Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
གདུགས་དཀར་གྱི་གདོན་ཟློག་གེགས་སེལ
   
   
   
   
   
   
   
   
   


 
no previousགདུགས་དཀར་གྱི་གདོན་ཟློག་གེགས་སེལnext

གདུགས་དཀར་གྱི་གདོན་ཟློག་གེགས་སེལ

གདུགས་དཀར་གྱི་གདོན་ཟློག་གེགས་སེལ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་བགེགས་ཚོགས། །ཚར་གཅོད་རྒྱལ་བ་ཀུན་གྱི་ཡུམ། །གཙུག་ཏོར་གདུགས་དཀར་ཞབས་ལ་འདུད། །དེ་ལ་གདུགས་དཀར་གྱི་སྒོ་ནས་གཞན་གྱི་འགའ་རྐྱེན་སེལ་བའི་ཐབས་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་འདིའི་བཟློག་ཆེན་བྱ་ཚུལ་ཞིག་ནི་ལོགས་སུ་འཆད་པར་འགྱུར་ལ། འདིར་གཞུང་འགའ་ཞིག་ནས་བྱད་བཟློག་ཅེས་གྲགས་པའི་ཆོ་ག་ཞིག་འབྱུང་ཞིང་། དེ་ལ་ཡང་མི་འདྲ་བ་འགའ་རེ་སྣང་བ་ལས། གདོན་ཟློོག་གི་བསྐོར་དགོས་པས་ཁ་བསྐང་ནས་འཇུག་པ་བདེ་ཁུལ་དུ་བྱས་ནས་འགའ་ཞིག་ལ་ཕན་འདོད་ཀྱི་བསམ་པས་བརྗོད་པར་བྱའོ། །བཅའ་ཐབས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། དེའི་ཕྱི་རོལ་ཏུ་པད་འདབ་གྱི་དབྱིབས་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ། དབུས་ཀྱི་ལྟེ་བར་ཞལ་ཡོངས་རྫོགས་ཀྱི་སྐུ་དཀར་བ། །ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་དང་གཡོན་གདུགས་དཀར་འཛིན་པ་བཀོད་ཀྱང་མི་འགལ་ཡང་། མ་གྲུབ་ན་དབུས་ནས་བཟུང་སྟེ་ལྷ་རྣམས་ཀྱི་གནས་ཐམས་ཅད་དུ་ཐིག་ལེ་དང་། དེའི་སྟེང་དུ་ཚོམས་བུ་ལྷ་གྲངས་དང་མཉམ་པ་བཀོད་ན་ལེགས་ཤིང་། གཙོ་མོའི་གནས་སུ་ཙ་ཀ་ལི་སོགས་ཀྱི་སྐུ་ཡོད་ན་དེའི་སྟེང་དུ་དར་རམ་ཤོག་རས་དཀར་པོའི་གདུགས་བྱ། གནས་ཀྱི་མདོག་ནི་ཤར་ཕྱོོགས་བཞིའི་རིམ་པ་བཞིན་དཀར་སེར་དམར་ལྗང་ཁུར་བྱའོ། །དེ་ལྟར་བྱས་པ་དེ་ཉིད་མདུན་དུ་སྟེགས་ཀྱི་ཁར་བཞག་སྟེ། མཐར་དར་རམ་རས་ཤོག་སོགས་ཀྱིས་བསྐོར་ནས་རྒྱན་གྱི་བརྒྱན། །མདུན་དུ་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་དང་འདོད་ཡོན་དང་བཅས་པ་དང་། གཙོ་མོའི་ཟླུམ་གཏོར་གྱི་མཐར་གཏོར་ཆུང་ཉེར་གཉིས་སམ་ཅི་འགྲུབ་དང་། གཞི་བདག་གི་གཏོར་མ་ཡང་བྱའོ། །དེ་ནས་བདག་མདུན་གཉིས་ལས། བདག་བསྐྱེད་ལ་ལྷ་གཞན་ལ་བརྟེན་པ་ཡང་རུང་མོད། འདིར་གདུགས་དཀར་ཉིད་ཀྱི་བདག་བསྐྱེད་བྱ་སྟེ། དེ་ལ་ཡང་ཕྱག་སྟོང་མ་དང་། ཞལ་གསུམ་ཕྱག་བརྒྱད་མ་དང་། ཞལ་གསུམ་ཕྱག་དྲུག་མ་དང་། ཞལ་གཅིག་ཕྱག་གཉིས་རྣམས་ལས། འདིར་ཕྱག་སྟོང་མའི་དབང་དུ་བྱ་སྟེ། དེ་ལ་ཡང་བསྐྱེད་ཚུལ་ལྷ་དྲུག་བསྐྱེད་དང་། ཆོ་ག་གསུམ་བསྐྱེད་དང་། སྐད་ཅིག་དཀྲོང་བསྐྱེད་རྣམས་ལས་གང་བྱས་ཀྱང་མི་རུང་བ་མི་སྣང་ཡང་། འདིའི་རྒྱ་གཞུང་རྣམས་ནས་ཆོ་ག་གསུམ་བསྐྱེད་བྱས་པ་མང་དུ་སྣང་བ་ལྟར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱས་ནས། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་གདུགས་དཀར་པོའི་ཏོག་ལ་ༀ་ཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན། དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། སྐུ་མདོག་དཀར་མོ་སྒེེག་ཅིང་དཔའ་བའི་ཉམས་ལྡན། རྩ་ཞལ་ཉིས་བརྒྱ་དཀར། གཡས་ཞལ་ཉིས་བརྒྱ་སེར། །རྒྱབ་ཞལ་ཉིས་བརྒྱ་དམར། །གཡོན་ཞལ་ཉིས་བརྒྱ་ལྗང་། སྟེང་ཞལ་ཉིས་བརྒྱ་སྔོ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་ལྡན་ཞིང་། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེས་མཚན་པ། དབུའི་སྟེང་དུ་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཕྱག་གཡས་ཀྱི་དང་པོས་འཁོར་ལོ་དང་བཅས་པའི་སྐྱབས་སྤྱན། གཡོན་གྱི་དང་པོས་གདུགས་དཀར་པོའི་ཡུ་བ་ཐུགས་དཀར་འཛིན་ཅིང་། གཡས་གཡོན་གྱི་ལྷག་མ་དགུ་བཅུ་རྩ་དགུ་ན་འཁོར་ལོ་དང་མདའ། གཡས་ཀྱི་ལྷག་མ་བཞི་བརྒྱས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་བརྒྱ་ཕྲག་རེ་རེ་འཛིན་ཅིང་། གཡོན་གྱི་ལྷག་མ་བཞི་བརྒྱས་མདའ་གཞུ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་རྣམས་བརྒྱ་ཕྲག་རེ་རེ་འཛིན་པ། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་པོའི་ཆད་པ་ལ་སོགས་པའི་འཇིགས་པ་དང་། གཡོན་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་མ་ལ་སོགས་པའི་གདོན་ཐམས་ཅད་འཇོམས་པར་མཛད་པ། སྐུའི་ཆ་ཐམས་ཅད་ན་ཟུར་གྱིས་ལྟ་བ་དང་། ཆེར་བགྲད་པ་ལ་སོགས་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཉམས་དགུ་དང་ལྡན་པ། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བས་ས་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་འགེངས་པ། འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་བདག་ཉིད་ཅན་དུ་གྱུར། །དེའི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨེ་ཧྱེ་ཧི་བཛྲ་ས་མཱ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། །ཁྱོད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་སརྦ་ནས་ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང་སྐྱེ་བོ་ནས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡིན་ཞབས་བསིལ་ནས་ཤབྟ་ཨཱཿཧ྄ཱུཾ་གིས་རྒྱུད་སྡེ་འོག་མ་ལྟར་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད་ལ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་ལྷ་མོའི་སྐུར་ཤར་བ། །དྲན་པ་ཡིས་ཀྱང་གདོན་བགེགས་ཚོགས། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། སླར་འདུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཞེས་པའི་ཉེ་སྙིང་དང་སྙིང་པོ་ཅི་འགྲུབ་བཟླས་ནས། ཡིག་བརྒྱ་བརྗོད་དེ། སླར་ཡང་མཆོད་བསྟོད་བྱེད་དམ་མིན་ཡང་རུང་ངོ་། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། སྒྲུབ་གཞི་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པདྨ་འདབ་མ་བརྒྱད་པ་འཁོར་ལོ་རྩིབས་བཅུ་དྲུག་པ་ཟླ་བའི་གདན་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་རིག་སྔགས་ཀྱི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས། རྒྱལ་བའི་མཚན་མཆོག་གཙུག་ཏོར་ལས་འཁྲུངས་པའི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་བཅོམ་ལྡན་འདས་མ་ཉིད། །རིག་སྔགས་ལྷ་མོའི་ཚོགས་བཅས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛཿཛཿཛཿ ཕོ་བྲང་གི་ནང་དུ་རང་རང་གི་གདན་ལ་བཞུགས་པར་གྱུར། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན། དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཞེས་པ་ནས། འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་བདག་ཉིད་ཅན་དུ་གྱུར། འཁོར་གྱི་ལྷ་རྣམས་ལ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་གཞན་ཡོད་ཀྱང་འདིར། དེའི་ཤར་གྱི་འདབ་མ་ལ་གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ་གཡས་རྡོ་རྗེ། ལྷོར་གཏུམ་པ་ཆེན་མོ་སྟོབས་ཆེན་མོ་གཡས་ནོར་བུ། ནུབ་ཏུ་འབར་བ་ཆེན་མོ་གཟི་བརྗིད་ཆེ་གཡས་པདྨ། བྱང་དུ་དཀར་མོ་ཆེན་མོ་སྟོབས་ཆེན་མོ་གཡས་སྣ་ཚོགས་རྡོ་རྗེ། བཞི་ཀའི་གཡོན་པས་འཕྲེང་བ་འཛིན་ཅིང་། སྐུ་མདོག་དཀར་སེར་དམར་ལྗང་ཁུའོ། །མཚམས་སུ་བདུད་རྩིས་གང་བའི་བུམ་པ་བཞི། ཤར་གྱི་རྩིབས་དང་པོ་ལ་འབར་བའི་འཕྲེང་བ་གོས་དཀར་མ། གཉིས་པ་ལ་འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། གསུམ་པ་ལ་རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས་མ། །བཞི་པ་ལ་པདྨའི་མངོན་མཚན་རྡོ་རྗེའི་མཚན་མ་སྟེ་བཞི་ཀའང་གཡས་རྡོ་རྗེ་དང་གཡོན་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །ལྷོའི་རྩིབས་དང་པོ་ལ་གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གཉིས་པ་ལ་རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །གསུམ་པ་ལ་ཞི་བ་ལྷ་རྣམས་ཀྱིས་མཆོད་མ། བཞི་པ་ལ་གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན་རྣམས་གཡས་རིན་པོ་ཆེ་དང་གཡོན་ཨུཏྤ་ལ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་སེར་པོའོ། །ནུབ་ཀྱི་རྩིབས་དང་པོ་ལ་འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། གཉིས་པ་ལ་རྡོ་རྗེ་ལུ་གུ་རྒྱུད་གཞན་མ། གསུམ་པ་ལ་རྡོ་རྗེ་གཞོན་ནུ་རིག་འཛིན་མ། བཞི་པ་ལ་ལག་ན་རྡོ་རྗེ་རིགས་གསེར་འཕྲེང་རྣམས་གཡས་ཨུཏྤ་ལ་དམར་པོ་དང་གཡོན་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་དམར་པོའོ། །བྱང་གི་རྩིབས་དང་པོ་ལ་ལེབ་རྒན་རྩི་དང་རིན་ཆེན་མ། གཉིས་པ་ལ་སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས་མ། གསུམ་པ་ལ་རྣམ་པར་བསྒྱིངས་མ་རྡོ་རྗེ་ཅན། བཞི་པ་ལ་གསེར་འོད་ལྟ་བུའི་སྤྱན་མངའ་མ་རྣམས་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་ཨུཏྤ་ལའི་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་ལྗང་ཁུའོ། །དེའི་ཕྱི་རོལ་གྱི་ཕྱོགས་མཚམས་སུ། རྡོ་རྗེ་འགྲོས་དང་དཀར་མོ་དང་། པདྨའི་སྤྱན་དང་ཟླ་འོད་དང་། སངས་རྒྱས་དཔལ་དང་དེ་བཞིན་སྤྱན། རྡོ་རྗེ་ཉི་མའི་འོད་དང་ནི། དེ་བཞིན་ཟླ་བ་རྡོ་རྗེ་འཛིན་རྣམས་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྟེ། ཐམས་ཅད་ཀྱང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་གདན་ལ་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་སྟེ། ཐམས་ཅད་ཀྱང་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། མཆོད་པ་བྱིན་བརླབ་ནི་གོང་དུའམ། འདིར་བྱེད་ན་སྔར་ལྟར་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབ། འོན་ཀྱང་འདིར་འདོད་ཡོན་ལྔ་སོགས་ཀྱང་བྱིན་བརླབ་བྱ། ༀ་སརྦ་བིད་པཱུ་ར་པཱུ་ར་ནས་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭཱཧཱ། ཞེས་པ་ལན་གསུམ། ཕྱོགས་བཅུའི་མཆོད་ཚོགས་ཐམས་ཅད་དང་། །བདག་གིས་བཤམས་པའི་མཆོད་ཡོན་འདི། །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ལ། །འབུལ་ལོ་བཞེས་ལ་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང་། རཱུ་པ་ནས་སྤར་ཤའི་བར་གཟུགས་མཆོག་སོགས་སྦྱར་ནས་འབུལ། གཞན་ཡང་རིན་ཆེན་སྣ་བདུན་དང་། གླིང་བཞི་ཉི་ཟླ་རི་རབ་བཅས། །བཅོམ་ལྡན༴ འབུལ་ལོ༴ ༀ་སརྦ་ཏ་ཐཱ་ག་ཏ་ནས་ཝ་ར་མ་ཧཱ་སཔྟ་རཏྣ་མཎྜ་ལ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད། དེ་ནས་བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་ལྡན་ཅིང་། །བྱེ་བ་བརྒྱ་སྟོང་སྤྱན་མངའ་སྒེག་དཔའ་སོགས། །གར་དགུའི་ཉམས་ལྡན་མི་ཕྱེད་མཚན་རྟགས་ཅན། །བཅོམ་ལྡན་འདས་མ་ཁྱོད་ལ་གུས་པས་བསྟོད། །མ་ལུས་གདོན་བགེགས་འབྱུང་པོའི་ཚོགས་ཀུན་དང་། །ཕྱི་ནང་བར་ཆད་མི་མཐུན་ཕྱོགས་ཐམས་ཅད། །ཞི་མཛད་དྲག་ཤུལ་ཆེ་སོགས་རིག་སྔགས་ཀྱི། །ལྷ་མོའི་ཚོགས་ལ་གུས་པས་ཕྱག་འཚལ་བསྟོད། །ཅེས་པའམ། རྒྱས་པར་ན། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །ཞེས་སོགས་ཀྱི་བསྟོད་པ་རྒྱས་པ་བརྗོད། དེ་ནས་བཟླས་པ་ནི། གཙོ་མོའི་ཐུགས་ཀའི་ༀ་ཡིག་གི་མཐར་ཞེས་པ་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ཏཱདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨཱ་དྷིཥྛ་ན་ཨཱ་དྷིཥྛི་ཏེ་སྭཱཧཱ། སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ ཧཱ། ཞེས་པ་ཅི་འགྲུབ་དང་། ༀ་སརྦ་ཏ་ཐཱ་ག་ཏ་མན་གང་མང་བཟླས་ལ་ཡིག་བརྒྱ་བརྗོད། དེ་ནས་ཟླུམ་གཏོར་བཟང་པོ་རྒྱན་ལྡན་བཤམས་པ་ལ་ཆབ་བྲན་ཏེ་བསངས། སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་བརླབས་བྱས་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྔོས་ནས་གཞི་བདག་གཏོར་མ་ཡང་འབུལ་ཞིང་། ལེགས་ལྡན་སོགས་ལ་མཆོད་ཚུལ་ཞིག་འོག་ཏུ་བཤད་པར་བྱའོ། །དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ། བཅོམ་ལྡན་མཐུ་རྩལ་ཐོགས་པ་མེད། བདུད་དང་གདོན་བགེགས་མ་ལུས་པ། །འདུལ་མཛད་གར་དགུའི་ཉམས་ལྡན་པ། །གདུགས་དཀར་ཅན་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང་། །སྤྲུལ་པའི་ཞལ་ཕྱག་སྟོང་ཕྲག་དང་། །སྤྱན་ནི་བྱེ་བ་བརྒྱ་སྟོང་ཅན། །གཙོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །གང་གི་མཚན་བརྗོད་དྲན་པས་ཀྱང་། །གདོན་དང་བགེགས་ཀྱི་ཚོགས་རྣམས་ཀུན། །ཟློག་མཛད་མཐུ་རྩལ་སྟོབས་ལྡན་པའི། །རིགས་སྔགས་ལྷ་མོའི་ཚོགས་ལ་བསྟོད། །བྷྱོ། གཙོ་མོ་བཅོམ་ལྡན་གདུགས་དཀར་མོ། །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་ཡི་གདོན་ཚོགས་ཟློག་ཏུ་གསོལ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །ཀླུ་ཡི་གདོན་ཚོགས་ཟློག༴ འབར་བ་ཆེན་མོ་གཟི་བརྗིད་ཅན། །ལྷ་མིན༴ འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རླུང་ལྷའི༴ འབར་བའི་འཕྲེང་བ་གོས་དཀར་མོ། །མཁའ་ལྡིང་༴ འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །དྲི་ཟའིི༴ རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །མི་འམ་ཅིའི་གདོན་ཟློག༴ པདྨའི་མངོན་མཚན་རྡོ་རྗེའི་མཚན། །ལྟོ་འཕྱེའི་གདོན་ཚོགས༴ གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གནོད་སྦྱིན༴ རྡོ་རྗེེ་མཁར་བསྣམས་འཇོམས་པ་མོ། །སྲིན་པོའི༴ ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། ཡི་དྭགས༴ གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན། །ཤ་ཟའི༴ །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །འབྱུང་པོའི༴ རྡོ་རྗེ་ལུ་གུ་རྒྱུད་གཞན་མ། །གྲུལ་བུམ༴ རྡོ་རྗེ་གཞོན་ནུ་རིག་འཛིན་མ། །སྲུལ་པོའི༴ ལག་ན་རྡོ་རྗེའི་རིགས་གསེར་འཕྲེང་། །ལུས་སྲུལ་གདོན༴ ལེབ་རྒན་རྩི་དང་རིན་ཆེན་མ། །སྐེམ་བྱེད༴ སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །བརྗེད་བྱེད༴ རྣམ་པར་བསྒྱིངས་མ་རྡོ་རྗེ་ཅན། སྨྱོ་བྱེད༴ གསེར་འོད་ལྟ་བུའི་སྤྱན་མངའ་བ། །གྲིབ་གནོན༴ རྡོ་རྗེ་འགྲོས་དང་དཀར་མོ་ཅན། །གནོན་པོའི་གདོན༴ པདྨའི་སྤྱན་དང་ཟླ་འོད་མ། །ནམ་གྲུའི༴ སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །གདོན་རིགས་ཐམས་ཅད་བཟློག་ཏུ་གསོལ། །གོད་ཁ་བཟློག་པའི་ཆེད་ལྟ་བུ་ཡིན་ན། གོད་ཁ་གོད་འདྲེ་ངན་པ་དང་། །ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །ཞེས་སྦྱར་ཞིང་། གཞན་ལ་ཡང་འགྲེའོ། །བྷྱོ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱིས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ༴ གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག །ཡི་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །རྦོད་གཏོང་བྱད་ཁ་ཕུར་ཁ་ཟློག །རྨི་ལྟས་མཚན་མ་ངན་པ་ཟློག །དུས་མིན་འཆི་བ་ཐམས་ཅད་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཟ་འདྲེ་ཕུང་འདྲེ་ཐམས་ཅད་ཟློག །མི་ཁ་བྲམ་མཆུ་ཐམས་ཅད་ཟློག །བྱུར་འདྲེ་ངན་པ་ཐམས་ཅད་ཟློག །ལོ་ཟླ་ཞག་སྐེག་ཐམས་ཅད་ཟློག ། མདོར་ན་མི་མཐུན་མི་ཤིས་པའི། །གནོད་པ་ཐམས་ཅད་ཞི་བ་དང་། ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ་བ་ལན་གཅིག་གམ་གསུམ་བྱ། དེ་ནས་ཡུངས་ཀར་དང་བྱེ་མ་སོགས་ལ། གདུག་དཀར་གྱི་སྔགས་དང་། རྟ་མགྲིན་ཕྱག་རྡོར་སོགས་ཀྱི་དྲག་སྔགས་བཏབ་ཏེ་བཞག །བགེགས་གཏོར་ཏིང་ལོ་འཆང་བུ་བཅས་བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་མགྲོན་རྣམས་མཉེས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི་མགྲོན་རིགས་ཐམས་ཅད་སྤྱན་དྲངས། ཨེ་ཧྱེེ་ཧི། པདྨ་ཀ་མ་ལ་ཡ་སྟཾ། ༀ་ཨ་ཀ་རོ་ནས་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ་ལན་བདུན་རྣམ་གསུམ་གྱིས་བསྔོས་ནས། ཀྱེ། སྟེང་འོག་བར་གསུམ་དབྱེ་བ་ཡི། །གདོན་བགེག་འབྱུང་པོའི་ཚོགས་རྣམས་དང་། །ཟས་སུ་མངལ་ཟ་ཁྲག་འཐུང་སོགས། །གདོན་གྱི་རིགས་གྱུར་ཐམས་ཅད་དང་། །ལན་ཆགས་བུ་ལོན་གྱུར་པ་ཡི། །གནོད་བྱེད་ཀུན་དང་ཁྱད་པར་དུ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་པར་བྱེད་པའི་གདོན་བགེགས་ལ། །མར་མེ་འཆང་བུ་སོགས་བཅས་པའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི། །འབུལ་ལོ་བཞེས་ནས་བདག་ཅག་ལ། །ཕྱིན་ཆད་གནོད་པ་མི་བྱེད་པར། །རང་རང་སོ་སོའི་གནས་སུ་སོང་། །གལ་ཏེ་གནོད་སེམས་དང་བཅས་ཏེ། །མི་འགྲོ་གནས་འདིར་འདུག་བྱེད་ན། །གདུགས་དཀར་ལྷ་ཚོགས་ཐུགས་ཁྲོས་ནས། །སྐུ་ལས་སྤྲོས་པའི་ཁྲོ་བོ་དང་། །མི་བཟད་མཚོན་ཆའི་ཆར་ཕབ་སྟེ། །བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་དང་། སུམྦྷ་ནིའི་སྔགས་བརྗོད་ཅིང་། ཡུངས་ཀར་སོགས་ཀྱིས་བྲབ་ལ། གུ་གུལ་གྱིས་བདུག་པར་བྱའོ། །དེ་ནས་བུམ་པའི་ནང་དུ་དྲི་བཟང་གི་ཆུ་བླུགས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཕཾ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། གདུགས་དཀར་གྱི་སྔགས་གོང་དུ་བརྗོད་པ་དེ་དང་། རྣམ་འཇོམས་ཀྱི་སྔགས་དང་སྔགས་གཞན་ཅི་ལྟར་རིགས་པ་བཟླ་ཞིང་། ༀ་ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས་ལ། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་བུམ་ཆུ་བླུད་དེ་བཀྲུ་བ་དང་ལྷན་ཅིག་གདུགས་དཀར་དང་རྣམ་འཇོམས་ཀྱི་སྔགས་ཚར་རེ་སྔོན་དུ་བཏང་ནས། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སཱཧཱ། །དེ་བཞིན་དུ་གདོན་ཐམས་ཅད་དང་། རིམས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཁོན་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ ཧཱ། བྱད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །གྲི བ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ལྟས་ངན་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །བཀྲ་མི་ཤིས་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །རྨི་ལྟས་ངན་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཉེ་བར་འཚི་བ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། བར་གཅོད་མི་མཐུན་པའི་ཕྱོས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། དེ་ནས་བདེན་བརྗོད་བྱས་ནས་ཁྲུས་ཆུ་ཕྱིར་འདོར། འདོད་ན་སྔགས་སྔ་མ་བརྗོད་ཅིང་། རྨ་བྱའི་སྒྲོས་བྱབས་ཏེ་སྔར་གྱི་ཚིག་ནད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ་ཞེས་སོགས་ལ་ཨ་པ་ན་ཡེ་སྭཱཧཱ་སྦྱར་བ་དང་། ནད་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱཧཱ། ཞེས་སྦྱར་ནས་སྲུང་བ་དང་། སངས་རྒྱས་རྣམས་ནི་ཞེས་སོགས་ཀྱི་བདེན་ཚིག་ཀྱང་བརྗོད་པར་བྱའོ། །བསྡུ་ན། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། ཞེས་སོགས་བརྗོད་པས་ཀྱང་འགྲུབ་བོ། །དེ་ནས་མཇུག་ཏུ། སླར་མཆོད་བསྟོད་དང་བཟོད་གསོལ་བཀྲ་ཤིས་བཅས་བྱའོ། །དངོས་གཞི་ནི་དེས་གྲུབ་ཅིང་། གནོད་པ་ཟློག་པ་ལ་ནི་ལེགས་ལྡན་མཆེད་གསུམ་དང་། འཇིག་རྟེན་པ་རྣམས་ལ་གཏོར་འབུལ་དང་བཅས་པའི་འཕྲིན་ལས་བཅོལ་བར་བྱས་ན་ཡང་ལེགས་པས། དེའི་ཚུལ་ནི། སྔར་གྱི་དཀྱིལ་འཁོར་བྲིས་པ་དེའི་སྒོའི་ཕྱི་རོལ་ནས་སོར་གསུམ་མམ་བཞི་ནས་གྲུ་བཞིའི་རྣམ་པ་བྱས་ལ། ཤར་སྒོའི་མདུན་འཐུད་དབུས་དང་གཡས་གཡོན་གསུམ་དུ་ཚོམ་བུ་དང་། ཕྱོགས་མཚམས་གཞན་རྣམས་སུ་གྲོ་ནས་སོགས་ཀྱི་མེ་ཏོག་བཀྲམ། ལེགས་ལྡན་རྣམས་ལ་གཏོར་མ་གསུམ་མ མ་གཅིག །འཇིག་རྟེན་པ་རྣམས་ལ་གཏོར་མ་བརྒྱད་དམ་ཐུན་མོང་དུ་གཅིག་དང་། མཆོད་པ་རྣམས་སྔར་བཞིན་བྱིན་གྱིས་བརླབས་ལ། མགྲོན་རྣམས་སྤྱན་འདྲེན་པ་ནི། སྔོན་མའི་གཏང་རག་སོགས་མ་བྱས་པའི་བར་དེར། རང་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས་སོ་སོའི་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མའི་བཀའ་སྲུང་ལེགས་ལྡན་མཆེད་གསུམ་དང་། རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། སྡེ་དཔོན་དགུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲངས། ༀ་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཡ་ཛཿཛཿཛཿ །ཞེས་དང་རྒྱས་པར་ན། ཀྱཻ། རྒྱལ་ཡུམ་གཙུག་ཏོར་གདུགས་དཀར་མོའི། །བཀའ་སྒྲུབ་བསྟན་སྲུང་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་མཆེད་གསུམ་དང་། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཆེན་དང་། །ཀླུ་ཆེན་གཟའ་ཆེན་རྒྱུ་སྐར་དང་། །འཇིགས་བྱེད་ཆེན་པོ་དགུ་ལ་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང་། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གྱིས། །བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ། །ཤར་སྒོའི་ཕྱི་རོལ་ཏུ་ལེགས་ལྡན་མཆེར་གསུམ་དང་། གཞན་རྣམས་སོ་སོའི་གནས་སུ་བཞུགས་པར་གྱུར། ཀ་མ་ལ་ཡ་སྟྭཾ། ༀ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་ནས་མཆོད་པ་ནི། ལྷ་མིའི་མཆོད་ཡོན་དམ་པ་དང་། བདག་གིས་འབུལ་བའི་མཆོད་ཡོན་འདི། །ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ལ། །འབུལ་འབྱིན་བཞེས་ནས་བདག་ཅག་དང་། །སྦྱིན་བདག་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང་། གཟུགས་མཆོག་དང་རཱུ་པ་སོགས་སྦྱར་ནས་འདོད་ཡོན་ཀྱང་འབུལ། བསྟོད་པ་ནི། བཅོམ་ལྡན་འདས་མའི་བཀའ་སྒྲུབ་ཅིང་། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀུན། །ཚར་གཅོད་ལེགས་ལྡན་དྲག་པོ་སོགས། །ལེགས་ལྡན་མཆེད་གསུམ་ཉིད་ལ་བསྟོད། །ས་འོག་ས་སྟེང་ཐམས་ཅད་དུ། །རྫུ་འཕྲུལ་མཐུ་ཡིས་དབང་བསྒྱུར་ཞིང་། །ལེགས་ཉེས་སྣ་ཚོགས་སྟོན་བྱེད་པའི། །དཔལ་མགོན་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། །ལེགས་ལྡན་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ཨརྒྷཾ་སོགས་ཀྱིས་མཆོད། སྲིན་པོའི་གཟུགས་ཀྱི་ཚུལ་བསྟན་ནས། །གདུག་པ་ཅན་ཀུན་འདུལ་མཛད་ཀྱང་། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །གཏུམ་པོ་མཆེད་ལ་ཕྱག་འཚལ་བསྟོད། །དེ་ནས་འཇིག་རྟེན་པའི་གཏོར་མ་བྱིན་གྱིས་བརླབས་ཏེ། འཇིག་རྟེན་པ་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར། ༀ་མ་ཧཱ་ར་ཛྭ་དིཀྐ་པཱ་ལ་མ་ཧཱ་དེ་བ་ནཱ་ག་རཱ་ཛཱ་གྲྀ་ཧ་ནཀྵཾ་ཏྲ་བཻ་ར་ཝ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་དབུལ་ལ། ཕྱི་རོལ་ཁོར་ཡུག་ལ་གནས་པའི། །རྒྱལ་ཆེན་ལྷ་ཀླུ་གཟའ་སྐར་དང་། །འཇིག་བྱེད་ལ་སོགས་མཐུ་ལྡན་པའི། འཇིག་རྟེན་སྐྱོང་བ་རྣམས་ལ་བསྟོད། །དེ་ནས་འཕྲིན་ལས་བཅོལ་བ་ནི། ཀྱེ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱི། །ཞི་རྒྱས་དབང་དྲག་འཕྲིན་ལས་རྣམས། །ཚུལ་བཞིན་སྒྲུབ་མཛད་བསྟན་སྲུང་གཙོ། །ལེགས་ལྡན་མཆེད་གསུམ་འཁོར་བཅས་དང་། །སྲིད་པ་གསུམ་ན་གནས་པ་དང་། །རྒྱུ་བའི་དྲེགས་ལྡན་ཀུན་གྱི་རྗེ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱ་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཚོགས། །འཇིགས་བྱེད་ཆེན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །རྣལ་བྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །གདོན་ཆེན་ཕལ་པ་བཅུ་བཞི་ཟློག །བྱད་ཁ་ཕུར་ཁ་ཐམས་ཅད་ཟློག །རྨི་ལྟས་མཚན་མ་ངན་པ་ཟློག ། བསམ་ངན་སྦྱོར་རྩུབ་ཐམ་ཅད་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཟ་འདྲེ་ཕུང་འདྲེ་ཐམས་ཅད་ཟློག །མི་ཁ་གྲམ་མཆུ་ཐམས་ཅད་ཟློག །གཟའ་དང་རྒྱུ་སྐར་གནོད་པ་ཟློག །བཙན་དང་རྒྱལ་པོའི་གནོད་པ་ཟློག །ཀླུ་དང་ས་བདག་གནོད་པ་ཟློག །བདུད་དང་འགོང་པོའི་གནོད་པ་ཟློག །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པ་དང་། །སྲུང་སྐྱོབ་བྱེད་པའི་འཕྲིན་ལས་མཛོད། །བསྡུ་ན་དེས་ཆོག་ཅིང་། དངོས་གྲུབ་ཞུ་ཚུལ་རྒྱས་པར་བྱེད་ན། ཀྱཻ། ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ཀྱིས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ལུས་སྲོག་བརྟན་པའི་དངོས་གྲུབ་སྩོལ། །དབང་ཐང་དར་བའི་དངོས་གྲུབ་སྩོལ། །ཀླུང་རྟ་དར་བའི་དངོས་གྲུབ་སྩོལ། །དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ། །དར་ཟབ་གོས་བཟང་དངོས་གྲུབ་སྩོལ། །མྱུར་མགྱོགས་རྟ་ཡི་དངོས་གྲུབ་སྩོལ། །འདོད་འཇོ་བཞོན་མའི་དངོས་གྲུབ་སྩོལ། །སྣ་ཚོགས་འབྲུ་ཡི་དངོས་གྲུབ་སྩོལ། །རོ་བརྒྱའི་ཟས་ཀྱི་དངོས་གྲུབ་སྩོལ། །སྨྲ་མཁས་གཏམ་གྱི་དངོས་གྲུབ་སྩོལ། །དཔའ་རྩ་མཐུ་ཡི་དངོས་གྲུབ་སྩོལ། །སྙན་གྲགས་རྒྱས་པའི་དངོས་གྲུབ་སྩོལ། །རིགས་བརྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །ཕུན་ཚོགས་འཁོར་གྱི་དངོས་གྲུབ་སྩོལ། །བཀྲ་ཤིས་དཔལ་གྱི་དངོས་གྲུབ་སྩོལ། །དེ་ལ་སོགས་པ་སྲིད་གསུམ་ན། །ལེགས་པའི་དངོས་གྲུབ་ཅི་མཆིས་པ། །ཐམས་ཅད་རྣལ་འབྱོར་སྦྱིན་བདག་ལ། །ཐོགས་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་ལྟ་བུ་དང་གཞན་ཡང་བརྗོད་པར་བྱའོ། །ཟོར་འཕེན་འདོད་ནའང་འུག་སྒྲོ་ཅན་གྱི་སྐྱེར་མདའ་དང་ཁྲག་ཟོར་དུག་ཟོར་གཏོར་ཟོར་རྣམས་འཕེན་པར་བཤད་པ་ལྟར་བྱའོ། །ལོ་ཏོག་གི་རིམ་གྲོའི་དུས་སུ་ཟློག་པ་སོགས་ལ་དམིགས་བསལ་གྱི་སྤེལ་ཚིག་སྦྱོར་ཚུལ་ཤེས་དགོས་ལ། དེར་མ་ཟད་རིགས་བརྒྱུད་ཀྱི་དོན་དང་། བདེ་སྲུང་གི་ཆེད་དུ་བྱེད་ནའང་སྔར་ལྟར་འཕྲིན་ལས་བཅོལ་ན་ལེགས་སོ།། །།མཇུག་ཏུ་ཇི་ལྟར་བྱ་བ་ནི། མཆོད་པ་བྱིན་གྱིས་བརླབས་ནས། དང་པོ་གདུགས་དཀར་ལྷ་ཚོགས་ལ་ཚིགས་བཅད་སྔགས་དང་བཅས་པས་སམ་སྔགས་རྐྱང་གིས་མཆོད་ནས། བསྟོད་པ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་ལེགས་ལྡན་སོགས་ལ་ཡང་སྔར་ལྟར་རྒྱས་བསྡུས་གང་རུང་གིས་མཆོད་ཅིང་། བསྟོད་ལ། ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་བཟོད་གསོལ་དང་། བཅོམ་ལྡན་འདས་མ་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་སྦྱིན་བདག་འཁོར་དང་བཅས་པ་ལ། །དངོས་གྲུབ་སྩོལ་ཅིང་འཕྲིན་ལས་མཛད་པ་ལེགས། །ང་ནི་སོ་སོའི་རང་བཞིན་གནས་སུ་གཤེགས། བཛྲ་མུཿ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །ཞེས་པ་ནས། བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །ཞེས་དང་། བསྔོོ་སྨོན་བྱའོ། །ཞེས་པ་འདི་ཡང་ལ་མར་ནང་གི་སྔགས་བོན་དད་ལྡན་རྣམས་ཀྱིས་བསྐུལ་བ་ལྟར། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་རྒྱ་བོད་ཀྱི་གཞུང་འགའ་ཞིག་དང་བསྟུན་ཏེ་གཞན་ལ་ཡང་ཕན་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དད་སྟོབས་ལྡན་པའི་སྔགས་འཆང་སྣ་ལམ་རྡོ་རྗེ་དབང་ཕྱུག་གིས་པར་དུ་སྒྲུབ་པའི་ཚེ། ཡི་གེ་པ་ནི་ཐོ་ལོའི་སྔགས་འཆང་ཚེ་དབང་མགོན་པོའོ། །མངྒལཾ།


no previousགདུགས་དཀར་གྱི་གདོན་ཟློག་གེགས་སེལnext