Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
 
རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ།
  
  
  
  
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ།next

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ་བཞུགས་སོ། །

ན་མོ་བཛྲ་པཱ་ཎི་ཡེ། མ་ལུས་རྒྱལ་བའི་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་རིག་སྔགས་འཆང་བ་ཀུན་གྱི་རྗེ། །བཅོམ་ལྡན་ཕྱག་ན་རྡོ་རྗེར་རབ་གྲགས་པ། །རྗེ་བཙུན་རྡོ་རྗེ་རྣམ་པར་འཇོམས་ལ་འ དུད། །གང་དེའི་རྒྱུད་ཀྱི་རྣམ་གྲངས་ཆེས་མང་ཡང་། །བྱ་རྒྱུད་ཚུལ་དུ་གསུངས་པའི་གཟུངས་སྔགས་མཆོག །ཡོངས་སུ་གྲགས་པའི་ཚིག་དོན་ཕྱོགས་ཙམ་ཞིག །དད་དང་རྣམ་དཔྱོད་ཉིད་ཀྱིས་གསལ་བར་བྱ། ༈ དེ་ཡང་རྡོ་རྗེ་རྣམ་པར་འཇོམས་པ་ཉིད་ངོ་བོ་རྗེ་བཙུན་གསང་བའི་བདག་པོ་ཡིན་ལ། སྤྱིར་ གསང་བའི་བདག་པོ་ལ་ཕྱགརྡོར ་ཞི་བ། གསང་བདག་གཏུམ་པོ་ཁྱུང་ལྔ། ཨུ་ཙརྱ། འབྱུང་པོ་འདུལ་བྱེད། གོས་སྔོན་ཅན། འཁོར་ལོ་ཆེན་པོ་སོགས་མང་ཞིང་། ཐུགས་ཀྱི་སྤྲུལ་པ་ནི་རྡོ་རྗེ་རྣམ་འཇོམས་ཏེ། དེ་ལའང་སྐུ་མདོག་དང་ལྷའི་གྲངས་སོགས་མི་འདྲ་བ་མང་ངོ་། །འདིའི་རྒྱུད་ནི་བྱ་རྒྱུད་དུ་གཏོགས་པར་གསུངས་ཤིང་བྱ་རྒྱུད་ལ་དེ་བཞིན་གཤེགས་པའི་རིགས་པདྨའི་རིགས། རྡོ་རྗེའི་རིགས་དང་གསུམ་ལས་རྡོ་རྗེའི་རིགས་སོ། །རྡོ་རྗེའི་རིགས་ཀྱི་གཙོ་བོ་ནི་མི་འཁྲུགས་པ་དང་། རིགས་ཀྱི་འཁོར་ལོས་བསྒྱུར་བ་ནི་ཕྱག་རྡོར་དང་། དེའི་སྤྲུལ་པ་རིག་པ་མཆོག་དང་། རྣམ་འཇོམས་ལ་སོགས་པའོ། །རྣམ་འཇོམས་ཀྱི་རྒྱུད་འདི་གནས་གང་དུ་གསུངས་ཞེ་ན། མཁས་པ་ཁ་ཅིག་རྡོ་རྗེའི་ལྷུན་པོའི་ཟོམས་སུ་གསུངས། གང་གི་ཆེད་དུ་གསུངས་ན་སེམས་ཅན་གཞན་གྱི་དོན་དུ་ཡང་ཡིན་མོད། དངོས་སུ་ན་རྒྱལ་པོ་མ་སྐྱེས་དགྲ་ནད་ཀྱིས་ཟིན་པའི་དུས་སུ་ཕྱག་རྡོར་གྱིས་བཅོམ་ལྡན་འདས་ལ་ཞུས་ནས་གསུངས་སོ་ཞེས་བཤད་དེ། ཕྱི་མ་འདི་མཇུག་ཏུ་རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་འབྱུང་བ་དང་འབྲེལ་སྙམ་མོ། །འདི་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ལས་མཚན་བསྒྱུར་བ་ནི། གཞུང་འདིའི་མཚན་ལ། རྒྱ་གར་ལེགས་སྦྱར་གྱི་སྐད་དུ་ནི། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཞེས་བྱ་ཞིང་། དེ་ཉིད་བོད་ཀྱི་སྐད་དུ་བསྒྱུར་ན། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་བྱ་བར་འགྱུར་ཏེ། བཛྲ་ནི་རྡོ་རྗེ། བི་དཱ་ར་ཎ་ནི་རྣམ་པར་འཇོམས་པ། ནཱ་མ་ནི་ཞེས་བྱ་བ། དྷ་ར་ཎི་ནི་གཟུངས་ཞེས་པར་འགྱུར་བའི་ཕྱིར། བི་དཱ་རའི་བི་ནི་དགག་ཚིག་སྟེ། བྲལ་བ། ལོག་པ། རྣམ་པར་ཞེས་སོགས་མང་པོ་ཞིག་ལ་འཇུག་ཀྱང་། འདིར་ནི་རྣམ་པར་ཞེས་པའི་དོན་དུ་བསྒྱུར་རོ། །གཉིས་པ་མཚན་གྱི་དོན་ལ། རྡོ་རྗེ་ནི་འཆད་པ་ལྟར་ཏེ་དེས་མི་མཐུན་ཕྱོགས་ཐམས་ཅད་རྣམ་པར་འཇོམས་པའི་དོན་ནོ། །གཟུངས་ལ། སྤྱིར་རྗོད་བྱེད་ཚིག་གི་གཟུངས་དང་། བརྗོད་བྱ་དོན་གྱི་གཟུངས་གཉིས་ཏེ། འདིར་སྔ་མའི་དབང་དུ་བྱས་སོ། །བརྗོད་བྱ་དོན་གྱི་གཟུངས་ལ་བཞི་སྟེ། བཟོད་པའི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། ཚིག་དང་དོན་གྱི་གཟུངས་སོ། །དེའི་དང་པོ་ནི་སྟོང་ཉིད་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་སྐྱེས་པའོ། །གཉིས་པ་ནི། དེའི་སྟོབས་ཀྱིས་སྡིག་པ་དང་མི་མཐུན་ཕྱོགས་གཞན་ཞི་བར་བྱེད་པའི་གསང་སྔགས་རྩོམ་ནུས་པ་ནས་ཐོབ་པའི་གཟུངས་ཞིག་གོ །གསུམ་པ་དང་བཞི་པའི་གསུང་རབ་ཀྱི་ཚིག་མང་པོ་བསྐལ་བའི་བར་དུ་མི་བརྗེད་པ་དང་། དོན་དུ་མ་བསྐལ་བའི་བར་དུ་མི་བརྗེད་པར་འཛིན་ནུས་པའི་གཟུངས་ཏེ་ཏིང་ངེ་འ ཛིན་དང་ཤེས་རབ་ཀྱིས་བསྡུས་པའོ། །གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་སླའོ། །གསུམ་པ་གཞུང་གི་དོན་ལ་བཞི། གཟུངས་སྔགས་འབྱུང་བའི་རྒྱུ། གཟུངས་ཀྱི་ཁྱད་ཆོས། གཟུངས་སྔགས་དངོས། གཟུངས་ཀྱི་ཆོ་གའི་རིམ་པའོ། །དང་པོ་ནི། འཆད་པའི་གཞུང་འདི་སྐད་སྡུད་པ་པོ་བདག་གིས་ཐོས་པ་ལ་དུས་གཅིག་གི་ཚེ་ན་ཞེས་པ་ནི་ཡང་ཡང་མ་ཐོས་ཀྱི། ལན་གཅིག་ཐོས་ཤིང་ལན་གཅིག་ཙམ་ཐོས་པས་ཀྱང་མི་བརྗེད་པར་བཟུངས་ཞེས་པ་སྟེ། འདིས་ཆོས་འདི་དཀོན་པ་དང་རང་ཉིད་ཤེས་རབ་ཆེ་བར་བསྟན་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་ལ་བཞུགས་ཏེ་ཞེས་པ་ནི་དྲང་དོན་དུ་རྡོ་རྗེའི་གདན་ལ་བཞུགས་པ་དང་། ངེས་དོན་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཉིད་ཀྱི་མཐུས་ལག་ན་རྡོ་རྗེ་སྟེ་པ་ཎ་ཞེས་པ་ལག་པ་ལ་འཇུག་ཅིང་ཞེ་ས་དང་སྦྱར་ན། ཕྱག་ན་རྡོ་རྗེ་རང་ཉིད་ཀྱིས་རང་གི་ལུས་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཐུགས་གཉིས་སུ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སྙོམས་པར་ཞུགས་སོ། །ཞེས་པའི་ཚིག་སྔ་མས་ཕྱག་རྡོར་གྱི་རང་བཞིན་གྱི་ལུས་ནི། འབྱུང་བཞི་ལས་གྲུབ་པའི་ལུས་མ་ཡིན་པར་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་བསྟན་ཏོ། །སྤྱི་རྡོ་རྗེ་ལ་དྲང་ངེས་ཀྱི་རྡོ་རྗེ་གཉིས་ལས། དྲང་དོན་གྱི་རྡོ་རྗེ་ལ་རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེ་སོགས་མང་ཡང་། ཕྱག་རྡོར་གྱི་ཕྱག་མཚན་རྡོ་རྗེ་ལ་རྩེ་ལྔ་པ་གཙོ་ཆེ་ཞིང་། རྩེ་ལྔས་ཡེ་ཤེས་ལྔ་མཚོན་པ་སོགས་མང་ངོ་། །ངེས་དོན་གྱི་རྡོ་རྗེ་ལ་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་དེ་རྟོགས་པའི་ཡེ་ཤེས་གཉིས་ཡོད་ཀྱང་། འདིར་ཡུལ་ཅན་ཡེ་ཤེས་ཀྱི་དབང་དུ་བྱས་ན་སྟོང་ཉིད་ཟབ་མོ་ལ་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའི་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་ངེས་དོན་གྱི་རྡོ་རྗེ་ཡིན་ལ། དེ་ཉིད་ལ་མཚོན་བྱ་དོན་གྱི་རྡོ་རྗེ་དང་གསང་བའི་རྡོ་རྗེ་ཞེས་ཀྱང་བྱ་སྟེ། འོག་ཏུ་འཆད་པའི་ངེས་དོན་གྱི་རྡོ་རྗེ་རྣམས་ལ་དོན་འདི་དྲན་དགོས་སོ། །དེ་ལྟར་ཡང་རྒྱ་གཞུང་གཉིས་ལས། ཡེ་ཤེས་དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ངེས་དོན་གྱི་རྡོ་རྗེ་དེ་ཉིད་དྲང་དོན་ལྷ་སྐུའི་རྣམ་པར་ཤར་བ་སྟེ་དྲང་ངེས་གཉིས་སོ། །ལག་ན་རྡོ་རྗེ་ཞེས་པ་ནི་དྲང་དོན་དུ་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་འཛིན་པའི་མིང་ཡིན་ལ། ངེས་དོན་དུ་ནི་བཤད་མ་ཐག་པའི་ངེས་དོན་གྱི་རྡོ་རྗེ་དེ་ཐུགས་རྒྱུད་ལ་འཛིན་པའི་དོན་ཏེ་ཐུགས་ལ་ཡོད་པ་ནི་ལག་ན་ཡོད་པ་དང་འདྲ་བའོ། །ལག་ན་རྡོ་རྗེ་ལ་ནི་སྤྱིར་མཚན་བརྗོད་ལས། ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་འབྱུང་བ་ལྟར་ལག་ན་རྡོ་རྗེའི་མིང་ཅན་དཔག་ཏུ་མེད་པ་ཡོད་ཀྱང་། ཕྱག་ན་རྡོ་རྗེ་ལ་ལག་ན་རྡོ་རྗེར་བཤད་པ་འདི་ལག་ན་རྡོ་རྗེ་ཐམས་ཅད་ཀྱི་རྒྱལ་པོའོ། །ཕྱག་ན་རྡོ་རྗེ་ནི་སངས་རྒྱས་ཐམས་ཅད་ཀྱིས་གདུག་པ་ཅན་ཀུན་འདུལ་བའི་ཕྱིར་དུ་དབང་བསྐུར་ཞིང་དྲག་པོའི་སྐུར་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་བཟུང་ཡང་དོན་ལ་ནི་དང་པོའི་སངས་རྒྱས་ཡིན་ཏེ། སྤྱོད་རྒྱུད་ལས་ཕྱག་རྡོར་