱར་རུང་ཡང་། སྤྱིར་སྔོན་བྱོན་ཟིན་པའི་སངས་རྒྱས་ཙམ་དུ་མ་ཟད། འདས་ཟིན་གྱི་ཆོས་ཐམས་ཅད་ཀྱང་ཡོད་པར་འདོད་དགོས་ཏེ། དཔེར་ན་ཁ་སང་གི་ཉིན་ཞག་དང་ཟླ་བ་དང་ལོ་སོགས་དང་དེ་དུས་ཀྱི་མི་རྣམས་དེ་རིང་གི་དུས་སུ་མེད་ཀྱང་སྤྱིར་ཡོད་པར་འདོད་དགོས་པ་བཞིན་ནོ། །དེ་བཞིན་དུ་སྐྱེ་བ་སྔ་ཕྱི་དང་སྔར་བསགས་པའི་ལས་དགེ་སྡིག་རྣམས་ཀྱང་ད་ལྟ་འདིར་ཡོད་ཅེས་དངོས་སུ་བསྟན་དུ་མེད་ཀྱང་ཐ་སྙད་དུ་ཡོད་པར་འདོད་དགོས་ཏེ། ཀུན་རྫོབ་ཀྱི་ཆོས་རྟེན་འབྲེལ་སྒྱུ་མ་ལྟ་བུའི་གནས་ཚུལ་ལོ། །དེ་བཞིན་དུ་མ་འོངས་པ་ན་འབྱོན་འགྱུར་གྱི་སངས་རྒྱས་སོགས་འབྱུང་གྱུར་རྣམས་དང་སང་ཕན་ཆད་ཀྱི་ཉིན་ཞག་དང་ཟླ་བ་དང་ལོ་དང་སྐྱེ་བ་སོགས་དང་། བྱེད་འགྱུར་གྱི་བྱ་བ་དང་ཐོབ་འགྱུར་གྱི་སངས་རྒྱས་སོགས་ཐམས་ཅད་ཀྱང་ད་ལྟ་མ་གྲུབ་ཀྱང་། སྤྱིར་ཐ་སྙད་དུ་གྲུབ་པར་འདོད་དགོས་ཏེ་ཚུལ་འདི་ལྟར་བློ་ངོར་མི་བདེ་བ་མེད་པར་ལེགས་པར་འཇོག་ཚུལ་ཤེས་པ་ལ་ནི་དབུ་ཚད་ཀྱི་རིགས་པ་རྣམས་དང་། ཁྱད་པར་དུ་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བའི་ལུགས་རྗེ་ཉིད་ཀྱིས་བཤད་པ་ལྟར་ཤེས་དགོས་སོ། །ད་ལྟ་མེད་ཀྱང་མ་འོངས་པ་ན་འབྱུང་ངེས་རྣམས་སྤྱིར་ཡོད་ཅེས་འདོད་དགོས་ཀྱི། ད་ལྟ་མེད་པར་མཚུངས་ཀྱང་རི་བོང་གི་རྭ་ལྟར་ཡུལ་དུས་གང་ལ་ལྟོས་ནས་གཏན་ནས་འབྱུང་མི་སྲིད་པ་རྣམས་ནི་སྤྱིར་ཡོད་ཅེས་བྱར་མི་རུང་སྟེ། དེ་དག་ནི་རྟོགས་ལྡན་དག་ལ་དཔྱོད་པའི་སྒོ་ཙམ་བསྟན་པའོ། །དེས་ན་འདས་པ་དང་མ་འོངས་པའི་སངས་རྒྱས་འབྱོན་འགྱུར་དེ་དག་གི་མཛད་པ་ལྟར་སློབ་པ་ནི་དེ་དག་གི་རྗེས་སུ་སློབ་པའོ། །གཉིས་པ་ནི། ཕ་རོལ་ཕྱིན་དྲུག་སོགས་རྐང་པ་གཉིས་ཏེ། དེ་ལྟར་སྤྱད་པ་སྤྱོད་པའི་ཚུལ་གྱིས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ནས་སངས་རྒྱས་ཏེ་འགྲོ་དྲུག་གི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བགྱིད་ཅིང་སངས་རྒྱས་ཀྱི་ས་ལ་འགོད་པར་ཤོག། གསུམ་པ་ནི། མངོན་ཤེས་དྲུག་སོགས་རྐང་པ་གཉིས་ཏེ། སྤྲུལ་བསྒྱུར་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། འཇིག་རྟེན་ཁམས་ཀྱི་སྒྲ་ཕྲ་རགས་རྣམས་ཐོས་པའི་ལྷའི་རྣ་བའི་མངོན་ཤེས་དང་། གཞན་གྱི་སེམས་དང་དབང་པོའི་རིམ་པ་ལེགས་པར་ཤེས་པའི་གཞན་སེམས་ཤེས་པའི་མངོན་ཤེས་དང་། རང་གཞན་ཚེ་སྔོན་མ་གང་དུ་སྐྱེས་པ་ཤེས་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། རང་གཞན་འཆི་འཕོ་བ་དང་གང་དུ་སྐྱེ་བར་ཤེས་པའི་ལྷའི་མིག་གི་མངོན་ཤེས་སམ་འཆི་འཕོ་སྐྱེ་བ་ཤེས་པའི་མངོན་ཤེས་དང་། རང་གི་གཞལ་བྱ་ཉོན་མོངས་སྤངས་པའི་མྱང་འདས་མངོན་སུམ་ཤེས་པའི་ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཏེ། མངོན་ཤེས་དྲུག་པོ་དེ་མངོན་དུ་བགྱིས་ནས་བླ་ན་མེད་པའི་བྱང་ཆུབ་ལ་རེག་པ་སྟེ་ཐོབ་པར་གྱུར་ཅིག་ཅེས་སོ། །བཞི་པ་ཟབ་མོའི་ཆོས་ཤེས་པ་ལ་སྨོན་པའི་ཚུལ་ལ་གཉིས། ཆོས་ཀྱི་བདག་མེད་རྟོགས་པ་དང་གང་ཟག་གི་བདག་མེད་རྟོགས་པ་ལ་སྨོན་པའོ། །དང་པོ་ནི། མ་སྐྱེས་པ་དང་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕུང་སོགས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི། ཇི་སྐད་དུ་རྗེས། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ཡང་། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་གསུངས་པའི་དོན་ནོ། །དེ་ནི་ཕུང་སོགས་འདུས་བྱས་ཀྱི་ཆོས་རྣམས་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང་དེ་ལ་སྒྲ་རྟོག་གིས་དེ་དང་དེའོ་ཞེས་བཏགས་པ་ཙམ་མ་གཏོགས། དེ་ལྟ་བུ་ལ་མ་ལྟོས་པར་དབང་དུ་མ་བྱུང་ཞེས་པ་སྟེ། དེ་ཡང་བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་འདུས་བྱས་རྣམས་ཐ་སྙད་ཙམ་མ་གཏོགས་རང་དབང་ངམ་རང་བཞིན་གྱིས་མ་སྐྱེས་ཤིང་རང་བཞིན་གྱིས་མི་འབྱུང་ཞེས་པ་སྟེ་དུས་དང་སྦྱར་ན་འདས་པའི་དངོས་པོ་རང་བཞིན་གྱིས་མ་སྐྱེས་པ་དང་། མ་འོངས་པའི་དངོས་པོ་རྣམས་རང་བཞིན་གྱིས་མི་འབྱུང་ཞེས་པ་སྟེ། འདིས་ཤུགས་ལ་རང་བཞིན་གྱིས་མི་གནས་ཤིང་། དེའི་ཕྱིར་རང་བཞིན་གྱིས་མི་འགག་ཅེས་བསྟན་པའང་ཐོས་སོ། །འདི་དག་ནི་གོང་གི་དེར་མ་ཟད། ལུང་དང་རིགས་པ་དུ་མས་སྒྲུབ་ཏུ་ཡོད་ཀྱང་མང་བར་དོགས་ནས་བཞག་སྟེ། མཚོན་ཙམ་ནི་དངོས་པོ་རྣམས་རང་གི་རྒྱུའི་དུས་སུ་ཡོད་བཞིན་དུ་མི་སྐྱེ་སྟེ། ཡོད་ན་གྲུབ་ཟིན་པས་སླར་སྐྱེ་མ་དགོས་པའི་ཕྱིར། སླར་སྐྱེ་ན་ནི་ཡང་ཡང་སྐྱེ་དགོས་པས་སྐྱེ་བ་ཐུག་པ་མེད་པར་འགྱུར་རོ། །རང་གི་རྒྱུའི་དུས་སུ་མེད་བཞིན་དུ་སྐྱེ་ཡང་རི་བོང་གི་རྭ་ལྟར་རྒྱུན་ཡང་མེད་པའི་ཚུལ་གྱིས་མི་སྐྱེ་སྟེ། དེ་ལྟར་སྐྱེ་ན་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་བཞིན་དུ་གཏན་ནས་མི་སྐྱེ་བའམ། རྒྱུ་མེད་དུ་སྐྱེ་བར་ཐལ་བར་འགྱུར་རོ། །དེས་ན་ཡོད་མེད་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་དོ། །དེ་ལྟར་ཇོ་བོའི་ལམ་སྒྲོན་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་ལས་ཀྱང་འབྱུང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །རང་བཞིན་མ་མཆིས་ཞེས་སོགས་ཀྱི་དོན་ཏཱ་ར་ནཱ་ཐས། རང་བཞིན་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡང་བདེན་པར་མེད་ལ། གནས་ཏེ་སྣོད་ཀྱི་འཇིག་རྟེན་ཡང་གནས་ཚུལ་ལ་མ་གྲུབ་པ་དང་། རྣམ་རིག་སྟེ་སེམས་དང་སེམས་བྱུང་དང་། དེ་དག་རང་རང་གི་རྣམ་པ་དང་བཅས་པ་ཡང་ངོ་བོས་གྲུབ་པ་མེད་པ་དང་། དངོས་པོ་སྟེ་ཕྱི་རོལ་གྱི་དོན་ཡང་རང་བཞིན་གྱིས་མ་གྲུབ་པ་ཞེས་བཤད་ཅིང་། ཞ་ལུ་ཡེ་ཤེས་རྒྱ་མཚོས། རང་བཞིན་མ་མཆིས་ཞེས་པའང་རང་དབང་དུ་ཡོད་ན་ལྟོས་མེད་དུ་ཡོད་ཅིང་དེ་ཡོད་ན་རང་བཞིན་ཡོད་པར་འགྱུར་ན་དེ་ཡོད་པ་མ་ཡིན་ཏེ། །ཞེས་དང་། གནས་མ་མཆིས་ཞེས་པའི་དོན་ཡང་ཞེས་པ་ནས། གནས་ནི་མིག་སོགས་དྲུག །དམིགས་པ་ནི་གཟུགས་སོགས་དྲུག །རྩ་བ་ནི་ཀུན་གཞིའི་བག་ཆགས། གནས་པ་ནི་རྣམ་ཤེས་ཞེས་དང་། དེའི་གནས་མ་མཆིས་ཞེས་པའི་དོན་འདི་ལས་ནི་རྣམ་རིག་མ་མཆིས་དངོས་མ་མཆིས་ཞེས་པའི་དོན་ཡང་ཤེས་པར་བྱར་ཡོད་དེ་ཞེས་བཤད་དེ། དེ་ནི་རིགས་པ་དྲུག་ཅུ་པ་ལས། གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་ཞེས་གསུངས་པའི་དོན་དུ་བཞེད་ཅིང་། རྣམ་རིག་ཅེས་པ་ཡང་གནས་དམིགས་པ་རྩ་བ་གནས་པ་བཞི་པོ་དེ་རང་བཞིན་གྱིས་མེད་པའི་དོན་དུ་བཤད་ནས། ཡང་འདིར་ཕྱི་གཟུང་བའི་རྣམ་རིག་དང་། ནང་འཛིན་པའི་རྣམ་རིག་ཅེས་བྱ་བ་བརྟག་བཟོད་དུ་མི་འདོད་པས་རྣམ་རིག་མ་མཆིས་ཞེས་བྱ་སྟེ་ཞེས་དང་། གཉིས་ཀས་མ་མཆིས་པའི་དོན་ནི་མེད་པ་དང་སྟོང་པའི་ཞེ་སར་བཤད་དོ། །གཉིས་ཀའི་བཤད་ཚུལ་ཅུང་ཟད་མི་འདྲ་ཞིང་། འདིར་བརྗོད་ན་རང་བཞིན་ཞེས་པ་ལ་གཉིས་ཡོད་དེ། ཐ་སྙད་པའི་རང་བཞིན་དང་། དོན་དམ་པའི་རང་བཞིན་ནོ། །ཐ་སྙད་པའི་རང་བཞིན་ནི་མཚོན་ན། མེའི་རང་བཞིན་ཚ། ཆུའི་རང་བཞིན་གཤེར་སོགས་དང་། མི་རྒྱུ་བཟང་ངན་ལ་དེའི་རང་བཞིན་བཟང་ངན་ཞེས་བརྗོད་པ་ལྟ་བུ་ཡིན་ལ། དོན་དམ་པའི་རང་བཞིན་ལ་འགྱུར་མེད་བདེན་པའི་རང་བཞིན་ནི་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དང་མྱང་འདས་ལྟ་བུ་ལ་བྱ་སྟེ། མདོ་ལས། སྟོང་ཉིད་ལ་རང་བཞིན་ཞེས་མང་དུ་གསུངས་པ་ལྟར་འཕགས་པ་ཡབ་སྲས་དང་རྗེས་ཀྱང་དབུ་མའི་འགྲེལ་པར་བཤད་དོ། །དགག་བྱ་བདེན་པར་གྲུབ་པ་ཞིག་བྱུང་ན་དེ་ལའང་རང་བཞིན་ཞེས་བརྗོད་དགོས་ཏེ། བདེན་པར་གྲུབ་ན་རྒྱུ་རྐྱེན་ལ་ལྟོས་མེད་དུ་རང་བཞིན་གྱིས་ཡོད་དགོས་པའི་ཕྱིར་རོ། །དེས་ན་རང་བཞིན་མ་མཆིས་ཞེས་པ་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མ་མཆིས་ཞེས་བཤད་ཀྱང་རུང་བར་སེམས་ལ༑ གནས་མ་མཆིས་ཞེས་པའང་རང་བཞིན་གྱིས་གནས་པ་མ་མཆིས་པའི་དོན་དུའང་འགྱུར་རོ། །རྣམ་རིག་ནི་སྤྱིར་ཕྱི་ནང་གི་དངོས་པོ་འདི་ཐམས་ཅད་ལ་རྣམ་པར་རིག་པ་ཞེས་བཤད་ཅིང་། ཕྱིའི་རྣམ་པར་རིག་པ་གཟུགས་སྒྲ་སོགས་དང་། ནང་གི་རྣམ་པར་རིག་པ་ནི་སེམས་དང་སེམས་བྱུང་རྣམས་སོ། །དེ་ལྟ་བུའི་རྣམ་པར་རིག་པའི་ཆོས་རྣམས་ནི་རང་བཞིན་གྱིས་མ་མཆིས་ཞེས་བྱ་སྟེ། དེ་ལྟ་བུའི་སྟོང་པའི་ཆོས་ནི་རྟོགས་པར་ཤོག་ཅིག་ཅེས་སོ། །རྣམ་པ་གཅིག་ཏུ་ན་རྣམ་རིག་མ་མཆིས་པ་ནི་སེམས་ཙམ་པ་ལ་རྣམ་རིག་པ་ཞེས་འབྱུང་བ་ལྟར་ན་ཡུལ་ཅན་རྣམ་ཤེས་འཁོར་བཅས་དང་། དངོས་པོ་ཞེས་པ་དེའི་ཡུལ་གྱི་དངོས་པོ་ཕྱི་རོལ་གྱི་དོན་རང་བཞིན་གྱིས་མེད་ཅེས་སྦྱར་ཡང་རུང་ངོ་། །འདིར་དངོས་པོ་ཞེས་པ་འདུས་བྱས་ཀྱི་དངོས་པོ་ཁོ་ནར་མི་གཟུང་སྟེ། དངོས་པོའི་སྐད་དོད་བྷ་བ་སྟུ་དང་། བྷ་བ་ནི་དངོས་པོ་དང་གཞི་དང་རང་བཞིན་དང་ཡོད་པ་ལའང་འཇུག་པའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་མེད་རྟོགས་དགོས་པ་ནི། སངས་རྒྱས་དྲང་སྲོང་སོགས་ཚིགས་བཅད་གཅིག་སྟེ། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཟག་གི་བདག་མེད་པའི་ཚུལ་མངོན་དུ་ཇི་ལྟར་གཟིགས་པ་དེ་ལྟར། བདག་གིས་ཀྱང་སེམས་ཅན་དང་། སྲོག་དང་། གང་ཟག་དང་། གསོ་བ་དང་། བདག་རྣམས་རང་བཞིན་གྱིས་མ་མཆིས་པའི་ཆོས་ཀྱི་དོན་ཟབ་མོ་མངོན་སུམ་དུ་རྟོགས་པར་ཤོག་ཅིག །འདིར་སེམས་ཅན་དང་སྲོག་གང་ཟག་གསོ་བ་རྣམས་ནི་བདག་གི་རྣམ་གྲངས་ཏེ། དེ་ཡང་སེམས་ཅན་གྱི་སྒྲ་དོན་ནི། འཁོར་བར་ཀུན་དུ་གདུང་བའི་སེམས་པ་ཅན་དང་། སྲོག་ནི་རིས་མཐུན་སྐལ་མཉམ་རྫོགས་པའི་བར་གནས་པ་དང་། གང་ཟག་ནི་བག་ཆགས་དམན་པས་རྒྱུད་གང་ཞིང་འཁོར་བར་ཟག་པར་བྱེད་པ་དང་། བདག་ནི་ངའོ་སྙམ་པའི་ངར་འཛིན་གྱི་གཞིར་གྱུར་པའི་དོན་དུ་བསླབ་བཏུས་མཆན་འགྲེལ་ལས་བཤད་ལ། གཞན་ཞིག་ཏུ་གསོ་བ་ནི་ཕ་མ་དང་ཟས་ཀྱིས་རང་གསོ་བ་དང་རང་གིས་ནི་གཞན་གསོ་བ་ལྟ་བུའི་སྒོ་ནས་བརྗོད་ཅེས་བཤད་དོ། །འོན་ཀྱང་དེ་དག་གི་སྒྲ་འཇུག་ཏུ་ཡོད་ན་བཤད་དུ་ཡོད་མི་དགོས་ཏེ། སངས་རྒྱས་འཕགས་པ་རྣམས་གང་ཟག་ཡིན་ཀྱང་དེ་ལྟ་བུའི་སྒྲ་བཤད་དུ་མེད་པ་བཞིན་ནོ། །དེ་ལྟར་ན་སྲོག་ཅེས་པ་སྲོག་ལྡན་དང་། གསོ་བ་ནི་གསོ་བ་པོ་ལ་བྱ་དགོས་སོ། །དེས་ན་བདག་ལ་ནི་ཐ་སྙད་པའི་བདག་དང་གང་ཟག་དང་ང་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པས་ཡོད་ལ། དགག་བྱ་རང་བཞིན་གྱིས་གྲུབ་པ་ལ་བདག་ཅེས་པའི་ཐ་སྙད་མཛད་པ་ཡོད་དེ། བཞི་བརྒྱ་པ་ལས། དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པའི་འགྲེལ་པར་དཔལ་ལྡན་ཟླ་བས། བདག་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པ་ནི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །ཞེས་གསུངས་པ་ལྟར་རོ། །ཏཱ་ར་ནཱ་ཐས་ནི་འདིར་བདག་ཅེས་པ་ཕྱི་རོལ་བའི་འདོད་པ་ལྟར་མཚན་ཉིད་ལྔ་ལྡན་གྱི་བདག་ལ་བྱས་ནས། མ་མཆིས་ཞེས་པས་དེ་ལྟ་བུའི་བདག་མེད་ཅེས་རིགས་པས་སྒྲུབ་པར་མཛད་སྣང་སྟེ་ཕྱོགས་གཅིག་གོ །གང་ཟག་གི་བདག་མེད་གཏན་ལ་འབེབ་པའི་རིགས་པའི་རྣམ་གྲངས་མང་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ནི་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཞེས་གསུངས་པའི་དོན་བསྡུས་ན། སྐྱེས་བུ་གང་ཟག་གམ་བདག་ནི་ཡང་དག་པའམ་བདེན་པར་མ་གྲུབ་སྟེ། དེ་ཕུང་པོ་འདུས་ཤིང་ཚོགས་པའི་སྟེང་དུ་བཏགས་པ་ཙམ་མ་གཏོགས། རང་གི་ལུས་ཀྱི་སའི་ཁམས་ཤ་རུས་སོགས་དེ་མིན། ཆུའི་ཁམས་ཁྲག་དང་ཆུ་སེར་སོགས་དེ་མིན། མེའི་ཁམས་ལུས་ཀྱི་ཕྱི་ནང་གི་དྲོད་རྣམས་དེ་མིན། རླུང་གི་ཁམས་རྩ་རྒྱུས་ཀྱི་རླུང་དང་དབུགས་རྣམས་དེ་མིན། ནམ་མཁའི་ཁམས་ལུས་ཀྱི་བུ་གའི་ཁོང་སྟོང་རྣམས་དེ་མིན། རྣམ་པར་ཤེས་པ་དྲུག་འཁོར་དང་བཅས་པ་རྣམས་དེ་མིན། ཀུན་འདུས་པ་ཙམ་ཡང་མིན་ཞིང་། དེ་ལས་ངོ་བོ་ཐ་དད་དོན་གཞན་ན་ལོགས་སུ་ཡན་གར་བའི་སྐྱེས་བུ་གང་ཞིག་ཡོད་དེ་མེད་པའི་ཕྱིར་ཞེས་པའོ། །དབུ་མ་རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་ཏེ། བདག་གམ་གང་ཟག་ཅེས་པ་ཇི་ལྟ་བུ་ཞིག །ཅི་དེ་ཕུང་པོ་ལྔ་པོ་འདི་ཉིད་ལ་བརྗོད་དམ། དེ་རྣམས་ལས་དོན་གཞན་དུ་ཡོད། དང་པོ་ལྟར་ན་མི་འཐད་དེ། ཕུང་པོ་འདི་ཉིད་སྐྱེ་བ་མི་ལེན་པ་ལྟར་བདག་ཀྱང་སྐྱེ་བ་མི་ལེན་པར་འགྱུར་བ་དང་། ཕུང་པོ་ལྔ་ཡོད་པ་ལྟར་བདག་ཀྱང་མང་པོ་ཉིད་དུ་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཕུང་པོ་ལྔ་པོ་དང་བཅས་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མ་མཐོང་བའི་ཕྱིར། གཉིས་པ་གྲུབ་སྟེ། འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེར། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་གསུངས་པའི་ཕྱིར། གང་ཟག་གཅིག་ལ་དུས་གཅིག་ཏུ་བདག་མང་པོ་ཡོད་པ་མིན་ཏེ། ཀུན་གྱིས་བདག་གཅིག་ཏུ་འཛིན་པ་མཐོང་བའི་ཕྱིར་རོ། །རྩ་རྟགས་གཉིས་པ་བདག་དེ་ཕུང་པོ་ལྔ་ལས་དོན་གཞན་དུ་ཡོད་ན་མི་འཐད་དེ། ཕུང་པོ་འདི་མཐོང་ནས་བདག་མཐོང་བར་འཇོག་གི །ཕུང་པོ་འདི་ལ་མ་ལྟོས་པར་ལོགས་སུ་བདག་ཡན་གར་བ་སུས་ཀྱང་མ་མཐོང་བའི་ཕྱིར་དང་། གལ་ཏེ་ལོགས་སུ་ཡོད་ན་ལས་མ་བྱས་པ་དང་འཕྲད་པ་དང་བྱས་པ་ཆུད་ཟ་བ་སོགས་ཀྱི་སྐྱོན་དུ་མ་ཡོད་པའི་ཕྱིར་ཞེས་པ་ནི་མཚོན་པ་ཙམ་མོ། །བདག་མེད་གཉིས་ཀྱི་དོན་སྒོམ་པ་ནི་ཉམས་ལེན་གྱི་གཙོ་བོ་ཡིན་ཏེ། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམས་གཉིས་གསུངས། །ཞེས་བཤད་པའི་ཕྱིར། །འདིས་དགག་བྱའི་བདག་དེ་གང་ཟག་གི་སྟེང་དུ་བཀག་པ་གང་ཟག་གི་བདག་མེད་དང་། ཕུང་པོ་སོགས་ཆོས་གཞན་གྱི་སྟེང་དུ་བཀག་པ་ཆོས་ཀྱི་བདག་མེད་དུ་གསུངས་སོ། །ང་དང་བདག་ནི་ཐ་སྙད་དུ་ཕུང་པོ་ལྔའམ་གཟུགས་སེམས་ཚོགས་པའི་སྟེང་དུ་འདོགས་པ་ཡིན་ལ། དེ་ནི་མ་བརྟག་མ་དཔྱད་པར་ཕུང་པོ་སྤྱི་ཙམ་གྱི་སྟེང་དུ་བཏགས་པ་ཙམ་གྱི་ང་སྟེ། །ངའོ་སྙམ་པའི་བློ་ལྷན་སྐྱེས་ཀྱིས་ནི་དེ་ལ་དམིགས་ནས་ངའོ་སྙམ་དུ་སེམས་པ་ཙམ་ནི་ཐ་སྙད་པའི་ང་འཛིན་ཚུལ་ཡིན་པས་སྤང་བྱ་མིན་ཡང་། བློ་ལྷན་སྐྱེས་དེས་དྲངས་པའི་ངའོ་སྙམ་དུ་ང་རང་ངོས་ནས་གྲུབ་པར་འཛིན་པ་ནི་ངར་འཛིན་པའི་བདག་འཛིན་དང་། ང་ཡིའོ་སྙམ་དུ་རང་ངོས་ནས་གྲུབ་པར་འཛིན་པ་ནི་ང་ཡི་བར་འཛིན་པའི་བདག་འཛིན་དུ་འགྱུར་རོ། །གཉིས་པ་ཕྱིན་དྲུག་རྒྱས་པར་བཤད་པའི་སྒོ་ནས་སྨོན་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱིན་དྲུག་གི་རྣམ་བཞག་མང་དུ་གསུངས་པའི་དགོངས་པ་རྒྱལ་ཚབ་བྱམས་པས་མདོ་སྡེའི་རྒྱན་ལས་ཕྱིན་དྲུག་ཏུ་གྲངས་ངེས་ཚུལ་བཤད་པ་འདི་གནད་ཤིན་ཏུ་ཆེ་བར་རྗེ་ཉིད་ཀྱིས་ལམ་རིམ་དུ་རྒྱས་པར་གསུངས་པ་ལྟར་ཤེས་དགོས་ལ། འདིར་བསྡུས་པ་ཞིག་བརྗོད་ན་གྲངས་ངེས་པའི་ཚུལ་ལ་དྲུག་སྟེ། མངོན་མཐོ་དང་། དོན་གཉིས་སྒྲུབ་པ་དང་། གཞན་དོན་རྫོགས་པ་དང་། ཐེག་ཆེན་སྡུད་པ་དང་། ལམ་གྱི་རྣམ་པ་ཐམས་ཅད་དང་། བསླབ་གསུམ་ལ་ལྟོས་པའི་གྲངས་ངེས་སོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་དུ་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །གཉིས་པ་ནི། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་སོ། །གསུམ་པ་ནི། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ཏེ་རང་གི་དོན་ཡིན་ནོ། །ཞེས་སོ། །བཞི་པ་ནི། ལོངས་སྤྱོད་མངོན་པར་མི་དགའ་དང་། །རབ་གུས་གཉིས་ལ་མི་སྐྱོ་དང་། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་ནི་འདིར་ཟད་དོ། །ཞེས་སོ། །ལྔ་པ་ནི། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པ་བཞིན། །སེམས་ཅན་མི་གཏོང་འཕེལ་བ་དང་། །སྒྲིབ་པ་རྣམ་པར་སྦྱོང་བའི་གནས། །ཞེས་སོ། །དྲུག་པ་ནི། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །མཐའ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར་རོ། །སྔ་མ་རྣམས་ཀྱི་དོན་བཤད་པ་རེ་ཞིག་བཞག་སྟེ། ཕྱི་མ་འདིའི་དང་པོ་གསུམ་ཞེས་པ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས། མཐའ་མ་བསམ་གཏན་དང་ཤེས་རབ་གཉིས་ནི་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་ཀྱང་ཕྱིན་དྲུག་ཏུ་འདུ་བ་དང་། གཅིག་བརྩོན་འགྲུས་ནི་བསླབ་པ་གསུམ་གི་གྲོགས་སུ་འགྱུར་ཞེས་པའོ། །རྒྱལ་བས་མདོ་སྡེ་རྣམས་ལས་སྤྱོད་པའི་རབ་དབྱེ་ན་མཐའ་ཡས་པ་ཞིག་གསུངས་ཀྱང་ཐམས་ཅད་རིགས་བསྡུས་ན་ཕྱིན་དྲུག་ཏུ་འདུ་བའི་ཚུལ་ལ་ངེས་པ་རྙེད་དགོས་སོ། །ཕྱིན་དྲུག་གི་བྱེད་པས་ནི། མདོ་སྡེའི་རྒྱན་ལས། སྦྱིན་པས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང་། དེ་བཞིན་དུ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །ཞེས་བསྒྱུར་ཞིང་རྐང་པ་ཕྱི་མ་གསུམ་ཤེས་རབ་ཀྱི་བར་འདྲ་བར་གསུངས་སོ། །དེ་དག་གི་མི་མཐུན་ཕྱོགས་ནི་སེར་སྣ་ནས་ཤེས་རབ་འཆལ་བའི་བར་དྲུག་གོ །མི་རྟོག་ཡེ་ཤེས་ནི་དེ་རྣམས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའོ། །འདོད་པ་རྫོགས་པ་ནི། རེ་བ་སྐོང་བ་དང་དགེ་བ་ལ་སྦྱོར་བ་དང་གནོད་པ་བཟོད་པ་དང་གྲོགས་བྱེད་པ་དང་སྤྲུལ་སྒྱུར་བྱེད་པ་དང་ཐེ་ཚོམ་གཅོད་པའོ། །སེམས་ཅན་སྨིན་པར་བྱེད་པ་ནི་སྦྱིན་པས་སྡུད་པ་ནས་ཤེས་རབ་ཀྱིས་ཐེག་ཆེན་གྱི་ཆོས་དང་ལམ་ལ་འགོད་པའི་བར་རོ། །དེ་ལྟར་ཆོས་བཞིའམ་གསུམ་མོ། །སྦྱིན་པ་ལ་ཟང་ཟིང་དང་ཆོས་དང་མི་འཇིགས་པའི་སྦྱིན་པ་གསུམ་མོ། །ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པ་དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། བཟོད་པ་ལ་སྡུག་བསྔལ་དང་ལེན་དང་ཆོས་ལ་ངེས་སེམས་དང་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གསུམ། བརྩོན་འགྲུས་ལ་རྟག་སྦྱོར་དང་གུས་སྦྱོར་དང་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ། བསམ་གཏན་ལ་མཐོང་ཆོས་ལ་བདེར་གནས་དང་ཡོན་ཏན་མངོན་པར་སྒྲུབ་པ་དང་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ། ཤེས་རབ་ལ་ཀུན་རྫོབ་ཤེས་པ་དང་དོན་དམ་ཤེས་པ་དང་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་གསུམ་མོ། །གོ་རིམ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་དྲུག་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ལ་སྐྱེ་བ་དང་། སྔ་མ་སྔ་མ་དམན་ཅིང་ཕྱི་མ་ཕྱི་མ་མཆོག་དང་། སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བའི་གོ་རིམ་མོ། །སྒྲ་དོན་ནམ་ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་ཏེ། སྦྱིན་པའི་སྐད་དོད་དཱ་ན་ཞེས་པའི་དཱ་རི་དྲ་ནི་འགྲོ་བ་ཕོངས་པ་དང་ངན་པ་ལ་འཇུག་ཅིག་འདིར་དབུལ་བར་བསྒྱུར་རོ། །ན་ནི་དགག་ཚིག་སྟེ་དབུལ་བ་མེད་པའམ་འདོར་བར་བྱེད་པ་ནི་དཱ་ན་ཞེས་པའི་དོན་ནོ། །ཚུལ་ཁྲིམས་ཀྱི་སྐད་དོད་ཤཱི་ལ་ནི་བསིལ་བ་ཐོབ་པ་སྟེ་ཉོན་མོངས་པའི་གདུང་བ་མེད་པར་བྱེད་པའོ། །བཟོད་པའི་སྐད་དོད་ཀྵནྟི་ནི་བཟོད་པ་སྟེ་གང་ལ་བཟོད་ན་ཁྲོ་བ་བཟོད་པའོ། །བརྩོན་འགྲུས་ཀྱི་སྐད་དོད་བཱིརྱ་ནི་རྣམ་པར་གནོད་པ་དང་མཆོག་གི་དོན་ཏེ་སྙིང་སྟོབས་ཆེ་བའོ། །བསམ་གཏན་གྱི་སྐད་དོད་དྷྱཱ་ནཿ ནི་ཡིད་ནང་དུ་འཛིན་པ་སྟེ་རྩེ་གཅིག་ཏུ་བྱེད་པའོ། །ཤེས་རབ་ཀྱི་སྐད་དོད་པྲཛྙཱའི་ཛྙཱ་ནི་ཤེས་པ་དང་ཡེ་ཤེས་ཡང་འཇུག་ཀྱང་ཉེ་བསྒྱུར་པྲ་གོང་དུ་བཞག་པས་ཤེས་རབ་སྟེ་ཡུལ་དམ་པ་ཤེས་པའོ། །ཕྱིན་དྲུག་གི་ཕན་ཡོན་བསྡུས་ན། རིན་ཆེན་འཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སོ་སོར་བཤད་པ་ལ་དྲུག །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ། །དང་པོ་ལ་གསུམ། དངོས་དང་། དེ་ལྟར་གཏོང་བར་སྨོན་པ་དང་། སྦྱིན་པའི་ཕར་ཕྱིན་རྫོགས་པར་སྨོན་པའོ། །དང་པོ་ནི། བདག་འཛིན་བདག་གི་སོགས་རྐང་པ་བཞི་སྟེ། བདག་ནི་སྦྱིན་པ་གཏོང་བ་པོའི་སྙམ་དུ་བདག་ཏུ་ཞེན་ཅིང་འཛིན་པ་དང་། གང་གི་ཆེད་དུ་བཏང་བྱ་འདི་ནི་བདག་གིའོ་སྙམ་དུ་བདག་གི་བར་འཛིན་པ་ཡི་འཁོར་གསུམ་གྱིས་ཕྱི་ནང་གི་དངོས་པོ་ཀུན་ལ་བདེན་ཞེན་གྱིས་མི་གནས་པར། གཏོང་ཡུལ་སེམས་ཅན་ཀུན་ལ་སྨན་པ་སྟེ་ཕན་པའི་སླད་དུ་སྦྱིན་བྱའི་རྫས་ལ་ཆགས་པའི་སེར་སྣ་མ་མཆིས་པར་སྦྱིན་པ་གཏོང་བར་ཤོག །གཉིས་པ་ནི། དེ་ལྟར་གཏོང་བའི་ཚེ་སྦྱིན་བྱས་བསྡུས་པའི་དངོས་པོ་ཐམས་ཅད་ཀྱང་བདེན་པར་གྲུབ་པའི་དངོས་པོར་མ་མཆིས་པར་ཤེས་ཤིང་། བདག་གི་གཏོང་རྒྱུའི་ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་ཤོག །གསུམ་པ་ནི། དངོས་པོ་ཐམས་ཅད་སོགས་རྐང་པ་གཉིས་ཏེ། དེའི་ཚེ་གཏོང་བ་པོ་དང་བཏང་བྱའི་རྫས་དང་གང་ལ་གཏོང་བའི་འཁོར་གསུམ་གྱི་དངོས་པོ་ཐམས་ཅད་ལ་བདེན་ཞེན་རྣམ་པར་འཇིག་པའི་སྒོ་ནས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་ཤོག་ཅིག །ཁ་ཅིག །དངོས་པོ་ཐམས་ཅད་རྣམ་པར་འཇིག་ཅེས་པའི་དོན་ནི། དངོས་པོ་ཐམས་ཅད་ངེས་པར་འཇིག་ཅིང་འབྲལ་བ་ལ་བཤད་ཅིང་སྦྱིན་བྱའི་དངོས་པོ་ཐམས་ཅད་བཏང་ནས་འཇིག་ཅིང་ཟད་པར་བྱས་པ་ལ་ཡང་བཤད་དུ་རུང་བ་ལྟར་སྣང་སྟེ་ཚུལ་གཅིག་གོ །མདོར་ན་གཞུང་སྔ་ཕྱི་དེ་དག་གིས་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་སྒོ་ནས་སྦྱིན་པ་གཏོང་བར་སྨོན་པ་སྟེ། གང་གིས་སྦྱིན་པ་གང་ལ་སྦྱིན། །ཞེས་སོགས་འབྱུང་བ་ལྟར་རོ། །སྦྱིན་པ་དངོས་ནི་གཏོང་བའི་སེམས་པ་ཞིག་ལ་འཇོག་ཅིང་། དེ་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བ་ལ་སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་ལས་དང་པོ་གཉིས་ཀྱིས་ཟིན་པ་དགོས་ལ། གཞུང་ཆེ་བ་འགའ་ཞིག་ཏུ་དེ་གང་རུང་གིས་ཟིན་ན་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བ་ལྟ་བུར་གསུངས་པ་ནི་སེམས་བསྐྱེད་པ་གཞིར་བཅས་པ་ལ་དགོངས་ཏེ། ཕར་ཕྱིན་དྲུག་པོ་ནི་ཐེག་ཆེན་པའི་རྒྱུད་ཀྱི་ཆོས་སུ་གསུངས་པའི་ཕྱིར་རོ། །འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོར་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་དེ།། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་གསུངས་པ་འདིས་འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་དང་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་གཉིས་བསྟན་ཏེ་སྔ་མ་སོ་སྐྱེའི་རྒྱུད་ཀྱི་སྦྱིན་པ་དང་། ཕྱི་མ་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ནོ། །དེས་ན་འདིས་སྦྱིན་པའི་འཁོར་གསུམ་བདེ ན་སྟོང་དུ་ཤེས་ན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བར་བཤད་པ་ནི་མངོན་སུམ་དུ་རྟོགས་པའི་དབང་དུ་མཛད་པའོ། །དེ་གསུམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་སྦྱིན་པ་ལའང་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བར་མ་ངེས་ཏེ། ཉན་རང་འཕགས་པ་ལ་རང་རྒྱུད་ཀྱི་སྦྱིན་པའི་འཁོར་གསུམ་བདེན་སྟོང་དུ་མངོན་སུམ་དུ་ཤེས་པ་ཡོད་པའི་ཕྱིར། རྗེས་འཇུག་ཊཱིཀྐ་ཆེན་མོ་ལས། དེ་ཡང་ཤེས་རབ་ཀྱིས་མ་ཟིན་ཀྱང་བྱང་ཆུབ་ཆེན་པོར་བསྔོས་པས་ཟིན་པས་ཕ་རོལ་ཏུ་འགྲོ་བར་ངེས་པ་ལ་བཞག་པའི་ཕྱིར་སྦྱིན་པའི་ཕར་ཕྱིན་གྱི་མིང་རྙེད་པར་འགྱུར་རོ་ཞེས་གསལ་བར་བཤད་པ་འདི་ཡང་སེམས་བསྐྱེད་སྔོན་དུ་བཏང་བ་ལ་དགོངས་སོ། །སྦྱིན་པ་ལ་བཤད་པ་འདི་བཞིན་ཕར་ཕྱིན་ལྷག་མ་ལྔ་ལའང་ཅི་ལྟར་རིགས་པར་སྦྱོར་བར་བཤད་དེ། དེ་ཉིད་ལས། སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་སོགས་ལ་ཡང་སེམས་བསྐྱེད་དང་བསྔོ་བ་དང་ཤེས་རབ་ཀྱིས་ཟིན་པ་སོ་སོ་དང་གཉིས་ཀ་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཕར་ཕྱིན་ཞེས་པའི་སྒྲ་དོན་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང་། ཕྱིན་ཟིན་པ་གང་རུང་དང་སྦྱར་དགོས་པས་ཕྱིན་ཟིན་པ་ནི་སངས་རྒྱས་ཀྱི་ས་ན་ཡོད་དེ། འཇུག་འགྲེལ་ལས། ཕ་རོལ་ནི་གང་ལ་འཁོར་བའི་རྒྱ་མཚོའི་ཕར་འགྲམ་ན་ངོགས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་མངའ་བའི་རང་བཞིན་ནི་སངས་རྒྱས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་རྐང་པ་བཞི་སྟེ། ཡང་དག་པར་བླངས་པ་དང་མ་བླངས་པའི་ཁྲིམས་ཀྱི་ཚུལ་ཁྲིམས་ལ་ཉེས་ལྟུང་གི་སྐྱོན་བྱུང་བ་མེད་ཅིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་འཁོར་གསུམ་ལ་བདེན་ཞེན་གྱི་རློམ་སེམས་མེད་པར་བྱས་པའི་ཚུལ་ཁྲིམས་བསྲུངས་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །བླངས་པའི་ཚུལ་ཁྲིམས་ནི་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་བླངས་པ་རྣམས་དང་། མ་བླངས་པ་ནི་སྡོམ་པ་དངོས་སུ་མ་བླངས་ཀྱང་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཅི་རིགས་སྤོང་བའི་ཚུལ་ཁྲིམས་ཏེ་བསྟན་པ་ལ་ཞུགས་མ་ཞུགས་གཉིས་ཀ་ལ་ཡོད་དོ། །ཉེས་ལྟུང་ཕྲ་མོ་བྱུང་བ་ཡང་ཚུལ་ཁྲིམས་ཀྱི་སྐྱོན་ཡིན་མོད། ཚུལ་འཆལ་གྱི་ཉེས་སྐྱོན་ནི་ཕམ་པ་བྱུང་བ་ལྟ་བུ་ལ་འཇོག་གི །ཉེས་ལྟུང་ཕྲ་མོ་བྱུང་བ་ཙམ་ལ་ཚུལ་འཆལ་དུ་འཇོག་མི་རུང་ངོ་། །འཁོར་གསུམ་ཡང་འཇུག་པ་ལས། གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །ཞེས་འབྱུང་བ་ལྟར། གང་གིས་སྤོང་ཞིང་སྲུང་བ་དང་གང་སྤོང་ཞིང་སྲུང་བ་དང་གང་གི་ཆེད་དུ་སྤོང་ཞིང་སྲུང་བའོ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལའང་འདས་མ་འདས་གཉིས་ཏེ་སྔར་བཞིན་ནོ། །གསུམ་པ་བཟོད་པའི་ཕར་ཕྱིན་ནི། སའམ་ཡང་ན་ཆུ་སོགས་རྐང་པ་བཞི་སྟེ། ཏཱ་ར་ནཱ་ཐས། སའམ་ཞེས་པ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། མེའམ་ཞེས་པ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ་སྟེ། དེ་ནི་ལས་ཀུན་རྫོབ་ལ་དམིགས་པ་ནི་ཆུ་དང་འདྲ་བ་དང་། དོན་དམ་ལ་དམིགས་པ་ནི་རླུང་དང་འདྲ་བར་འཆད་ཅིང་། ཁ་ཅིག་བཟོད་པ་དེ་ནི་གཞན་གྱི་གནོད་པ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་མི་འ ཁྲུགས་པ་ས་དང་ཆུ་དང་མེ་དང་རླུང་ལྟ་བུ་དང་། བཟོད་པའི་སེམས་མཚན་འཛིན་གྱི་མཐའ་གང་ལའང་མི་གནས་པ་ནམ་མཁའ་ལྟ་བུར་གྱུར་ཏེ་ཞེས་འཆད་ལ། འོན་ཀྱང་ཕྱིའི་ས་ཆུ་མེ་རླུང་ནི་འབྱུང་བའི་ཁམས་བཞི་པོ་དེ་རྣམས་ལ་གཞན་གྱིས་གནོད་པ་བྱས་ཀྱང་འཁུར་དུ་བཟོད་ཅིང་དེ་རྣམས་ནི་གཞན་གང་ལའང་ཁྲོ་ཆགས་མེད་པ་ལྟར་བཟོད་པ་ཡང་གནོད་པ་འཁུར་དུ་བཟོད་ཅིང་སེམས་ཅན་གང་ལའང་ཁྲོ་བའི་ཚུལ་གྱིས་མི་གནས་ཤིང་ཞེས་བཤད་ན་བདེ་བར་སེམས་སོ། །འདིར་མི་གནས་པའི་དོན་ནམ་མཁའ་དང་སྦྱོར་ཚུལ་དངོས་སུ་མི་གསལ་ཞིང་། སྦྱོར་ན་འབྱུང་བ་བཞི་པོ་དང་སྦྱོར་དགོས་ཏེ། རླུང་གི་ཁམས་ལྟར་མི་གནས་ཤིང་ཞེས་པ་ནི་དེའི་སྔོན་མ་ས་ཆུ་མེ་གསུམ་དང་སྦྱོར་རིགས་པའི་ཕྱིར་རོ། །དེ་ལྟ་བུའི་བཟོད་པ་བསྒོམས་ཏེ་ཁྲོ་བ་མ་མཆིས་པའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །འདིས་གཙོ་བོར་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་བཤད་དོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། བརྩོན་འགྲུས་བརྩམས་པའི་སོགས་རྐང་པ་བཞི་སྟེ། བརྩོན་འགྲུས་ལ་བརྩམས་པའི་བརྩོན་འགྲུས་ནི་སྦྱོར་བའི་དུས་སུ་རྒྱུན་ཏུ་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་འཇུག་པ་ཡིན་ལ། དེ་ཡང་གནོད་པས་མི་གཡོ་བས་བརྟན་པ་གོ་ཆའི་བརྩོན་འགྲུས་དང་། དགེ་བའི་བྱ་བ་ལ་སྤྲོ་བའི་གུས་སྦྱོར་གྱི་བརྩོན་འགྲུས་དང་། བརྩོན་པ་ལྷོད་པའི་ལེ་ལོ་མ་མཆིས་ཤིང་། སླར་མི་ལྡོག་པའི་བརྩོན་འགྲུས་ལ་སྟོབས་དང་ལྡན་པའི་ལུས་དང་སེམས་ཀྱིས་འབད་པའི་སྒོ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ནི། སྒྱུ་མ་ལྟ་བུའི་སོགས་རྐང་པ་བཞི་སྟེ། བསམ་གཏན་ལ་སྤྱིར་སོ་སྐྱེའི་ས་ན་ཞི་གནས་སོགས་ཡོད་ཀྱང་། འདིར་ལམ་མཐོན་པོའི་བསམ་གཏན་གྱི་གཙོ་བོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ཏིང་འཛིན་གསུམ་སྨོན་ནས་དེ་གསུམ་གྱི་སྒོ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་པ་སྟེ། ཏིང་ངེ་འཛིན་འདི་གསུམ་གའང་ས་བཅུ་པ་ནས་ཐོབ་པར་བཤད་དོ། །ཏིང་ངེ་ཛིན་སྔ་མ་གཉིས་ནི་ཀུན་རྫོབ་ལ་དམིགས་པ་རྗེས་ཐོབ་དང་། ཕྱི་མ་ནི་དོན་ལ་དམིགས་པ་མཉམ་བཞག་གིས་བསྡུས་པ་ཞིག་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཏིང་ངེ་འཛིན་དེ་ཐོབ་པའི་གང་ཟག་གིས་ཆོས་ཐམས་ཅད་སྒྱུ་མ་ལྟར་ཁོང་དུ་ཆུད་དེ་དབང་བསྒྱུར་བས་སྤྲུལ་པ་ཅི་འདོད་དུ་སྤྲུལ་པ་ལ་དབང་འབྱོར་ཞིང་འདོད་རྒུར་བསྒྱུར་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་ལ་བཤད་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་སྔ་མ་དང་འདྲ་བ་ལས། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་གང་དང་གང་གི་གཟུགས་ཀྱིས་འདུལ་ཞིང་མཐོང་བར་འདོད་པ་དེ་དང་དེའི་ངོ་བོར་གཟུགས་དེ་དང་དེར་སྣང་བར་འགྱུར་བ་སྟེ། སངས་རྒྱས་སམ་ལྷའི་གཟུགས་ཀྱིས་འདུལ་ཞིང་མཐོང་བར་འདོད་པའི་ངོ་བོར་སངས་རྒྱས་དང་ལྷའི་གཟུགས་ནས། དེ་བཞིན་དུ་བདུད་དང་དུད་འགྲོའི་བར་གྱི་སེམས་ཅན་གྱི་གཟུགས་ཀྱི་སྒོ་ནས་འདུལ་བའི་ངོ་བོར་དེ་དང་དེར་སྣང་བར་འགྱུར་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་གོ །སྔགས་ཀྱི་སྐབས་སུ་བདེ་མཆོག་སྨོན་ལམ་ལས། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། ཞེས་པའི་དོན་ཟུང་འཇུག་གི་ཏིང་ངེ་འཛིན་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་པའང་དགོངས་གཞི་ཟུང་འཇུག་གི་སྐུ་ཐོབ་པས་དེ་ལྟ་བུ་ནུས་པ་ལ་དགོངས་པར་གསུངས་ཤིང་། ས་བཅུ་པ་ནས་རྗེས་ཐོབ་ཏུ་སངས་རྒྱས་ཀྱི་མཛད་པ་དང་འདྲ་བར་མཛད་ནུས་པ་ཡང་ཏིང་ངེ་འཛིན་འདི་ཐོབ་པའི་དབང་ཡིན་པར་བཤད་དོ་། ཁ་ཅིག་ཏིང་ངེ་འཛིན་འདི་གཉིས་ས་བརྒྱད་པ་ན་ཡོད་ཅེས་འདོད་དེ། རྗེས་མཐུན་པ་དེ་ན་ཡོད་ཀྱང་དངོས་ནི། མདོ་ཉིད་ནས་ས་བཅུ་པ་ནས་ཐོབ་པར་གསུངས་སོ། །དཔའ་བར་འགྲོ་བའི་དོན་ནི། དཔའ་བོ་གཡུལ་དུ་ཆས་པ་ན་དཔུང་ཚོགས་ཡན་ལག་བཞི་དང་བཅས་ཏེ་འགྲོ་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་འགྲོ་བ་ན་དེ་ལྟ་བུ་དང་རིན་ཆེན་སྣ་བདུན་ཡང་རྗེས་སུ་འགྲོ་བ་དེ་བཞིན་དུ། ཏིང་ངེ་འཛིན་འདི་ཐོབ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་དཔལ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད་པ་ལྟར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འཚང་རྒྱ་བའམ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་བསྡུས་པའི་ཏིང་ངེ་འཛིན་ཏེ། ཕྱག་རྡོར་དང་བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དེ་ཉིད་སྲ་ཞིང་བརྟན་པ་དང་མི་ཆོད་པ་དང་གཞན་གྱིས་གཞིག་པར་མི་ནུས་ཤིང་། རྡོ་རྗེ་དེ་རི་བྲག་སོགས་གང་ལ་བསྣུན་ན་དེ་ཉིད་ཕྱེེ་མར་ཕྱེད་ནུས་པ་ལྟར། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་མི་མཐུན་ཕྱོགས་རྣམས་ཀྱིས་མི་བཤིག་མི་ཚུགས་ཤིང་། དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཐོགས་མེད་དུ་འཇོམས་ནུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། རྣམ་པར་ཐར་པའི་སྒོ་སོགས་རྐང་པ་བཞི་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་ཀྱང་། འདིར་ཕྱི་མ་ལྟར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་བདེན་པས་སྟོང་པར་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྒྱུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། འབྲས་བུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ་དེ་ལྟ་བུའི་རྣམ་པར་ཐར་པའི་སྒོ་གསུམ་མོ། །ཡང་གཞི་ལམ་འབྲས་གསུམ་དང་དུས་གསུམ་གྱི་ཆོས་དང་སྦྱར་ནས་བཤད་པའང་ཡོད། འདིར་ནི་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པ་རྣམ་ཐར་སྒོ་གསུམ་དང་སྦྱར་ནས་གསུངས་པ་དང་འབྲེལ་ལོ། །དུས་གསུམ་ནི་འདས་མ་འོངས་ད་ལྟའི་དུས་གསུམ་པོ་རང་བཞིན་གྱིས་སྟོང་པའི་མཉམ་པ་ཉིད་དུ་ཤེས་པ་སྟེ། མངོན་རྟོགས་རྒྱན་ལས། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་བཞིན་ནོ། །རིག་པ་གསུམ་ནི་རང་གཞན་གྱི་ཚེ་རབས་སྔོན་མའི་བྱུང་ཚུལ་ཤེས་པ་སྔོན་གནས་རྗེས་སུ་དྲན་པའི་རིག་པ་དང་། རང་གཞན་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཤེས་པ་འཆི་འཕོ་སྐྱེ་བ་ཤེས་པའི་རིག་པ་དང་། ཟག་པ་ཟད་བྱེད་ཀྱི་ཐབས་དང་དེ་ཟད་པའི་མྱང་འདས་ཤེས་པ་ཟག་པ་ཟད་པའི་རིག་པ་སྟེ། མྱང་འདས་ཟག་ཟད་རིག་པ་ནི་དེ་མངོན་དུ་བྱས་ཤིང་ཤེས་པའོ། །དེ་དག་གི་མིང་གི་རྣམ་གྲངས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ཟག་ཟད་རིག་ཅེས་བྱ་སྟེ་དོན་འདྲའོ། །དེ་ལྟ་བུའི་རིག་པ་གསུམ་པོ་མངོན་སུམ་དུ་བགྱིས་པ་སྟེ་ཐོབ་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་སོ། །གསུམ་པ་མཇུག་གི་རིམ་པ་ལ་གཉིས། དངོས་དང་། སྔོན་བྱམས་པས་དེ་ལྟར་བཏབ་པའི་སྨོན་ལམ་འགྲུབ་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀུན་གྱི་སོགས་རྐང་པ་བཞི་སྟེ། འདིའི་དོན་ལ་ཏཱ་ར་ནཱ་ཐས་ནི། སངས་རྒྱས་ཀུན་གྱིས་བསྔགས་ཤིང་བསྟོད་པའི་ཆོས་སྐུ་དང་། འོད་འབར་བའི་ལོངས་སྐུ་དང་། གཟི་བརྗིད་འབར་བའི་སྤྲུལ་སྐུ་དང་། ཞེས་བཤད་ཅིང་། ཞ་ལུ་ཡེ་ཤེས་རྒྱ་མཚོས་ནི་དེ་དང་མི་འདྲ་བར་བསྔགས་འོད་གཟི་བརྗིད་འབར་བ་གསུམ་པོ་སྨོན་ལམ་ཉིད་ཀྱི་བསྔགས་པ་དང་སྦྱར་ནས་བཤད་དོ། ཁོ་བོ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པའི་དུས་ཀྱི་སྐྱེ་བ་རྣམས་སུ་བདག་ཉིད་སངས་རྒྱས་ཀུན་གྱིས་བསྔགས་པ་དང་། འོད་དང་གཟི་བརྗིད་འབར་བའི་ལུས་རྟེན་ཁྱད་པར་ཅན་ཐོབ་པ་དང་། དེའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་མཐུ་དང་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་བྱས་ན་དགོངས་པར་འགྲོ་སྙམ་དུ་སེམས་སོ། །གཉིས་པ་ནི། དེ་ལྟར་སྤྱད་པ་སྤྱོད་སོགས་རྐང་པ་བཞི་སྟེ། གོང་དུ་བཤད་པ་དེ་ལྟར་ཕྱིན་དྲུག་གི་སྤྱད་པ་རྣམས་སྤྱོད་པར་བྱེད་ཅིང་། དེའི་སྒོ་ནས་བྱམས་པ་ཞེས་མཚན་གྱི་གྲགས་པ་དང་ལྡན་པ་དེ་ཡིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཅུ་པའི་བར་ལ་རབ་ཏུ་གནས་ཤིང་བགྲོད་དེ་ད་ལྟ་ནི་ས་བཅུ་པ་ལ་གནས་པ་ཐོབ་པར་གྱུར་ཏོ་ཞེས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཀྱང་བཅུ་མ་རྫོགས་སམ་སྙམ་ན། བཅུ་ཡང་རྫོགས་ཏེ། ཐབས་ཀྱི་ཕར་ཕྱིན་ནི། སྦྱིན་སོགས་བཞིར་འདུས་ཤིང་། སྟོབས་ནི་བསམ་གཏན་དང་། ཡེ་ཤེས་ཀྱི་ཕར་ཕྱིན་ནི་ཤེས་རབ་ཀྱི་ཕར་ཕྱིན་ཀྱི་གྲོགས་སུ་འབྲེལ་ཏེ་མདོ་སྡེའི་དགོངས་འགྲེལ་གྱི་དགོངས་པའོ། །བྱམས་པ་ཞེས་པའི་མཚན་ནི་སྔོན་རྗེ་བཙུན་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་པའི་དུས་སུ་བྱམས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ཅན་དཔག་ཏུ་མེད་པ་བྱམས་པ་ལ་བཀོད་པས། དེ་ནས་བཟུང་སྟེ་རྟག་ཏུ་བྱམས་པ་ཞེས་པའི་མཚན་ཆགས་སོ། །ད་ལྟ་ས་བཅུ་པ་ལ་གནས་པའི་བྱང་སེམས་སུ་བཤད་པ་ནི་དེའི་ཚུལ་བཟུང་བ་ཙམ་ལ་དགོངས་ཀྱི། དངོས་པོའི་གནས་ཚོད་ངེས་དོན་ལ་ནི་རྗེ་བཙུན་བྱམས་མགོན་སངས་རྒྱས་ཡིན་པར་གཞུང་གཞན་ལ་བརྟེན་པའི་རིགས་པ་དུ་མས་འགྲུབ་ལ། རྗེས་སྔགས་རིམ་ཆེན་མོ་ལས་སངས་རྒྱས་སུ་བཤད་ཅིང་། རྒྱལ་ཚབ་ཀྱིས་རྒྱུད་བླ་དར་ཊཱིཀ་ཏུ་ནི། གདུལ་བྱ་ཐུན་མོང་བ་ཁ་ཅིག་རྗེས་སུ་བཟུང་བའི་ཕྱིར་དུ་དེ་སྐད་གསུངས་པ་ཡིན་གྱི། ངེས་པའི་དོན་དུ་བཅོམ་ལྡན་འདས་བྱམས་པ་ཉིད་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ཟིན་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །སྨོན་ལམ་འདི་ལ་འཕགས་ཡུལ་གྱི་འགྲེལ་པ་མི་སྣང་ཞིང་། དེ་ལྟར་བཤད་པ་རྣམས་ནི་བོད་འགྲེལ་སྔོན་མ་གཉིས་ལ་ཡང་བརྟེན་ནས་ཡིན་མོད། དེ་དག་ཚིག་འ གྲེལ་མཐར་ཆགས་སུ་རྫོགས་པར་མི་སྣང་ཞིང་། འཆད་ཚུལ་ཡང་རང་གི་བློ་དང་མཐུན་མི་མཐུན་ཅི་རིགས་སུ་འདུག་པས་འདིར་རང་སྟོབས་གཙོ་བོར་བྱས་ནས་བཤད་དོ། །ད་ནི་སྨོན་ལམ་གྱི་མཇུག་ཏུ་བྱམས་པས་དམ་བཅས་པའི་གཟུངས་དང་སྨོན་ལམ་ཚིགས་བཅད་གསུམ་ཙམ་འདོན་པའི་སྲོལ་འདུག་པས་དེ་དག་གི་དོན་ཅུང་ཟད་བརྗོད་པ་ལ་གསུམ། གཟུངས་བོད་སྐད་དུ་བསྒྱུར་བཏོན་པའི་ཕན་ཡོན་བཤད་པ། སྨོན་ལམ་གྱི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཏི་ཛྙཱ་ན་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས་ཞེས་པ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ༀ་མུ་ནི་མུ་ནི་སྨ་ར་སྭཱཧཱ། ཉེ་བའི་སྙིང་པོའོ་ཞེས་པའི་བར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས། ན་མོ་ནི་ཕྱག་འཚལ་ལོ། བྷ་ག་ཝ་ཏེ་ནི་བཅོམ་ལྡན་འདས། ཤཱཀྱ་མུ་ན་ཡེ་ནི་ཤཱཀྱ་ཐུབ་པ་ལ། ཏ་ཐཱ་ག་ཏཱ་ཡ་ནི་དེ་བཞིན་གཤེགས་པ། ཨ་ཧ་ཏེ་ནི་དགྲ་བཅོམ་པ། ས་མྱཀ་སཾ་ནི་ཡང་དག་པར་རྫོགས་པ། བུདྡྷ་ཡ་ནི་སངས་རྒྱས་ལ་སྟེ། སྡེབ་སྦྱོར་གྱིས་བསྒྱུར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །ཏདྱ་ཐཱ་ནི་འདི་ལྟ་སྟེ། ༀ་ནི་འགོ་འདྲེན། ཨ་ཛི་ཏེ་ཨ་ཛི་ཏེ་ནི་མི་ཕམ་པ་མི་ཕམ་པ། ཨ་པ་ར་ཛི་ཏེ་ནི་གཞན་གྱིས་མི་ཐུབ་པའམ་མི་ཕམ་པ་སྟེ། པ་ར་ནི་གཞན། ཛི་ཏེ་ནི་ཐུབ་པ། ཨ་ནི་དགག་ཚིག་སྟེ་མི་ཞེས་པའི་དོན་ནོ། །ཡང་ཨ་ཛི་ཏ་ནི་མི་ཕམ་པ་སྟེ་ཨ་ནི་དགག་ཚིག་དང་ཛི་ཏ་སྐབས་ཐོབ་ཀྱིས་རྒྱལ་བྱེད་དང་། ཐུབ་པ། ཕམ་པ་སྟེ་འདིར་ཕྱི་མ་གཉིས་ལ་བྱས་ནས་ཨ་གོང་དུ་བཞག་པས་མི་ཐུབ། མི་ཕམ་ཞེས་པར་བསྒྱུར་རོ། །ཛ་ཡ་ནི་རྒྱལ་བ༑ ཧ་ར་ཧ་ར་ནི་འཕྲོག་འཕྲོག །མཻ་ཏྲི་ནི་བྱམས་པ། ཨ་བ་ལོ་ཀི་ཏེ་ནི་ཀུན་ནས་གཟིགས་པའམ་སྤྱན་རས་གཟིགས། ཀ་ར་ཀ་ར་ནི་མཛད་མཛད་དམ་བྱེད་བྱེད། མ་ཧཱ་ས་མ་ནི་དམ་ཚིག་ཆེན་པོ། སིདྡྷི་ནི་དངོས་གྲུབ། བྷ་ར་བྷ་ར་ནི་རྒྱས་རྒྱས། མ་ཧཱ་བོདྷི་ནི་བྱང་ཆུབ་ཆེན་པོ། །མཎྜ་ནི་སྙིང་པོའམ་དཀྱིལ། བི་ཛེ་ནི་ས་བོན། སྨ་ར་སྨ་ར་ནི་དྲན་པ་དྲན་པ། ཨསྨ་ཀཾ་ནི་བདག་ཅག །ས་མ་ཡ་ནི་དམ་ཚིག་གམ་མཉམ་པ༑ བོ་དྷི་བོ་དྷི་ནི་བྱང་ཆུབ་བྱང་ཆུབ། མ་ཧཱ་བོ་དྷི་ནི་བྱང་ཆུབ་ཆེན་པོ། སྭཱཧཱ་ནི་གཞི་ཚུགས་སམ་ལེགས་པ་སྦྱིན་ཞེས་པའོ། །དེ་ཡན་ཆད་རྩ་བའི་སྔགས་སོ། །དེ་ནས། ༀ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱཧཱ། ཞེས་པ་སྙིང་པོ་དང་། ༀ་མུ་ནི་མུ་ནི་སྨ་ར་སྭཱཧཱ་ནི་ཉེ་བའི་སྙིང་པོ་སྟེ། འདི་ཉིད་རྒྱུད་ནས་འབྱུང་བ་ལྟར་ཡིན་ལ། འགའ་ཞིག་ཏུ་དེ་དག་གི་འཕྲོ་ན་སྔགས་མི་འདྲ་བ་གཞན་ཞིག་འབྱུང་བ་དེ་རྒྱུད་ན་མི་འདུག་པས་གཞན་གྱིས་བཅུག་པ་མངོན་ལ། མ་བཏོན་ཀྱང་ཆད་ལྷག་མེད་ཅིང་བརྗོད་ཀྱང་མི་འགལ་ལོ། །གཉིས་པ་ཕན་ཡོན་ནི། གང་གཟུངས་འདི་ཉན་པ་དང་སོགས་ཀྱི་དོན་བསྡུས་ན། བྱམས་མགོན་ཡིད་ལ་བྱེད་ཅིང་མོད་པས་གཟུངས་འདི་འདོན་པ་སོགས་བྱེད་ན། བྱམས་པ་མ་འོངས་པ་ན་སངས་རྒྱས་པའི་དུས་སུ་གང་ཟག་དེ་གང་ན་འདུག་ཀྱང་ངེས་པར་བཙལ་ཏེ་བྱང་ཆུབ་ཏུ་ལུང་སྟོན་པ་དང་། བྱ་རི་དྭགས་སོགས་དུད་འགྲོའི་རྣ་བར་བསྒྲགས་ན་དེ་དག་ཀྱང་ལུང་སྟོན་པ་ཐོབ་པ་དང་། དད་ཅིང་བརྗོད་ན་ངན་འགྲོར་མི་སྐྱེ་བ་དང་། མངལ་དུ་མི་སྐྱེ་ཞིང་ལྷར་རྫུས་ཏེ་སྐྱེ་བ་དང་། མངལ་དུ་སྐྱེས་ཀྱང་རྒྱལ་པོའི་རིགས་སུ་སྐྱེ་ཞིང་དགེ་བ་བཅུ་དང་ལྡན་པ་དང་། ལོངས་སྤྱོད་ཅན་དུ་འགྱུར་བ་དང་། མདོར་ན་བྱམས་པ་ཉིད་ཀྱིས་སེམས་ཅན་དེ་མི་བརྗེད་པར་རྗེས་སུ་འཛིན་ཅིང་སངས་རྒྱས་པའི་ཚེ་ལུང་སྟོན་པར་དམ་བཅས་སོ། །གཉིས་པ་ནི། འདི་ཡི་དགེ་བས་སོགས་ཚིགས་བཅད་གསུམ་སྟེ། དང་པོ་ནི་སྨོན་ལམ་དང་གཟུངས་བཏོན་པ་འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན་ཀྱང་། འདི་ནས་ཤི་འཕོས་གྱུར་པའི་མོད་དེ་ཉིད་ལ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་དགའ་ལྡན་ལྷའི་ཡུལ་དུ་བྱམས་པའི་བཞུགས་གནས་ཆོས་ཀྱི་མཐོ་བའི་ཁང་བཟང་དེར་སྐྱེས་ནས། མི་ཕམ་ཆོས་རྗེ་བྱམས་པའི་སྲས་ཀྱི་ཐུ་བོར་གྱུར་པར་ཤོག །གཉིས་པ་ནི། ས་བཅུ་པའི་དབང་ཕྱུག་རྒྱལ་ཚབ་མི་ཕམ་པ་མ་འོངས་པ་ན་འཛམ་བུའི་གླིང་དུ་སྟོབས་བཅུ་མངའ་སངས་རྒྱས་ཀྱི་གོ་འཕང་གསར་དུ་བརྙེས་པའི་ཚུལ་བསྟན་པའི་ཚེ། གསུང་གི་བདུད་རྩི་དམ་ཆོས་འདུས་པའི་ཐོག་མར་རབ་ཏུ་མྱངས་ནས་དོན་ཉམས་སུ་བླངས་ཏེ་འབྲས་བུ་མངོན་དུ་བྱས་ནས་རྒྱལ་བའི་མཛད་པ་མ་ལུས་པ་སྒྲུབ་ཅིང་དེ་མཐར་ཕྱིན་པར་ཤོག །གསུམ་པ་ནི། ཚེ་འདི་ནས་ཤི་འཕོས་གྱུར་མ་ཐག་སྐྱེ་བ་གཞན་གྱི་བར་མ་ཆོད་པར་དགའ་ལྡན་དུ་སྐྱེས་ནས་བྱམས་པའི་བཞུགས་གནས་ཡིད་དགའ་ཆོས་འཛིན་ཞེས་བྱ་བར་མྱུར་དུ་བྱམས་མགོན་མཆོད་ཅིང་བསྙེན་བཀུར་བ་སོགས་ཀྱི་སྒོ་ནས་ཐུགས་མཉེས་པར་བྱས་ནས་བྱམས་པས་བདག་ལ་མ་འོངས་པ་ན་ཁྱོད་དུས་འདིའི་ཚེ་མིང་འདི་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་ཤོག་ཅིག་ཅེས་སོ། །སྨྲས་པ། སྐྱེ་ཀུན་བྱམས་མགོན་ཉིད་ལ་རེ་ལྟོས་ཀྱིས། །སྐུ་བཞེངས་དགོངས་བཀྲལ་མཆོད་བསྟོད་གསོལ་སྨོན་ལ། །རྟག་བརྩོན་འདིར་འབད་ཀུན་ཀྱང་དེ་ཉིད་ཀྱི། །དྲུང་སྐྱེ་རྗེས་སུ་འཛིན་པའི་རྒྱུར་འགྱུར་སྙམ། །རྒྱལ་གསུང་བྱམས་པའི་སྨོན་ལམ་རྒྱ་མཚོ་ཆེར། །ཞུགས་ནས་དོན་བཟང་ནོར་བུ་ལེན་འདོད་ཀྱང་། །འཁྲུལ་བའི་རླབས་ཀྱིས་གཞན་དུ་ཁྱེར་བ་ཡི། །ཉེས་གང་ཐུབ་དབང་བྱམས་མགོན་ཉིད་ལ་བཤགས། །ལེགས་པར་བཤད་པའི་དགེ་བའི་རླུང་ཤུགས་ཀྱིས། །ཤི་འཕོས་བྱམས་པའི་དྲུང་དུ་བགྲོད་པ་དང་། །དེ་ཉིད་མ་འོངས་མངོན་པར་སངས་རྒྱས་ཚེ། །འཁོར་གྱི་མཆོག་གྱུར་ལུང་བསྟན་ཐོབ་གྱུར་ཅིག །དེ་ཚེ་དེ་ཡི་དམ་ཆོས་མ་ལུས་པ། །ལེགས་པར་འཛིན་ཅིང་བསྟན་པ་རབ་སྤེལ་བས། །བྱམས་མགོན་དགྱེས་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་བཟུང་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་འདི་ནི། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པའི་ཐོག་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་རྗེ་ཉིད་ཀྱི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག། །། མངྒལཾ།། །།


previousབྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་།next