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་པའི་སྐབས་སུ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་དང་། དེའི་མཚན་བསྟོད་གཞན་དག་ཏུ་ཡང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་རྡོར་སེམས་སུ་བཤད་པའི་ཕྱིར་རོ། །དེས་ན་ཟངས་མཆུ་དམར་པོ་ལས་ཕྱག་རྡོར་གྱིས་ཀླུ་བ་སུ་ཏ་འདུལ་མ་ནུས་པར་བཤད་པ་ནི་ཕྱག་རྡོར་ལ་སྐུར་འདེབས་ཀྱི་ལེགས་བཤད་ཆེན་པོའོ། །གཉིས་པ་ལ་གསུམ། མཚམས་སྦྱར་བ་དང་། ཁྱད་ཆོས་ཆོས་མཚུངས་ཀྱི་སྒོ་ནས་བཤད་པ་དང་། འཕྲིན་ལས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ནི། ཕྱག་ན་རྡོ་རྗེས་རང་གི་ལུས་བྱིན་གྱིས་བརླབས་ཏེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ནས་ཏེ་དེ་མ་ཐག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་བའི་རྡོ་རྗེའི་སྙིང་པོ་འཆད་པར་འགྱུར་བའི་གཟུངས་འདི་རབ་ཏུ་སྨྲས་ཏེ་ཞེས་སོ། །གཉིས་པ་ནི། རྒྱ་གཞུང་གཉིས་ལས། ཅིའི་ཕྱིར་འདི་ལ་རྡོ་རྗེ་ཞེས་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་དོན་ཉེ་བར་མཚོན་པ་ཡིན་ཏེ། ཞེས་གསུངས་ཏེ་ཕྱི་རོལ་གྱི་རྡོ་རྗེ་ནི་འདིར་ཕྱག་རྡོར་རང་གི་ཕྱག་ན་ཡོད་པའི་རྡོ་རྗེ་དེ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དང་རྡོ་རྗེ་ཕ་ལམ་ལྟ་བུ་སྟེ་རྡོ་རྗེ་དེ་དག་གི་ཕྱིའི་དངོས་པོ་བྲག་རི་སོགས་གང་ལ་བསྣུན་ནའང་ཐལ་བར་རློག་པ་དང་འབིགས་པར་བྱེད་ནུས་ཤིང་རྡོ་རྗེ་རང་ལ་ཚུར་ཕྱིའི་དངོས་པོ་གང་གིས་མི་ཚུགས་པའོ། །དེས་ན་ཕྱིའི་རྡོ་རྗེ་དེ་ལྟ་བུ་ལ་མི་ཆོད་པ་སོགས་ཁྱད་ཆོས་བདུན་ཡོད་པ་ལྟར། ངེས་དོན་གྱི་རྡོ་རྗེ་ཇི་སྐད་བཤད་པ་དེ་ལ་ཡང་། མི་མཐུན་ཕྱོགས་ཀྱི་མཚོན་གྱིས་མི་ཆོད་པ་དང་། མི་ཤིགས་ཅིང་གཞིག་པར་མི་ནུས་པ་དང་། མི་སླུ་བའི་བདེན་པ་དང་། མི་ཕྱེད་པའི་སྲ་བ་དང་། འགྱུར་མེད་ཀྱི་བརྟན་པ་དང་། བྱ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ཕ་རོལ་གྱི་ཕྱོགས་ལས་ཐམས་ཅད་དུ་རྒྱལ་ཞིང་མ་ཕམ་པར་བྱེད་ནུས་པ་སྟེ་ཁྱད་པར་བདུན་ཡོད་དོ། །གསུམ་པ་ནི། གདུག་པའི་བསམ་པ་ཅན་གྱི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང་། དེ་ལྟ་བུའི་སེམས་ཅན་ཐམས་ཅད་འཇིལ་བ་སྟེ་འཇོམས་པར་བྱེད་པ་དང་། སེམས་ཅན་དེ་དག་གིས་བྱས་པའི་རིག་སྔགས་ངན་པ་ཐམས་ཅད་གཅོད་པར་བྱེད་པ་དང་། རིག་སྔགས་ངན་པ་ཐམས་ཅད་གནོད་པར་བྱེད་པ་དང་། དེ་དག་གིས་བྱས་པའི་ལས་སྦྱོར་ངན་པ་ཐམས་ཅད་འཇོམས་པར་བྱེད་པ་དང་། ཕ་རོལ་གཞན་གྱིས་བསམ་སྦྱོར་ངན་པས་བྱས་པའི་ལས་ཐམས་ཅད་འཇིག་པར་བྱེད་པ་སྟེ་དེ་རྣམས་ནི་མིས་བྱས་པ་གཙོ་ཆེའོ། །མི་མ་ཡིན་གྱི་དབང་དུ་བྱས་ནས་ལྷའི་གདོན་ལ་སོགས་པ་གདོན་ཐམས་ཅད་བརླག་པར་བྱེད་པ་དང་། གདོན་དེ་རྣམས་ཀྱིས་ཟིན་པ་ལས་ཐར་པར་བྱེད་པ་དང་། འབྱུང་པོ་ཐམས་ཅད་དབང་གིས་འགུགས་པར་བྱེད་པ་དང་། འབྱུང་པོ་ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་གཅོད་པར་བྱེད་པ་དང་། རང་གི་རིག་སྔགས་ཀྱི་ལས་ཐམས་ཅད་འགྲུབ་པར་བྱེད་དུ་འཇུག་པ་དང་། རང་གིས་སྔར་རིག་སྔགས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་དང་། གྲུབ་ཟིན་པ་རྣམས་བརྟན་ཅིང་ཆུད་མི་ཟ་བར་བྱེད་པ་དང་། སེམས་ཅན་ལ་ཆོས་ནོར་གྱི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་གནོད་པའི་ཕྱོགས་བསྲུང་བ་དང་། ནད་གདོན་སོགས་ཞི་བ་དང་། ཚེ་དང་བསོད་ནམས་སོགས་རྒྱས་པ་དང་། དྲག་པོས་འདུལ་དགོས་པའི་སེམས་ཅན་འགའ་ཞིག་རེངས་པ་སྟེ་ཡན་ལག་ལྔ་ལྟ་བུ་གཡོ་འགུལ་བྱེད་མི་ནུས་པ་དང་། ཡིད་རྨོངས་ཤིང་མི་ཤེས་པའི་རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །གཞུང་འདི་དག་གིས་ཞི་རྒྱས་དབང་དྲག་གི་ལས་བཞི་བསྟན་ཞིང་། འདོད་པ་སྦྱིན་ཅིང་བསྲུང་བ་དང་ཞི་བ་དང་རྒྱས་པ་རྣམས་ཀྱིས་ཞི་རྒྱས་གཉིས་དང་། འགུགས་པར་བྱེད་པ་སོགས་འགའ་ཞིག་གིས་དབང་དང་། རེངས་པར་བྱེད་པ་སོགས་ཀྱིས་དྲག་པོའི་ལས་བསྟན་ཏེ། དེ་དག་གི་ལས་སྒྲུབ་ཚུལ་རྣམས་རྒྱ་གཞུང་ནས་འབྱུང་ཡང་མ་བཀོད་དོ། །འདིར་རྗོད་བྱེད་ཚིག་གི་གསང་སྔགས་ཀྱི་མཐུར་བཤད་ཀྱང་རྗོད་བྱེད་ཀྱི་གསང་སྔགས་རྣམས་ནི་ངེས་དོན་གྱི་གསང་སྔགས་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བས་ཕན་ཡོན་རྣམས་གཉིས་ཀ་ཐུན་མོང་བའོ། །གསུམ་པ་ལ་གཉིས། གཟུངས་བསྒྱུར་བ་དང་། གཟུངས་སྔགས་གཅོད་ཚུལ་ལྷ་སྒོམ་པ་དང་སྦྱར་ནས་བཤད་པའོ། །དང་པོ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ན་མོ་ནི་ཕྱག་འཚལ་བ། རཏྣ་ནི་རིན་པོ་ཆེ་ཡིན་ཡང་དོན་འགྱུར་ལ་དཀོན་མཆོག །ཏྲ་ཡཱ་ནི་གསུམ། ཡ་ནི་ལ་ཞེས་པར་འགྱུར་རོ། །ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ནི། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ཙཎྜ་ནི་གཏུམ་པོའོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྟེ། མ་ཧཱ་ནི་ཆེན་པོ། ཡཀྵ་ནི་གནོད་སྦྱིན། སེ་ནཱ་ནི་སྡེ། པ་ཏ་ཡེ་ནི་དཔོན་ནམ་བདག་པོའོ། །ཏདྱ་ཐཱ་ནི། འདི་ལྟ་སྟེ་ཞེས་པ་སྟེ། ཏད་ནི་འདི་དང་། ཡ་ཐཱ་ནི་ལྟ་སྟེ་ཞེས་པའོ། །ༀ་ནི་འགོ་འདྲེན་དང་། ཊུ་ཊ་ཊུ་ཊ་ནི་མཐར་མཛོད་གཉིས། ཏྲོ་ཊ་ཡ་ཏྲོ་ཊ་ཡ་ནི་སོལ་ཅིག་གཉིས། སྥུ་ཊ་སྥུ་ཊ་ནི་སྦོར་ཞིག་གཉིས། སྥོ་ཊ་ཡ་སྥོ་ཊ་ཡ་ནི་ཤིན་ཏུ་སྦོར་ཞིག་གཉིས། གྷུརྞ་གྷུརྞ་ནི་ཐར་པར་མཛོད་ཅིག་གཉིས། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ནི་ཤིན་ཏུ་ཐར་པར་མཛོད་ཅིག་གཉིས། སརྦ་ས་ཏྭ་ནི་ནི་སེམས་ཅན་ཐམས་ཅད། བོ་དྷ་ཡ་བོ་དྷ་ཡ་ནི་བྱང་ཆུབ་གཉིས། སཾ་བྷོ་དྷ་ཡ་སཾ་བྷྱོ་དྷ་ཡ་ནི་ཡང་དག་པའི་བྱང་ཆུབ་གཉིས། བྷྲ་མ་བྷྲ་མ་ནི་ཚངས་པ་གཉིས། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ནི་ཡང་དག་པའི་ཚངས་པ་གཉིས། སརྦ་བྷཱུ་ཏ་ནི་འབྱུང་པོ་ཐམས་ཅད། འདིར་སརྦ་བུདྡྷ་བོ་དྷི་ནི་ཞེས་འབྱུང་བ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་ཅེས་པའོ། །ཀུ་ཊ་ཀུ་ཊ་ནི་དུམ་བུ་གཉིས། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་ནི་ཡང་དག་པར་དུམ་བུ་གཉིས། སརྦ་ཤཱ་ཏྲཱུཾ་ནི་དགྲ་ཐམས་ཅད། གྷ་ཊ་གྷ་ཊ་ནི་ཕྱིན་པ་གཉིས། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ནི་ཡང་དག་པར་ཕྱིན་པའམ་ལེགས་པར་ཕྱིན་པ་གཉིས། སཾ་ནི་ཉེ་བསྒྱུར་ཏེ་ཀུན་ནས་དང་འདུ་བ་སོགས་དོན་མང་པོ་ཞིག་ལ་འཇུག་གོ །སརྦ་བིདྱཱཾ་བཛྲ་བཛྲ་ནི་ཐམས་ཅད་རིག་པའི་རྡོ་རྗེ་རྡོ་རྗེ་སྟེ་བིདྱཱཾ་ནི་རིག་པའོ། །བཛྲ་ནི་རྡོ་རྗེ་ཡིན་པ་འདྲ་བ། སྥོ་ཊ་སྦར་བ། ཀ་ཊ་གཅོད་པ། མ་ཊ་བཤིག་པ༑ མ་ཐ་གཏུབ་པ། ཨཊྚ་དྲོལ། ཧཱ་ས་བཞད། ནཱི་ལ་སྔོ། སུ་ནི་ལེགས་པའོ། །ཧེ་ཕུལླུ་ནི་རུ་ཕུལླུ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུན་ཆོད་ཅིག །གྲྀཧྞ་ཀུལླུ་ནི་བཟུང་ལ་གཞོམ་པར་མཛོད་ཅིག །མི་ལི་ཙུལླུ་ནི་དག་ཅིང་གཞོམ་པར་མཛོད། ཀུ་རུ་ཀུལླུ་ནི་བྱེད་པར་མཛོད། བི་ཛཱ་ཡ་ནི་རྣམ་པར་རྒྱལ་བ་སྟེ་བི་རྣམ་པར། ཛཱ་ཡ་རྒྱལ་བའོ། །ཀཱི་ལི་ཀཱི་ལ་ཡ་ནི་ཕུར་བུས་ཕུར་བུ་ཐོབ། ཀ་ཊ་ཀ་ཊ་ནི་སྐྲོད་གཉིས། མ་ཊ་མ་ཊ་ནི་སྦྱར་གཉིས། ར་ཊ་ར་ཊ་ནི་མ་འཕེལ་གཉིས། མོ་ཊ་ན་ནི་བསྒྲལ་བ། པྲ་མོ་ཊ་ནི་ཕྱོགས་ལས་སྒྲོལ་བ། ཙ་ར་ནི་ཙ་ར་ནི་ཕུན་ཚོགས་སྦྱོར་གཉིས། ཧ་ར་ཧ་ར་ནི་འཕྲོག་ཅིག་གཉིས། ས་ར་ས་ར་ནི་དྲན་པ་གཉིས། མཱ་ར་ཡ་ནི་སོད་ཅིག། བི་དཱ་ར་ཎཱ་ནི་རྣམ་པར་འཇོམས་པའམ་འཛིན་པ། ཚིནྡ་ཚིནྡ་ནི་ཆོད་ཅིག་གཉིས། བྷིནྡ་བྷིནྡྷ་ནི་བཤིག་ཅིག་གཉིས། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་ནི་ཕུར་བུ་ཆེན་པོས། བནྡྷ་བནྡྷ་ནི་ཆིངས་ཤིག་གཉིས། ཀྲོ་དྷ་ནི་ཁྲོ་བོ། ཀཱི་ལི་ཀཱི་ལ་ཕུར་བུས། ཙུ་རུ་ཙུ་རུ་ནི་མཛོད་ཅིག་གཉིས། ཙཎྜ་ནི་གཏུམ་པོ། ཀཱི་ལི་ཀཱི་ལཱ་ཡ་ནི་ཕུར་བུས། ཏྲཱ་ས་ཡ་ཏྲཱ་ས་ཡ་ནི་སྐྲོད་ཅིག་གམ་སྐྲག་པར་གྱིས་གཉིས། ཀཱི་ལི་ཀཱི་ལ་ཡ་ནི་ཕུར་བུས། ཞེས་པ་སྟེ། ཀཱི་ལ་ཡ་བཞི་ནི་ཕུར་བུའི་ཁྲོ་བོ་བཞིའི་སྙིང་པོའོ། །ཧ་ར་ཧ་ར་ནི་འཕྲོག་པའམ་སྐྲོད་ཅིག་གཉིས། དྷ་ར་ནི་འཛིན་པ། པྲ་ཧ་ར་པྲ་ཧ་ར་ནི་རབ་ཏུ་འཕྲོག་པའམ་ཕྱོགས་སུ་སྐྲོད་ཅིག །པྲ་བྷཉྫ་ནི་རབ་ཏུ་འཇོམས་པའམ་ཕྱོགས་འཆང་། མ་ཏི་སྠི་ར་ནི་བློ་གནས་པའམ་བརྟན་པ། ཤུ་ཏི་སྠི་ར་ནི་ལེགས་པར་བརྟན་པ། པྲ་ཏི་སྠི་ར་ནི་སོ་སོར་བརྟན་པའམ་ཕྱོགས་སུ་བརྟན་པ། མ་ཧཱ་བཛྲ་ནི་རྡོ་རྗེ་ཆེན་པོ། ཨ་པྲ་ཏི་ཧ་ཏ་ནི་ཐོགས་པ་མེད་པའམ་རབ་ཏུ་བརྟན་པ། ཨ་མོ་གྷ་ནི་དོན་ཡོད་པ། ཨེ་ཧྱེ་ཧི་ནི་ཚུར་བྱོན་ནམ་ཚུར་ཤོག །ཤྲི་གྷྲཾ་ནི་དཔའ་བར་འགྲོ་བ། དྷ་ར་ཡ་ནི་འཛིན་པ༑ དྷ་ར་དྷ་ར་ནི་ཟུངས་ཤིག་གཉིས། དྷི་རི་དྷི་རི་ནི་འཛིན་པའམ་ཐོར་གཉིས། དྷུ་རུ་དྷུ་རུ་ན ི་འཛིན་དུ་ཆུག་གམ་མི་འཆོར་བ་གཉིས། སརྦ་བཛྲ་ཀཱུ་ལ་མ་ཝརྟཱ་ཡ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་བྱིན་གྱིས་བསྐུར་བའམ་མཉེས་པར་མཛོད། ཨ་མུ་ཀ་མཱ་ར་ཡ་ཕཊ་ནི་ཆེ་གེ་མོའམ་དགྲ་ཐམས་ཅད་སོད་ཅིག །ན་མཿས་མནྟ་བཛྲ་ནཱཾ་ནི་ཕྱག་འཚལ་ལོ་ཀུན་ནས་རྡོ་རྗེ་ལ། སརྦ་བཛྲ་སོགས་སྔར་བཞིན། མ་ཧཱ་བྷ་ལེ་ནི་སྟོབས་པོ་ཆེ། ཀ་ཊ་བེ་ཏ་ཏ་ལེ་ནི་མཆེ་བ་ཐོབ་ཅིག །ཨ་ཙ་ལེ་ནི་མི་གཡོ་བར་གྱིས་ཤིག །མཎྜ་ལ་མ་ལེ་ནི་དཀྱིལ་འཁོར་སྲུངས་ཤིག །ཨ་ཏི་ནི་ཕུལ་བྱུང་དམ་རྫོགས་པ། མ་ཧཱ་བ་ལེ་ནི་སྟོབས་ཆེན་པོ། བེ་ག་ར་ཎ་ནི་རླུང་ཤུགས་འདྲ་བ། ཨ་ཛི་ཏེ་ནི་མ་ཕམ་པ། ཛྭཱ་ལ་ཛྭཱ་ལ་ནི་འབར་བ་འབར་བ། ཏི་ཊི་ཏི་ཊི་ནི་འབར་ཞིང་འབར་བ། ཏིང་ག་ལེ་ནི་སོ་སོར་འབར་བས། ད་ཧ་ད་ཧ་ནི་བསྲེག་གཉིས། ཏེ་ཛོ་ཝ་ཏི་ནི་གཟི་བརྗིད་ཅན། ཏི་ལི་ཏི་ལི་ནི་གཅོད་གཅོད། བནྡྷ་བནྡྷ་ནི་ཆིངས་ཆིངས། མ་ཧཱ་བ་ལེ་བཛྲ་ཨུངྐུ་ཤ་ནི་སྟོབས་པོ་ཆེ་རྡོ་རྗེ་ལྕགས་ཀྱུ། ཛྭཱ་ལ་ཡ་སྭཱཧཱ་ནི་འབར་བའི་གཞི་ཚུགས་ཤིག་ཅེས་པ་སྟེ་གཟུངས་རིང་ངོ་། །དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ནི་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་ཞེས་པའོ། །ༀ་ཧ་ར་ཧ་ར་ནི་འཕྲོག་འཕྲོག །མ་ཐ་མ་ཐ་ནི་རྡེག་རྡེག །དྷཱུ་ན་དྷུ་ན་ནི་གཞིག་པའམ་འཇོམས་གཉིས། ད་ཧ་ད་ཧ་ནི་བསྲེག་བསྲེག །པ་ཙ་པ་ཙ་ནི་ཆོམས་ཆོམས་སམ་ཚོས་ཚོས། དྷ་ར་དྷ་ར་ནི་ཟུངས་ཤིག་གཉིས། དྷཱ་ར་ཡ་དྷཱ་ར་ཡ་ནི་འཛིན་དུ་ཆུག་གཉིས། དཱ་རུ་ཎ་དཱ་རུ་ཎ་ནི་དྲག་ཏུ་གཟུངས་གཉིས། ཚིནྡ་ཚིནྡ་ནི་གཅོད་གཅོད། བིནྡྷ་བིནྡྷ་ནི་ཁོས་ཤིག་གཉིས་ཏེ་གཟུངས་འབྲིང་པོའོ།། དེ་ནས་ནམཿཤྩཎྜ་བཛྲ་ཀྲོ་དྷ་ཡ་ནི་ཁྲོ་བོ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ཧུ་ལུ་ཧུ་ལུ་ནི་ཞུགས་གཉིས་སམ་ཁུག་ཁུག །ཏིཥྛ་ཏིཥྛ་ནི་བརྟན་པའམ་གནས་པ་གཉིས། བནྡྷ་བནྡྷ་ནི་ཆིངས་ཤིག་གཉིས། ཧ་ན་ཧ་ན་ནི་བརྡེག་གཉིས་སམ་བསྣུན་བསྣུན། ཨ་མྲྀ་ཏེ་ནི་འཆི་བ་མེད་པ་སྟེ་དེ་ཡང་མ་ར་ནི་འཆི་བ་དང་། ཨ་དགག་ཚིག་གོང་དུ་བཞག་པས་འཆི་མེད་དུ་སོང་བའོ། །ཧཱུཾ་ནི་ས་བོན་དང་ཕཊ་ནི་དོན་དེར་བསྐུལ་བ་སྟེ། འདི་དག་ལ་བསྒྱུར་ཚུལ་ཅུང་ཟད་མི་འདྲ་བ་གཞན་ཡང་ཡོད་དོ། །༈ གཉིས་པ་ནི། རྣམ་འཇོམས་ལ་སྤྱིར་དཀྱིལ་འཁོར་མི་འདྲ་བ་དང་ལྷའི་གྲངས་མི་འདྲ་བ་དང་འགོད་ཚུལ་མི་འདྲ་བ་མང་དུ་སྣང་བ་ལས། གཅིག་ནི། དབུས་སུ་རྡོ་རྗེ་རྣམ་འཇོམས། ཤར་དུ་རྡོ་རྗེ་ཕུར་བུ། ལྷོར་རྡོ་རྗེ་བེ་ཅོན། ནུབ་ཏུ་རྡོ་རྗེ་ཐོ་བ། བྱང་དུ་རྡོ་རྗེ་ཁྲོ་བོ་ཆེན་པོ། བྱང་ཤར་དུ་འདོད་རྒྱལ། ཤར་ལྷོར་དབྱིག་སྔོན་ཅན། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་སྟོབས་པོ་ཆེ། སྟེང་དུ་ཧཱུཾ་མཛད། འོག་ཏུ་གནོད་མཛེས་ཏེ་ཁྲོ་བོ་བཅུ་དང་། ཤར་ལ་སོགས་པའི་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྟེ་སྒོ་བ་བཞི་དང་བཅས་བཅོ་ལྔ་བསྒོམས་ནས་སྔགས་འབྲིང་བསྡུས་བཟླ་བའི་ཚུལ་གཅིག་དང་། ཡང་དཀྱིལ་འཁོར་གྱི་དབུས་སུ་པད་སྟེང་བུམ་པའི་ནང་དུ་རྣམ་འཇོམས་སྐུ་མདོག་དཀར་པོ་དང་། ཤར་ལ་སོགས་པ་བཞིར་བུམ་ནང་དུ་སྤྱན་མ་མཱ་མ་ཀི་གོས་དཀར་མོ་སྒྲོལ་མ་བཞི་དང་། དེའི་ཕྱིར་འཁོར་ལོ་ལ་ཕྱོགས་མཚམས་སུ་ཁམས་གསུམ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བདུད་རྩི་འཁྱིལ་བ་དང་། དབྱུག་སྔོན་ཅན། དོན་ཡོད་ཞགས་པ། ཁྲོ་གཉེར་ཅན། རྡོ་རྗེ་འཁོར་ལོ་སྟེ་བཅུ་གསུམ་སྒོམ་པ་དང་སྔགས་བཟླ་ཚུལ་མི་འདྲ་བ་ཞིག་བཤད་དེ་སྔགས་རིང་དུམ་བུར་བཅད་པ་ཞིག་གོ །དེ་ནི་སྐུའི་དཀྱིལ་འཁོར་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གཉིས་ལ་ལྷ་དགོད་ཚུལ་དང་ལྷ་གྲངས་སྔ་མ་དང་མི་འདྲ་བ་ཞིག་བཤད། ཡང་དབུས་སུ་རྡོ་རྗེ་རྣམ་འཇོམས། ཕྱོགས་བཞིར་རྡོ་རྗེ་གཏུམ་པོ། རྡོ་རྗེ་ཕུར་བུ། རྡོ་རྗེ་བེ་ཅོན། རྡོ་རྗེ་ཐོ་བ་དང་། འཁོར་ལོའི་གོང་རས་ལ་སྒེག་སོགས་ལྷ་མོ་བཞི་དང་། གྲུ་ཆད་ལ་བདུག་པ་མ་སོགས་བཞི་དང་། ཁྱམས་སུ་ཕྱོགས་སྐྱོང་བཅུ་དང་། སྒོ་བཞིར་སྒོ་མ་བཞི་སྟེ་ལྷ་ཉེར་བདུན་བསྐྱེད་པ་དང་། ཡང་པདྨ་འདབ་མ་བཞི་པའི་དབུས་སུ་རྡོ་རྗེ་རྣམ་འཇོམས་སྐུ་མདོག་ནག་པོ་དང་། ཕྱོགས་ཀྱི་འདབ་མ་ལ་སྤྱན་སོགས་བཞི་སྟེ་ལྷ་ལྔ་བཀོད་ནས་སྔགས་བཟླ་ཚུལ་དང་གོ་རིམ་མི་འདྲ་བ་ཞིག་བཤད་དོ། །ཡང་དཀྱིལ་འཁོར་གྱི་དབུས་སུ་རྣམ་འཇོམས་སྐུ་མདོག་ནག་པོ་དྲག་པོ་དང་། ཕྱོགས་བཞིར་རྒྱ་འགྲམ་གྱི་སྟེང་དུ་ཁྲོ་བོ་བཞི་དང་། དེའི་ཕྱིར་རྩིབས་བཅུ་ལ་ཁྲོ་བོ་བཅུ་སྟེ་བཅོ་ལྔ་བཀོད་ནས་གཟུངས་རིང་བཟླ་བ་དང་། གཞན་ཡང་དཀྱིལ་འཁོར་དྲུག་བཤད་ཅིང་། ལྷའི་ངོ་བོ་དང་གྲངས་མི་འདྲ་བ་དང་སྔགས་བཟླ་ལུགས་ཀྱང་གཟུངས་རིང་ལ་དུམ་བུ་དུམ་བུར་བཅད་ནས་བཟླ་ཚུལ་ཞིག་བཤད་ཀྱང་མང་དུ་དོགས་ནས་བཞག །ད་ལྟ་ནི་གཙོ་རྐྱང་གི་ཁྲུས་ཆོག་གྲགས་ཆེ་ཡང་། རྒྱ་གཞུང་ལས་ནི་ཁྲུས་ཆོག་རྒྱས་པ་བྱ་ཚུལ་བཤད། རྣམ་འཇོམས་ཀྱི་དབང་དང་ཁྲུས་ཆོག་གཞན་འགའ་རེ་སྣང་སྟེ། རྣམ་འཇོམས་ལ་ཁྲོ་བོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། དེ་བཞིན་དུ་ལྷ་མོ་བརྒྱད། དཔའ་བོ་གཅིག་པ། ཡབ་ཡུམ་གཉིས་མེད། ཁྲོ་བོ་བཞི། སྒ་ོམ་བཞི། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་སོགས་མང་ངོ་། །༈ བཞི་པ་ལ་གསུམ། མདོར་བསྟན་པ། གཟུངས་ཀྱི་བསྔགས་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཟུངས་འདིའི་དཀྱིལ་འཁོར་གྱི་ཆོ་ག་དང་ཁྲུས་ཆོག་ཚུལ་བཞིན་དུ་བྱས་ན་སེམས་ཅན་དེའི་སྡིག་པ་ཐམས་ཅད་བྱང་བར་བྱས་ནས་དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་མེད་པར་བྱེད་དོ། །གཉིས་པ་ནི། རྒྱུ་མཚན་དེས་ན་གཟུངས་ཀྱི་རྒྱུད་འདི་ནི་འདི་སྐོར་གྱི་རྒྱུད་གཞན་ཡོད་དོ་ཅོག་ཀུན་གྱི་རྩ་བ་ལྟ་བུ་སྟེ། བརྗོད་བྱའི་དོན་ལས་སྒྲུབ་པའི་དཔལ་ཀུན་གྱིས་ལེགས་པར་བརྒྱན་པའོ། །ཡང་ན་ཚིགས་བཅད་ཡོངས་རྫོགས་རྒྱུད་ཀྱི་ཁྱད་ཆོས་དང་སྦྱར་ནས་སྦྲེལ་ཀྱང་ཆོག །གསུམ་པ་ལ། གང་གི་ཆེད་དུ་ཁྲུས་ཆོག་བྱ་བ་ཀུན་སློང་ཕན་ཡོན་དང་བཅས་པ་དང་། ཁྲུས་ཆོག་བྱ་ཚུལ་དངོས་སོ། །དང་པོ་ལ། སློབ་དཔོན་ཡེ་ཤེས་རྡོ་རྗེའི་རྒྱ་གཞུང་སོགས་སུ་དབང་པོ་ཉམས་པ་གསོ་བ། ཚེ་ཟད་པ་དང་ཉམས་པ་གསོ་བའི་ཚུལ་སོགས་རྒྱས་པར་བཤད་ཀྱང་འདིར་དེ་རྣམས་བཞག་སྟེ་ཚིག་དོན་ཙམ་བརྗོད་ན། སེམས་ཅན་གང་དག་མིག་རྣ་བ་ལ་སོགས་པའི་དབང་པོ་ཉམས་པ་དང་། ཚེ་ཟད་པ་དང་ཚེ་མ་ཟད་ཀྱང་ཉམས་པ་དང་། ཕུན་སུམ་ཚོགས་པ་མ་ཡིན་པའི་མི་འདོད་པའི་ཉེས་པ་གང་ཞིག་ཆགས་པ་སྟེ་དེས་བཟུང་བ་དང་། རང་སྲུང་སྐྱོབ་བྱེད་པའི་ལྷ་རྣམས་མི་དགའ་བས་རྒྱབ་ཀྱིས་ཕྱོགས་པ་དང་། རང་གི་གྲོགས་མཛའ་ཞིང་སྙིང་དུ་སྡུག་པའི་སྐྱེ་བོས་ཀྱང་རང་ལ་སྡང་བ་དང་། བྲམ་ཟེ་དང་གདོལ་བ་ལ་སོགས་པའམ། ཡང་ན་རང་གི་བྲན་གཡོག་དང་གཉེན་ཉེ་དུའི་བཟའ་བ་དང་དེ་ལྟ་བུ་མིན་པ་སོགས་ཀྱིས་གཙེས་པ་སྟེ་གནོད་པ་དང་། དེ་དག་དང་ཕན་ཚུན་མཐུན་པར་མ་ཡིན་པའི་མི་མཐུན་པར་གྱུར་པ་དང་། རང་གི་སྒོ་ནོར་སོགས་འགྲིབ་པས་ཏེ་ཉམས་ནས་གནོད་པ་དང་། མྱ་ངན་བྱུང་བ་དང་ལུས་སེམས་ངལ་བ་དང་དེའི་རྐྱེན་གྱིས་གནོད་པ་དང་། འཇིགས་ཤིང་སྐྲག་པ་བྱུང་བ་དང་། ཡོ་བྱད་སོགས་འདོད་པས་ཕོངས་པ་དང་། གཟའ་དང་རྒྱུ་སྐར་དང་གཞན་གྱིས་བྱད་སྟེམས་སམ་བྱད་ཁ་ཕུར་ཁ་སོགས་བྱུང་བ་དང་། མི་བཟད་པའི་གདོན་གྱི་རིགས་རྣམས་ཀྱིས་ཉེན་པ་སྟེ་གཟིར་བ་དང་། དེར་མ་ཟད། མྱ་ངན་དང་ལུས་སེམས་ངལ་བའི་རྐྱེན་ལས་བྱུང་བ་ཡི་རྨི་ལམ་སྡིག་པ་སྟེ་ངན་པ་མཐོང་ན་ཡང་། གང་ཟག་དེས་ནི་རབ་བཀྲུས་གཙང་མ་ཡི་སྟེ་རང་ཉིད་ཁྲུས་བྱས་ཤིང་གོས་གཙང་མ་གྱོན་པའི་སྒོ་ནས་མདོ་སྡེའི་ཆོ་ག་དམ་པ་འདི་ཉིད་ཉན་པར་གྱིས་ལ་ཁྲུས་ཆོག་ཚུལ་བཞིན་དུ་བྱས་ན་གོང་གི་ཉེས་པ་དེ་ཐམས་ཅད་ཞི་བར་འགྱུར་རོ། །གཞན་ཡང་སྐྱེས་བུ་གང་དག་བསམ་པ་ཡིད་དགེ་ཞིང་སེམས་དང་བ་དང་ལྡན་པ་དེས་ལུས་ལ་གཙང་མའི་གོས་ཀྱིས་རབ་ཏུ་བརྒྱན་ཏེ། བརྗོད་བྱ་ཟབ་མོ་ཀུན་ཕལ་བ་གཞན་གྱི་ཡུལ་མིན་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མདོ་སྡེ་འདི་ནི་ཉན་ཅིང་ཁྲུས་དང་དོན་ཉམས་སུ་ལེན་པར་བྱེད་ན། མདོ་སྡེའི་གཟུངས་འདི་ཡི་གཟི་བརྗིད་ཀྱི་མཐུས་སྲོག་ཆགས་བསྒྲུབ་བྱ་དེ་དག་ཐམས་ཅད་ཀྱི་མི་བཟད་པའི་ནད་རྣམས་དང་། དེ་ལས་བྱུང་བའི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱང་ཞི་བར་འགྱུར་བར་བལྟ་ཞིང་། ཚེ་དང་བསོད་ནམས་སོགས་འཕེལ་བར་འགྱུར་བ་དང་། སྡིག་པ་ཀུན་ལས་རྣམ་པར་ཐར་པར་འགྱུར་རོ། །འོ་ན་འདི་སྔགས་ཕྱོགས་མིན་ནམ་ཅི་འདིར་མདོ་སྡེ་ཞེས་འབྱུང་བ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་འབྱུང་བ་ལྟར་སྡེ་སྣོད་གསུམ་གྱི་ནང་གི་མདོ་སྡེའི་སྡེ་སྣོད་དུ་འདུས་པ་ལ་དགོངས་སོ། །གཉིས་པ་ནི། ཁྲུས་ཆོག་བྱེད་པ་ལ་བུམ་རྫས་དང་བཅས་པའི་བུམ་པ་སྟ་གོན་བྱ་དགོས་ཤིང་། བུམ་རྫས་ནི། སྤྱིར་འདི་ལུགས་ཀྱི་བུམ་རྫས་ཉེར་ལྔ་རྣམས་དང་། འདིར་དངོས་སུ་བསྟན་པའི་ནོར་བུ་དང་། གསེར་དངུལ་གྱི་རྒྱུ་མུ་ཏིག་སོགས་རིན་པོ་ཆེ་རྣམས་དང་ཙནྡན་དཀར་དམར་དང་བཅས་པ་དང་། ཤེལ་དང་རྡོ་རྗེ་མེ་ཏོག་དམར་པོ་སོགས་དང་བཅས་པའི་ཆུ་ཡིས་གསེར་རམ་སྟེ་གསེར་གྱི་བུམ་ནང་ཕྱེད་གཉིས་ཙམ་གང་བར་བླུགས་པའམ། དེ་མ་འབྱོར་ན་དངུལ་དང་ཟངས་དང་ར་གན་གྱི་བུམ་པ་དག་ཀྱང་རུང་ཞིང་། བུམ་པ་དེའི་མགུལ་བ་གཙང་མའི་གོས་དཀྲི་ཞིང་ནང་ཆུ་ཡིས་དགང་བར་བྱའོ། །བུམ་པའི་ནང་དུ་ལྷ་བསྐྱེད་དེ་ཡེ་ཤེས་པ་བསྟིམས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྒྱས འབྲིང་བསྡུས་པ་དེ་དག་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་སོགས་བཟླས་ནས་ནི། གོང་དུ་བརྗོད་པའི་རྒྱལ་པོ་དེ་སོགས་སེམས་ཅན་གཞན་ལའང་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་པ་སྟེ་དེས་བྱབས་པ་དང་སྲུང་བ་ཡང་མཚོན་ནོ། །རྡོ་རྗེ་རྣམ་འཇོམས་བཟླས་ན་ནི་ཞེས་པ་འདིར་གོང་དུ་བླངས་པ་དོན་གྱི་རིམ་པའི་དབང་དུ་བྱས་པ་སྟེ། ལོགས་སུ་སྦྱོར་ན་ཡང་སྔགས་བཟླས་ཟིན་ནས་བྱབས་ཁྲུས་དངོས་གཞིའི་དུས་སུ་གཟུངས་དེ་དག་བརྗོད་པའི་སྒོ་ནས་བྱའོ་ཞེས་བྱས་ཀྱང་མི་འགལ་བར་སེམས། འདིར་ཡུངས་ཀར་བཤད་པ་ནི་བགེགས་སྐྲོད་པའི་ཆེད་ཡིན་ལ། དུར་བ་དང་ཀུ་ཤ་ནི་བུམ་པ་བརྒྱན་པ་དང་གདན་དང་སྲུང་བའི་ཆེད་དུ་ཡིན་པར་བཤད་དོ། །སྐབས་འདིའི་དངོས་བསྟན་ནི་ཁྲུས་ཆོག་གི་དབང་དུ་མཛད་ཀྱང་། རྒྱུད་འདི་བྱ་རྒྱུད་དུ་གཏོགས་པར་མ་ཟད། གཟུངས་རིང་དང་འབྲིང་བསྡུས་རྣམས་ནི་ལྷ་རྣམས་ཀྱི་སྔགས་ཡིན་ཞིང་། དེ་ལ་སྔགས་རིང་ནི་ལྷ་ཡོངས་རྫོགས་ཀྱི་དབང་དུ་མཛད་པ་དང་། འབྲིང་ནི་རྣམ་འཇོམས་ལ་ཁྲོ་བོ་བརྒྱད་དང་ཁྲོ་བོ་བཅུས་བསྐོར་བ་དང་། བསྡུས་པ་ནི་དེ་ལ་ཁྲོ་བོ་བཞིའམ། སྒོ་བ་བཞིས་བསྐོར་བའི་དཀྱིལ་འཁོར་གྱི་དབང་དུ་མཛད་པ་གཙོ་ཆེ་བར་མངོན། དཀྱིལ་འཁོར་གྱི་ཆོ་ག་ནི་བྱ་རྒྱུད་ཀྱི་ཆོ་ག་གཞན་གྱི་རིགས་འགྲོས་སྦྱོར་བ་དང་། དེ་ལ་ཡང་ལྷ་དྲུག་བསྐྱེད་དང་། ཆོ་ག་གསུམ་བསྐྱེད་སོགས་ཅི་རིགས་པ་སྣང་ངོ་། །བཞི་པ་མཇུག་ལ་གཉིས་ལས། དང་པོ་ནི། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྫོགས་སོ་ཞེས་པའོ། །གཉིས་པ་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵིཾ་ཀ་ར་སྟེ་དཔལ་ཕུན་ཚོགས་ཕྱེད་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། །དུས་ཕྱི་དབང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་དཔེ་དག་པ་དང་རྒྱ་འགྲེལ་བཟང་པོ་རྣམས་ཀྱི་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ།། །།རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ། །གསང་སྔགས་རིག་སྔགས་འཆང་བའི་རྒྱལ། །རྡོ་རྗེའི་རིགས་རྣམས་ཀུན་གྱི་རྗེ། །ཕྱག་ན་རྡོ་རྗེ་ཞེས་སུ་གྲགས། །མགོན་དེའི་ཐུགས་ཀྱི་སྤྲུལ་བ་ནི། །དཔལ་ལྡན་རྡོ་རྗེ་རྣམ་པར་འཇོམས། །གང་དེའི་གཟུངས་ཀྱི་ཚིག་འགྲེལ་ཙམ། །རྣམ་དཔྱོད་དད་པས་མདོར་བསྡུས་བཀོད། །དེ་ལས་བྱུང་བའི་དགེ་བའི་ཆབ། དུས་གསུམ་དགེ་བའི་ཆུ་ཀླུང་དང་། །ལྷན་ཅིག་ཀུན་མཁྱེན་རྒྱ་མཚོ་ཆེར། །ཞུགས་ནས་འགྲོ་བའི་དོན་བྱེད་ཤོག །ཅེས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་མདོར་བསྡུས་པ་འདི་ཡང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས་ཏེ་ཤཱཀ་བཙུན་བཤད་གྲུབ་མིང་ཅན་རང་ཉིད་ཀྱིས་ཀྱང་དད་པས་ཀུན་ནས་བསླངས་ཏེ། གཞུང་འདིའི་ཚིག་འགྲེལ་ཡོངས་རྫོགས་མཐར་ཆགས་སུ་བཤད་པ་ཞིག་སྔར་མ་མཐོང་ཡང་། རྒྱ་གཞུང་དག་ན་ཐོར་བུ་ཐོར་བུ་བཤད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒལཾ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ།next