Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
མདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།
   
   
   
   
   
   
   


 
previousམདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།next

མདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།

མདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱ་ཆེན་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང་། །སྤངས་རྟོགས་བང་རིམ་མཐོན་པོས་མངོན་པར་མཛེས། །མཁྱེན་བརྩེ་ཉི་ཟླ་ཟུང་གི་ཁོར་ཡུག་ཅན། །ཐུབ་དབང་ས་འཛིན་དབང་པོར་གུས་ཕྱག་འཚལ། །སྟོན་པ་མཆོག་དེའི་ཉེ་བའི་ཐུགས་ཀྱི་སྲས། །རྒྱལ་ཚབ་དམ་པ་མི་ཕམ་འཇམ་དབྱངས་དང་། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་ཕྱག་འཚལ། །ཤེར་ཕྱིན་དར་ཞིང་རྒྱས་མཛད་སེདྒེ་བཟང་། །གངས་ཅན་བསྟན་པའི་བདག་པོ་ཙོང་ཁ་པ། །རིགས་པའི་དབང་ཕྱུག་རྒྱལ་ཚབ་བསྟན་དར་སོགས། །བཤེས་གཉེན་དམ་པའི་མཆོག་རྣམས་རྟག་ཏུ་བསྔགས། །རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་རྣམས་ལས། །རབ་དང་ཕུལ་བྱུང་རྒྱལ་ཡུམ་ཤེར་ཕྱིན་ཏེ། །དེ་ལས་ཤིན་ཏུ་བསྡུས་པ་སྡུད་པའི་དོན། །ཅུང་ཟད་དབྱེ་བར་འདོད་ཀྱིས་མཉན་པར་རིགས། །དེ་ལ་འདིར་འཕགས་པ་སྡུད་པའི་དོན་གྱི་སྙིང་པོ་རྣམས་བསྡུས་ནས་བཤད་པར་བྱ་སྟེ། རྒྱས་པར་སྤྲོས་ན་ནི་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན་རྣམས་དང་རྒྱས་པར་སྦྱར་ཏེ་བཤད་དུ་ཡོད་ཀྱང་མང་དུ་དོགས་ཤིང་། འོན་ཀྱང་སྡུད་པ་འདི་བརྒྱད་སྟོང་པ་དང་དོན་སྟོན་ཚུལ་མཐུན་པས་དེ་གཙོ་བོར་བྱས་ནས་རྒྱན་བཅས་ཅུང་ཟད་རེ་སྦྱར་ནས། སློབ་དཔོན་སེདྒེ་བཟང་པོ་དང་སངས་རྒྱས་ཡེ་ཤེས་ཞབས་རྣམ་གཉིས་ཀྱི་འགྲེལ་པའི་རྗེས་སུ་འབྲང་སྟེ་འཆད་པར་བྱེད་དོ། །འདི་ལ་གསུམ། གཞུང་ལ་འཇུག་པ་དང་། གཞུང་དོན་དང་། མཇུག་གོ །དང་པོ་ལ་གསུམ། མཚན་དང་། འགྱུར་ཕྱག་དང་། མཚམས་སྦྱར་ཞིང་འཇུག་ཚུལ་ལོ། །དང་པོ་ནི། རྒྱ་གར་སྐད་དུ་ཞེས་སོགས་ཏེ། འདི་ལ་གཉིས་ཀྱི་དང་པོ་ནི། རྒྱ་སྐད་ལ་ཨཱཪྱ་ནས་གཱ་ཐཱ་ཞེས་པ་སྟེ། གཉིས་པ་དེ་ཉིད་བོད་སྐད་དུ་བསྒྱུར་ན། ཨཱཪྱ་ནི་འཕགས་པ། པྲཛྙ་ནི་ཤེས་རབ། པཱ་ར་མ་ནི་ཕ་རོལ་ཏུ། ཨི་ཏ་ནི་ཕྱིན་པ། སཉྩ་ཡ་ནི་སྡུད་པ། གཱ་ཐཱ་ནི་ཚིགས་སུ་བཅད་པའོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོཙྪ་བས་བཀོད་པའོ། །གསུམ་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་པ་ན། བཀའ་སྩལ་ཏོ་ཞེས་པ་སྟེ། །སྔར་རྒྱས་འབྲིང་བསྡུས་གསུམ་གསུངས་པ་དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིིས་དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཏེ་འཁོར་བཞི་པོ་དང་། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་བཅས་པ་དེ་དག་ཆོས་གཏམ་ཀྱིས་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་དུ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་འདི་སྟོན་པའི་ཐུགས་དགོངས་མཛད་ཅིང་། དེའི་ཚེ་ཚིག་ལྷུགས་སུ་མ་མཛད་པར་ཚིགས་སུ་བཅད་པ་འཆད་འགྱུར་འདི་དག་བཀའ་སྩལ་ཏོ། །གཉིས་པ་གཞུང་དོན་ལ་གཉིས། ཉན་པར་བསྐུལ་བ་དང་། གཞུང་དོན་དངོས་སོ། །དང་པོ་ནི། དགའ་དང་གུས་དང་ཞེས་པ་ནས། མཉན་པར་གྱིས་ཞེས་པ་སྟེ། དོན་ཉན་པར་འདོད་པས་དགའ་བ་དང་། དེ་ལ་ཡིད་ཆེས་ཀྱིས་གུས་པ་དང་། དོན་དུ་གཉེར་བའི་དད་པའི་མཆོག་རྣམས་ནི་བློ་ལ་ཉེ་བར་བཞག་པའོ། །དེ་གསུམ་ཀའང་དད་པའི་ཁྱད་པར་ཡིན་ཏེ། སློབ་དཔོན་གྱིས་འདིའི་འགྲེལ་པར། དད་པའི་བྱེ་བྲག་རྣམས་པ་གསུམ་མོ། །ཞེས་གསུངས་སོ། །གང་ཉན་ན་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་བསལ་བ་སྟེ་སྤངས་པའི་སྒོ་ནས་དྲི་མའི་སྐྱོན་ཐམས་ཅད་ལས་འདས་པའི་སངས་རྒྱས་དོན་དུ་གཉེར་ཞིང་། འགྲོ་བའི་དོན་བྱེད་པ་ལ་མངོན་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་བྱམས་སྙིང་རྗེས་རྒྱུད་དུལ་བར་བྱས་པས་ན་དེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གཞན་དོན་མཛད་པའི་དཔའ་བོ་རྣམས་སྤྱོད་པའི་ཤེར་ཕྱིན་དེ་ནི་གུས་པས་མཉན་པར་གྱིས་ཤིག །སྦས་དོན་ལ་ཤེར་ཕྱིན་གྱིས་མཚོན་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཐོས་བསམ་བསྒོམ་གསུམ་གྱིས་ཉམས་སུ་ལོངས་ཞེས་བསྟན་ཏོ། །གཉིས་པ་གཞུང་དོན་དངོས་ལ་རྗོད་བྱེད་ཀྱི་ཚིག་ལ་སྐབས་བརྒྱད་དང་། བརྗོད་བྱའི་དོན་ལ་དངོས་པོ་བརྒྱད་ཡོད་ཅིང་ཕྱི་མ་ནི་མཁྱེན་པ་གསུམ་དང་། སྦྱོར་བ་བཞི་དང་། འབྲས་བུ་ཆོས་སྐུའོ། །འདི་དང་མངོན་རྟོགས་རྒྱན་གྱི་སྐབས་དང་པོས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་སྟོན་ཅིང་། ཆོས་བཅུའི་དང་པོ་ནི་སེམས་བསྐྱེད་ཡིན་ལ། ཐོག་མར་དཔེ་དོན་གཉིས་ཀྱི་སྒོ་ནས་སྟོན་པ་ནི། འཛམ་བུའི་གླིང་འདིར་ཆུ་ཀླུང་བླི་སྙེད་ཅིག་འབབ་ཅིང་། །ཞེས་སོགས་ཚིགས་བཅད་གཅིག་གིས་དཔེ་དང་། རྒྱལ་བའི་ཉན་ཐོས་པ་དག་ཞེས་པ་ནས། སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱིས་མཐུས་མ་ཡིན། །ཞེས་པས་དོན་དང་སྦྱར་རོ། །འདི་ལ་གཉིས། ཚིག་དོན་དང་འཕྲོས་དོན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ཤེར་ཕྱིན་འཆད་པ་པོར་བསྐོས་པ་ན། ཤཱ་རིའི་བུའི་བསམ་པ་ལ་རབ་འབྱོར་གྱིས་ཤེར་ཕྱིན་འཆད་པ་ནི་རང་སྟོབས་ཀྱིས་ཡིན་ནམ། སངས་རྒྱས་ཀྱི་མཐུས་ཡིན་སྙམ་པ་ལ་སངས་རྒྱས་ཀྱིས་དེའི་བསམ་པ་མཁྱེན་ཏེ་དེ་ནི་རང་སྟོབས་ཙམ་མིན་གྱི། སངས་རྒྱས་ཀྱི་མཐུས་ཡིན་ཞེས་ཡུམ་གསུམ་ལས་རྒྱས་པར་གསུངས་པའི་དོན་འདིར་བསྡུས་པ་ཡིན་པས། དེ་དང་བསྟུན་ན་དཔེ་ཇི་ལྟར་ན། ཛམྦུའི་གླིང་འདིར་ཆུ་བོ་གངྒཱ་ལ་སོགས་ཆུ་ཀླུང་ཆེན་པོ་ཇི་སྙེད་ཅིག་འབབ་ཅིང་། མེ་ཏོག་འབྲས་བུ་དང་ལྡན་པ་དང་སྨན་གྱི་རིགས་དང་ནགས་ཚལ་སོགས་སྐྱེད་པར་བྱེད་པ་དེ་ནི། རྒྱ་མཚོ་མ་དྲོས་པ་ན་གནས་པའི་ཀླུ་དང་ཀླུའི་བདག་པོ་རྒྱལ་པོ་མ་དྲོས་པ་དེ་བརྟེན་ཅིང་གནས་པས་ཏེ། ཀླུའི་བདག་པོ་དེའི་མཐུ་དང་དཔལ་ཏེ་བསོད་ནམས་ལས་བྱུང་བ་ཡིན་ནོ། །རྒྱ་མཚོ་དེ་ནི་རྒྱ་གར་གྱི་བྱང་ངོས་དང་བོད་ཀྱི་ལྷོ་ངོས་གངས་ཏི་སེ་དང་སྤོས་ངད་ལྡང་བའི་ཡང་ལྷོ་ན་ཡོད་ཅིང་། མཆུ་ཞེང་གཉིས་ཀ་ལ་དཔག་ཚད་ལྔ་བཅུ་རེ་ཡོད་དོ། །བཤད་པ་ཞིག་ན་མཚོ་དེའི་འོག་ན་ཚ་དམྱལ་ཡོད་པའི་འོད་ཀྱིས་མ་དྲོས་པས་ན་མ་དྲོས་ཞེས་བཤད་ཅིང་། ངོས་བཞིའི་ཤར་ནས་གདྒཱ། ལྷོ་ནས་པ ཀྵུ། ནུབ་ནས་སིནྡྷུ། བྱང་ནས་སི་ཏ་སྟེ་ཆུ་ཀླུང་ཆེན་པོ་བཞི་འབབ་ཅིང་། དེ་བཞི་ལས་ཆུ་ཀླུང་གཞན་སྣ་ཚོགས་བྱུང་སྟེ་འཛམྦུའི་གླིང་ལ་ཕན་པའི་བྱ་བ་བྱེད་དོ། །ཀླུའི་རྒྱལ་པོ་མ་དྲོས་པ་དེ་ནི་ཐ་མ་པ་མིན་གྱི། འཕགས་པའི་སྤྲུལ་པ་ཀླུའི་གཟུགས་སུ་བསྟན་པའོ། །དཔེ་དེ་བཞིན་དུ་རྒྱལ་བའི་ཉན་ཐོས་རབ་འབྱོར་ལ་སོགས་པ་དག་ནི། ཆོས་ཇི་སྙེད་ཅིག་གཞན་ལ་སྟོན་ཅིང་འཆད་པ་དང་། རིགས་པ་དག་དང་ལྡན་ཅིང་མི་འགལ་བར་བརྗོད་པ་དང་། ཀུན་གྱི་མཆོག་དང་ཁྱད་པར་དུ་འཕགས་པའི་སངས་རྒྱས་དང་། མཐར་ཐུག་གི་བདེ་བ་དམ་པ་མྱང་འདས་སུ་བགྲོད་པར་བྱེད་པའི་ཐབས་ལ་ཐོས་སོགས་ཀྱི་ཤེས་རབ་བསྐྱེད་པ་དང་། དེའི་འབྲས་བུ་མྱང་འདས་ཐོབ་པ་དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ལས་བྱུང་བ་ཡིན་ནོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱལ་བས་དམ་པའི་ཆོས་ཚུལ་གང་བསྟན་པ་དེ་ལ་ནི་མི་མཆོག་རྒྱལ་བའི་སློབ་མ་ཉན་ཐོས་སུ་གྱུར་པས། ཐོས་པའི་ཤེས་རབ་ཀྱིས་མངོན་པར་བསླབས་ཤིང་། བསམ་པའི་ཤེས་རབ་ཀྱིས་དོན་ཡིད་ལ་མངོན་སུམ་དུ་བྱས་ནས་བསླབས་པ་ཇི་ལྟ་བ་བཞིན་དུ་གཞན་ལ་སྟོན་པར་བྱེད་ལ། དེ་ནི་སངས་རྒྱས་ཀྱི་མཐུས་བྱེད་པ་ཡིན་གྱི། རང་ཙམ་གྱི་སྟོབས་ཀྱི་མཐུས་བྱེད་པ་མ་ཡིན་ནོ། །སྤྱིིར་ཉན་ཐོས་ཀྱིས་སངས་རྒྱས་ལས་ཐེག་ཆེན་གྱི་ཆོས་རྒྱ་ཆེན་པོ་ཉན་ནས་གཞན་ལ་དེ་བཞིན་དུ་སྟོན་པར་མཛད་པས་ཐོས་སྒྲོགས་པ་ཞེས་བཤད་ཀྱང་། དེ་དག་གིས་ཐེག་ཆེན་གྱི་མདོའི་དོན་རྫོགས་པར་ཉམས་སུ་ལེན་ནུས་པ་མིན་ནོ། །འོན་ཀྱང་རབ་འབྱོར་ནི་འཇམ་དབྱངས་ཀྱི་སྤྲུལ་པར་བཤད་པས་ཉན་ཐོས་དངོས་མིན་ཅིང་། སྟོན་པས་རབ་འབྱོར་ཤེར་ཕྱིན་འཆད་པ་པོར་བསྐོས་པ་ལ་དགོས་པ་ཆེའོ། །གཉིས་པ་ནི། འོག་ཏུ་ཤེས་རབ་ཕ་རོལ་ཕྱིན་ཞེས་མང་དུ་འབྱུང་བས་དེའི་དོན་འདིར་ཅུང་ཟད་བཤད་པ་བཞིན་གཞན་ལ་ཅི་རིགས་སུ་ཤེས་པར་བྱ་དགོས་ཤིང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ཚིག་སྡུད་དུ་མཛད་པ་ནི་ཤེར་ཕྱིན་ཞེས་པ་ཡིན་ལ། དེ་ལ་སྒྲས་བརྗོད་ཚུལ་གྱི་དབང་དུ་བྱས་ནས་ཡུམ་གྱི་མདོ་ལས་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཤེར་ཕྱིན་གཉིས་ཀ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཐ་སྙད་མཛད་ཅིང་། རྗོད་བྱེད་ཚིག་གི་ཤེར་ཕྱིན་ནི་ཡུམ་གྱི་མདོ་རྣམས་ཡིན་ལ། བརྗོད་བྱ་དོན་གྱི་ཤེར་ཕྱིན་ལ་ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་གཉིས་དང་། རང་བཞིན་གྱི་ཤེར་ཕྱིན་དང་གསུམ་མོ། །ལམ་ཤེས་ཕྱིན་ལ་དངོས་བཏགས་གཉིས་ལས་དངོས་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རྣམས་ཡིན་ལ། རྗེས་སུ་མཐུན་ནམ་བཏགས་པ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཅིང་། སྦྱིན་སོགས་ཕར་ཕྱིན་གཞན་ཡང་ཡོད་དོ། །འབྲས་བུ་ཤེར་ཕྱིན་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡིན་ལ། རང་བཞིན་གྱི་ཤེར་ཕྱིན་ནི་སྟོང་ཉིད་དང་དོན་གཅིག་གོ །གཞུང་ཤེར་ཕྱིན་ནི་ལམ་འབྲས་ཀྱི་ཤེར་ཕྱིན་བརྗོད་བྱར་སྟོན་པས་དེའི་མིང་གིས་བཏགས་ལ། དེ་ཡང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དུ་ཤེས་རབ་ཀྱིས་ཕྱིན་ཟིན་པའི་དབང་དུ་མཛད་པ་ནི་འབྲས་བུ་ཤེར་ཕྱིན་དང་། ཕྱིན་པར་བྱེད་པ་ནི་ལམ་ཤེར་ཕྱིན་དང་། དེའི་དམིགས་ཡུལ་མཐར་ཐུག་ཡིན་པས་ན་རང་བཞིན་གྱི་ཤེར་ཕྱིན་དུ་བཞག་པ་ཡིན་ཏེ། ཁྱད་པར་ཕྱེད་པར་བྱའི། ཐམས་ཅད་གཅིག་ཏུ་འཁྲུལ་བར་མི་བྱའོ། །དེས་ན་ཤེར་ཕྱིན་གྱི་ཕན་ཡོན་སྟོན་པའི་སྐབས་སུ་རྗོད་བྱེད་ཀྱི་ཤེར་ཕྱིན་གྱི་དབང་དུ་མཛད་པ་ལྟར་མང་དུ་སྣང་ཡང་། དོན་ལ་ནི་ལམ་འབྲས་གཉིས་དང་ལམ་ཤེར་ཕྱིན་གྱི་ཕན་ཡོན་ལ་གཙོ་བོར་དགོངས་སོ། །གཞུང་དེ་དག་གིས་ནི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་དང་པོ་ཐེག་ཆེན་སེམས་བསྐྱེད་སྤྱིར་བསྟན་ཏེ་དབྱེ་བ་ཉེར་གཉིས་དངོས་སུ་མ་བཤད་ཀྱང་། ཟླ་སྟོབས་ཀྱིས་བསྡུས་ནས་བསྟན་པར་བྱ་དགོས་ཏེ། ཡུམ་རྒྱས་འབྲིང་གཉིས་ན་སེམས་བསྐྱེད་ཉེར་གཉིས་པོ་རེ་རེ་ལའང་མདོ་རེ་སྣང་ལ། བརྒྱད་སྟོང་པ་ལས་ནི་དབྱེ་བ་སྟོན་པ་ཟུར་དུ་མི་འབྱུང་ངོ་། །འདི་དག་མངོན་རྟོགས་རྒྱན་དང་སྦྱོར་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་དང་སྦྱོར་རོ། །ཡུམ་རྒྱས་འབྲིང་གཉིས་ན་སེམས་བསྐྱེད་མཚོན་བྱེད་ཀྱི་ཆོས་གཉིས་པ་གདམས་ངག་བཅུ་སྟོན་པའི་ཚིག་སོ་སོར་འབྱུང་ལ། བརྒྱད་སྟོང་པ་ལས་སོ་སོར་མི་འབྱུང་ཡང་ཐུན་མོང་དུ་སྤྱིར་གསུངས་ཤིང་། སྡུད་པ་འདིར་ཡང་གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྡུས་ནས་སྤྱིིར་བསྟན་ཏེ། དེ་ཡང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ནི་དོན་དམ་པར་མི་དམིགས་ཤིང་། གང་སྤྱོད་པ་པོ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་མི་དམིགས་ལ། སྤྱོད་བྱེད་བྱང་ཆུབ་ཀྱི་སེམས་ཡང་དོན་དམ་པར་མི་དམིགས་ཏེ་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའི་ཚེ། དེ་སྐད་ཐོས་ནས་དེའི་དོན་མི་ཤེས་པའི་རྨོངས་པ་མེད་ཅིང་། ཡིད་མི་སྐྲག་པའི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་བར་གཤེགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པར་འཇོག་གོ ། འདིར་སྔར་བཤད་པའི་བྱང་ཆུབ་སེམས་དེ་ཉིད་སྟོང་ཉ ིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་དགོས་སོ་ཞེས་སྟོན་པ་སྟེ། སློབ་དཔོན་གྱིས་འདིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གདམས་ངག་སྟོན་པར་བཤད་དོ། །དེ་ནས་ཆོས་གསུམ་པ་སྦྱོར་ལམ་ནི་ཡུམ་རྒྱས་འབྲིང་གཉིས་ན་སྦྱོར་ལམ་དྲོད་སོགས་བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་དང་སྦྱར་བའི་མདོ་ཚན་སོ་སོར་ཡོད་ལ། བརྒྱད་སྟོང་པ་ནས་སོ་སོར་ཕྱེ་ཡང་ཅུང་ཟད་བསྡུས་ཏེ་གསུངས་ཤིང་། འདིར་ཡང་གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །ཅེས་སོགས་ཚིགས་བཅད་འགའ་ཞིག་གིས་དྲོད་སོགས་བཞི་སོ་སོར་ཕྱེ་བ་ཙམ་མཛད་དོ། །འདི་དག་གི་ཚིག་དོན་བསྡུས་ཏེ་བརྗོད་ན། སྦྱོར་ལམ་བཞི་པོ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བ་ཐམས་ཅད་ཀྱི་དམིགས་པ་ནི་བདེན་པ་བཞི་དང་དེའི་རྣམ་པ་བཅུ་དྲུག་རྣམས་ཡིན་ལ། རང་གི་རྣམ་པ་དངོས་ནི་ཐམས་ཅད་ཀྱང་བདེན་སྟོང་གི་རྣམ་པ་ཅན་ནོ། །ཐོག་མར་སྦྱོར་ལམ་དྲོད་ཀྱི་དམིགས་རྣམ་ནི། ཕུང་པོ་ལྔའི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་རྣམས་དོན་དམ་པར་མེད་ཅིང་། དེ་ལ་རྣམ་པར་ཤེས་པའི་གནས་དམིགས་པ་ནི་དོན་དམ་པར་རྡུལ་ཙམ་ཡང་ཡོད་པ་མིན་ལ། དྲོད་ལ་གནས་པ་དེ་དམིགས་པའི་ཆོས་ཀུན་ལ་བདེན་ཞེན་གྱིས་མི་གནས་ཏེ། དེ་ལྟར་གནས་པར་མེད་པར་སྤྱོད་ཅིང་བདེན་ཞེན་གྱིས་ཡོངས་སུ་བཟུང་བར་བྱེད་པ་མེད་ན་བདེ་བར་གཤེགས་པ་རྣམས་ཀྱི་བྱང་ཆུབ་སངས་རྒྱས་འཐོབ་པར་འགྱུར་རོ། །སྦྱོར་ལམ་རྩེ་མོའི་དམིགས་རྣམ་ནི། ཇི་ལྟར་ཏེ་དཔེར་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་ཕྲེང་ཅན་དེས་བདག་ཏུ་ལྟ་ཞིང་རང་གི་ལམ་ཙམ་གྱིས་མི་གྲོལ་བར་ཤེས་པ་ཡི་སྒོ་ནས། ཕྱིས་བསྟན་པ་འདི་ལ་ཞུགས་ནས་རིགས་པས་ཕུང་པོ་ལྔ་རྣམ་པར་དཔྱད་ནས་བཤིག་ཅིང་དོན་དམ་པར་དམིགས་པ་མེད་པའི་ཕུང་པོ་རྣམས་པར་འཇིག་པ་སྟེ་མེད་པར་རྟོགས་པའི་བློ་འབྱུང་བ་ལྟར། སྦྱོར་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཟུགས་སོགས་ཀྱི་ཆོས་ཀུན་དོན་དམ་པ་མི་དམིགས་པར་ཤེས་པ་ན། ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་རིག་པ་སྟེ་མི་གནས་པ་དེའི་ཚེ་བྱང་སེམས་དེ་ནི་ཤེར་ཕྱིན་ལ་གནས་པའོ། །ཡང་འདི་ལྟར་གཟུགས་ཞེས་བྱ་བ་འདི་དང་ཤེས་རབ་འདི་ནི་ངོ་བོ་དོན་དམ་པ་གང་ཡིན། འདི་སུ་ཡི་ཡིན། རྒྱུ་གང་ལས་བྱུང་བ་ཡིན་ཞེས་པ་ལྟ་བུའི་རིགས་པ་ཡང་དག་གིས་ཕུང་སོགས་ཀྱི་ཆོས་འདི་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོག་ཅིང་དཔྱོད་དོ། །དེ་ལྟར་ཆོས་ཀུན་ལ་ཉེ་བར་བརྟགས་ནས་སྟོང་པར་མཐོང་བ་ན་སེམས་ཞུམ་པ་མེད་ཅིང་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི། རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ་དེ་མྱུར་དུ་འཐོབ་པར་འགྱུར་བའི་ཕྱིར་རོ། །སྦྱོར་ལམ་བཟོད་པ་ནི། གལ་ཏེ་གཟུགས་སོགས་བདེན་པས་སྟོང་པའི་ཚུལ་དེ་མི་ཤེས་བཞིན་དུ། གཟུགས་སུ་བདེན་ཞེན་གྱི་འདུ་ཤེས་འབྱུང་ཞིང་ཚོར་བ་དང་འདུ་བྱེད་སེམས་པ་དང་རྣམ་ཤེས་ཀྱི་ཕུང་པོ་ལ་བདེན་ཞེན་གྱིས་སྤྱོད་པར་བྱེད་ན་མི་རུང་ཞིང་། ཕུང་པོ་འདི་རྣམས་བདེན་པས་སྟོང་སྙམ་དུ་ཡང་བདེན་ཞེན་གྱིས་རྟོག་ཅིང་དཔྱོད་ནའང་། བྱང་ཆུབ་སེམས་དཔའ་དེ་ནི་བདེན་འཛིན་གྱི་མཚན་མ་ལ་སྤྱོད་པ་ཡིན་པས། དོན་དམ་པར་སྐྱེ་བ་མེད་པའི་གནས་ལ་དད་པ་མིན་ནོ། །དེ་ནི་ཕུང་པོ་ལ་བདེན་ཞེན་མི་རུང་བར་མ་ཟད། ཕུང་པོ་བདེན་སྟོང་ལའང་བདེན་ཞེན་མི་རུང་བར་སྟོན་པའོ། །ཡང་བྱང་ཆུབ་སེམས་དཔའ་གང་ཞིང་གཟུགས་སོགས་ཕུང་པོ་ལྔ་ལ་བདེན་ཞེན་གྱིས་མི་རྟོག་མི་སྤྱོད་ཅིང་། དོན་དམ་པར་ནི་དམིགས་པ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་ཐ་སྙད་དུ་བདེན་སྟོང་ལ་སྤྱོད་ཅེས་བྱ་ཡང་། དེར་སྤྱོད་ཅེས་བྱ་བར་དོན་དམ་པར་མི་དམིགས་པར་སྤྱོད་ན་ཤེས་རབ་བརྟན་པ་ཡིན་ལ། དེ་ནི་དོན་དམ་པར་སྐྱེ་བ་མེད་པར་རྟོགས་པའི་བློ་དང་ལྡན་པའི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་པ་ཡིན་ནོ། །སྦྱོར་ལམ་ཆོས་མཆོག་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ན་བདག་ནི་མཉམ་པར་བཞག་ཅེའམ། དེ་ལས་ལངས་སོ་ཞེས་སྙམ་པའི་བདེན་ཞེན་གྱི་རློམ་སེམས་མེད་དོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཕུང་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཡོངས་སུ་ཤེས་ནས་རྩེ་གཅིག་ཏུ་སྒོམ་པའི་ཕྱིར་རོ། །དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་གསུངས་པའི་ཆོས་མཆོག་གི་ཤེས་རབ་ལ་སྤྱོད་ཅིང་། དེས་ནི་བདེན་ཞེན་གྱིས་སྤྱོད་པ་མེད་པར་སྤྱོད་པ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར་ན། ཆོས་གང་ལ་སྤྱོད་པ་དེ་ཡང་དོན་དམ་པར་དམིགས་པར་མི་འགྱུར་ཏེ། དོན་དམ་པར་གྲུབ་པའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེས་ན་འདི་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་དག་གིས་སྦྱོར་ལམ་བཞིའི་དམིགས་པ་དང་རྣམ་པ་སོ་སོར་བསྟན་ནས་ཆུང་འབྲིང་ཆེན་པོའི་དབྱེ་བ་ཤུགས་ལ་འཕངས་སོ། །འདི་དག་ནི་མངོན་རྟོགས་རྒྱན་དང་སྦྱོར་ན་དམིགས་པ་དང་ནི་རྣམ་པ་དང་། ཞེས་སོགས་དང་སྦྱོར་དགོས་སོ། །དེ་ནས་སྦྱོར་ལམ་བཞིའི་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་ནི། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དང་པོ་གཟུང་རྟོག་གཉིས་ལས་ཉོན་མོངས་གཟུང་རྟོག་ནི་ཉོན་མོངས་ཕྱོགས་ཀྱི་ཆོས་དང་། རྣམ་བྱང་གཟུང་རྟོག་ནི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་གཟུང་བྱར་བདེན་པར་འཛིན་པ་ཞིག་སྟེ། ཆོས་གང་ཞིག་སོ་སྐྱེ་ལ་བདེན་པར་སྣང་བ་ལྟར་ཡོད་པ་མ་ཡིན་པའི་དེ་ནི་བདེན་པར་མེད་ཅེས་བྱ་ལ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་གཟུང་བྱའི་ཆོས་དེ་རྣམས་ལ་བདེན་པར་བརྟགས་ཤིང་ཞེན་ནས། བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པར་གཟུང་ངོ་། །དེ་ལྟ་བུའི་ཡོད་པ་དང་མེད་པའི་མཐའ་གཉིས་པོ་ཡང་དོན་དམ་པར་མེད་པའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཚུལ་འདི་ལེགས་པར་ཤེས་ན་འཁོར་བ་ལས་འབྱུང་ཞིང་ཐར་རོ། །གཉིས་པ་འཛིན་རྟོག་གཉིས་ལས་རྫས་འཛིན་ནི་རྗེས་ཡོད་དང་། བཏགས་འཛིན་ནི་བཏགས་ཡོད་ཀྱི་ཆོས་ལ་དམིགས་ནས་འཛིན་བྱེད་དང་། འཛིན་པ་པོར་བདེན་པར་ཞེན་པ་སྟེ། བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་པོ་འདི་དག་དང་། སྐྱེས་བུ་དང་དེའི་བློ་ལ་སོགས་པ་རྣམས་ནི་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པ་སྒྱུ་མ་དང་འདྲ་བར་ཤེས་ཤིང་། སྐྱེས་བུ་སྒྱུ་མ་ལྟ་བུ་དང་ཕུང་པོ་ཡང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་པས་དེ་དག་གི་བདེན་སྟོང་དང་དེ་གཉ ིས་ངོ་བོ་ཐ་དད་པའི་གཞན་དང་གཞན་དུ་མི་བྱེད་དེ། དེ་གཉིས་ངོ་བོ་གཅིག་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ལ་འཛིན་པ་པོ་དང་འཛིན་བྱེད་དུ་ཞེན་པ་སྣ་ཚོགས་པའི་འདུ་ཤེས་དང་བྲལ་ཞིང་ཉེ་བར་ཞི་བ་ལ་སྤྱོད་པ་འདི་ནི། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །འདི་དག་གིས་སྦྱོར་ལམ་དྲོད་སོགས་བཞིའི་སྤང་བྱའི་གཙོ་བོ་ཤེས་སྒྲིབ་ཀུན་བཏགས་མངོན་འགྱུར་བ་བཞི་སྟོན་ཅིང་། རྒྱས་འབྲིང་གཉིས་ན་རྟོག་པའི་དབྱེ་བ་བཅུ་དྲུག་ལ་མདོ་ཚན་རེ་ཡོད་ཀྱང་། བརྒྱད་སྟོང་པ་དང་འདིར་ནི་བསྡུས་ནས་བཤད་དོ། །འདི་དག་ནི་མངོན་རྟོགས་རྒྱན་ལས། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་སོགས་ཀྱིས་འཆད་དོ། །སྦྱོོར་ལམ་པའི་ཡོངས་འཛིན་ནི། དགེ་བའི་བཤེས་དང་ལྡན་ཞིང་ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། ཕྱི་མ་ནི་ཐེག་པ་ཆེན་པོ འི་དགེ་བའི་བཤེས་གཉེན་དང་ལྡན་ཅིང་། ནང་དུ་ཞི་གནས་དང་ལྷག་མཐོང་དང་སྙིང་རྗེ་ཆེན་པོ་སོགས་དང་ལྡན་པར་གྱུར་པ་དེས་ནི། རྒྱལ་བ་རྣམས་ཀྱི་ཡུམ་ཤེར་ཕྱིན་ཐོས་ན་ཡིད་སྐྲག་པར་ཡོང་ཡེ་མི་འགྱུར་ལ། གཞན་གང་ཞིག་སྡིག་པའི་གྲོགས་དང་ལྡན་ཞིང་གཞན་གྱི་དབང་དུ་སོང་བའི་དྲིིང་འཇོག་པ་དེ་ནི། ཡུམ་འདི་ཉན་པའི་སྣོད་དུ་མི་རུང་སྟེ་དེ་ནི་སྟོང་པ་ཉིད་ཀྱི་ཆོས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །དེ་ནི། དཔེར་ན་རྫའི་སྣོད་སོ་མ་བཏང་བའི་ནང་དུ་ཆུ་འཆུ་ན་དེས་ཞིག་པར་འགྱུར་བ་བཞིན་ནོ། །ཡོངས་འཛིན་འདི་རྒྱས་འབྲིང་བསྡུས་པ་གསུམ་ན་རྒྱས་སོ། །འདི་མངོན་རྟོགས་རྒྱན་ལས། སེམས་མི་འགོད་པ་ཉིད་ལ་སོགས། །རྐང་པ་བཞིས་འཆད་དོ། །བཞི་པ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་། སྒྲུབ་པའི་དམིགས་པ་གཉིས་ཀ་ཐུན་མོང་དུ་ཅི་ཕྱིར་འདི་ནི་ཞེས་སོགས་རྐང་པ་བཞིས་སྟོན་ཏེ། དང་པོ་འདི་ལ་རྒྱས་འབྲིང་གཉིས་ན་སྒྲུབ་པའི་རྟེན་བཅུ་གསུམ་སྟོན་པའི་མདོ་ཚན་བཅུ་གསུམ་ཡོད་ཀྱང་། བརྒྱད་སྟོང་དང་འདིར་ཡང་བསྡུས་ཏེ་སྟོན་པས། འདིའི་རྐང་པ་དང་པོ་གཉིས་ཀྱིས་རིགས་སྟོན་ཏེ། རྒྱུ་མཚན་ཅིའི་ཕྱིར་བྱང་སེམས་འདི་ལ་ནི་སེམས་དཔའ་ཞེས་བྱ་ཞེ་ན། སྒྲིབ་གཉིས་ཀྱི་ཆགས་པ་གཅོད་པར་བྱེད་ཅིང་། ཆོས་ཀུན་ལ་བདེན་ཞེན་གྱིས་ཆགས་པ་དེ་ཟད་པར་འདོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་། དེའི་རྒྱུད་ཀྱི་སེམས་བདེན་སྟོང་ལ་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཞེས་བྱ་སྟེ། ཐེག་ཆེན་སྒྲུབ་པས་དེ་ལ་དམིགས་ནས་བསྒོམས་པས་གོང་འཕེལ་དུ་འགྱུར་བའི་ཕྱིར་རོ། །འདི་ནི་རྒྱན་ལས། རྟོག་པ་ཡི་ནི་ཆོས་དྲུག་དང་། ཞེས་སོགས་ཀྱིས་འཆད་དོ། །སྒྲུབ་པའི་དམིགས་པ་ནི། རྒྱས་འབྲིང་གཉིས་ན་དམིགས་པ་བཅུ་གཅིག་ལ་མདོ་ཚད་རེ་ཡོད་ལ། བརྒྱད་སྟོང་དང་འདིར་ཡང་། རྒྱལ་བ་རྣམས་ཀྱི་ཞེས་སོགས་རྐང་པ་ཕྱི་མ་གཉིས་ཀྱིས་བསྡུས་ནས་སྟོན་ཏེ། རྒྱུ་མཚན་སྔ་མ་དང་དེར་མ་ཟད། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་པ་མེད་པར་གྱུར་པ་རྣམ་མཁྱེན་དོན་དུ་གཉེར་བ་ལ་རེག་པའི་རྒྱུ་མཚན་དེས་ན་གང་ཟག་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་པོ་ཞེས་བྱང་ཆུབ་སེམས་དཔའི་སྒྲ་དོན་བཤད་པའི་སྒོ་ནས་དམིགས་པ་རྣམས་འཕངས་སོ། །འདི་ནི་རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ཞེས་སོགས་ཀྱིས་འཆད་དོ། །དྲུག་པ་ཆེད་དུ་བྱ་བ་ནི། ཡུམ་གསུམ་ཀ་ན་མདོ་ཚན་གསུམ་རེ་ཡོད་ལ། འདིར་ནི་ཅི་ཕྱིར་དོན་ཞེས་སོགས་རྐང་པ་བཞིས་བསྡུས་ནས་སྟོན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དེ་ལ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། སེམས་ཅན་ཚོགས་རྣམས་མང་པོའི་གཙོ་བོ་མཆོག་ཏུ་གྱུར་པ་དང་། སེམས་ཅན་ཁམས་ཀྱི་ལྟ་ངན་སྣ་ཚོགས་རྣམས་བཅོད་པར་འདོད་པ་དེའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་སྟེ་སྔ་མས་སེམས་ཆེན་པོ་དང་། ཕྱི་མས་སྤོང་བ་ཆེན་པོ་གཉིས་དངོས་སུ་བསྟན་ནས་རྟོགས་པ་ཆེན་པོ་ཤུགས་ཀྱིས་འཕངས་སོ། །འདི་ནི་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སོགས་རྐང་པ་བཞིས་འཆད་དོ། །མདོར་ན་རང་དོན་དུ་བྱང་ཆུབ་དོན་དུ་གཉེར་བས་བྱང་ཆུབ་སེམས་དཔའ་དང་། གཞན་དོན་དུ་དེ་དོན་དུ་གཉེར་བས་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །བདུན་པ་གོ་སྒྲུབ་ནི། ཡུམ་རྒྱས་འབྲིང་གཉིས་ན་གོ་སྒྲུབ་སོ་དྲུག་སོ་སོར་སྟོན་པའི་མདོ་ཚིག་མང་ལ། བརྒྱད་སྟོང་པར་བསྡུས་ནས་བསྟན་ཅིང་། འདིར་ཡང་གཏོང་བ་ཆེ་དང་བློ་ཆེ་བ་དང་ཞེས་སོགས་རྐང་པ་གཉིས་ཀྱིས་བསྡུས་སོ། །དེ་ཡང་ཕྱིན་དྲུག་ལས་མཚོན་ཙམ་ནི། སྦྱིན་པ་གཏོང་བ་པོ་ཆེན་པོ་དང་། བློ་ཤེས་རབ་ཆེ་བ་དང་། མཐུ་ཆེ་བ་དང་། རྒྱལ་བ་རྣམས་ཀྱི་ཐེག་པ་ཆེན་པོའི་ལམ་མཆོག་ཕྱིན་དྲུག་ལ་ཞུགས་པ་ནི་གོ་ཆའི་སྒྲུབ་པ་ཞེས་བྱའོ། །འདི་ནི་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་འཆད་དོ། །བརྒྱད་པ་འཇུག་སྒྲུབ་ནི། རྒྱས་འབྲིང་གཉིས་ན་རྒྱས་ཤིང་བརྒྱད་སྟོང་པར་མདོ་ཙམ་བསྟན་ལ། འདིར་ཡང་གོ་ཆ་ཆེན་པོ་བགོས་ཤིང་སོགས་རྐང་པ་གཉིས་ཀྱིས་འཇུག་སྒྲུབ་དགུ་པོ་བསྡུས་སོ། །དེ་ཡང་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་ཕྱིར་དུ་གོ་ཆའི་སྒྲུབ་པ་ཆེན་པོ་ཉམས་སུ་བླངས་ནས་གོ་ཆར་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བའི་སྒོ་ནས་ཐེག་ཆེན་དུ་འཇུག་པའི་རྒྱུ་མཚན་དེའི་ཕྱིར་ན་ཡང་སེམས་དཔའ་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །འདི་ནི་རྒྱན་ལས། བསམ་གཏན་གཟུགས་མེད་སོགས་ཀྱིས་འཆད་དོ། །དགུ་པ་ཚོགས་སྒྲུབ་ནི། རྒྱས་འབྲིང་གཉིས་ན་མདོ་ཚན་མང་པོ་ཞིག་གིས་སྟོན་ཅིང་། བརྒྱད་སྟོང་པར་ཚོགས་སྒྲུབ་བཅུ་བདུན་གྱི་ངོ་བོ་ཙམ་བཤད་ལ། འདིར་ནི་དཔེར་ན་སྒྱུ་མ་མཁན་གྱིས་སོགས་ཚིགས་བཅད་ལྔས་བསྡུས་སོ། །དེ་ཡང་དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་རྡེའུ་ཤིང་བུ་སོགས་རྟ་གླང་སོགས་སུ་སྤྲུལ་བྱས་ཏེ། སྐྱེ་བོ་ཕལ་ཆེར་མང་པོ་སྤྲུལ་ནས་དེ་དག་གཅིག་གིས་གཅིག་གི་མགོ་མང་པོ་བྱེ་བ་སོགས་ཀྱི་གྲངས་ལྟ་བུ་གཅོད་པར་བྱེད་པའི་སྒྱུ་བསྟན་ཀྱང་། དོན་ལ་ནི་སེམས་ཅན་གཅིག་ཀྱང་བསད་པ་མེད་ཅིང་དེའི་ཚེ་གསད་བྱ་དེ་དག་སྣང་བ་ལྟར་མ་གྲུབ་བཞིན་དུ་གསོད་པ་ལྟར་སྣང་ངོ་། །དཔེ་དེ་ཅི་འདྲ་བ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་འགྲོ་བ་འདི་ཀུན་བདེན་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་སྦྲུལ་པ་དང་འདྲ་བར་བར་ཏུ་ཤེས་ནས། ཉོན་མོངས་པ་སོགས་ཁ་ན་མ་ཐོ་བ་ལ་འཇིགས་པ་མེད་དོ། །གཟུགས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་དག་དང་རྣམ་པར་ཤེས་པ་རྣམས་ནི་དོན་དམ་པར་བདེན་འཛིན་དང་ལས་ཉོན་གྱིས་མ་བཅིངས་ཤིང་མ་གྲོལ་ཏེ། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཤེས་པའི་སྒོ་ནས་ཐ་སྙད་དུ་བྱང་ཆུབ་སྒྲུབ་པ་ལ་འཇུག་གོ །དེའི་ཚེ་ཅི་ཡང་མི་འདུག་གོ་སྙམ་དུ་ཞུམ་པའི་སེམས་མེད་པ་དགོས་ཏེ། དོན་དམ་པར་ཅི་ཡང་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་པའི་ཕྱིར་རོ། དེ་ལྟར་ཤེས་པ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་སྤྱོད་པའི་གོ་ཆ་མཆོག་གོ །རྒྱུ་མཚན་ཅིའི་ཕྱིར་སྒྲུབ་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ལམ་ཞེས་བྱ་ཞེ་ན། ལམ་དེ་ལ་བྱང་སེམས་གང་ཞོན་པ་སྟེ་གནས་ནས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཟློ་བ་སྟེ་འགོད་པར་བྱེད་པའི་སྒོ་ནས་སོ། །དེ་ལྟ་བུའི་ཐེག་པ་འདི་ནི་རྒྱ་ཆེ་བ་ནམ་མཁའ་དང་འདྲ་ཞིང་བྱང་ཆུབ་སེམས་དཔའ་རྣམས་གནས་པའི་གཞལ་མེད་ཁང་ཆེན་ལྟ་བུ་དང་། གནས་སྐབས་དང་མཐར་ཐུག་གི་དགའ་བ་དང་སྐྱིད་པ་དང་བདེ་བ་རྣམས་མངོན་པར་ཐོས་པར་བྱེད་པའི་ཕྱིར་ཐེག་པའི་མཆོག་གོ །ཐེག་པ་འདི་ལ་བྱང་སེམས་གང་ཞིག་ཞོན་ནས་སངས་རྒྱས་ཀྱི་སར་འགྲོ་ཡང་ཤར་ལ་སོགས་པའི་ཕྱོགས་སུ་འགྲོ་བར་དམིགས་སུ་མེད་ཅིང་། མི་གནས་པའི་མྱ་ངན་ལས་འདས་པར་འགྲོ་བར་གསུངས་པ་དེ་ཡང་དོན་དམ་པར་དེར་འགྲོ་བར་མི་དམིགས་སོ། །དཔེར་ན་མེ་འབར་བ་ཤི་བ་ན་མེ་དེ་ནི་ཕྱོགས་གང་དུ་འགྲོ་རྒྱུ་མེད་པ་བཞིན་ནོ། །རྒྱུ་མཚན་དེས་ན་ཤེས་རབ་ཀྱི་སྟོབས་ཀྱིས་རང་རྒྱུད་ཀྱི་སྒྲིབ་པ་ལོག་ཅིང་སྤངས་པ་དེ་ལ་ནི་མྱ་ངན་ལས་འདས་པ་ཡིན་ཞེས་རབ་ཏུ་བརྗོད་དོ། །བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐའ་རྒྱུ་དང་ཕྱི་མའི་མཐའ་འབྲས་བུ་དང་། ད་ལྟར་བྱུང་བ་རང་གི་ངོ་བོ་གསུམ་ཀ་དོན་དམ་པར་མི་དམིགས་པར་ཤེས་པའི་ཕྱིར་དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་དག་པ་སྟེ། རང་བཞིན་གྱིས་གང་དག་པ་དེ་ནི་འདུས་མ་བྱས་སྤྲོས་བྲལ་ཡིན་པའི་ཕྱིར་རྣམ་རྟོག་གི་སྤྲོས་པ་མེད་དོ། །དེ་ལྟར་ཤེས་ཤིང་གནས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །རྒྱན་ལས་སའི་ཚོགས་ལོགས་སུ་རྒྱས་པར་བཤད་ཀྱང་དེ་དག་ནི་ཚོགས་ཀྱི་སྒྲུབ་པར་འདུས་པས་འདིར་གསལ་བར་མ་ཕྱེ་ཞིང་། དེ་བཞིན་དུ་གཉེན་པོའི་ཚོགས་སྒྲུབ་ཀྱང་ལོགས་སུ་མ་གསུངས་སོ། །འདི་ནི་རྒྱན་ལས། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞེས་སོགས་ཀྱིས་འཆད་དོ། །བཅུ་པ་ངེས་འབྱུང་སྒྲུབ་པ་ནི། རྒྱས་འབྲིང་བསྡུས་གསུམ་ན་མདོ་ཚན་མང་པོ་ཞིག་འབྱུང་ཡང་། འདིར་ངེས་འབྱུང་སྒྲུབ་པ་བརྒྱད་བསྡུས་ཏེ་སྟོན་པ་ནི། བྱང་ཆུབ་སེམས་མཁས་རིག་པ་ཞེས་པ་ནས་དང་པོའི་འཇུག་གི་བར་ཚིགས་བཅད་ལྔས་བསྡུས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པས་དག་ས་ཐོབ་པ་གང་གི་དུས་ཀྱི་ཚེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྣམ་པར་ཤེས་ཤིང་བསམས་ཏེ་འདི་ལྟར་སྤྱོད་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་བདེན་པའི་འདུ་ཤེས་འབྱུང་བ་མེད་པ་འདི་ནི་ལམ་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་གལ་ཏེ་སེམས་ཅན་དུ་བདེན་པའི་འདུ་ཤེས་དང་དེའི་སྡུག་བསྔལ་ལ་བདེན་པའི་འདུ་ཤེས་སྐྱེད་ཅིང་། འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱ་ཞིང་སྡུག་བསྔལ་སྤང་བར་བྱའོ་སྙམ་དུ་བདག་དང་སེམས་ཅན་དུ་བདེན་པར་ཡོངས་སུ་རྟོག་ན་བྱང་ཆུབ་སེམས་དཔའ་དེས་དེ་ལྟར་རྟོག་པ་འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་མ་ཡིན་ནོ། །དེས་ན་བདག་ནི་ཕུང་པོ་ལྔ་མིན་ཞིང་ཕུང་པོ་ཡང་བདག་མིན་ལ། དེ་ལས་ངོ་བོ་ཐ་དད་པའི་བདག་ཞིག་ལོགས་སུ་ཡོད་དམ་མེད་སྙམ་དུ་རིགས་པ་ཡང་དག་གིས་བཙལ་ན་ཡོད་པར་མི་རྙེད་ཀྱང་། མ་བརྟགས་མ་དཔྱད་པར་བདག་ཐ་སྙད་ཙམ་དུ་འཇོག་ཚུལ་ཤེས་པར་བྱ་ཞིང་། མདོར་ན་བདག་ནི་ཕུང་པོའི་ཆ་ཤས་ཚོགས་པ་ལ་བཏགས་པ་ཙམ་མ་གཏོགས་རང་གི་ངོ་བོས་མ་གྲུབ་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་གི་ཆ་ཤས་ལ་བརྟེན་ནས་བཏགས་པ་ཙམ་མ་གཏོགས་རང་དབང་དུ་མ་གྲུབ་སྟེ། བདག་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་ཤེས་ཤིང་སེམས་ཅན་ཐམས་ཅད་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་གི་ཆོས་གཞན་ཀུན་བདེན་པར་མེད་པའི་ཚུལ་ཤེས་ནས། དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་དུ་སྐྱེ་བ་གཉིས་ཀ་ལ་བདེན་ཞེན་གྱིས་མི་རྟོག་པ་འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འཇིག་རྟེན་དག་ན་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་སོགས་ཆོས་རྣམས་ལ་མིང་གིས་ཇི་སྙེད་ཅིག་ཡོངས་སུ་བརྗོད་ཅིང་ཐ་སྙད་བྱས་པ་དེ་ཀུན་ལ་སྐྱེ་བ་དང་སྐྱེ་བ་ལས་ཡང་དག་འདས་པ་གཉིས་ཀའི་བདེན་ཞེན་སྤངས་ནས། ཡེ་ཤེས་ཀུན་ལས་མཐར་ཐུག་གི་ཡེ་ཤེས་འཆི་བ་མེད་པ་དང་སྐྱོན་ཀུན་སྤངས་པའི་དམ་པ་ཡོན་ཏན་གཞལ་དུ་མེད་པ་དེ་འཐོབ་པར་འགྱུར་བ་དེའི་ཕྱིར་འདི་ནི་ཤེར་ཕྱིན་ལ་སྤྱོད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཐེ་ཚོམ་གྱི་དོགས་པ་མེད་པར་དེ་ལྟར་སྤྱོོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཅིང་། དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་ལ་གནས་པར་ཤེས་པར་བྱའོ། །ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་རྣམས་དོན་དམ་པར་རང་བཞིན་མེད་པར་མངོན་སུམ་དུ་ཡོངས་སུ་ཤེས་པར་གྱུར་པ་འདི་ནི། ངེས་འབྱུང་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ཞེས་བྱའོ། །འདི་ནི་རྒྱན་ལས། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་སོགས་ཀྱིས་འཆད་དོ། །འདིར་བཤད་པའི་སྒྲུབ་པ་བཞིའི་དང་པོོ་གོ་སྒྲུབ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་དང་། འཇུག་སྒྲུབ་ནི་སྦྱོར་ལམ་ནས་དེའི་བར་དང་། ཚོགས་སྒྲུབ་ནི་དེ་ལྟར་ཡིན་ལ། ངེས་འབྱུང་སྒྲུབ་པ་ནི་དག་པ་ས་གསུམ་ཁོ་ནར་ཡོད་དོ། །ཆོས་བཅུ་ནི་རྒྱན་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དག་དང་། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་རྣམས་ལ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་སུ་བཤད་པ་ནི་ཡུལ་གྱིས་ཡུལ་ཅན་མཚོན་པ་ཡིན་ཏེ། ཆོས་བཅུ་པོ་རྣམ་མཁྱེན་དུ་བགྲོད་པའི་ཐབས་སུ་རྣམ་མཁྱེན་ཉིད་ཀྱིས་གཟིགས་ཚུལ་གྱི་སྒོ་ནས་བཞག་པའི་ཕྱིར་རོ། །འདི་དག་ནི་རྒྱས་པར་བཤད་ན་ཆེས་མང་བར་འགྱུར་བའི་ཕྱིར་འབྲིར་མ་ལང་པས་དེ་ཙམ་ཞིག་བཀོད་དོ། །འོན་ཀྱང་གཞུང་གི་གཅོད་མཚམས་ལ་སློབ་དཔོན་སེང་བཟང་དང་སངས་རྒྱས་ཡེ་ཤེས་ཞབས་གཉིས་ཅུང་ཟད་མི་འདྲ་བ་རེ་འབྱུང་ཡང་འདིར་སློབ་དཔོན་ཉིད་ཀྱི་བཞེད་པ་དང་མཐུན་པར་བྱས་སོ།། །།སྐབས་གཉིས་པས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་རྣམས་སྟོན་ཏེ། དེ་ལ་བཅུ་གཅིག་ཡོད་ཀྱང་དང་པོ་ལམ་ཤེས་ཀྱི་ཡན་ལག་ནི་རྒྱས་འབྲིང་བསྡུས་པ་གསུམ་ཀ་ན་འབྱུང་ཡང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི་འདིར་ཟླ་སྟོབས་ཀྱིས་བསྡུས་ནས་དངོས་སུ་མི་འཆད་པར་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་ངེས་འབྱེད་ཆ་འཐུན་དང་བཅས་པ་འཆད་ཅིང་། དེ་ཡང་གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །ཞེས་སོགས་ཀྱི་ཚིགས་བཅད་གསུམ་གསུངས་ཞེས་བཞེད་པར་སྣང་ཡང་། སློབ་དཔོན་སེང་བཟང་གིས་ཚིག་བཅད་དང་པོས་ལམ་ཤེས་ཀྱི་ཡན་ལག་བསྟན་པར་བཤད་པ་ལྟར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་གང་ཞིག་གཟུགས་ལ་བདེན་ཞེན་གྱིས་མི་གནས་ཤིང་། དེ་བཞིན་དུ་གང་ཞིག་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་དང་རྣམ་ཤེས་ལ་བདེན་ཞེན་གྱིས་མི་གནས་སོ། །དེ་ལྟར་བདེན་ཞེན་གྱིས་མི་གནས་པར་བདེན་སྟོང་དུ་རྟོགས་པ་དེ་ནི་ཆོས་ཉིད་ལ་གནས་པ་སྟེ། འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འདིར་བདེན་ཞེན་གྱིས་མངོན་པའི་ང་རྒྱལ་བྱེད་པ་བཅོམ་པའི་སྒོ་ནས་རྟེན་སྟོན་པར་བཤད་དོ། །དེ་ལྟར་འདི་ནི་རྒྱན་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་ཀྱི་དོན་དུ་འཆད་དགོས་སོ། །རྒྱས་འབྲིང་གཉིས་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་སྐོར་ལ་མདོ་ཚིག་མང་ལ། བརྒྱད་སྟོང་ན་བསྡུས་ཤིང་འདིར་ནི། རྟག་དང་མི་རྟག་སོགས་ཚིགས་བཅད་གཉིས་ཀྱིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་ངེས་འབྱེད་ཆ་འཐུན་བཞི་དང་བཅས་པ་བསྡུས་ནས་སྟོན་ཏེ། དེ་ཡང་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་བདེན་པས་མཚོན་ཏེ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་། སྡུག་མི་སྡུག་གཉིས་དང་། བདག་དང་བདག་མེད་པ་གཉིས་དང་། བདེན་པ་གཞན་གྱི་དེ་བཞིན་ཉིད་དང་དེ་བཞིན་དུ་དོན་གཞན་གྱིས་སྟོང་པ་དང་། འབྲས་བུ་འགོག་བདེན་ཐོབ་པ་དང་། དགྲ་བཅོམ་ཐོབ་པའི་ས་ལ་བདེན་ཞེན་གྱིས་མི་གནས་ཤིང་། རང་རྒྱལ་དང་དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་ཡང་བདེན་ཞེན་གྱིས་མི་གནས་སོ། །མཐུན་དཔེ་ཇི་ལྟར་ན་འདྲེན་པ་སངས་རྒྱས་ནི་འདུས་མ་བྱས་ཀྱི་ཁམས་དང་འདུས་བྱས་ཀྱི་ཁམས་ལ་ཡང་བདེན་ཞེན་གྱིས་མི་གནས་ཤིང་། གནས་པ་མེད་པའི་ཚུལ་གྱིས་སྤྱོོད་པར་མཛད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དམིགས་པའི་གནས་རྣམས་ལ་ནི་བདེན་ཞེན་གྱིས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱེད་དོ། །དེ་ལྟ་བུའི་གནས་པ་མེད་པའི་ཚུལ་གྱིས་གནས་པ་གང་ཡིན་པ་འདི་ནི་རྒྱལ་བས་ལེགས་པར་གནས་པ་ཡིན་ཞེས་གསུངས་སོ། །འདིར་དངོས་སུ་བསྟན་པའི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི་རྣམ་པ་བཅུ་དྲུག་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དང་དེའི་རྒྱུ་ངེས་འབྱེད་ཆ་འཐུན་བཞི་པོ་ཡང་དག་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་མོ། །འདི་ནི་རྒྱན་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྟོན་པའི་སྔོན་དུ་རང་རྒྱལ་གྱི་ལམ་དེ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་ཚུལ་ཞིག་ཡུམ་གསུམ་དང་རྒྱན་ལས་ཀྱང་འབྱུང་མོད། འདིར་དེ་དངོས་སུ་མི་འཆད་པར་ཟླས་བསྡུས་ཏེ་སྟོན་ཅིང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་ཞེས་སོགས་ཚིགས་བཅད་ལྔས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་སྦྱོར་ལམ་བཞི་དང་བཅས་པ་སོ་སོར་མ་ཕྱེ་བར་འཆད་ལ། ཡུམ་གསུམ་དང་རྒྱན་ལས་ནི་སྦྱོར་ལམ་བཞི་སོ་སོར་ཕྱེ་ནས་འཆད་དོ། །དོན་གཉེར་ཅན་གང་དག་བདེ་བར་གཤེགས་པའི་ཉན་ཐོས་དང་དགྲ་བཅོམ་དུ་འགྱུར་བར་བྱ་སྙམ་པ་དང་། རང་སངས་རྒྱས་དང་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་བར་འདོད་པ་དེ་དག་གིས་ནི། ཆོས་ལ་ངེས་སེམས་ཟབ་མོ་རྟོགས་པའི་བཟོད་པ་འདི་ལ་བརྟེན་དགོས་ཏེ། མ་བརྟེན་ན་འཁོར་བའི་རྒྱ་མཚོར་ལྷུང་ནས་དེ་ཐོབ་པར་མི་ནུས་པའི་ཕྱིར་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ལྷུང་བའི་སྐྱེས་བུས་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་གང་དུ་འགྲོ་བའི་འགྲོ་ངོགས་མི་ཤེས་ཤིང་མི་མཐོང་བ་བཞིན་ནོ། །སུ་ཞིག་ཆོས་ཇི་ལྟར་འཆད་པ་དང་། ཆོས་ཉན་པ་དང་། བཤད་བྱའི་ཆོས་གང་ཡིན་པ་དང་། ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང་། རྐྱེན་རྒྱལ་རང་སངས་རྒྱས་དང་། དེ་བཞིན་དུ་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་ཀྱི་མྱང་འདས་སོགས་མཁས་པ་བློ་གསལ་བས་ཐོབ་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐར་པ་གང་ཡིན་པ་དེ་ཀུན་ཀྱང་། ཐ་སྙད་དུ་བཏགས་ཤིང་ཀུན་རྫོབ་ཏུ་ཡོད་པར་འཇོག་གི་དོན་དམ་པར་མེད་ཅིང་བདེན་སྟོང་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན་ཏོ། །སྐབས་འདིར་ཡུམ་གསུམ་ལས་ཀྱང་དེ་ལྟར་བཤད་ཅིང་དེ་ལ་དགོས་པ་ཡོད་དེ། བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བས་ཐོབ་བྱ་ཐོབ་བྱེད་སོགས་བྱ་བྱེད་ཐམས་ཅད་མི་རུང་བའི་ཕྱིར་རོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུ་འདི་ཐོས་ན་གཞན་བློ་ཆུང་བ་དག་འདི་ཅི་ལྟ་བུ་ཞིག་སྙམ་སྟེ་སྐྲག་པར་འགྱུར་བ་འོང་ཡང་། གང་ཟག་བཞི་པོ་འདི་དག་ནི་ཚུལ་ཏེ་ལྟ་བུ་ཐོས་ན་ཡིད་མི་སྐྲག་སྟེ། བཞི་གང་ཞེ་ན། རྒྱལ་སྲས་བདེན་པ་བཞིའི་རྣམ་དབྱེ་ལ་མཁས་པ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ལམ་ཐོབ་པ་དང་། དགྲ་བཅོམ་པ་ཉོན་མོངས་པའི་དྲི་མ་བསམ་ཅིང་སོམ་ཉི་སྤངས་པ་གསུམ་དང་། བཞི་པ་ནི་སྟོང་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པ་གང་དེ་ལྟར་ཤེས་ཤིང་སྤྱོད་པ་ནི། ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ་ཅིང་རྐྱེན་རྟོག་རང་རྒྱལ་གྱི་ས་ལ་མི་སློབ་པ་མིན་ཞེས་དོན་དུ་མི་གཉེར་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་སློབ་ཅིང་དོན་དུ་གཉེར་བའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཐོབ་པའི་ཆེད་དུ་སློབ་པར་བྱེད་ཅིང་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་སློབ་ལ། ཕྱི་མ་ལྟར་མི་སློབ་ཅིང་སྔ་མ་ལྟར་སློབ་པར་བྱེད་པ་ནི་སློབ་ཚུལ་ཕྱིན་ཅི་མ་ལོག་པའོ། །བྱང་སེམས་ཀྱིས་སྡུག་བདེན་གྱི་གཟུགས་སོགས་འཕེལ་ཞིང་རྒྱས་པ་དང་། ཡོངས་སུ་ཉམས་ཤིང་རྒུད་པ་དང་གཅེས་པར་ཡོངས་སུ་གཟུང་བའི་ཕྱིར་སློབ་པ་མ་ཡིན་ཏེ། དེར་མ་ཟད། ཆོས་གཞན་རྣམ་པ་སྣ་ཚོགས་པ་དག་ཀྱང་བདེན་ཞེན་གྱིས་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་པར་སློབ་ཅིང་། དེ་ལྟར་སློབ་པར་བྱེད་ན་ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉེར་བའི་བློས་ཀྱང་ཡོངས་སུ་ཟིན་ལ། འཁོར་བ་ལས་ངེས་པར་འབྱུང་བ་གང་ཡིན་པ་འདི་ནི་ཡོན་ཏན་གོང་མ་དོན་གཉེར་ལ་དགའ་བའི་སློབ་ཚུལ་ཡིན་ནོ། །འདི་ནི་རྒྱན་ལས། བཏགས་པའི་ཆོས་ཉིད་མི་འགལ་བར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐེག་ཆེན་གྱི་མཐོང་ལམ་ནི། ཡུམ་གསུམ་ཀ་ན་མདོར་བསྟན་དང་རྒྱས་བཤད་ཀྱི་མདོ་ཚིག་མང་དུ་འབྱུང་ཞིང་། འདིར་ནི་གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །ཅེས་སོགས་ཚིགས་བཅད་བཞིས་བསྡུས་སོ། །དེ་ཡང་གཟུགས་ལ་མཚོན་ན་གཟུགས་ནི་རང་ཉིད་བདེན་སྟོང་དུ་རྟོགས་པའི་ཤེས་རབ་དང་གཅིག་མ་ཡིན་ཞིང་། གཟུགས་ལ་ནི་ཤེས་རབ་དེ་ཉིད་མེད་དོ། །དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་འདི་དག་ནི་ཤེས་རབ་དེ་མ་ཡིན་ལ། འདི་དག་ལ་ཡང་ཤེས་རབ་དེ་བརྟེན་པའི་ཚུལ་གྱིས་སོ་སོར་གནས་པ་མེད་དོ། །བདེན་བཞི་སོགས་ཀྱི་རང་བཞིན་བདེན་སྟོང་འདི་ནི་ནམ་མཁའི་ཁམས་དང་མཚུངས་པའི་དགག་བྱ་རྣམ་པར་བཅད་ཙམ་སྟེ་ངོ་བོ་ཐ་དད་དུ་མེད་དོ། །དེ་ཡང་དམིགས་པ་སྡུག་བདེན་རྣམས་ཀྱི་རང་བཞིན་བདེན་སྟོང་དེ་ནི་ཕ་མཐའ་མེད་པར་གནས་ཤིང་། སེམས་ཅན་འབྱུང་བའི་རྒྱུ་ཀུན་འབྱུང་གི་རང་བཞིན་གང་ཡིན་པ་དེ་ཡང་ཕ་མཐར་མེད་ལ། ནམ་མཁའི་ཁམས་ལྟ་བུའི་འགོག་བདེན་གྱི་རང་བཞིན་དེ་ཡང་ཕ་མཐའ་མེད་ཅིང་། འཇིག་རྟེན་མཁྱེན་པའི་ཤེས་རབ་ལམ་བདེན་གྱི་རང་བཞིན་དེ་ཡང་ཕ་མཐའ་མེད་དོ། །དེ་ནི་སློབ་དཔོན་ལྟར་བདེན་བཞི་དང་སྦྱར་ཡང་དེ་དང་མ་སྦྱར་བར་སྤྱིར་བཤད་དུའང་རུང་ངོ་། །གཟུགས་སོགས་ལ་དེ་དང་དེའི་འདུ་ཤེས་སྐྱེ་བ་ནི་ཚུ་རོལ་མཐོང་བའི་སོ་སྐྱེའི་དབང་དུ་མཛད་ནས་འདྲེན་པ་སངས་རྒྱས་ཀྱིས་ཐ་སྙད་ཙམ་དུ་ཡོངས་སུ་བསྒྲགས་པ་ཡིན་ལ། སྣ་ཚོགས་པའི་འདུ་ཤེས་དེ་རིགས་པས་རྣམ་པར་བཤིག་ཅིང་བཀག་ནས་བདེན་སྟོང་དུ་བསྒོམས་པས། ཉོན་མོངས་པ་སྤངས་པའི་སྤོང་བ་འགོག་བདེན་ཐོབ་ཅིང་འཁོར་བའི་ཕ་རོལ་ཏུ་འགྲོའོ། །བྱང་སེམས་གང་དག་བདེན་པའི་འདུ་ཤེས་མངོན་འགྱུར་བ་དང་བྲལ་བའི་ལམ་འདི་ནི་རྗེས་སུ་ཐོབ་པ་དེ་དག་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས་སྟོན་པའི་བཀའ་བཞིན་དུ་སྒྲུབ་པ་ལ་གནས་སོ། །གལ་ཏེ་སྟོན་པས་ཀྱང་ནི་གདྒཱའི་བྱེ་མ་སྙེད་ཀྱི་བསྐལ་པའི་བར་དུ་བཞུགས་ཏེ་སེམས་ཅན་ཞེས་པའི་སྒྲ་ཡོངས་སུ་བསྒྲགས་ཀྱང་། སེམས་ཅན་རྣམས་གཟོད་ནས་གདོད་མ་ནས་རང་བཞིན་གྱིས་དག་པས་དོན་དམ་པར་སེམས་ཅན་ཞིག་གསར་དུ་སྐྱེ་བར་ག་ལ་འགྱུར་སྙམ་དུ་ཤེས་པ་འདི་ནི་ཤེས་ཕྱིར་མཆོག་ལ་སྤྱོད་པ་ཡིན་ནོ། །སེམས་ཅན་བཟོད་ནས་དག་པ་ནི་སེམས་ཅན་རྣམས་དང་པོ་སྐྱེས་ཙམ་ནས་བདེན་པས་སྟོང་པ་ཡིན་གྱི། བདེན་སྟོང་དུ་གསར་བྱུང་མིན་ཅེས་པའོ། །དེ་དག་གིས་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་བསྡུས་ནས་བསྟན་ཏེ། །འདི་ནི་རྒྱན་ལས། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ནི། ཡུམ་གསུམ་ཀ་ན་རྒྱས་ཤིང་། འདིར་གང་ཚེ་ང་ནི་ཕ་རོལ་ཕྱིན་པའི་མཆོག་འདི་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྡུས་སོ། །དེ་ཡང་དུས་གང་གི་ཚེ་སྒོམ་ལམ་སྒོམ་པ་པོ་ང་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་དང་མཐུན་པར་སྨྲ་ཞིང་སྤྱོད་པར་གྱུར་པ་དེའི་ཚེ། སྔོན་གྱི་སྐྱེས་མཆོག་སངས་རྒྱས་ཀྱིས་ཁྱོད་མ་འོངས་པའི་དུས་ན་སངས་རྒྱས་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་ང་ལུང་བསྟན་པར་གྱུར་ཅེས་རྒྱལ་བས་དེ་སྐད་གསུངས་སོ། །ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་འཇིག་རྟེན་གྱི་མགོན་པོ་རྒྱལ་སྲས་སྦྱོད་པའི་གཞུང་དོན་འདི་ནི། བྱང་སེམས་གང་ཞིག་གུས་པར་བྱས་ཤིང་འཛིན་པ་དང་ཀུན་ཆུབ་པ་སོགས་བྱེད་པ་དེ་ལ་ནི། ཕྱིའི་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས་ཤིང་། བདུད་དངོས་དང་བདུད་རིགས་ཀྱི་ཕྱོགས་རྣམས་ཀྱིས་གླགས་ཀྱང་རྙེད་པར་མི་འགྱུར་རོ། །བྱེད་པ་བཅུ་གཅིག་པོ་འདི་ནི་རྒྱན་ལས། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མོས་པ་སྒོམ་ལམ་ནི། ཡུམ་གསུམ་ཀ་ན་དབྱེ་བ་གསུམ་དང་དགུ་དང་ཉེར་བདུན་སོ་སོར་སྟོན་པའི་མདོ་ཚན་ཡོད་ཅིང་། འདིར་ནི་ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །ཞེས་སོགས་ཚིགས་བཅད་མང་པོ་ཞིག་གིས་ཅུང་ཟད་སྤྲོས་ནས་འཆད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སོགས་ལ་ལས་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ནི། གསེར་དངུལ་བྱི་རུ་མུ་ཏིག་སོགས་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་མེ་ཏོག་སོགས་ཀྱིས་རྟག་ཏུ་མཆོད་པར་བྱེད་ལ། དེ་ཡང་མཆོད་རྟེན་གཅིག་ཙམ་ཞིག་མ་ཡིན་པར་བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གི་གྲངས་ནི། གདྒཱའི་ཀླུང་གི་བྱེ་བ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་གི་ཞིང་ཀུན་བཀང་སྟེ། དེ་ལྟར་ཡོངས་སུ་བརྟག་པ་སྟེ་དབྱེ་བ་ཡོངས་སུ་བཟུང་བའི་ཞིང་རྣམས་གྲངས་བྱེ་བ་མཐའ་ཡས་པ་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅན་ཀྱིས་ལས་གཞན་མི་བྱེད་པར་ལྷའི་མེ་ཏོག་དང་བདུག་སྤོས་རབ་མཆོག་དང་དྲིའི་བྱུགས་པས། སྔ་དྲོ་གུང་ཕྱི་དྲོའི་དུས་གསུམ་དུ་ལན་གཅིག་ཙམ་མ་ཡིན་པར་བསྐལ་བའམ། དེ་བས་ཀྱང་ལྷག་པར་མཆོད་རྟེན་དེ་རྣམས་ལ་གུས་པས་མཆོད་ན་བསོད་ནམས་ཆེ་མོད། དེ་ལས་ཀྱང་བྱང་སེམས་གང་ཞིག་ཤེར་ཕྱིན་གང་ལས་རྣམ་འདྲེན་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་འབྱུང་བར་འགྱུར་བ། བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ་ཚིག་དོན་ཡིད་ལ་འཆང་ཞིང་མེ་ཏོག་དང་བྱུག་པས་བསྟི་སྟང་བཀུར་སྟི་བྱེད་པར་གྱུར་ན། སྔར་བཤད་པ་ལྟ་བུའི་མཆོད་རྟེན་བྱས་ཤིང་མཆོད་པའི་བསོད་ནམས་ཀྱིས་ནི། བསོད་ནམས་འདིའི་ཆར་ཡང་མི་ཕོད་ན་མཉམ་པ་ག་ལ་འོང་ཞེས་པ་ནི་གཙོ་བོར་སྒོམ་ལམ་གྱི་ཤེར་ཕྱིན་ལ་དགོངས་སོ། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེན་པོ་ཡིན་ཏེ། སེམས་ཅན་གྱི་ཁམས་མང་པོའི་མྱ་ངན་དང་སྡུག་བསྔལ་དང་ཀུན་འབྱུང་གི་ཆོས་ཀུན་ཞི་བར་བྱེད་དོ། །སངས་རྒྱས་གང་དག་འདས་པ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་མགོན་པོ་རྣམས་ཀྱང་། རིག་སྔགས་ཤེར་ཕྱིན་འདི་ལ་བསླབས་ནས་སྡུག་བསྔལ་གྱི་ནད་ཞི་བར་མཛད་པའི་རྒྱལ་པོ་བླ་ན་མེད་པར་གྱུར་ཏོ། །བྱང་སེམས་གང་དག་གཞན་ལ་ཕན་པ་དང་སྙིང་བརྩེར་བཅས་པར་སྔར་སྤྱད་པ་དང་། ད་ལྟ་སྤྱོད་པ་དེ་དག་ཀུན་ཀྱང་རིག་སྔགས་ཤེར་ཕྱིན་འདི་ལ་བསླབས་ནས་མཁས་པ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །འདུས་བྱས་ལམ་བདེན་ནམ་ཟག་བཅས་ཀྱི་བདེ་བ་དང་འདུས་མ་བྱས་ཟག་མེད་མྱང་འདས་ཀྱི་བདེ་བ་གང་ཡིན་པའི་བདེ་བ་དེ་ཀུན་ནི། ཤེར་ཕྱིན་འདི་ལས་བྱུང་བར་རིག་པར་བྱའོ། །དཔེར་ན་འཇིག་རྟེན་ན་གྲོ་ནས་སོགས་ས་བོན་སྣ་ཚོགས་བཏབ་ནས་དེ་དག་གི་འབྲས་བུ་ས་ལ་གནས་ཏེ་འབྱུང་བར་འགྱུར་བ་དེ་དག་ནི། རྒྱུ་རྐྱེེན་གྱི་ཚོགས་པ་ཚང་ཞིང་རྙེད་ནས་འབྲས་བུ་རྣམ་པ་མང་པོའི་གཟུགས་དག་རྣམ་པར་སྐྱེ་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་དང་བཅས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཇི་སྙེད་དེ་དག་ཀུན་ཀྱང་ཤེར་ཕྱིན་འདི་ལས་གོང་འཕེལ་དུ་སྐྱེ་བར་འགྱུར་རོ། །དཔེ་གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཕྱོགས་སུ་འགྲོ་བའི་སྐབས་སུ། ལམ་གང་ནས་རྒྱལ་པོ་རྟག་ཏུ་འགྲོ་བའི་ལམ་དེ་ཉིད་ནས་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རིན་ཆེན་བདུན་དང་། དམག་གི་དཔུང་ཚོགས་ཀུན་ཀྱང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ལམ་གང་ནས་རྒྱལ་བའི་ཤེར་ཕྱིན་འདི་འགྲོ་བའི་ལམ་དེ་ཉིད་ནས་ནི། ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཆོས་ཀུན་འགྲོ་བར་འགྱུར་རོ། །རྒྱལ་བས་མཁྱེན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མོས་པ་སྒོམ་ལམ་གྱི་ཕན་ཡོན་ལས་བརྩམས་ཏེ་དྲིས་པའི་དྲི་བ་དེའི་ལན་བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་དྲིས་པའི་དྲི་བ་དེ་གཉིས་ཀྱི་ནང་ནས་གལ་ཏེ་གདྒཱའི་བྱེ་མ་སྙེད་ཀྱི་ཞིང་ཀུན་སངས་རྒྱས་ཀྱི་ཞིང་དུ་གྱུར་ལ། ཞིང་དེ་ཀུན་ཀྱང་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་གང་ཞིང་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་འདི་གཉིས་ཀྱི་ནང་ནས་གང་ལེན་འདོམས་སུ་བཅུག་ན་བདག་གིས་ནི་ཤེར་ཕྱིན་འདི་ཉིད་ལེན་པར་བྱེད་དོ། །རྒྱུ་མཚན་ཅི་སླད་ཅེ་ན་སྐུ་གདུང་རིང་བསྲེལ་དེ་རྣམས་ལ་བདག་མི་གུས་པ་མ་ལགས་མོད་ཀྱི། འོན་ཀྱང་སྐུ་གདུང་དེ་དག་ལ་མཆོད་པ་ནི་དེ་དག་ཤེར་ཕྱིན་གྱིས་ཡོངས་སུ་བསྒོས་པ་སྟེ་ཟིན་པའི་དབང་གིས་མཆོད་པར་བགྱིད་པ་ལགས་སོ། །དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་བློན་པོ་ལྟ་བུ་ནི་གཞན་གྱིས་བཀུར་བསྟི་དང་རིམ་གྲོ་བྱེད་པ་ཐོབ་པ་ལྟར། སངས་རྒྱས་ཀྱི་རིང་བསྲེལ་ལ་མཆོད་པ་ཐོབ་པ་དེ་ནི་ཤེར་ཕྱིན་གྱིས་ཟིན་ཅིང་དེ་ལ་བརྟེན་པའི་དབང་ངོ་། །ཡང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་ཡོན་ཏན་ཀུན་དང་ལྡན་པ་རིན་ཐང་གི་ཚད་གཞལ་དུ་མེད་པ་དེ་ནི། གབ་ཚེ་སྟེ་སྣོད་གང་དུ་སྩལ་བའམ་བཞག་པའི་སྣོད་དེ་ནི་ཕྱག་བགྱི་བར་འོས་ཤིང་། རིན་པོ་ཆེ་དེ་ཕྱུང་བར་གྱུར་ཀྱང་འཇོག་པའི་གབ་ཚེ་སྣོད་དེ་ལ་ནི་དགའ་བར་བགྱིད་དེ། སྣོད་ལ་དགའ་བ་འབྱུང་བའི་ཡོན་ཏན་དེ་དག་ནི་ནོར་བུ་རིན་པོ་ཆེ་དེ་ཡི་ལགས་སོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་གྱིས་ཟིན་པའི་ཡོན་ཏན་ཕན་ཡོན་གྱིས་རྒྱལ་བ་མྱ་ངན་ལས་འདས་ཀྱང་རིང་བསྲེལ་ལ་མཆོད་པ་བརྙེས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་ཅིང་ཐོབ་པར་འདོད་པའམ་འཚལ་པ་དེས་ནི། ཤེར་ཕྱིན་འདི་ནི་འབྲི་འདོན་བསམ་བསྒོམ་གྱིས་བླང་བར་བྱ་སྟེ་དེ་ལྟར་བྱས་ན་བྱང་སེམས་འདི་ནི་གནོད་པ་ཐམས་ཅད་དང་། ལས་ཉོན་ཀུན་ལས་ཐར་པའི་མྱང་འདས་ཐོབ་པར་འགྱུར་ལགས་སོ། །དེ་དག་གིས་གཞན་དོན་མོས་པ་སྒོམ་ལམ་བསྟན་ནས་རང་དོན་དང་གཉིས་དོན་མོས་པ་སྒོམ་ལམ་ནི། སྦྱིན་པའི་སྐབས་དང་སྦྱིན་པའི་སྔོན་དུ་འགྲོ་བའི་ཟིན་བྱེད་ནི་ཤེས་རབ་སྟེ། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །ཤེར་ཕྱིན་འདི་ནི་སྦྱིན་སོགས་དགེ་བའི་ཆོས་གཞན་གོང་འཕེལ་དུ་བྱེད་པའི་གཞི་ཆུད་མི་གསོན་པའི་ཕྱིར་ཡོངས་སུ་འཛིན་པ་ཡིན་ནོ། །ཤེར་ཕྱིན་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྱུར་བར་བྱེད་པའི་ཚུལ་གཅིག་ཏུ་སྟོན་པར་བྱེད་པའོ། །དཔེར་ན་འཛམ་བུའི་གླིང་འདི་ན་ཤིང་རྣམས་ནི་གྲངས་བྱེ་བ་སྟོང་ལ་སོགས་པ་དང་། དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མང་བ་དེ་དག་གི་གྲིབ་མ་ལ་ཁྱད་པར་མེད་དེ། ཤིང་མི་འདྲ་ཡང་དེ་དག་གི་གྲིབ་མ་ལ་གྲིབ་མར་གྱུར་པ་ཞེས་བྱ་བའི་གྲངས་སུ་བརྗོད་པ་མ་གཏོགས་པར། གྲིབ་མ་ལ་ཤིང་ལྟར་དབྱིབས་དང་ཁ་དོག་སྣ་ཚོགས་མེད་ཅིང་བྱེ་བྲག་ཁྱད་པར་ཡོད་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བའི་ཕར་ཕྱིན་དང་པོ་ལྔ་པོ་འདི་དག་ཀྱང་ངོ་བོ་དང་བྱེད་ལས་ཐ་དད་པ་ཡོད་ཀྱང་། ཤེར་ཕྱིན་འདིས་ཟིན་ན་ནི་ལྔ་པོ་དེས་ཀྱང་ཤེར་ཕྱིན་གྱི་མིང་ཉིད་འཐོབ་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོས་པར་བྱས་ན། སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་བར་ཁྱད་པར་མེད་པར་ཕར་ཕྱིན་དྲུག་པོ་འདི་ཀུན་རོ་གཅིག་སྟེ་བྱེད་ལས་སམ་རང་བཞིན་གཅིག་པར་འགྱུར་རོ། །དེ་དག་གིས་མོས་པ་སྒོམ་ལམ་ཆུང་འབྲིང་ཆེན་པོ་དགུ་བསྟན་ནས། བཅོས་མའི་གཟུགས་བརྙན་སྤོང་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་གལ་ཏེ་བདེན་མེད་ཀྱི་དོན་རབ་ཏུ་མི་ཤེས་བཞིན་དུ། གཟུགས་ཚོར་སོགས་ཕུང་པོ་ལྔ་ནི་མི་རྟག་པའོ་ཞེས་བདེན་པར་བཅོས་ཏེ་ཡོངས་སུ་སྟོན་པར་བྱེད་ན། དེ་ནི་ཤེར་ཕྱིན་བཅོས་མ་སྟོན་པ་ལ་སྤྱོད་པ་སྟེ་ཕུང་པོ་ལྔ་བདེན་པས་སྟོང་པའི་ཕྱིར་རོ། །དེས་ན་མཁས་པས་ནི་ནམ་ཡང་བདེན་གྲུབ་ཏུ་བཟུང་ནས་ཕུང་སོགས་ཀྱི་ཆོས་རྣམས་མི་རྟག་ཅིང་འཇིག་པར་སྟོན་པར་མི་བྱེད་དེ། བདེན་པར་གྲུབ་ན་འཇིག་པར་མི་རུང་བའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་ཆོས་གང་ལ་མཉམ་པར་བཞག་པ་ན་གཟུགས་རང་བཞིན་གྱིས་དམིགས་པ་མིན་པ་སོགས་ཕུང་པོ་ལྔ་རང་བཞིན་གྱིས་མི་དམིགས་ལ། ཕུང་སོགས་ཀྱི་ཆོས་དོན་དམ་པར་རང་བཞིན་གྱིས་སྐྱེ་བ་མེད་པར་སྟོང་པའི་ཚུལ་དུ་རབ་ཏུ་ཤེས་ན། དེ་ལྟར་ཤེས་པ་འདི་ནི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །བསྡུ་ན་འདུས་བྱས་ཐམས་ཅད་ཐ་སྙད་དུ་སྐྱེ་ཡང་རྐྱེན་ལ་རག་ལས་པའི་ཕྱིར་རང་བཞིན་གྱིས་སྐྱེ་བས་སྟོང་ཞེས་པ་འདི་ནི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའོ། །དེ་ནས་མོས་པ་སྒོམ་ལམ་ལ་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུམ་པོ་རེ་རེ་ལ་དགུ་དགུར་ཕྱེ་ནས་འཆད་པ་ལ། དཔེར་ན་གང་ཟག་ལ་ལས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་ཀུན་ཀྱང་། ཉོན་མོངས་བཏུལ་བའི་ཉན་རང་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ན་བསོད་ནམས་ཤིན་ཏུ་ཆེ་ཡང་། དེ་ལས་གང་གིས་ཤེར་ཕྱིིན་འདི་ཡི་གེར་བྲིས་ཏེ་སེམས་ཅན་བྱང་ཆུབ་སེམས་དཔའ་མཆོག་ལ་གླེགས་བམ་སྦྱིན་པ་བྱིན་ན་དེ་ནི་བསོད་ནམས་ཁྱད་པར་དུ་འཕགས་སོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན་སྨྲ་མཆོག་སངས་རྒྱས་དེ་དག་ནི་ཤེར་ཕྱིན་འདིར་བསླབས་ནས་སངས་རྒྱས་ཏེ། །ཆོས་རྣམས་མཐའ་དག་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེར་ཕྱིན་གྱི་གཞུང་འདིར་སྟོན་པར་བྱེད་ཅིང་། གདུལ་བྱས་དེ་ཐོས་པས་ཉན་ཐོས་དང་རང་རྒྱལ་དང་སངས་རྒྱས་ཀྱི་བྱང་ཆུབ་ལ་མྱུར་དུ་རེག་པ་སྟེ་ཐོབ་པར་འགྱུར་རོ། །ཡང་དཔེར་ན་འཇིག་རྟེན་ན་ས་བོན་བཏབ་ནས་མྱུ་གུ་སྔོན་པོ་འབྱུང་བ་མེད་པར་དེའི་སྡོང་པོ་འབྱུང་བ་ཡང་ཡོང་ཡེ་མེད་ཅིང་། དེ་མེད་ན་དེ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ག་ལ་འབྱུང་སྟེ། མི་འབྱུང་ངོ་། །དེ་བཞིན་དུ་མྱུ་གུ་ལྟ་བུའི་བྱང་ཆུབ་སེམས་དཔའ་འབྱུང་བ་མེད་ན་སྡོང་བུ་ལྟ་བུའི་རྒྱལ་བ་སངས་རྒྱས་འབྱུང་བ་འཇིག་རྟེན་དུ་ཡོང་ཡེ་མེད་ལ། དེ་མེད་ན་འབྲས་བུ་ལྟ་བུའི་བརྒྱ་བྱིན་དང་ཚངས་པ་དང་ཉན་ཐོས་སོགས་ཀྱང་འཇིག་རྟེན་དུ་ག་ལ་འབྱུང་སྟེ་མི་འབྱུང་ངོ་། །དེ་ནི་ལྷ་ཆེན་རྣམས་དང་ཉན་རང་འཇིག་རྟེན་དུ་འབྱུང་བ་རྣམས་ཀྱང་སངས་ཀྱི་མཐུ་ཡིན་པར་བསྟན་པའོ། །ཡང་ན་དཔེར་ན། དུས་གང་གི་ཚེ་ཉི་མའི་དཀྱིལ་འཁོར་འོད་ཀྱི་དྲ་བ་འགྱེད་ཅིང་ཤར་བ་དེའི་ཚེ་སེམས་ཅན་རྣམས་ཀྱིས་རང་རང་གི་ལས་བྱེད་པ་ལ་བརྩོན་པར་འགྱུར་བ་དེ་བཞིན་དུ། བླང་དོར་གྱི་གནས་གསལ་བར་བྱེད་ནུས་པའི་མཁས་པ་གཞན་བླང་དོར་ཤེས་པའི་ཕྱིར་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་འབྱུང་ན། དེའི་ཡེ་ཤེས་ཀྱིས་ནི་བླང་དོར་བསྟན་ནས་སེམས་ཅན་བླང་དོར་ཤེས་པའི་ཡོན་ཏན་གྱི་ཆོས་དང་ལྡན་པར་འགྱུར་རོ། །ཡང་དཔེར་ན་མ་དྲོས་རྒྱ་མཚོ་ལ་ཀླུའི་བདག་པོ་མ་དྲོས་པ་མེད་ན། འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར་ཏེ་མི་འགྱུར་ཞིང་། ཆུ་ཀླུང་འབབ་པ་མེད་ན་མེ་ཏོག་དང་འབྲས་བུ་སོགས་འབྱུང་བར་མི་འགྱུར་ལ། དེར་མ་ཟད། རྒྱ་མཚོ་ལ་ཡང་རིན་པོ་ཆེའི་གཟུགས་མང་པོ་དག་ཀྱང་མེད་པར་འགྱུར་རོ། །དེ་དག་ནི་སྐབས་དང་པོར་བཤད་ཟིན་ཏོ། །འདི་ནི་རྒྱན་ལས། མོས་པ་རང་གི་དོན་དང་ནི། །ཞེས་སོགས་ཀྱིས་འཆད་དོ། །རྗེས་སུ་ཡི་རང་སྒོམ་ལམ་ནི་ཡུམ་གསུམ་ན་མདོ་ཚིག་མང་ཡང་། འདིར་ནི་འཇིག་རྟེན་འདི་ན་སོགས་ཚིགས་བཅད་གཉིས་ཙམ་གྱིས་བསྡུས་སོ། །དཔེར་ན། འཇིག་རྟེན་འདི་ན་འོད་ཀྱི་སྣང་བྱེད་མེ་སོགས་དང་། སྲོག་ཆགས་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱི་ནི་གཟུགས་སྣང་བར་བྱ་བའི་ཕྱིར་དུ་རང་རང་གི་འོད་རྣམས་ཕྱུང་བ་བས། ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་བ་ཆེས་མཆོག་ཏུ་གྱུར་པ་སྟེ། སྣང་བྱེད་ཀྱི་ཚོགས་གཞན་གྱི་འོད་རྣམས་ཀུན་གྱིས་ནི་ཉི་མའི་འོད་ཀྱི་ཆ་ཤས་ཙམ་དུ་ཡང་འགྲན་མི་ཕོད་དོ། །དཔེ་དེ་བཞིན་དུ་ཉན་ཐོས་དང་རང་རྒྱལ་གྱི་ཚོགས་རྣམས་ཀྱིས་ཇི་སྙེད་བགྱིས་པའི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་བསྐྱེད་པའང་། བྱང་ཆུབ་སེམས་དཔའི་དགེ་བ་ལ་རྗེས་སུ་ཡི་རང་བའི་སེམས་གཅིག་གི་བསོད་ནམས་ལ་ནི་ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་ཡང་མི་ཕོད་དོ། །འདི་ནི་རྒྱན་ལས། ཐབས་དང་མི་དམིགས་པ་དག་གིས། །ཞེས་སོགས་ཀྱིས་འཆད་དོ། །འདིར་རྒྱན་དང་གོ་རིམ་མི་འདྲ་བར་སྣང་ངོ་། །བསྔོ་བ་སྒོམ་ལམ་ནི། ཡུམ་གསུམ་ག་ན་མདོ་ཚིག་ཤིན་ཏུ་མང་ལ། འདིར་ནི། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། ཞེས་སོགས་ཚིགས་བཅད་བརྒྱད་ཀྱིས་འཆད་དེ། བྱང་ཆུབ་སེམས་དཔའ་གང་ཞིག་འདས་པའི་དུས་ན་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་བྱུང་བ་དང་། དེ་ལྟ་ཕྱོགས་བཅུའི་ཞིང་མང་མཐའ་ཡས་བྱེ་བ་སྟོང་ཕྲག་དག་ན་གང་བཞུགས་པ་དང་། དུས་གང་གི་ཚེ་ཡང་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས། འགྲོ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དུ་ཆོས་སྟོན་པའི་དུས་དང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པའི་དུས་ནས་བཟུང་སྟེ། སངས་རྒྱས་འདས་ཏེ་རྣམ་པར་འདྲེན་པ་དེ་རྣམས་ཀྱི་དམ་ཆོས་ཟད་ཅིང་ནུབ་པའི་དུས་དེའི་བར་དུ། རྒྱལ་བ་དེ་དག་གིས་བསོད་ནམས་གང་བསྐྲུན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དང་སངས་རྒྱས་ཀྱི་ཆོས་གཞན་གང་ཡིན་པ་དང་། གང་ཡང་སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་དང་ཉན་ཐོས་སློབ་པ་དང་མི་སློབ་པ་དགྲ་བཅོམ་པ་སོགས་ཀྱིས་བསྐྲུན་པའི་དགེ་བ་ཟག་བཅས་དང་ཟག་མེད་རྣམས་གཅིག་ཏུ་བསྡུས་ནས། བྱང་ཆུབ་སེམས་དཔའ་དགའ་བས་རྗེས་སུ་ཡི་རང་ཞིང་དེའི་དགེ་བ་རྣམས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ནི་ཐམས་ཅད་བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བ་དེའི་ཚེ་གལ་ཏེ་གང་གིས་བསྔོ་བའི་སེམས་ལ་བདེན་པའི་འདུ་ཤེས་དང་། བསྔོ་བའི་ཡུལ་བྱང་ཆུབ་དང་། གང་གི་དོན་དུ་བསྔོ་བའི་སེམས་ཅན་རྣམས་ལ་བདེན་པའི་འདུ་ཤེས་འཇུག་པར་མི་བྱ་སྟེ། དེ་ལྟར་བསྔོ་བའི་འཁོར་གསུམ་ལ་བདེན་པའི་འདུ་ཤེས་འཇུག་ན་འདུ་ཤེས་དེའི་ཕྱིར་ན་བདེན་ཞེན་གྱི་ལྟ་བ་གནས་ཤིང་། སེམས་ནི་བསྔོ་བའི་འཁོར་གསུམ་ལ་བདེན་ཞེན་གྱིས་ཆགས་པའི་དམིགས་པ་ཡོད་པའི་སྐྱོན་གྱིས། ཡོངས་སུ་བསྔོས་པ་དེ་ནི་དམིགས་མེད་ཀྱི་བསྔོ་བར་ཆུད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན་གལ་ཏེ་འདི་ལྟར་གང་བསྔོོ་རྒྱུའི་ཆོས་འདི་རྣམས་ནི་རང་བཞིན་གྱིས་འགགས་པ་སྟེ་མེད་ཅིང་ཟད་པ་དང་། གང་དུ་ཡོངས་སུ་བསྔོ་བ་སངས་རྒྱས་ཀྱི་བྱང་ཆུབ་དེ་ཡང་རང་བཞིན་གྱིས་ཟད་པ་དང་། ཇི་ལྟར་བསྔོ་བའི་ཆོས་ཀྱིས་ཐོབ་བྱའི་ཆོས་གང་ལ་ཐ་སྙད་ཙམ་མ་གཏོགས། ནམ་ཡང་རང་བཞིན་གྱིས་མི་བསྔོ་བའི་ཚུལ་ཤེས་པར་གྱུར་ན་དེ་ལྟར་རབ་ཏུ་ཤེས་པའི་སྟོང་པ་ཉིད་ཀྱི་ངང་ནས་བྱང་ཆུབ་ཏུ་བསྔོས་ན་ནི་ཡོངས་སུ་བསྔོས་པ་དམ་པ་ཡིན་ནོ། །གལ་ཏེ་བསྔོ་བའི་འཁོར་གསུམ་ལ་བདེན་པར་ཞེན་པའི་མཚན་མར་བྱེད་ན་དེ་ནི་བསྔོ་ཚུལ་རྣམ་དག་མིན་ལ། ཅི་སྟེ་བདེན་འཛིན་གྱིི་མཚན་མ་མེད་ན་བྱང་ཆུབ་ཏུ་བསྔོ་བ་ཡིན་ནོ། །ཇི་ལྟར་ཏེ་དཔེར་ན་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བར་བྱས་ན་ཕན་གནོད་གཉིས་ཀ་འབྱུང་བ་དེ་དང་འདྲ་བར། དཀར་པོའི་ཆོས་བསྔོ་བའི་འཁོར་གསུམ་ལ་བདེན་ཞེན་གྱིས་དམིགས་པ་ལའང་དེ་དང་འདྲ་བའི་སྐྱོན་ཡོན་གཉིས་ཀ་འབྱུང་སྟེ། བསྔོ་བའི་ངོ་བོའི་སྒོ་ནས་འབྲས་བུ་ཡིད་དུ་འོང་བ་འབྱུང་ཡང་བདེན་ཞེན་གྱི་དབང་གིས་འཁོར་བར་བཅིངས་ནས་མི་གྲོལ་བར་རྒྱས་བས་གསུངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་སྙམ་ན། དེ་ལྟ་བས་ན་འདི་ལྟར་ཡོངས་སུ་བསྔོ་བ་ལ་བསླབ་པར་བྱ་སྟེ། དཔེ་ཇི་ལྟར་ན་དུས་གསུམ་གྱི་རྒྱལ་བ་དེ་དག་གིས་རང་གཞན་གྱི་དགེ་བ་དེ་དང་དེ་མཁྱེན་པའི་དགེ་བ་དེ་དག་གི་རྣམ་པ་གང་ཡིན་པ་དང་། འབྲས་བུ་འབྱུང་ཚུལ་གང་ཡིན་པ་དང་། རིགས་དང་མཚན་ཉིད་གང་ཡིན་པའི་ཚུལ་མངོན་སུམ་དུ་གཟིགས་ཤིང་དེ་ལ་རྗེས་སུ་ཡི་རང་བས་བསྔོ་བ་ཅི་ལྟར་མཛད་པ་དེ་ལྟ་དེ་ལྟར་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་བསོད་ནམས་དགེ་བ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བདེན་སྟོང་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱེད་ན་ནི། དུག་མེད་པའི་བསྔོ་ཚུལ་སངས་རྒྱས་ཀྱི་བཀའ་མི་སྤོང་བའི་བསྔོ་ཚུལ་ཡིན་ཏེ། རྒྱལ་བས་གསུངས་པ་བཞིན་དུ་སྨྲ་ཞིང་སྒྲུབ་པའི་ཕྱིར་རོ། །བསྔོ་བའི་སྐབས་འདིར་བྱམས་པས་བཤད་པ་མང་ངོ་། །བསྔོ་བ་བཅུ་གཉིས་པོ་འདི་ནི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ཞེས་སོགས་ཀྱིས་འཆད་དོ། །དེ་ཡན་གྱིས་ཟག་བཅས་སྒོམ་ལམ་གསུམ་བསྟན་ནས། དེ་ནས་ཟག་མེད་སྒོམ་ལམ་གཉིས་ཀྱི་དང་པོ་སྒྲུབ་པ་སྒོམ་ལམ་ནི། ཡུམ་གསུམ་ན་མདོ་ཚན་མང་ཡང་། འདིར་དམུས་ལོང་དམིགས་བུ་མེད་པ་ཞེས་སོགས་ཚིགས་བཅད་བཞིས་བསྡུས་སོ། །དེ་ཡང་དཔེར་ན་དམུས་ལོང་དམིགས་བུ་ལོང་འཁྲིད་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ནི། ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་གཞན་དུ་འགྲོ་བར་འདོད་ཀྱང་དེའི་ཚེ་འགྲོ་སའི་ལམ་ཡང་མི་ཤེས་ན། ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་དུ་འཇུག་ནུས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་འདིས་ཟིན་པ་མེད་ན་མིག་ཤེར་ཕྱིན་མེད་པའི་སྦྱིན་སོགས་དང་པོ་ལྔ་པོ་འདི། སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཁྲིད་མཁན་གྱི་དམིགས་བུ་མེད་པས་བྱང་ཆུབ་དེ་ལ་རེག་པ་སྟེ་ཐོབ་ནུས་པ་མ་ཡིན་ནོ། །དུས་གང་གི་ཚེ་ལྔ་པོ་དེ་ཤེར་ཕྱིན་གྱིས་ནི་རབ་ཏུ་ཟིན་པར་གྱུར་པ་དེའི་ཚེ། ཕར་ཕྱིན་དང་པོ་ལྔས་མིག་རྙེད་པར་གྱུར་ཅིང་ཕར་ཕྱིན་འདིའི་མིང་འཐོབ་པར་འགྱུར་རོ། །དེ་ནི་དཔེར་ན་ལྷ་མི་ལྟ་བུའི་གཟུགས་བརྙན་བྲིས་པའི་རི་མོའི་ལས་གཞན་ནི་ཡོངས་སུ་བྱས་ཟིན་ཀྱང་། དེའི་མིག་བྲིས་པ་མེད་ན་ཇི་སྲིད་མིག་མ་བྲིས་པའི་བར་དེ་སྲིད་དུ་གཟུགས་བརྙན་མི་རྫོགས་པས་ཡོན་རྔོན་པ་མི་འཐོབ་པ་བཞིན་ནོ། །དུས་གང་གི་ཚེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དང་། དཀར་ནག་དགེ་མི་དགེའི་ཆོས་ཐམས་ཅད་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་རྣམ་པར་བཤིག་ནས་དཔྱད་ཅིང་བཙལ་བ་ན་དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པར་མངོན་སུམ་དུ་རྟོགས་པ་དེའི་ཚེ། འཇིག་རྟེན་དག་ན་ཤེར་ཕྱིན་ཞེས་པའི་གྲངས་སུ་འགྲོ་སྟེ་དཔེར་ན་ནམ་མཁའ་ནི་དགག་བྱ་ཐོག་རེག་བཀག་ཙམ་གྱི་སྟོང་ཆ་ལ་འཇོག་ཅིང་། དེ་ཆོས་གཞན་གང་ལའང་ཅུང་ཟད་ཀྱང་མ་འདྲེས་པར་རང་དབང་གིས་ཐ་དད་དུ་སམ་གནས་པ་དེ་དང་འདྲའོ། །ཡང་གལ་ཏེ་བདག་ནི་རྒྱལ་བའི་ཤེར་ཕྱིན་ལ་སྤྱད་པར་བྱ་ཞིང་། སེམས་ཅན་སྡུག་བསྔལ་གྱིས་རེག་པས་གཟིར་བ་ཁྲག་ཁྲིག་མང་པོ་རྣམས་སྡུག་བསྔལ་ལས་དགྲོལ་བར་བྱའོ་སྙམ་དུ་སེམས་ཤིང་། སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་པས་ཡོངས་སུ་རྟོག་ཅིག་དཔྱོད་ན་བྱང་ཆུབ་སེམས་དཔའ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་མ་ཡིན་ནོ། །འདི་ནི་རྒྱན་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོགས་ཀྱིས་འཆད་དོ། །རྣམ་དག་སྒོམ་ལམ་ནི། ཡུམ་གསུམ་གྱི་མདོ་ཚིག་མང་ཡང་། འདིར་བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གསུམ་གྱིས་བསྡུས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཤེར་ཕྱིན་ལ་སྤྱད་ཅིང་སྤྱོད་པའི་ཚེ་ཕར་ཕྱིན་འདིར་སྤྱད་པའི་མཁས་པ་དེ་དག་ནི། ད་ལྟ་ཤེར་ཕྱིན་འདི་ལ་སོམ་ཉི་མེད་ཅིང་འདི་ཐོས་མ་ཐག་ཏུ་སྟོན་པ་དང་འདྲ་བའི་འདུ་ཤེས་སྐྱེད་པར་འགྱུར་ཏེ། བྱང་སེམས་དེས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར་རོ། །སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་པའི་ཚེ་ན་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་བསྙེན་བཀུན་བྱས་ཀྱང་། ད་ལྟར་རྒྱལ་བའི་ཤེར་ཕྱིན་འདི་ལ་མ་དད་ན་དེའི་རྐྱེན་གྱིས་འདི་ཐོས་ནས་བློ་ཆུང་དེ་ཡིས་ཤེར་ཕྱིར་འདི་ནི་སྤོང་བར་བྱེད་དེ། འདི་སྤངས་ནས་སྐྱབས་མེད་པར་གྱུར་པའི་སེམས་ཅན་དེ་ནི་མནར་མེད་དུ་འགྲོ་བར་འགྱུར་རོ། །རྒྱུ་མཚན་དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ལ་རེག་ཅིང་ཐོབ་པར་འདོད་ན་ནི་རྒྱལ་ཡུམ་ཤེར་ཕྱིན་འདི་ལ་དད་པར་གྱིས་ཤིག །དཔེར་ན་ཚོང་པ་རིན་པོ་ཆེའི་གླིང་དུ་སོང་ནས་ནི་རང་གི་ཟོང་དངོས་པོ་རྣམས་ཟད་ཅིང་། རིན་པོ་ཆེ་མ་ཐོབ་པར་ལག་པ་སྟོང་པར་སླར་ཡུལ་དུ་ལོག་པ་ལྟ་བུར་གྱུར་ན་ནི་མི་རུང་ངོ་། །འདི་རྣམས་ཀྱིས་རྣམ་དག་སྒོམ་ལམ་དང་འབྱུང་བའི་རྒྱུ་རྣམས་སྟོན་ཏེ། འདི་ནི་རྒྱན་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། ཞེས་སོགས་ཀྱིས་འཆད་དོ། །རྣམ་དག་སྒོམ་ལམ་གྱི་ངོ་བོ་ནི། རྒྱས་འབྲིང་གཉིས་ན་ཚིག་ཤིན་ཏུ་མང་ལ། བརྒྱད་སྟོང་དུ་ཅུང་ཟད་བསྡུས་ཤིང་། འདིར་ནི་གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། ཞེས་སོགས་ཚིགས་བཅད་གཅིག་གིས་ཐམས་ཅད་བསྡུས་ནས་འཆད་དོ། །དེ་ཡང་གཟུགས་སོགས་ལ་དམིགས་པའི་དྲི་མ་རྣམ་པར་དག་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུའི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་སྒོ་ནས་འཇོག་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་རང་གི་ངོ་སྐལ་གྱི་དྲི་མ་དང་བྲལ་བ་ན། དེའི་ངོ་སྐལ་གྱི་སྤང་བྱའི་དྲི་མ་བདེན་འཛིན་གྱིས་ནི་གཟུགས་སོགས་དག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་པར་འགྱུར་བའི་ཕྱིར་རོ། །དེའི་དོན་ནི་གཟུགས་སོགས་ལ་དམིགས་པའི་དྲི་མ་གང་སྤངས་པ་ན་དེ་ཕྱིན་དྲི་མ་དེས་གཟུགས་སོགས་ལ་དམིགས་པ་མི་འབྱུང་བས་གཟུགས་སོགས་དྲི་མ་དེས་དག་པ་ཡིན་ཀྱང་། གཟུགས་སོགས་ཀྱིས་དྲི་མ་དེ་སྤངས་པ་ནི་མིན་ནོ། །དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དྲི་མས་རྣམ་པར་དག་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་རང་གི་སྤང་བྱའི་དྲི་མས་རྣམ་པར་དག་པ་དང་།གཟུགས་སོགས་ལ་དམིགས་པའི་དྲི་མས་གཟུགས་སོགས་རྣམ་པར་དག་པའི་དག་པ་གསུམ་པོ་དེ་རིགས་གཅིག་པ་ཡིན་ཏེ། དཔེར་ན་ནམ་མཁའི་ཁམས་ཀྱི་ཕྱོགས་མཚམས་ལ་རིགས་ཐ་དད་པའི་ཁྱད་པར་མེད་པར་སྟོང་ཆ་དང་མཚུངས་པའི་ཕྱིར་ཏེ། སྟོང་ཆའི་རྣམ་དག་ལ་རིགས་མེད་འདྲ་བ་གཉིས་སུ་མེད་ཅིང་བློས་གཉིས་སུ་དབྱེ་བ་བྱར་མེད་པས་མི་འདྲ་བར་ཐ་དད་པར་གཅད་དུ་མེད་པའི་ཕྱིར་རོ། །འདི་ནི་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཡུམ་གསུམ་དང་རྒྱན་ལས་ཀྱང་ལམ་གསུམ་གྱི་སྤངས་བའི་ཁྱད་པར་དང་ཤིན་ཏུ་རྣམ་དག་བརྩོད་སྤོང་ཞིག་བཤད་ཀྱང་འདིར་དངོས་སུ་མི་འབྱུང་ངོ་། །སྐབས་གསུམ་པར་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་འཆད་ཅིང་། དེ་ཡང་ཡུམ་གསུམ་ན་ལམ་ཤེས་གཉིས་སྟོན་པའི་མདོ་ཚིག་མང་ཡང་། འདིར་ནི་དཔའ་བོ་གང་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྡུས་སོ། །དོན་ནི། དཔའ་བོ་བྱང་ཆུབ་སེམས་དཔའ་འཕགས་པ་གང་ལ་སྤྱོད་པའི་ཤེར་ཕྱིན་སྲིད་ཞིའི་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་སྟོབས་ཀྱིས། ལས་ཉོན་གྱིས་ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྒྱུ་ལས་ཉོན་ལས་ཡང་དག་པར་འདས་ཤིང་སྤངས་པ་ཡིན་ལ། འོན་ཀྱང་ལས་ཉོན་ཙམ་སྤངས་པའི་རྣམ་པར་གྲོལ་བའི་ཞི་མཐའ་ལ་གནས་པའང་མིན་ཏེ། བྱང་སེམས་དེས་ཉོན་མོངས་པ་སྤངས་ཤིང་བསལ་བར་གྱུར་ཀྱང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འདོད་གཟུགས་ཀྱི་གནས་སུ་སྐྱེ་བ་ལེན་པར་སྟོན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལས་ཉོན་གྱི་དབང་གིས་རྒ་བ་དང་ན་བ་དང་འཆི་བ་རྣམས་མེད་ཀྱང་འཆི་འཕོ་བྱེད་པའི་ཚུལ་ཡང་སྟོན་ཏེ། དེའི་རྐང་པ་དང་པོ་གཉིས་ཀྱིས་ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་དང་། ཕྱི་མ་གཉིས་ཀྱིས་རྙིང་རྗེའི་ཞི་ལ་མི་གནས་པའི་ལམ་ཤེས་སྟོན་ཏེ་གཞི་ཤེས་བའི་ཤེར་ཕྱིན་ཀྱང་ཡིན་ནོ། །འདི་ནི་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་འགྲོ་བ་འཁྲུལ་བ་སོགས་ཚིགས་བཅད་ཕྱེད་དང་གསུམ་གྱིས་སྐབས་འདིའི་ཡུམ་གསུམ་གྱི་དོན་བསྡུས་ནས་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་གཉིས་འཆད་དེ། དེ་ཡང་འགྲོ་བ་འདི་དག་མིང་བརྗོད་པ་དང་གཟུགས་མཐོང་བ་སོགས་ལ་བརྟེན་ནས་གཟུགས་སོགས་བདེན་ཞེན་གྱིས་ཆགས་ཞིང་། དེ་ལྟར་ཆགས་པའི་དབང་གིས་ལས་བསགས་ནས་རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམས་སོ། །ཞེས་པའི་རྐང་པ་གཉིས་ཀྱིས་མི་མཐུན་ཕྱོགས་དང་། འབྲས་ཡུམ་ལ་རིང་བའི་གཞི་ཤེས་གཉིས་བསྡུས་ནས་བསྟན་ཅིང་། བྱང་ཆུབ་སེམས་དཔས་ནི་འགྲོ་བ་འཁྲུལ་པ་བདེན་འཛིན་གྱིས་བཅིངས་ཏེ་འཁོར་བ་དེ། དཔེར་ན་རི་དྭགས་རྒྱར་ཆུད་པ་དང་འདྲ་བར་ཤེས་ནས་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། ནམ་མཁའ་ལ་བྱ་རྒྱུ་བ་བཞིན་དུ་འཁོར་བའི་གནས་སུ་རྒྱུ་ཡང་དེའི་སྐྱོན་གྱིས་མི་གོས་སོ། །སྤྱོད་པ་ཡོངས་སུ་དག་པའི་བྱང་སེམས་གང་ཞིག་གཟུགས་ལ་བདེན་ཞེན་གྱིས་མི་སྤྱོད་ཅིང་། དེ་བཞིན་དུ་ཕུང་པོ་གཞན་བཞི་ལ་ཡང་མི་སྤྱོད་ན། དེ་ལྟར་སྦྱོད་པ་པོ་བདེན་འཛིན་གྱི་ཆགས་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་། ཞེན་ཆགས་དེ་ལས་རྣམ་པར་གྲོལ་ཏེ་བདེ་བར་གཤེགས་པ་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །དེ་ལྟར་སྤྱོད་པའི་བྱང་སེམས་མཁས་ཤིང་གསལ་བ་དེས་བདེན་འཛིན་གྱི་ཆགས་པ་བཅད་ནས་ཆགས་པ་མེད་པ་སངས་རྒྱས་ཀྱི་སར་འགྲོའོ་ཞེས་པས། གཉེན་པོའི་གཞི་ཤེས་དང་ཉེ་བའི་གཞི་ཤེས་གཉིས་བསྡུས་ནས་སྟོན་ཏོ། །འདི་དག་གིས་ནི་བྱང་སེམས་བསམ་བཞིན་དུ་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན་བྱེད་པའི་ཁྱད་ཆོས་སྟོན་ཏོ། །འདི་ནི་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོམ་པ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཉི་མ་སྒྲ་གཅན་གཟའ་བྲལ་སོགས་རྐང་པ་བཞིས་ཡུམ་གསུམ་གྱི་དོན་བསྡུས་ཏེ་ཤེས་སྦྱོར་བ་དང་དེའི་མཉམ་ཉིད་ཀྱི་སྦྱོར་ལམ་གཉིས་སྟོན་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་སྒྲིབ་བྱེད་སྒྲ་གཅན་གཟའ་དང་སྤྲིན་སོགས་དང་བྲལ་བའི་ཚེ་འོད་ལྷང་ངེར་ཤར་ནས་འདུག་སྟེ་མུན་པ་འཇོམས་པ་དང་། མེ་བཏང་ན་རྩྭ་དང་ཤིང་དང་ནགས་ཚལ་རྣམས་སྲེག་པར་བྱེད་པ་བཞིན་དུ། བདེན་བཞིའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་དག་ཅིང་ཡོངས་སུ་དག་པར་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་གྱིས་ལྟ་བར་བྱེད་ན། སྦྱོར་ལམ་དེ་ལམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་སྐྱེ་བར་འགྱུར་རོ། །འདི་ནི་རྒྱན་ལས། གཟུགས་སོགས་དེ་མི་རྟོགས་སོགས་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་ནི་ཡུམ་གསུམ་ན་ཚིག་མང་ཡང་། འདིར་ནི། བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །ཞེས་སོགས་རྐང་པ་གཉིས་ཀྱིས་མདོར་བསྡུས་ནས་སྟོན་ཏེ། དོན་ནི། དེ་ལྟར་གོམས་པས་ལམ་སྒོམ་པར་བྱེད་པ་པོ་དང་བསྒོམ་བྱའི་མི་རྟག་སོགས་བཅུ་དྲུག་གི་ཆོས་ཀུན་དོན་དམ་པར་མི་དམིགས་པར་གསར་དུ་མངོན་སུམ་དུ་རྟོགས་པ་འདི་ནི། མཐོང་བའི་ལམ་གྱི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འདི་ནི་རྒྱན་ལས། གཟུགས་ལ་སོགས་ལ་རློམ་མེད་པ། །ཞེས་སོགས་ཀྱིས་འཆད་དོ། །འདིའི་མཇུག་ཏུ་ཡུམ་གསུམ་དང་རྒྱན་ལས་མཁྱེན་གསུམ་སྟོན་པའི་མཇུག་སྡུད་ཞིག་བཤད་ཀྱང་འདིར་མི་འབྱུང་ངོ་། །དེ་ནས་སྐབས་བཞི་པས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་འཆད་ཅིང་། འོན་ཀྱང་ཐོག་མའི་རྣམ་པ་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ཡོད་པའི་རྣམ་པ་རྣམས་ནི་ཡུམ་གསུམ་ན་འཆད་པའི་མདོ་ཚིག་མང་ཡང་། འདིར་བསྡུས་ནས་དངོས་སུ་མི་སྟོན་པར་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ནས་འཆད་དེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ལྟར་ན། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །ཞེས་སོགས་ཚིགས་བཅད་གཅིག་གིས་རྟེན་གྱི་གང་ཟག་དང་། གང་ཞིག་ཆོས་འདི་སྤྲུལ་དང་སོགས་ཚིགས་བཅད་དགུས་སྦྱོར་བ་རྣམས་འཆད་པའི་དང་པོ་ནི། །རྒྱས་པའི་དབང་པོ་ལ་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཞུས་པ་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཇི་ལྟར་བརྩོན་ཞིང་སྤྱོད་ཅེས་ཞུས་པ་ན། ལན་དུ་གཟུགས་སོགས་ཕུང་པོ་ལྔ་དང་ཁམས་སོགས་ཀྱི་ཆོས་ལ་དོན་དམ་པར་རྡུལ་ཙམ་ཡང་མེད་པར་སྤྱོད་ཅིང་། བདེན་ཞེན་གྱིས་མི་རྟག་པ་སོགས་སུ་བརྩོན་ཞིང་སྦྱོར་བར་མི་བྱེད་དེ། ཕུང་པོར་མི་བརྩོན་པ་དེ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐོབ་པའི་ཕྱིར་ཡང་དག་པར་བརྩོན་པ་ཡིན་ནོ། །འདི་ནི་རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཀྱིས་འཆད་དོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་གཟུགས་སོགས་ཀྱི་ཆོས་འདི་རྣམས་ནི་བདེན་པར་སྣང་ཡང་། བདེན་པར་མ་གྲུབ་པ་སྤྲུལ་པ་དང་སྒྱུ་མ་དང་འདྲ་བར་ཐོས་ནས། ཚིག་དོན་ལ་ཐེ་ཚོམ་དང་སོམ་ཉི་མེད་ཅིང་སློབ་པ་ལ་ལྷག་པར་ཕྱིར་ཞིང་སྦྱོར་བར་བྱེད་བའི་སེམས་ཅན་དེ་ནི། ཡུན་རིང་པོ་ནས་ཐེག་ཆེན་ལ་ཞུགས་པར་རིགས་པར་བྱ་སྟེ། དེ་ནི་ཚེ་སྔོན་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དཔེར་ན་མི་མེད་པའི་དགོན་པའི་ལམ་ནི་གྲོང་ལས་དཔག་ཚད་མང་པོ་ན་ཡོད་པར་ཞུགས་ཏེ་སོང་བའི་མིས་ནི། གནག་རྫི་སྟེ་བ་ལང་རྫི་བོ་དང་མཚམས་སུ་ཡོད་པའི་ནགས་ཚལ་ཕུན་སུམ་ཚོགས་པ་རྣམས་མཐོང་ན། འདི་དག་ནི་ད་གྲོང་དང་གྲོང་ཁྱེར་དེ་དང་དེར་ཐག་ཉེ་བའི་རྟགས་ཡིན་ནོ་སྙམ་སྟེ། དགའ་བའི་དབུགས་ཕྱིན་པ་རྙེད་པར་གྱུར་ཅིང་ཆོམ་རྐུན་སོགས་འཇིགས་པ་མེད་པར་སེམས་སོ། །དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་འཚོལ་བའི་ཚེ་རྒྱལ་བ་རྣམས་ཀྱི་ཤེར་ཕྱིན་འདི་ནི། མཉན་པ་དང་སྒོམ་པར་བྱེད་པ་གང་ཐོབ་པ་དེ་ནི་ད་བདག་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེའོ་སྙམ་པའི་དགའ་བས་དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང་། དམན་ལམ་དུ་ལྟུང་བ་སོགས་ཀྱི་འཇིགས་པ་མེད་པར་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་པ་དང་རྐྱེན་རྟོག་རང་རྒྱལ་གྱི་སར་ལྟུང་བ་མིན་ཅིང་དེ་ལས་གྲོལ་བའི་ཕྱིར་སྙམ་མོ། །ཡང་དཔེར་ན་མི་གང་ཞིག་རྒྱ་མཚོ་ཆེན་པོའི་ཆུ་ནི་ཇི་ལྟ་བུ་ཡིན་སྙམ་དུ་བལྟ་བའི་ཕྱིར་འགྲོ་བ་དེ་ཡིས་ནི། གལ་ཏེ་མདུན་ཕྱོགས་སུ་ཤིང་དང་ནགས་ཚལ་དང་རི་རྣམས་མཐོང་ན་རྒྱ་མཚོ་ནི་ད་དུང་ཐག་རིང་སྙམ་ལ། ཅི་སྟེ་རྟགས་དེ་དག་མ་མཐོང་ན་ད་རྒྱ་མཚོ་ཆེན་པོ་དང་ནི་ཉེ་བར་གྱུར་ཏོ་སྙམ་སྟེ་ཉེ་བ་དེ་ལ་སོམ་ཉི་མེད་དོ། །དཔེ་དེ་ལྟར་བྱང་ཆུབ་དམ་པའི་ཆེད་དུ་རབ་ཏུ་ཞུགས་ནས་རྒྱལ་བའི་ཤེར་ཕྱིན་འདི་ཉན་པར་བྱེད་པ་པོ་རིག་པར་བྱ་སྟེ། དེས་བདག་ནི་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་བསྟན་པར་མ་གྱུར་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ཆོས་ཀྱི་སྐུ་དེ་རིང་པོར་མི་ཐོགས་པར་བདག་གིས་རེག་པ་སྟེ་ཐོབ་པར་འགྱུར་པར་ཤེས་སོ། །ཡང་དཔེར་ན་དཔྱིད་དུས་བཟང་པོ་ལ་བཏབ་པ་དང་མ་བཏབ་པའི་སྡོང་པོ་དང་ལོ་མ་རྙིང་པ་རྣམས་ལྷགས་པར་གྱུར་ན། ཡལ་ག་ལས་རིང་པོར་མི་ཐོགས་པར་ལོ་མ་དང་འབྲས་བུ་དང་མེ་ཏོག་གསར་བ་རྣམས་བསྐྲུན་ཏོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་འདི་སུ་ཡི་ལག་ཏུ་ཐོབ་པ་དེ་རིང་པོར་མི་ཐོགས་པར་འདྲེན་པ་རྣམས་ཀྱིས་བྱང་ཆུབ་ལོངས་སྤྱོད་རྫོགས་པའི་སྐུ་མྱུར་དུ་འཐོབ་པར་འགྱུར་རོ། །ཡང་དཔེར་ན་བུད་མེད་སྦྲུམ་མ་གང་ལྟོ་བ་ན་གནས་པའི་བུ་ཆེར་སོང་བའི་སྡུག་བསྔལ་གྱིས་ཉེན་པར་གྱུར་ན། དེ་ནི་མྱུར་དུ་དེའི་བུ་བཙའ་བའི་དུས་ལ་བབ་ཞེས་བྱ་སྟེ། དེ་བཞིན་དུ་བྱང་སེམས་གང་རྒྱལ་བའི་ཤེར་ཕྱིན་འདི་ལ་ཉན་སྒོམ་གྱིས་དགའ་བ་དང་དད་པའི་འདུན་པ་བསྐྱེད་པ་དེ་མྱུར་དུ་རྒྱལ་བའི་བྱང་ཆུབ་སྤྲུལ་བའི་སྐུར་རིག་པར་འགྱུར་རོ། །དེ་ལྟར་ཤེར་ཕྱིན་མཆོག་ལ་སྤྱོད་པའི་ཚེ་རྣལ་འབྱོར་པ་དེས་ནི། གཟུགས་སོགས་ཀྱི་ཆོས་རྣམས་ནི་འཕེལ་ཞིང་སྐྱེ་བ་དང་། ཡོངས་སུ་འཇིག་ཅིང་འགྲིབ་པ་དོན་དམ་པར་མི་མཐོང་ངོ་། །བྱང་སེམས་གང་ཞིག་དམ་པའི་ཆོས་དང་དམ་པའི་ཆོས་མ་ཡིན་པ་དང་ཆོས་ཀྱི་དབྱིངས་བདེན་སྟོང་ཀྱང་དོན་དམ་པར་ཡོད་པར་མི་མཐོང་ཞིང་། མྱ་ངན་ལས་འདས་པ་ཞི་མཐའ་ལ་མི་རེག་པ་དེ་ནི་ཤེར་ཕྱིན་ལ་གནས་སོ། །བྱང་སེམས་གང་ཞིག་ཤེར་ཕྱིན་འདིར་སྤྱོོད་པའི་ཚེ་ཆོས་གཞན་ཙམ་དུ་མ་ཟད། སངས་རྒྱས་ཀྱི་ཆོས་སྤངས་རྟོགས་རྣམས་ལ་བདེན་ཞེན་གྱིས་མི་རྟོག་སྟེ། སྟོབས་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་དང་བྱང་ཆུབ་ཞི་བ་མྱང་འདས་ལའང་མི་རྟོག་གོ །དེ་ལྟར་བདེན་ཞེན་གྱིས་མི་རྟོག་པའི་རྟོག་བྲལ་ལ་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་སྤྱོད་པ་འདི་ནི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །འདི་དག་གིས་སྦྱོར་བ་ཉི་ཤུ་པོ་ཕལ་ཆེར་གསལ་པོར་བཤད་ཅིང་འགའ་ཞིག་ནི་མི་གསལ་ལོ། །འདི་ནི་རྒྱན་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སྦྱོར་བའི་སྐྱོན་ཡོན་གཉིས་ནི་ཡུམ་གསུམ་ན་རྒྱས་ཤིང་། འདིར་ནི་སྐྱོན་སྔོན་དུ་བཏང་སྟེ་ཞུ་བ་ནི། སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས། ཞེས་སོགས་ཚིགས་བཅད་བཅུས་འཆད་དེ། དང་པོ་སྐྱོན་ནི། སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་གནས་བརྟན་རབ་འབྱོར་གྱིས་ཞུས་པ། ཡོན་ཏན་དགའ་བ་ཐོབ་པའི་བྱང་སེམས་རྣམས་ཀྱི་སྦྱོར་བའི་སྐྱོན་བར་དུ་གཅོད་པར་གང་ལགས། ལན་དུ་སྟོན་པས་བཀའ་སྩལ་པ་སྦྱོར་བའི་སྐྱོན་བར་དུ་གཅོད་པར་འགྱུར་ཚུལ་མང་སྟེ། དེ་ལས་རེ་ཞིག་འདིར་ཅུང་ཟད་ཙམ་ཞིག་བསྡུས་ཏེ་ཡོངས་སུ་བརྗོད་པར་བྱའོ། །རྒྱལ་བའི་ཤེར་ཕྱིན་འདི་ཡི་གེར་འདྲི་བ་དང་སྒོམ་པའི་ཚེ་མྱུར་དུ་འདྲི་སྒོམ་འདོད་མི་འདོད་སོགས་བློའི་སྤོབས་པ་མི་འདྲ་བ་ཐ་དད་པ་རྣམ་པ་སྣ་ཚོགས་པ་དུ་མ་འབྱུང་བར་འགྱུར་ཞིང་། རང་དང་འགྲོ་བ་གཞན་གྱི་དོན་གང་འདོད་པ་དེ་མ་བྱས་པར་གློག་མྱུར་དུ་འཇིག་པ་བཞིན་དུ། བློ་མི་བརྟན་པར་མྱུར་དུ་ཡང་ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས་ཏེ་སྐྱོན་ནོ། །ཡང་ཁ་ཅིག་ཤེར་ཕྱིན་འདི་བཤད་པའི་ཚེ་ན་སོམ་ཉི་ཐེ་ཚོམ་ཟ་བར་འགྱུར་ཏེ། འདི་སྙམ་དུ་འདྲེན་པས་ཤེར་ཕྱིན་འདིར་ནི་བདག་གི་མིང་དང་རིགས་དང་གནས་ས་དང་རུས་ཀྱང་ལོངས་སུ་མ་བརྗོད་ཅེས་ཟེར་ཞིང་། དེ་ནི་ཡུམ་འདི་ཉན་པར་མི་འགྱུར་བར་སློང་བར་འགྱུར་ཏེ་བདུད་ཀྱི་ལས་སོ། །ཡུམ་འདི་ལས་སངས་རྒྱས་ཐོབ་པའི་ཐབས་ལེགས་པར་བསྟན་པ་དེ་ལྟར་མི་ཤེས་པ་དེ་དག་གིས། སངས་རྒྱས་འབྱུང་བའི་རྩ་བ་འདི་བོར་ནས་ནི་རྨོངས་པ་མི་ཤེས་པའི་དབང་གིས་ཡལ་ག་དང་འདབ་མ་ལྟ་བུའི་ཉན་རང་གི་མདོ་སྡེ་ཙམ་འཚོལ་བར་འགྱུར་རོ། །དེ་ཡང་དཔེར་ན་གླང་པོ་ཆེ་རྙེད་ཀྱང་དེ་བོར་ནས་གླང་པོ་ཆེའི་རྗེས་ཙམ་ཞིག་ནི་འཚོལ་བ་ལྟར། ཤེར་ཕྱིན་འདི་ཐོབ་ནས་བོར་ཏེ་ཉན་རང་གི་ཐེག་པ་ཙམ་སྟོན་པའི་མདོ་འཚོལ་བ་ཡང་དེ་བཞིན་ནོ། །ཡང་དཔེར་ན་ལ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པར་རྙེད་ལ། ཟས་མཆོག་གཞན་རྙེད་ཀྱང་བོར་ནས་ཁ་ཟས་ངན་པ་འཚོལ་བར་བྱེད་པ་ལྟར། བྱང་སེམས་གང་ཡུམ་འདི་རྙེད་ནས་བོར་ཏེ་ཉན་རང་དགྲ་བཅོམ་པའི་སའི་བྱང་ཆུབ་འཚོལ་ཞིང་དོན་དུ་གཉེར་བ་བྱེད་པ་ཡང་དེ་བཞིན་ནོ། །ཁ་ཅིག་རང་ལ་གཞན་གྱིས་བསྟི་སྟང་དང་བཀུར་སྟི་བྱེད་པར་འདོད་པར་འགྱུར་ཞིང་། རྙེད་པ་འདོད་པར་འགྱུར་བ་དང་དེ་དག་འོང་བའི་ཁྱིམ་དུ་འགྲོ་འདོད་པའི་ལྟ་བ་དང་བཅས་པའི་སེམས་ཀྱིས། ཁྱིམ་དེ་དག་གི་མི་དང་འདྲིས་ཆེན་བྱེད་པ་དང་ལྡན་ཞིང་། དགེ་བའི་ཆོས་བྱེད་པ་བཏང་བས་ནི་ཆོས་མིན་གྱི་བྱ་བ་སྤྱོད་པར་འགྱུར་པ་ལམ་བཟང་པོ་བོར་ཏེ་ངན་པའི་ལམ་གོལ་དུ་འགྲོ་བ་འདི་ནི་བདུད་ཀྱི་ལས་སོ། །སེམས་ཅན་གང་དག་ཤེར་ཕྱིན་སྟོན་པ་དེ་ཡི་ཚེ་འདུན་ཅིང་དད་པར་གྱུར་ནས། ཆོས་ཀྱི་དམ་པ་ཡུམ་འདི་ནི་ཉན་དུ་སོང་བ་ལས་ཆོས་ཉན་པ་པོ་དེ་དག་གིས་ནི་ཆོས་སྨྲ་བ་པོ་བྱ་བྱེད་མང་པོ་དང་ལྡན་པར་རིག་ནས། ཆོས་ཉན་པ་ལ་དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ་སྟེ། ཡུམ་འཆད་ཉན་བྱེད་པ་དེའི་ཚེ་ན་མི་མཐུན་པའི་བདུད་ཀྱི་ལས་འདི་ལྟ་བུ་འབྱུང་བར་འགྱུར་རོ། །ཡང་དེའི་ཚེ་ན་སེམས་ཅན་གང་དག་གིས་ཡུམ་འཆད་པ་པོའི་དགེ་སློང་མང་པོའི་སེམས་དཀྲུགས་ནས་ཤེར་ཕྱིན་འདི་འཛིན་པར་མི་འགྱུར་བའི་བར་དུ་གཅོད་པ་རྣམ་པ་མང་པོ་གཞན་ཡང་འབྱུང་བར་འགྱུར་རོ། །ཡང་དཔེར་ན་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དཀོན་ལ། རྙེད་ཀྱང་རིན་པོ་ཆེ་དེ་རྐུ་འཕྲོག་འདོད་ནས་དུས་རྣམས་རྟག་ཏུ་འཚེ་བའང་མང་ངོ་། །དེ་བཞིན་དུ་རྒྱལ་བའི་ཡུམ་རིན་པོ་ཆེའི་ཆོས་ཀྱང་དཀོན་ལ། འདི་འདྲི་སྒོམ་བྱེད་པའི་མི་ལ་རྟག་ཏུ་འཚེ་བའམ་མང་ངོ་། །ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ་གང་ཞིག་དཀོན་པའི་རིན་པོ་ཆེའི་ཡུམ་འདི་འཚོལ་ཞིང་མ་རྙེད་པ་དེ་ལ། མི་རྙེད་པའི་ཕྱིར་དུ་བར་ཆད་བྱ་བའི་ཕྱིར་བདུད་ནི་སྤྲོ་བར་འགྱུར་རོ། །གཉིས་པ་ཡོན་ཏན་ནི། འོན་ཀྱང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཡུམ་འཚོལ་མཁན་དེ་དག་ཡོངས་སུ་འཛིན་པ་ལ་སྦྱོར་བར་མཛད་དེ། དཔེར་ན་བུ་མང་པོ་ཡོད་པའི་མ་ཞིག་ན་བར་གྱུར་པ་ལ་བུ་ནི་མང་པོ་ཡོད་པ་དེ་དག་ཀུན་ཡིད་མི་བདེ་ཞིང་། མ་དེ་ལ་ནད་སོས་པའི་ཆེད་རིམ་གྲོ་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀུན་ཀྱང་། རྒྱལ་བའི་ཡུམ་དུ་འགྱུར་པ་ཤེར་ཕྱིན་དམ་པ་འདི་དང་འཛིན་པ་ལ་དགོངས་པར་མཛད་དོ། །འདི་ནི་རྒྱན་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སྦྱོར་བའི་མཚན་ཉིད་ནི། ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ཡང་། འདིར་ནི། གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང་། །ཞེས་སོགས་ཚིགས་བཅད་མང་པོ་ཞིག་གིས་ཅུང་ཟད་བསྡུས་ནས་འཆད་ཅིང་། མཚན་ཉིད་ལ་ཤེས་པ་དང་ཁྱད་པར་དང་བྱེད་པ་གསུམ་དང་ངོ་བོ་ཉིད་མཚན་དང་བཞིའོ། །དང་པོ་ཤེས་མཚན་ལ་གསུམ་ལས་དང་པོ་གཞི་ཤེས་སྦྱོར་བ་ནི། རྒྱལ་བ་གང་དག་འདས་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་གང་ད་ལྟ་བཞུགས་པ་དང་། མ་འོངས་པའི་དུས་ན་རྒྱལ་བ་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཡུམ་འདི་ལས་འབྱུང་བས། ཡུམ་འདི་འཇིག་རྟེན་གྱི་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཀྱི་ཡུམ་ཡིན་ལ། དེ་དག་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང་མཐུན་པའི་ཆོས་སྟོན་པར་བྱེད་དོ། །དེ་ཡང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གཟིགས་པའི་སྒོ་ནས་དོན་མཛད་པ་ཡིན་ཏེ། འཇིག་རྟེན་སེམས་ཅན་གྱི་ཆོས་ཉིད་དེ་བཞིན་ཉིད་དང་། ཉན་རང་དགྲ་བཅོམ་པའི་དེ་བཞིན་ཉིད་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་རྣམས་ནི་རིགས་གཅིག་པ་ཉིད་ཡིན་ཏེ། དེ་ནི་བདེན་པའི་དངོས་པོ་དང་བྲལ་བའི་བདེན་སྟོང་སྟེ། རིགས་མི་འདྲ་བའི་ཁྱད་པར་ཡོད་པ་མིན་པའི་དེ་བཞིན་ཉིད་དོ། །དེ་སངས་རྒྱས་ཀྱིས་དེ་ལྟར་གཟིགས་པའི་ཤེར་ཕྱིན་བརྙེས་པའི་སྒོ་ནས་རང་གི་མཁྱེན་ཅིང་གཟིགས་པ་དེ་བཞིན་དུ་གཞན་ལ་སྟོན་ཏོ། །འདི་ནི་རྒྱན་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། ཞེས་སོགས་ཀྱིས་འཆད་དོ། །གཉིས་པ་ལམ་ཤེས་སྦྱོར་བ་ནི། མཁས་པ་འཇིག་རྟེན་གནས་སམ་ཞེས་སོགས་ཀྱིས་སྟོན་ཅིང་། མཁས་པ་སངས་རྒྱས་འཇིག་རྟེན་དུ་གནས་སམ། མྱ་ངན་ལས་འདས་ཀྱང་རུང་སྟེ་ཆོས་རྣམས་བདེན་པས་སྟོང་པའི་ཆོས་ཉིད་འགྱུར་པའི་སྐྱོན་མེད་པ་ཆོས་རྣམས་ཀྱི་སྟོང་པ་ཉིད་འདི་ནི་མི་འགྱུར་བར་རྟག་ཏུ་གནས་སོ། །བྱང་ཆུབ་སེམས་དཔས་ཀྱང་རང་ལམ་དང་སངས་རྒྱས་ནས་དེ་བཞིན་ཉིད་འདིར་རྗེས་སུ་རྟོགས་ཤིང་མངོན་དུ་བྱས་པ་ན་དེའི་ཕྱིར་དེ་བཞིན་གཤེགས་པ་དང་སངས་རྒྱས་ཞེས་མཚན་གསོལ་ཏེ། ཤེར་ཕྱིན་གྱི་དགའ་བའི་ཚལ་ལ་བརྟེན་པའི་སྟོབས་བཅུ་མངའ་བའི་རྣམ་འདྲེན་རྣམས་ཀྱི་སྤྱོོད་ཡུལ་ནི་ཤེར་ཕྱིན་འདི་ཡིན་ཏེ། འདི་བཤད་པ་ལ་བརྟེན་ནས་སེམས་ཅན་རྣམས་སྡུག་བསྔལ་དང་ངན་སོང་གསུམ་གྱི་གནས་ལས་ཡོངས་སུ་འདོན་པར་མཛད་ཀྱང་སངས་རྒྱས་དེ་དག་ནི་ནམ་ཡང་སེམས་ཅན་དུ་བདེན་པའི་འདུ་ཤེས་སྐྱེ་བར་འགྱུར་བ་མེད་དོ། །དེ་ཇི་ལྟར་སྟོན་ཞེ་ན། དཔེར་ན་སེངྒེ་ནི་རི་ཆེན་པོའི་སུལ་ཕྱོགས་གཅིག་ཏུ་གཞན་ལ་འཇིགས་པ་མེད་པར་གནས་ཤིང་རིགས་དྭགསཕྲ་མོ་མང་པོ་སྐྲག་པར་བྱེད་ཅིང་སྒྲ་སྒྲོགས་པ་ལྟར། མི་ཡི་སེངྒེ་སངས་རྒྱས་རྣམས་ཀྱང་ཤེར་ཕྱིན་ལ་བརྟེན་ནས་གནས་ཤིང་། བདག་ཏུ་ལྟ་བའི་མུ་སྟེགས་ཅན་མང་པོ་སྐྲག་པར་བྱེད་ཅིང་འཇིག་རྟེན་ལ་བདེན་སྟོང་གི་སྒྲ་ཆེན་པོ་ཡང་སྒྲོགས་སོ། །འདི་ནི་རྒྱན་ལས། སྟོང་པའི་མཚན་མ་མེད་བཅས་དང་། །ཞེས་སོགས་ཀྱིས་འཆད་དོ། །གསུམ་པ་རྣམས་མཁྱེན་སྦྱོར་བ་ནི། དཔེར་ན་ནམ་མཁར་གནས་པའི་ཞེས་སོགས་ཀྱིས་སྟོན་ཅིང་། དཔེར་ན་ནམ་མཁའ་ལ་གནས་པའི་ཉི་མའི་འོད་ཟེར་གྱིས་ནི་ས་འདིའི་རླན་བཤེར་རྣམས་སྐེམ་པར་བྱེད་ཅིང་། གཟུགས་ཀྱང་གསལ་བར་རབ་ཏུ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱང་ཤེར་ཕྱིན་འདི་ལ་བརྟེན་ནས་སྟོང་པའི་ཆོས་བསྟན་ཏེ་སྲིད་པ་སྟེ་འཁོར་བའི་རྒྱ་མཚོའི་ཆུ་ཀླུང་སྐེམ་པར་བྱེད་ཅིང་ཆོས་ཀྱང་རབ་ཏུ་སྟོན་པར་མཛད་དོ། །ཆོས་ཉིད་ཇི་ལྟར་མཐོང་ནས་སྟོན་ཅེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ་དང་། དོན་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་གི་ངོ་བོར་གཟུགས་རྣམས་མི་མཐོང་ཞིང་མེད་ལ། དེ་བཞིན་དུ་ཚོར་བ་དག་དང་འདུ་ཤེས་དང་འདུ་བྱེད་སེམས་པ་དང་རྣམ་པར་ཤེས་པ་དང་སེམས་དང་ཡིད་རྣམས་མཐོང་བ་མེད་དོ། །དེ་ལྟར་ཀུན་རྫོབ་ཀྱི་སྣང་བ་མཐོང་བ་མེད་པའི་སྟོང་པ་མཐོང་བ་འདི་ནི། དམ་པའི་ཆོས་སྟོང་ཉིད་མཐོང་བ་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་ཏོ། །དེའི་དཔེ་ནི་འཇིག་རྟེན་ན་ནམ་མཁའ་མཐོང་ཞེས་སེམས་ཅན་རྣམས་ཀྱིས་ཚིག་གིས་རབ་ཏུ་བརྗོད་པར་བྱེད་མོད། ནམ་མཁའ་ཇི་ལྟར་མཐོང་བར་འཇོག་ཚུལ་ནི་དགག་བྱ་སྒྲིབ་ཐོགས་མེད་པར་མཐོང་བ་ན་དེ་མཐོང་བར་འཇོག་ཞེས་པའི་དོན་འདི་ཉིད་དུ་བརྟག་སྟེ་ཤེས་པར་གྱིས་ཤིག །དཔེ་དེ་ལྟར་དགག་བྱ་བདེན་གྲུབ་དང་ཀུན་རྫོབ་ཀྱི་སྤྲོས་པ་མ་མཐོང་བ་ན་དམ་པའི་ཆོས་སྟོང་ཉིད་མཐོང་བ་ཡང་དེ་བཞིན་གཤེགས་པས་བཤེད་པས་བསྟན་ཏེ། སྟོང་ཉིད་མཐོང་བའི་དཔེ་བཤད་པ་ལྟར་ཤེས་པར་བྱའི། དཔེ་གཞན་གྱིས་མཐོང་ཚུལ་དེ་ཇི་ལྟ་བ་བཞིན་མི་གོ་ཞིང་བསྙད་པར་ནུས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་མཐོང་བ་དེ་ཡིས་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀུན་མཐོང་བར་འགྱུར་བ་ཡིན་ནོ། །འདི་ནི་རྒྱན་ལས། དེ་བཞིན་ཉིད་ཀྱི་ཆོས་བསྟན་ནས། །ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ཤེས་པའི་མཚན་ཉིད་བཅུ་དྲུག་པ་ཕྲག་གསུམ་བསྟན་ནས། གཉིས་པ་ཁྱད་མཚན་བཅུ་དྲུག་ནི། རྒྱལ་པོ་གཏང་སྙོམས་འདུག་ཅིང་ཞེས་སོགས་ཀྱིས་སྟོན་ཅིང་། དཔེར་ན་རྒྱལ་པོ་བཏང་སྙོམས་ལ་འདུག་ཅིང་བློན་པོས་ལས་ཀུན་བྱེད་པ་ལྟར། སངས་རྒྱས་ཀྱི་མཛད་པ་དང་ཉན་ཐོས་ཀྱི་ཆོས་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེར་ཕྱིན་གྱིས་བྱེད་དོ། །ཡང་དཔེར་ན་རྒྱལ་པོ་ནི་གྲོང་དང་གྲོང་ཁྱེར་ཡུལ་འཁོར་རྣམས་སུ་མི་འགྲོ་བར་རང་གི་མངའ་འོག་ཏུ་གཏོགས་པའི་ཡུལ་གྱི་མིའི་འབྲུ་སོགས་དཔྱ་ཁྲལ་འདུ་བ་ཐམས་ཅད་སྡུད་པ་ལྟར། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཕྱོགས་གང་དུའང་མི་འགྲོ་ཡང་རང་ལམ་དང་སངས་རྒྱས་ཀྱི་སའི་ཡོན་ཏན་གང་ཡིན་ཐམས་ཅད་ཀྱང་སྡུད་པར་འགྱུར་རོ། །ཡང་བྱང་སེམས་གང་ལ་བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ་དད་པ་བརྟན་པོ་ཡོད་ཅིང་། ཤེར་ཕྱིན་མཆོག་འདི་ལ་བསམ་ཞིང་བསྒོམ་པའི་སྦྱོར་བ་ལ་གནས་པ་དེ་ནི། ཉན་ཐོས་དང་རང་རྒྱལ་གྱི་ས་གཉིས་ལས་ཤིན་ཏུ་འདས་པར་བྱས་ནས་དེས་ཟིལ་གྱིས་མི་ནོན་པའི་རྒྱལ་བའི་བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་རོ། །དཔེར་ན་རྒྱ་མཚོ་ཆེན་པོར་འཇུག་པའི་གྲུ་ནི་རྒྱ་མཚོའི་ནང་དུ་ཆག་ཅིང་ཞིག་པར་གྱུར་ཏེ། དེའི་ནང་གི་མི་གང་དག་རྒྱ་མཚོར་ཤི་བའི་མི་ལ་སོགས་པའི་རོའམ་རྩྭའམ་ཤིང་ལྟ་བུ་ལ་ནི་མི་འཇུ་མི་འཛིན་པ་དེ་ནི། རྒྱ་མཚོའི་ཆུའི་དབུས་སུ་འཇིག་པར་འགྱུར་ཏེ་རྒྱ་མཚོའི་འགྲམ་ངོགས་སུ་ཕྱིན་པར་མི་འགྱུར་ལ། མི་གང་ཞིག་དེ་དག་འཛིན་པ་ནི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་ངོགས་སུ་ཕྱིན་པར་འགྱུར་རོ། །དཔེ་དེ་ལྟར་ཆོས་ལ་དད་པ་དང་ལྡན་ཅིང་དང་པའི་གུས་པ་ཐོབ་པའི་མི་གང་ཞིག་ནི། ཤེར་ཕྱིན་ཡུམ་འདི་ལ་རྗེས་སུ་མི་འཇུག་པའི་མི་དེ་སྐྱེ་རྒ་ན་འཆི་དང་མྱ་ངན་སོགས་ཀྱི་རྦ་རླབས་འཁྲུགས་པའི་འཁོར་བའི་རྒྱ་མཚོ་དེར་ནི་རྟག་ཏུ་འཁོར་བར་འགྱུར་རོ། །དད་སོགས་དང་ལྡན་པའི་མི་གང་དེ་ཤེར་ཕྱིན་མཆོག་གིས་ཡོངས་སུ་ཟིན་པ་ན། དངོས་པོའི་རང་བཞིན་སྟོང་པ་ཉིད་ལ་མཁས་ཤིང་དོན་དམ་བདེན་པ་དེ་གཞན་ལ་སྟོན་པར་བྱེད་དོ། །དེ་དག་ནི་ཐབས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་དང་སྦྱིན་སོགས་ཀྱི་ཡོན་ཏན་དང་། ཤེར་ཕྱིན་གྱིས་ཡོངས་སུ་ཟིན་ན་མཆོག་ཏུ་རྨད་དུ་བྱུང་བའི་བདེ་བར་གཤེགས་པའི་བྱང་ཆུབ་ལ་མྱུར་དུ་རེག་པར་འགྱུར་རོ། །ཡང་དཔེར་ན་མི་ལ་ལས་ནི་རྫ་བུམ་སོ་མ་བཏང་བའི་ནང་དུ་ཆུ་སྐྱེད་ན་ནི། རྫ་བུམ་དེ་ཉམ་ཆུང་པོའི་ཕྱིར་ན་མྱུར་དུ་ཞིག་ཅིང་འཇིག་པར་རིག་པར་བྱ་ལ། སོ་བཏང་བའི་བུམ་པར་ཆུ་སྐྱེད་པ་སྟེ་བླུགས་ཤིང་འཁྱེར་ན་གང་དུ་འགྲོ་བའི་ལམ་དུ་འཇིག་པར་འགྱུར་བའི་འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་རོ། །དཔེ་དེ་བཞིན་བྱང་ཆུབ་སེམས་དཔའ་ཁ་ཅིག་ཆོས་ལ་དད་པ་དང་དོན་གཉེར་མང་བར་གྱུར་ཀྱང་། ཤེར་ཕྱིན་ལས་རྣམ་པར་ཉམས་ན་ནི་མྱུར་དུ་འཁོར་བའི་རྒྱ་མཚོར་འཁོར་ཞིང་ཉན་རང་གི་སར་ལྷུང་ནས་མ་རུང་བར་འགྱུར་རོ། །དད་སོགས་དང་ལྡན་པའི་སྒོ་ནས་ཤེས་རབ་དེ་ནི་ཡོངས་སུ་ཟིན་པར་གྱུར་ན་ཉན་རང་གིས་གཉིས་ལས་ཤིན་ཏུ་འདས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །ཡང་དཔེར་ན་བཅོས་ལེགས་པར་མ་བྱས་པའི་གྲུ་ནི་རྒྱ་མཚོར་ཞུགས་ན་རྒྱ་མཚོའི་ནང་དུ་ནོར་དང་བཅས་ཤིང་ཚོང་པར་བཅས་ཤིང་ཚོང་བར་བཅས་ཏེ་འཇིག་པར་འགྱུར་ལ། གྲུ་དེ་ལེགས་པར་བཅོས་ལེགས་བྱས་པ་དང་ལྡན་པར་གྱུར་ན་ནི་གྲུ་མི་འཇིག་པས། མི་ནོར་དང་བཅས་པར་རྒྱ་མཚོའི་ངོགས་སུ་ཕྱིན་པར་འགྱུར་རོ། །དཔེ་དེ་ལྟར་བྱང་སེམས་དེ་ཐབས་དད་པས་ཡོངས་སུ་བསྒོས་ཀྱང་། ཤེར་ཕྱིན་མེད་ན་འཁོར་མཚོ་དང་དམན་པའི་ལམ་དུ་ལྷུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལས་ནི་མྱུར་དུ་ཉམས་པར་འགྱུར་ལ། དད་པ་དེ་ཉིད་ཤེར་ཕྱིན་མཆོག་དང་ལྡན་ན་རྨ་རྨས་ཤིང་མ་ཉམས་པར་རྒྱལ་བའི་བྱང་ཆུབ་ལ་རེག་པར་འགྱུར་རོ། །ཡང་དཔེར་ན་ལོ་བརྒྱ་དང་ཉི་ཤུ་ལྟ་བུ་ལོན་ཏེ་རྒས་ཤིང་སྡུག་བསྔལ་བའི་མི་ནི་ལངས་ཀྱང་། བདག་ཉིད་འགྲོ་བར་ནུས་པ་མ་ཡིན་ཏེ་དེ་ནི་འགྲོ་བའི་སྐབས་སུ་གཡས་གཡོན་གཉིས་ནས་མི་གཞན་གྱིས་བརྟེན་པར་བྱས་ན་ནི། འགྱེལ་འགྲོ་བའི་འཇིགས་པ་མེད་ཅིང་བདེ་བླག་ཏུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་ཤེས་རབ་སྟོབས་ཆུང་བ་ནི་ཐེག་ཆེན་ལམ་དུ་རབ་ཏུ་ཞུགས་པར་གྱུར་ཀྱང་བར་དུ་ཉམས་པར་འགྱུར་ལ། བྱང་སེམས་དེ་ཉིད་དད་སོགས་ཀྱི་ཐབས་དང་ཤེར་ཕྱིན་མཆོག་གིས་ཡོངས་སུ་ཟིན་ན་བར་དུ་མི་ཉམས་པར་དེ་བཞིན་གཤེགས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །འདི་དག་གི་སྐབས་སུ་ཤེས་རབ་དང་ཤེར་ཕྱིན་ཞེས་འབྱུང་བ་ནི་གཙོ་བོར་ལམ་ཤེར་ཕྱིན་ཏེ། བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁྱད་པར་ཅན་རྣམས་སོ། །ཁྱད་མཚན་ཐོབ་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་སོ་སྐྱེ་དང་པོའི་ལས་ཀྱི་སར་གནས་པ་གང་ཞིག་ལྷག་པའི་བསམ་པས། སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཐོབ་པའི་ཆེད་དུ་ཞུགས་པ་སློབ་མ་བཟང་པོ་བླ་མ་ལ་གུས་པ་དང་ལྡན་པ་དེ་དག་གིས་ནི། ཡོངས་འཛིན་བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ་སྟེ། རྒྱུ་མཚན་ཅིའི་ཕྱིར་ན་མཁས་པའི་ཡོན་ཏན་རྣམས་བླ་མ་དེ་ལས་འབྱུང་བའི་ཕྱིར་རོ། །བླ་མ་དགེ་བའི་བཤེས་གཉེན་དག་གིས་ཤེར་ཕྱིན་འདི་རྗེས་སུ་སྟོན་པས། སངས་རྒྱས་ཀྱི་ཆོས་རྣམས་ནི་བླ་མ་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས་ཡོན་ཏན་ཀུན་གྱི་མཆོག་རྣམ་མཁྱེན་མངའ་བའི་རྒྱལ་བས་ནི་དེ་སྐད་གསུང་ངོ་། །བཤེས་གཉེན་དེས་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་ནི་རང་བཞིན་གྱིས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། ཉན་རང་གི་བྱང་ཆུབ་ཏུ་མི་བསྔོ་བར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་གྱིས་ལ། ཐོབ་བྱའི་སངས་རྒྱས་ཀྱི་བྱང་ཆུབ་ནི་བདེན་གྲུབ་ཀྱི་ཕུང་པོར་ཞེན་པའི་སྒོ་ནས་མཆོག་ཏུ་འཛིན་པར་མ་བྱེད་ཅེས། དང་པོའི་ལས་ཅན་དེ་ལ་དེ་སྐད་ཅེས་བསྟན་ཅིང་བཤད་པར་བྱའོ། །འདི་ནི་རྒྱན་ལས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ཁྱད་མཚན་བསྟན་ནས་གསུམ་པ་བྱེད་པའི་མཚན་ཉིད་བཅུ་གཅིག་ནི། དེ་ལྟར་སྤྱོད་པ་ལེགས་འཚོ་སྨྲ་བའི་ཟླ་བ་རྣམས། །ཞེས་སོགས་ཀྱིས་སྟོན་ཏེ། གོང་དུ་བཤད་པ་དེ་ལྟར་སྤྱོད་པའི་སྒོ་ནས་ལེགས་པར་འཚོ་བའི་སྨྲ་བ་ཟླ་བ་བཤེས་གཉེན་རྣམས་ནི། འགྲོ་བའི་སྐྱབས་དང་དཔུང་གཉེན་དང་གནས་དང་རྟེན་དང་གླིང་དང་ཡོངས་འདྲེན་དང་དོན་འདོད་པ་དང་གསལ་བྱེད་ཀྱི་སྒྲོན་མ་དང་ཆོས་ཀྱི་མཆོག་སྨྲ་བ་དང་མི་འཁྲུགས་པ་ཡིན་ཏེ། རིམ་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་དང་ཕན་པའི་གཞི་དང་སྡུག་བསྔལ་གྱི་རྒྱུ་སེལ་བ་དང་སངས་རྒྱས་ཀྱི་རྒྱུ་དང་། མཐའ་གཉིས་སྤངས་པ་དང་ལམ་བཟང་པོར་འཁྲིད་པ་དང་འདོད་དོན་སྒྲུབ་པ་དང་བླང་དོར་གསལ་བ་དང་ཆོས་ཀྱི་མཆོག་མྱང་འདས་སྨྲ་བ་དང་བདུད་སོགས་ཀྱིས་དཀྲུགས་པར་མི་ནུས་པའི་ཕྱིར་རོ། །གྲགས་པ་ཆེན་པོ་དང་ལྡན་པའི་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱ་དཀའ་བའི་གོ་ཆ་གྱོན་པ་ནི་བྱ་བ་སྒྲུབ་དཀའ་བ་ལ་ཡང་འཇུག་པར་བྱེད་པ་ཡིན་གྱི། རང་གི་ཕུང་པོ་ལྔ་དང་ཁམས་བཅྭོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ལྟ་བུ་སྲུང་བའི་ཆེད་དུ་མིན་ནོ། །ཉན་རང་དང་སངས་རྒྱས་ཀྱི་ཐེག་པ་གསུམ་ལ་བདེན་ཞེན་གྱི་འདུ་ཤེས་དང་བྲལ་ཞིང་། བླང་དོར་གྱི་ཆོས་གང་ལ་ཡང་བདེན་ཞེན་གྱིས་ཡོངས་སུ་བཟུང་བ་མེད་དོ། །རང་གཞན་གྱི་དོན་ཕུན་ཚོགས་ལས་མི་ལྡོག་པ་དང་གཡོ་བ་མེད་ཅིང་། དོན་གཉིས་བྱེད་པ་དང་མི་འབྲལ་བའི་ཕྱིར་ཡིད་མི་འཁྲུགས་པའི་ཆོས་ཅན་ཡིན་ཏེ་དེ་དང་ལྡན་པའོ། །འདི་ནི་རྒྱན་ལས། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །བཞི་པ་ངོ་བོ་ཉིད་མཚན་བཅུ་དྲུག་ནི། དེ་དག་འདི་འདྲའི་ཆོས་དང་ཞེས་སོགས་ཀྱིས་སྟོན་ཏེ། བྱང་སེམས་དེ་དག་ནི་འདི་འདྲ་བའི་ཆོས་དང་ལྡན་ཞིང་བདེན་འཛིན་གྱི་སྤྲོས་པ་མེད་པ། ཆོས་འདི་ལྟ་བུ་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་བྲལ་ཞིང་ཡང་དག་པའི་ཡེ་ཤེས་གྱི་དོན་དང་ལྡན་ནོ། །དེ་དག་ཤེར་ཕྱིན་འདི་ཐོས་ན་ཡིད་ཐེ་ཚོམ་གྱིས་མི་ནུས་པ་དང་། གཞན་གྱི་དྲིང་མི་འཇོག་པ་སྟེ་གང་ལ་མ་བལྟོས་པ་དང་རང་གིས་ལས་འོག་ཏུ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །འདྲེན་པ་སངས་རྒྱས་རྣམས་ཀྱི་ཆོས་ཤེར་ཕྱིན་འདི་ཟབ་པས་དོན་མཐོང་བར་དཀའ་སྟེ། ཐེག་པ་འོག་མ་བ་སུས་ཀྱང་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་མེད་ཅིང་རང་ལམ་ནས་ཐོབ་པར་འགྱུར་ན་མེད་དོ། །རྒྱུ་མཚན་དེའི་ཕྱིར་གཞན་ལ་ཕན་པར་མཛད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་བརྙེས་མ་ཐག་ནས་ནི། གདུལ་བྱ་ཐམས་ཅད་ལ་ཆོས་ཟབ་མོ་འདི་སྟོན་པར་བཞེད་ཀྱང་གདུལ་བྱའི་སེམས་ཅན་རྣམས་ནི་ལྟ་བ་ངན་པ་གཞན་གྱི་དབང་དུ་སོང་བར་གཟིགས་ཏེ། དེ་སེམས་ཅན་གྱི་ཚོགས་འདི་རྣམས་ཀྱི་ནང་ནས་ཆོས་ཟབ་མོ་འདི་སུས་ཤེས་ཏེ་ཤེས་མཁན་དཀོན་ནོ་སྙམ་དུ་དགོངས་ནས། རེ་ཞིག་ཆོས་མི་གསུངས་ཤིང་བཏང་སྙོམས་སུ་ཐུགས་ཁྲལ་ཆུང་བར་མཛད་དོ། །དེའི་རྒྱུ་མཚན་ནི་གདུལ་བྱའི་སེམས་ཅན་རྣམས་ནི་ཡིད་བདེན་ཞེན་གྱིས་གནས་པ་ལ་དགའ་ཞིང་ཡུལ་འདོད་པའི་ཡོན་ཏན་རྣམས་འདོད་ཅིང་དོན་དུ་གཉེར་བ་དང་དེ་དག་འཛིན་པ་ལ་གནས་ཤིང་། མི་མཁས་པ་དང་བླུན་པ་དང་རྨོངས་པ་དང་མུན་པ་བཞིན་དུ་གྱུར་ཏེ་བདེན་སྟོང་གི་ཚུལ་མི་ཤེས་ལ། རྟོགས་བྱ་དང་ཐོབ་པར་བྱ་བའི་ཆོས་རྣམས་དོན་དམ་པར་གནས་པ་མེད་ཅིང་དེར་འཛིན་པ་བྱར་མེད་དོ། །རྒྱུ་མཚན་དེས་ན་འཇིག་རྟེན་པ་དག་དང་སངས་རྒྱས་གཉིས་བདེན་པར་ཡོད་མེད་ལ་རྩོད་པ་འབྱུང་བ་ཡིན་ཏེ། སངས་རྒྱས་ཀྱིས་ཆོས་རྣམས་བདེན་སྟོང་དུ་སྟོན་ཅིང་འཇིག་རྟེན་པས་བདེན་པར་ཞེན་ཅིང་འདོད་པའི་ཕྱིར་རོ། །དཔེར་ན་ནམ་མཁའི་ཁམས་དེ་ནི་ཤར་ལ་སོགས་པ་ཕྱོགས་བཅུ་ཇི་སྙེད་པ་དེ་རྣམས་ནའང་ཁྱབ་ཅིང་ཡོད་པས། དེའི་ཚེ་དེ་ནི་ཕྱོགས་བཅུ་དང་དེ་དག་ཏུ་ཡོད་པའི་ཆོས་རྣམས་དང་ངོ་བོ་གཅིག་ཏུ་སོང་ནས་ངོ་བོ་རིགས་མི་འདྲ་བའི་ཐ་དད་དུ་གྱུར་པ་མེད་དོ། །དེ་བཞིན་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་ཡོད་པའི་དུས་གསུམ་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཉན་རང་དགྲ་བཅོམ་པ་དང་ཆོས་ཀུན་གྱི་བདེན་སྟོང་དེ་བཞིན་ཉིད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྒྱལ་བའི་དེ་བཞིན་ཉིད་དང་ངོ་བོ་གཅིག་པའི་ཕྱིར་ན། ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་ལ་རིགས་མི་འདྲ་བའི་བྱེ་བྲག་གི་ཁྱད་པར་མེད་དོ། །འདི་ནི་རྒྱན་ལས། ཉོན་མོངས་རྟགས་དང་མཚན་མ་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ངོ་བོ་ཉིད་མཚན་ཉིད་བསྟན་ནས་ཐར་པ་ཆ་མཐུན་ནི། བདེ་གཤེགས་བྱང་ཆུབ་སོགས་ཀྱིས་སྟོན་ཏེ། བདེ་བར་གཤེགས་པ་དང་དེའི་བྱང་ཆུབ་དེ་བཞིན་ཉིད་གཉིས་ངོ་བོ་དབྱེར་མེད་ཐ་དད་པའི་ཆོས་དང་བྲལ་བར་གྱུར་པ་འདི་ནི། བྱང་སེམས་གང་ཞིག་བྱང་ཆུབ་ཐོབ་པར་འདོད་པ་དེས་སྦྱིན་སོགས་ཀྱི་ཐབས་དང་ལྡན་པའི་སྒོ་ནས་ཤེར་ཕྱིན་ལ་སྦྱོར་བར་བྱ་སྟེ། འདྲེན་པའི་ཤེར་ཕྱིན་མེད་ན་ཐབས་གཞན་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་བ་མ་ཡིན་ནོ། །དཔེར་ན་བྱ་ཞིག་ལུས་ཆེ་བ་དཔག་ཚད་བརྒྱ་རྩ་ལྔ་བཅུའི་བར་ཡོད་པར་གྱུར་ལ། དེའི་འདབ་གཤོག་རྣམས་ཟད་དེ་འཕུར་བའི་ཉམ་རྩལ་ཡོད་པ་མིན་ན། གལ་ཏེ་བྱ་དེས་སུམ་ཅུ་རྩ་གསུམ་གྱི་གནས་ནས་འཛམ་བུའི་གླིང་འདིར་བདག་ཉིད་མཆོངས་པར་གྱུར་ན། མཆོངས་ས་དེར་ནི་ཉམ་ཉེས་ཏེ་འཆི་བར་འགྱུར་རོ། །དཔེ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྤྱོད་ཕར་ཕྱིར་དང་པོ་ལྔ་འདི་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བསྒྲུབས་པར་བྱས་ཤིང་། སྨོན་ལམ་ཕྲན་ཚེགས་མཐའ་ཡས་པ་དང་རྒྱ་ཆེན་པོ་འཇིག་རྟེན་དུ་རྟག་པར་བསྟེན་ཀྱང་། ཐབས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་མེད་ཅིང་ཤེར་ཕྱིན་འདི་དང་བྲལ་ན་ཉན་ཐོས་དང་རང་རྒྱལ་གྱི་ལམ་ཉིད་དུ་ལྟུང་བར་འགྱུར་རོ། །འདི་ནི་རྒྱན་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །སོགས་ཀྱིས་འཆད་དོ། །དེ་ནས་ངེས་འབྱེད་ཆ་མཐུན་ནི། སངས་རྒྱས་ཐེག་པ་འདི་ལ་སོགས་ཀྱིས་སྟོན་ཏེ། བྱང་སེམས་གང་ཞིག་སངས་རྒྱས་ཀྱི་ཐེག་པ་འདི་ལ་ངེས་པར་འབྱུང་ཞིང་ཐོབ་པར་འདོད་པ་གང་ཡིན་པ་དེས། འགྲོ་བ་ཀུན་ལ་སེམས་སྙོམས་པས་ཕ་མའི་འདུ་ཤེས་དང་། ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་རྒྱུད་བཏུལ་བར་བྱ་ཞིང་། ཁོང་ཁྲོ་བའི་ཐབ་མེད་ཅིང་སེམས་དྲང་ལ་ཚིག་འཇམ་པོར་སྨྲ་བར་བྱའོ། །འདི་ནི་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཕྱིར་མི་ལྡོག་གི་རྟགས་འཆད་ཅིང་འདི་ལ་ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ལ། འདིར་བསྡུས་ཏེ་སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་ནི། ཡོན་ཏན་རྒྱ་མཚོ་ཞེས་སོགས་རྐང་པ་བཞིས་ཞུས་ཤིང་པ། དེ་ཡང་། འཇིག་རྟེན་གྱི་མགོན་པོ་ལ་གནས་བརྟན་རབ་འབྱོར་གྱིས་ཡོངས་སུ་ཞུས་པ། ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་ཁྱོད་ཀྱིས་བྱང་སེམས་ཀྱི་རྟགས་ཉོན་མོངས་པ་མ་མཆིས་པ་ལ་སོགས་པའི་ལུས་ངག་གི་རྟགས་དང་། བྱང་སེམས་མཐུ་ཆེ་བ་དག་ཇི་ལྟར་རྫོགས་བྱང་ལས་སླར་ལྡོག་པར་མི་འགྱུར་པའི་ཚུལ་དེ་ལྟར། དེའི་ཡོན་ཏན་མང་ཡང་ཕྱོགས་ཙམ་ཞིག་རྒྱལ་བས་ལུང་བསྟན་དུ་ཐུན་མོང་དུ་ཞུས་སོ། །དེའི་ལན་དུ་སྦྱོར་མཐོང་སྒོམ་གསུམ་ལས་དང་པོ་སྦྱོར་ལམ་པའི་རྟགས་ནི། ཐ་དད་འདུ་ཤེས་བྲལ་ཞིང་ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། རང་གཞན་ཕྱོགས་རིས་སུ་ཐ་དད་པར་འཛིན་པའི་འདུ་ཤེས་དང་བྲལ་ཞིང་། འཐད་ཅིང་རིགས་པ་དང་ལྡན་པའི་ཚིག་སྨྲ་བ་དང་། ཕྱི་རོལ་པའི་དགེ་སྦྱོང་གཞན་དང་བྲམ་ཟེ་གཞན་ལ་རྟེན་པར་མི་བྱེད་ལ། བླང་དོར་ལ་མཁས་པས་དུས་རྣམས་ཐམས་ཅད་དུ། རྟག་ཏུ་ངན་སོང་གསུམ་པོར་མི་སྐྱེ་བའི་ཐབས་བསྒྲུབས་ནས་དེ་སྐྱེ་བ་སྤངས་སོ། །བྱང་སེམས་དེ་དག་ནི་དུས་རྟག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་ནོ། །རང་དོན་དུ་ཟང་ཟིང་འདོད་པའི་བློ་མེད་པར་འགྲོ་བ་དག་ལ་དམ་པའི་ཆོས་ནི་རྗེས་སུ་སྟོན་པ་དང་། དམ་པའི་ཆོས་སྒྲུབ་པ་ལ་མཐའ་གཅིག་ཏུ་མི་འགྱུར་བར་དགའ་ཞིང་། འགྲོ་བ་གཞན་ལ་རྟག་ཏུ་ངག་ཚིག་འཇམ་པོ་དང་ལྡན་པ་དང་། འགྲོ་བ་དང་ཕན་ཚུན་འཆག་པ་དང་ཉལ་བ་དང་འདུག་པའི་སྤྱོད་ལམ་རྣམས་བཞིའི་ཚེ་ཤེས་བཞིན་རབ་ཏུ་བྱེད་པ་དང་ལྡན་ནོ། །མིག་གིས་གཉའ་ཤིང་གང་ཙམ་ཚུན་ལ་ལྟ་ཞིང་འགྲོ་བ་སྣ་ཚོགས་པ་མཐོང་ཡང་སེམས་ཉོན་མོངས་པས་འཁྲུལ་པ་མེད་དོ། །རང་ཉིད་མི་དགེ་བས་མ་གོས་པས་ཡིད་གཙང་བར་བྱས་ཏེ་ལུས་ལ་གཙང་མའི་གོས་འཆང་ཞིང་སྒོ་གསུམ་པོ་ཉེས་པའི་སྐྱོན་གྱིས་དབེན་ཞིང་དག་གོ །རང་གི་དོན་ཙམ་དུ་རྙེད་པ་འདོད་པ་མ་ཡིན་ཞིང་མིའི་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ་དང་། བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་ལ་རག་མ་ལས་པའི་ཕྱིར་དེའི་དྲིང་མི་འཇོག་གོ །བསམ་གཏན་བཞི་ལ་སྒོམ་པར་འཇུག་པའི་བསམ་གཏན་བྱེད་ཀྱང་བསམ་གཏན་གྱི་བདེ་བ་དེར་ཆགས་ཤིང་མི་གནས་སོ། །དེ་དག་གིས་སྦྱོར་ལམ་པའི་རྟགས་ཉི་ཤུ་པོ་བསྡུས་ཏེ་བསྟན་ནས་མཐོང་ལམ་གྱི་རྟགས་བཅུ་དྲུག་པོ་བསྡུས་ནས། གྲགས་པ་འདོད་པ་མ་ཡིན་ཞེས་སོགས་ཚིགས་བཅད་གསུམ་གྱིས་འཆད་དོ། །མཐོང་ལམ་གྱི་རྟགས་ཐོབ་པའི་ཚེ་ཁེ་དང་གྲགས་པ་འདོད་པ་མ་ཡིན་ཞིང་ཁོང་ཁྲོ་བས་སེམས་ཀུན་ནས་དཀྲིས་པ་མེད་དོ། །གལ་ཏེ་ཁྱིམ་པར་གྱུར་ནའང་རྟག་ཏུ་ཁྱིམ་གྱི་དངོས་པོ་ཀུན་ལ་མ་ཆགས་ཤིང་། ལུས་སྲོག་གི་འཚོ་བའི་ཕྱིར་དུ་ནི་སྡིག་པའི་ལས་ཡ་ང་བས་ལོངས་སྤྱོད་ཚོལ་བར་མི་བྱེད་དོ། །སེམས་ཅན་གཞན་ལ་དྲག་ཤུལ་གྱི་ལས་མངོན་སྤྱོད་ཀྱི་སྔགས་སོགས་མི་བྱེད་ཅིང་།བུད་མེད་དབང་སྡུད་ཀྱི་སྦྱོར་སྔགས་ཚོལ་བར་མི་བྱེད་དོ། །སྤྲོས་པས་རབ་ཏུ་དབེན་པའི་ཤེར་ཕྱིན་མཆོག་ལ་བརྩོན་ཞིང་། གཞན་དག་འཐབ་པ་དང་རྩོད་པ་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན་པར་གཟུང་ངོ་། །ཀུན་མཁྱེན་གྱི་གོ་འཕང་འདོད་ཅིང་རྒྱལ་བའི་བསྟན་པ་ལ་རྟག་ཏུ་གཞོལ་པའི་སེམས་དང་ལྡན་པ་དང་། དེས་མཐའ་འཁོབ་ཀྱི་ཀླ་ཀློའི་སྐྱེ་བོའི་ཡུམ་གྱི་མཐའ་རྣམ་པར་སྤངས་སོ། །རང་གིས་ཕྱིར་མི་ལྡོག་པའི་ལམ་ལ་གནས་པ་ལ་ཐེ་ཚོམ་གྱི་དོགས་པ་མེད་ཅིང་ཡིད་རྟག་ཏུ་རི་རབ་དང་འདྲ་བར་བརྟན་ཅིང་མི་འགྱུར་རོ། །ཆོས་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་དུ་རང་གི་སྲོག་ཀྱང་འདོར་ཞིང་ནང་གི་རྣལ་འབྱོར་ལ་རབ་ཏུ་བརྩོན་པ་འདི་དག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཤེས་པར་བྱའོ། །དེ་ནས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ནི་ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པ་དང་སྦྱར་ནས། གཟུགས་དང་ཚོར་དང་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། །ཞེས་སོགས་ཚིགས་བཅད་བཅུ་གསུམ་ཙམ་གྱིས་སྟོན་ཏེ། དེ་ཡང་གཟུགས་དང་ཚོར་བ་སོགས་ཕུང་པོ་ལྔས་མཚོན་པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ནི་ཟབ་སྟེ། རང་བཞིན་དེ་ནི་བདེན་གྲུབ་དང་ཀུན་རྫོབ་ཀྱི་སྤྲོས་པའི་མཚན་མ་མེད་ཅིང་རབ་ཏུ་ཞི་བའོ། །དཔེར་ན་འགའ་ཞིག་གིས་མདའ་འཕངས་ནས་རྒྱ་མཚོ་ཆེན་པོའི་གཏིང་མཐའ་ཐུག་པར་ཚོལ་བར་བྱས་ན། རྒྱ་མཚོའི་གཏིང་གི་མཐའ་ལ་ཐུག་མི་ནུས་པ་ལྟར། ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་ནས་ཕུང་སོགས་དོན་དམ་པར་ཡོད་མེད་བཙལ་བའི་ཚེ། ཕུང་སོགས་དོན་དམ་པར་ཡོད་པའི་གཏིང་གི་མཐའ་མི་རྙེད་དོ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་པར་གྱུར་ཅིང་རྟོགས་པའི་ཐེག་པ་ཆེན་པོ་དེ་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་ནས་ཆགས་ཐོགས་མེད་ཅིང་། དམིགས་པ་གང་ལ་མཉམ་པར་བཞག་པའི་ཚེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་སྤྲོས་པ་ཀུན་ཡོད་པར་མིན་པར་དོན་དམ་པའི་ཆོས་འདི་མངོན་སུམ་དུ་རྟོགས་པར་གྱུར་ན། བྱང་སེམས་དེའི་བསོད་ནམས་ཆེན་པོ་ཡང་དག་པར་གྲུབ་ཅིང་ཐོབ་པས་དེ་ལས་ལྷག་ཅི་ཞིག་ཡོད་དེ་མེད་དོ། །ཡང་དཔེར་ན་འདོད་ཆགས་ཀྱི་ཆོས་ལ་སྤྱོད་པར་འདོད་པའི་སྐྱེས་བུ་ཞིག་གིས། བུད་མེད་གཅིག་ལ་ཁྱོད་འདིའི་དུས་སུ་གནས་འདིར་ཤོག་དང་ཁྱོད་དང་ངེད་གཉིས་འཕྲད་པར་བྱའོ་དུས་བཏབ་པ་ན། དེ་དང་མ་ཕྲད་བར་དུ་ཉིན་ཞག་གཅིག་ལའང་ཁོ་འདིར་འོང་ངམ་མི་འོང་སྙམ་པ་ལ་སོགས་པ་སེམས་ཀྱི་རྣམ་པར་རྟོག་པ་མང་པོ་སྤྱོད་པ་ཇི་སྙེད་ཅིག་འབྱུང་བའི་གྲངས་དེ་སྙེད་ཀྱི་བསྐལ་པར། ཚོགས་གཉིས་ལན་མང་དུ་བསགས་ནས་བྱང་སེམས་ཀྱིས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །བྱང་སེམས་གང་ཞིག་བསྐལ་པ་མང་པོ་བྱེ་བ་སྟོང་དུ་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ་སྦྱིན་པ་བྱེད་ཅིང་ཚུལ་ཁྲིམས་སྲུང་བ་སོགས་བྱེད་ཀྱང་། གང་གིས་ཤེར་ཕྱིན་མཆོག་དང་ལྡན་པའི་ཆོས་འདི་བརྗོད་བརྗོད་པའི་དགེ་བའི་ལེགས་ཚོགས་ལ། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་བསོད་ནམས་དེས་ཆ་ཙམ་དུ་ཡང་མི་ཕོད། བྱང་སེམས་གང་ཞིག་མཉམ་གཞག་ཏུ་ཤེར་ཕྱིན་མཆོག་འདི་བསྒོམས་ཏེ་དེ་ལས་ལངས་པའི་རྗེས་ཐོབ་ཏུ། རང་དོན་ཡིད་བྱེད་སོགས་སྐྱོན་གྱིས་གོས་པ་མེད་པའི་ཤེར་ཕྱིན་གྱི་ཆོས་འདི་བརྗོད་ཅིང་གཞན་ལ་བསྟན་ཏེ། དེ་ལས་བྱུང་བའི་དགེ་བ་དེ་ཡང་འགྲོ་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་རྒྱུར་སྔོ་བར་བྱེད་ན། དགེ་བ་དེ་དང་མཉམ་པ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་མེད་དོ། །དེ་ལྟ་བུའི་བསོད་ནམས་དགེ་བ་དེ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་རིགས་པས་བཙལ་ན་མི་རྙེད་པས་གསོག་དང་། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་སྟོང་པ་དང་། སྣང་བ་ལྟར་མ་གྲུབ་པས་གསོ་བ་དང་། རྒྱུ་རྐྱེན་ལ་རག་ལས་པས་ཡ་མ་བརླ་དང་། སྒྱུ་མ་དང་ཆུ་ཤིང་དང་འདྲ་བའི་ཕྱིར་སྙིང་པོ་མེད་པའོ། །མདོར་ན་བསོད་ནམས་དེ་དག་བདེན་སྟོང་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟར་ཤེས་ནས་བསྔོ་དགོས་པའི་དོན་ནོ། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེར་ཕྱིན་འདི་ལ་ཡང་སྤྱད་ཅིང་ད་ལྟ་སྤྱོད་ན། སྤྱོད་པའི་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱིས་ཚིག་གིས་རབ་ཏུ་བཤད་དེ་དོན་དང་རབ་ཏུ་སྦྱར་ཞིང་ལེགས་པར་རབ་ཏུ་བསྟན་པའི་གཟུགས་སོགས་ཀྱི་ཆོས་འདི་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་ཚིག་གིས་བརྗོད་ཅིང་བཏགས་པ་ཙམ་དུ་ཟད་པར་ཤེས་ན་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ཆོས་དེ་དག་གིས་མིང་གིས་བརྗོད་པར་བྱས་ཀྱང་། བདེན་པས་སྟོང་པའི་ཆོས་ཀྱི་དབྱིངས་ལ་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་པར་ཤེས་སོ། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་གང་ཡིན་དེ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་མེད་ཅིང་མིང་གིས་ཐ་སྙད་དུ་བཏགས་པ་ཙམ་དུ་ནི་ཡོངས་སུ་བསྒྲགས་ཤིང་བཤད་དོ། །གང་ལས་བཤད་ན་ཡུམ་རྒྱས་འབྲིང་གཉིས་ལས་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ་ཞེས་གསུངས་པ་སོགས་ཀྱིས་སོ། །དེ་ལྟར་ཤེར་ཕྱིན་ལ་སྤྱོད་པའི་དགེ་རྩ་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ཞིང་བདེན་ཞེན་གྱི་རློམ་སེམས་མེད་པའི་བྱང་སེམས་དེ་ནི། ཉན་རང་གི་ཐེག་པར་ལྟུང་བ་ལྟ་བུའི་ཉམས་པ་མེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་རོ། །བདེན་པར་མེད་ན་བྱང་ཆུབ་དེ་ཇི་ལྟར་ཐོབ་སྙམ་ན་དཔེར་ན་འབྲུ་མར་གྱི་མར་མེའི་སྙིང་པོ་སྲེག་པའི་ཚེ་མེ་ལྕེ་འབར་བ་སྙིང་པོ་དང་ཕྲད་པ་དང་པོ་ཙམ་གྱིས་སྙིང་པོ་དེ་ཚིག་པ་མིན་ཡང་། མེ་ལྕེ་དང་པོ་དེ་མེད་པར་ཡང་སྙིང་པོ་དེ་རྫོགས་པར་མི་ཚིག་ཅིང་སྙིང་པོ་དང་མེ་ལྕེ་ཕྲད་པའི་མེ་ལྕེ་ཐ་མ་ཙམ་གྱིས་ཀྱང་སྙིང་པོ་དེ་ཚིག་པ་མིན་ལ། མེ་ལྕེ་ཐ་མ་དེ་མེད་པར་སྙིང་པོ་དེ་ཚིག་པ་མིན་ཀྱང་སྔ་ཕྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྐྱེན་གྱིས་སྙིང་པོ་དེ་རྫོགས་པར་ཚིག་པ་ལྟར། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྐད་ཅིག་དང་པོ་ཙམ་གྱིས་ནི་སངས་རྒྱས་ཀྱི་བྱང་ཆུབ་མཆོག་རེག་པ་སྟེ་ཐོབ་ནུས་པ་མ་ཡིན་ལ། དང་པོའི་སེམས་དེ་མེད་པར་ཡང་བྱང་ཆུབ་དེ་ལ་རེག་པར་ནུས་པ་མ་ཡིན་ཞིང་། སྐད་ཅིག་ཐ་མའི་སེམས་ཙམ་གྱིས་ཀྱང་བྱང་ཆུབ་ཞི་བ་དེ་ཐོབ་ནུས་པ་མིན་ལ། ཐ་མ་དེ་མེད་པར་ཡང་བྱང་ཆུབ་དེ་ཐོབ་ནུས་པ་མ་ཡིན་ཀྱང་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་ནི་བྱང་ཆུབ་དེ་ཐོས་པར་འགྱུར་ རོ། །ཡང་དཔེར་ན་ས་བོན་ལས་ནི་མྱུ་གུ་དང་མེ་ཏོག་དང་འབྲས་བུ་རྣམས་འབྱུང་ངོ་། །ས་བོན་སོགས་སྔ་མ་དེ་ཡང་འགགས་ལ་ཕྱིས་འབྲས་བུ་ཤིང་སྟེ་སྡོང་བུ་ཡང་མེད་པ་དེ་མིན་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ་སེམས་དེ་ཡང་འགགས་པ་ལ་ཕྱིས་དེའི་འབྲས་བུ་བྱང་ཆུབ་མེད་པ་དེ་མ་ཡིན་ནོ། །ཡང་དཔེར་ན་གྲོ་ནས་སོགས་ཀྱི་ས་བོན་རྙེད་པ་སྟེ་བཏབ་ནས་དེའི་འབྲས་བུ་འབྲུ་དང་འབྲས་ས་ལུ་ལ་སོགས་འབྱུང་ཡང་། ས་བོན་དེ་དག་གི་འབྲས་བུ་ནི་ས་བོན་དེ་དག་ལ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཞིང་འབྱུང་རུང་དུ་མེད་པའང་མིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་འདི་རང་གི་རྒྱུ་རྣམས་ལ་ངོ་བོ་ཉིད་ཀྱིས་མེད་ཀྱང་འབྱུང་རུང་དུ་ཡོད་པའི་རྟེན་འབྲེལ་གྱིས་འབྱུང་བར་འགྱུར་ཏེ། དེའི་ཚེ་ངོ་བོ་ཉིད་ཀྱིས་མི་འབྱུང་གི་རྒྱུ་རྐྱེན་གྱི་དངོས་པོའི་རང་བཞིན་བྲལ་བའི་རྟེན་འབྲེལ་གྱིས་ཚོགས་པ་ལས་སྒྱུ་མ་བཞིན་དུ་འབྱུང་བར་འགྱུར་རོ། །ཡང་དཔེར་ན་ཆུ་ཡི་ཐིགས་པས་བུམ་པའི་ནང་ཐིགས་པ་དང་པོ་ནས་ཐ་མའི་བར་རིམ་གྱིས་ཉུང་ངུ་ཉུང་ངུ་བླུགས་ནས་མཐར་བུམ་པ་དེ་ཡོངས་སུ་འགེངས་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ནས་བཟུང་སྟེ་སེམས་རིམ་གྱིས་བསྐྱེད་དེ་འཕེལ་བར་འགྱུར་བའི་སེམས་རྣམས་ཀྱང་བྱང་ཆུབ་མཆོག་གི་རྒྱུ་ཡིན་ཏེ། དེ་ལས་རིམ་གྱིས་དཀར་པོའི་ཡོན་ཏན་ཀུན་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་འདི་དག་ནི་རྒྱན་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་ཀྱིས་འཆད་དོ། །དཔེ་འདི་དག་ནི་སྐབས་འདིར་གནད་ཆེ་བར་མ་ཟད། གཞན་ལའང་སྦྱར་ཏེ་ཤེས་དགོས་པའི་གནད་ཆེ་བར་མཐོང་ནས་བདག་གིས་ནི་ལོགས་སུ་བཀོད་ཡོད་དོ། །དེ་ནས་སྲིད་ཞི་མཉམ་ཉིད་སྦྱོར་བ་ནི། སྟོང་པ་མཚན་མེད་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྟོགས་པའི་ཆོས་ཤེར་ཕྱིན་ལ་སྤྱོད་ཅིང་། སྙིང་རྗེས་ཞི་བའི་མཐའ་མྱ་ངན་ལས་འདས་པ་ལ་མི་རེག་པ་སྟེ་མངོན་དུ་མི་བྱེད་ཅིང་། ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་བདེན་འཛིན་གྱི་མཚན་མར་མི་སྤྱོད་པར་གནས་ཏེ། དཔེར་ན་ཆུའི་མཉན་པ་མཁས་པ་རྒྱ་མཚོའི་ཆུའི་ཕ་རོལ་དང་ཚུ་རོལ་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཀྱང་། ཆུའི་ཕ་རོལ་ཚུ་རོལ་གྱི་མཐའ་གཉིས་ལ་མི་གནས་ཤིང་རྒྱ་མཚོར་ཡང་རྟག་ཏུ་གནས་པ་མེད་པ་བཞིན་ནོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དོན་གྱིས་ལུང་བསྟན་ཡང་འདི་སྙམ་དུ་བདག་ནི། སྟོབས་བཅུ་ལྡན་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་ཏེ་ད་ནི་བྱང་ཆུབ་རེག་པ་སྟེ་ཐོབ་པར་འགྱུར་སྙམ་དུ་བདེན་ཞེན་གྱི་རློམ་སེམས་མེད་དོ། །ཆོས་འདི་ལ་བདེན་པར་གྲུབ་པ་ཅི་ཡང་མེད་ཅེས་བྱང་ཆུབ་ཐོབ་པ་ལ་སྐྲག་པ་མེད་པ་དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པའི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །འདི་ནི་རྒྱན་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཞིང་དག་སྦྱོར་བ་ནི། འཇིག་རྟེན་དགོན་པའི་ལམ་དང་ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་གྲོང་ལས་རྒྱང་གྲག་འདས་པའི་མི་མེད་ཀྱི་དགོན་པའི་ལམ་དང་། མུ་གེ་དང་ནད་སྣ་ཚོགས་དང་བཅས་པའི་སྐྱོན་མང་དུ་ཡོད་པར་མཐོང་ནས་དེ་དག་གིས་ཡིད་སྐྲག་པ་མེད་ཅིང་། དེ་ལྟ་བུའི་རྐྱེན་གྱིས་དེ་ནས་བདག་གིས་ནི་སྣོད་བཅུད་ཀྱི་ཉེས་སྐྱོན་འདི་ལྟ་བུ་སྦྱངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པར་བྱའོ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་གོ་ཆ་བརྟན་པོ་གྱོན་ཏེ། མ་དག་པའི་ཞིང་གི་སེམས་ཅན་མི་སྤོང་བར་ཕྱི་མའི་མུ་མཐའི་བར་དུ་རྟག་ཏུ་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་ཞིང་ཐབས་རབ་ཏུ་ཤེས་ནས། སེམས་ཅན་གྱི་དོན་ལ་ལོངས་སུ་སྤྱོད་པའི་ཡིད་ནི་རྡུལ་ཙམ་ཡང་སྐྱེད་པར་མི་བྱེད་དོ། །འདི་ནི་རྒྱན་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐབས་མཁས་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ལ། །ཞེས་པ་ནས་སྐབས་བཞི་པའི་མཇུག་རྫོགས་པའི་བར་གྱིས་སྟོན་ཏེ། སྦྱོར་བ་འདི་གསུམ་ནི་ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ལ་ཐབས་མཁས་སྦྱོར་བ་ནི་འདིར་ཡང་ཅུང་ཟད་རྒྱས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་གང་རྒྱལ་བའི་ཤེས་རབ་སྤྱོད་པར་བྱེད་ལ་གཟུགས་ལ་སོགས་པའི་ཕུང་པོ་འདི་དག་ནི་གདོད་མ་ནས་རང་བཞིན་གྱིས་སྟོང་ཞིང་སྐྱེ་བ་མེད་པར་ཤེས་ཏེ། དོན་དེ་ལ་མཉམ་པར་མ་གཞག་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ཆེན་པོ་འཇུག་ཅིང་། སྙིང་རྗེ་དེའི་དབང་གི་བར་སྐབས་དེར་ཡང་རང་ཉིད་སངས་རྒྱས་ཀྱི་ཆོས་ལས་ཡོངས་སུ་མི་ཉམས་སོ། །དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་དང་ལྡན་ཞིང་སྟོབས་དང་ལྡན་པ་དང་གཞན་གྱིས་མི་ཐུབ་པ་དང་དེ་ལ་བརྩོན་འགྲུས་བྱས་ཤིང་། འཇིག་རྟེན་གྱི་རྒྱུ་རྩལ་གྱི་ཆོ་ག་སྣ་ཚོགས་ཤེས་ཤིང་མདའ་འཕེན་གྱི་འཕོང་དང་བཟོ་རིགས་ཀྱི་གནས་མང་པོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིང་། སྒྱུ་མ་སྒྲུབ་ཤེས་པ་དང་འགྲོ་བའི་དོན་རབ་ཏུ་བྱེད་པར་འདོད་པ་ཞིག་གིས། རང་གི་ཕ་མ་ཆུང་མ་བུར་བཅས་པ་ཡོངས་སུ་བསྡུས་ནས་དགྲ་བྱེད་པ་མང་པོ་ཡོད་པའི་དབེན་གནས་དགོན་པའི་ལམ་དུ་ཕྱིན་པ་དང་། དགྲ་དེ་དག་བསྲུང་བའི་ཕྱིར་གང་ཟག་དེ་ཡིས་ནི་དཔའ་ཞིང་རྟུལ་ཕོད་པའི་སྐྱེས་བུ་གོ་མཚོན་ཐོགས་པ་མང་དུ་སྤྲུལ་ཏེ། རང་གི་ཕ་མ་སོགས་ཕར་བདེ་བར་སོང་ཞིང་སླར་ཡང་རང་གི་ཁྱིམ་དུ་བདེ་བར་འོང་བ་བྱེད་པ་ལྟར། དེ་བཞིན་དུ་ཤེར་ཕྱིན་འདི་ལ་སྤྱོད་པ་དེའི་ཚེ་བྱང་སེམས་མཁས་པ་དེ་ཡང་སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱམས་པ་ཆེན་པོའི་སྟོབས་ཀྱིས། ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་དག་དང་ཉན་རང་གིས་གཉིས་ལས་ཀྱང་རབ་ཏུ་འདས་ནས། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་གནས་ཤིང་དུས་མ་ཡིན་པར་བྱང་ཆུབ་མྱང་འདས་ཞི་བའི་དབྱིངས་ལ་རྒྱུན་དུ་རིག་ཅིང་གནས་པར་མི་བྱེད་དོ། །ཡང་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན་ཅིང་འཆགས། དེ་ལ་ཆུ་དཀྱིལ་གྱི་ཕུང་པོ་བརྟེན་ཅིང་དེ་ལ་ནི་ས་ཆེན་པོའི་དཀྱིལ་འཁོར་འདི་བརྟེན་ནོ། །དེ་ལ་ནི་གླིང་བཞི་པའི་འགྲོ་བ་འདི་རྣམས་བརྟེན་ཅིང་གནས་ཏེ་སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དཔེ་དེ་དང་འདྲ་སྟེ། འདྲ་ཚུལ་འདིར་དངོས་སུ་མི་གསལ་ཡང་གཞན་ནས་སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ། ཚུལ་མིན་ཡིད་བྱེད་རླུང་ལྟ་བུ་དང་ལས་ཉོན་ཆུ་ལྟ་བུ་དང་སྐྱེ་བའི་ཕུང་ཁམས་སྐྱེ་མཆེད་ས་ལྟ་བུ་དང་། དེ་ལས་སེམས་ཅན་གྱི་ཁམས་ཀྱི་ཐ་སྙད་འབྱུང་བ་དང་སྦྱར་རོ། །དེ་ཡང་འབྱུང་བ་གནས་པའི་རྩ་བ་ནམ་མཁའ་ཡིན་ཡང་ནམ་མཁའ་ནི་གཞི་གང་ལ་ཡང་བརྟེན་ནས་གནས་པ་མ་ཡིན་པར་གནས་པ་ཡིན་པའི་དཔེ་དོན་འདི་བསམ་པར་གྱིས་ཤིག །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་མཉམ་པར་བཞག་ཅིང་གནས་པ་ནི། འགྲོ་བ་ལ་སེམས་ཅན་གྱི་སྐལ་བ་དང་བསམ་པ་ཇི་འདྲ་བར་ཤེས་པའི་སྨོན་ལམ་གྱི་རྟེན་ཅན་གྱིས། མཛད་པའི་བྱ་བ་རྣམ་པ་སྣ་ཚོགས་པ་དུ་མ་སྟོན་པར་བྱེད་ཅིང་སྙིང་རྗེས་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་མངོན་དུ་བྱེད་པ་ལ་མི་རེག་ཅིང་། གཞན་དོན་མི་བྱེད་པར་སྟོང་པ་ཉིད་ལ་རྟག་ཏུ་གནས་པ་མེད་དོ། །དུས་གང་གི་ཚེ་ན་བྱང་སེམས་མཁས་ཤིང་བློ་གསལ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཞི་བའི་ཏིང་ངེ་འཛིན་དམ་པ་འདི་སྤྱོད་པའི་ཚེ། བར་སྐབས་དེར་ནི་རྒྱུ་བདེན་འཛིན་གྱི་མཚན་མ་རབ་ཏུ་སྒོམ་པར་མི་བྱེད་དེ། མཚན་མ་མེད་པར་གནས་ཤིང་སྨོན་པའི་འབྲས་བུ་ཞི་བ་ཉིད་ལ་རབ་ཏུ་ཞི་བར་སྤྱོད་དོ། །དཔེར་ན་བར་སྣང་ཁམས་སུ་འཕུར་བའི་བྱ་ལ་ནི་བར་སྣང་དེར་གནས་ཡོད་པ་མ་ཡིན་ཏེ། བར་སྣང་དེ་ན་གནས་པ་མ་ཡིན་ཞིང་ས་ལ་ཡང་ལྟུང་བར་མི་འགྱུར་རོ། །དཔེ་དེ་ལྟར་བྱང་སེམས་ཐབས་ཤེས་ཟུང་འབྲེལ་གྱིས་རྣམ་པར་ཐར་པའི་སྒོ་ལ་གནས་ཏེ་སྤྱོད་པ་དེ་ནི། དུས་མིན་པར་ཞི་བའི་དབྱིངས་མྱང་འདས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའམ་མི་རེག་ཅིང་བདེན་འཛིན་གྱི་མཚན་མར་ཡང་སྤྱོད་པ་མ་ཡིན་ནོ། །ཡང་དཔེར་ན་མདའ་འཕེན་གྱི་འཕོང་ལེགས་པར་བསླབས་པའི་སྐྱེས་བུས་ནི་གནམ་དུ་མདའ་གྱེན་དུ་འཕངས་ཏེ། མདའ་གཞན་དག་ནི་མདའ་སྔོན་མ་དེའི་ཕྱི་བཞིན་རྒྱུད་མར་བརྒྱུད་དེ་འཕངས་པས་ལོང་བཏགས་ནས། སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་རྙེེད་པར་ནམ་མཁར་གནས་ཞིང་ས་ལ་མི་ལྟུང་ལ། མི་དེས་འདོད་ན་ནི་མདའ་དེ་ས་ལ་ལྟུང་བར་འགྱུར་རོ། །འོན་ཀྱང་ལོང་བཏགས་ཏེ་ཞེས་པ་འདིའི་དོན་ལ་ཁ་ཅིག་མདའ་ཕྱི་མས་སྔ་མའི་སྟོང་ལ་བཏགས་ཏེ་ཞེས་ཟེར་ཡང་ཁུངས་མ་མཐོང་ངོ་། །དེ་ལྟར་བྱང་སེམས་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཤེས་རབ་དང་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱིས་ནི་རྣམ་པར་སྤྱོད་པ་དེ་དག་ནི། དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པའི་བར་དེ་སྲིད་དུ་ཡང་དག་པའི་མཐའ་སྟོང་ཉིད་དམ་པ་མྱང་འདས་ནི་ཐོབ་ཅིང་མངོན་དུ་མི་བྱེད་དོ། །འདིས་དགེ་བའི་རྩ་བ་རྫོགས་ནས་དེ་མངོན་དུ་བྱེད་པར་ཤུགས་ཀྱིས་འཕངས་སོ། །ཡང་དཔེར་ན་དགེ་སློང་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན་པ་ཞིག་ནི་ནམ་མཁར་གནས་ཏེ། དུས་ཅིག་ཅར་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་རྣམ་པར་འཕྲུལ་པ་འགྲོ་བ་དང་འཆགས་པ་དང་ཉལ་བ་དང་འདུག་པའི་སྤྱོད་ལམ་བཞི་སྟོན་ཀྱང་། དེ་ལྟར་སྟོན་པ་པོ་དེ་ནི་སྐྱོ་བ་མེད་ཅིང་དེ་ལ་ནི་ངལ་ཞིང་དུབ་པ་ཡང་མེད་དོ། །དཔེ་དེ་བཞིན་དུ་བྱང་སེམས་མཁས་པ་དག་པའི་ས་ཐོབ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཤིང་། ཡེ་ཤེས་དང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་སོན་པ་གྱུར་པ་ལ་ནི་འབད་རྩོལ་དང་ངལ་བ་སོགས་མེད་པར། འགྲོ་བ་དག་ལ་སྤྲུལ་པའི་བྱ་བ་རྣམ་པ་མཐའ་ཡས་པ་སྟོན་ཏེ། དེ་ཡང་དུས་ཐུང་ངུ་ཙམ་མིན་པར་བསྐལ་པ་བྱེ་བའི་བར་གཞན་དོན་ལ་ཡིད་སྐྱོ་བ་དང་ངལ་ཞིང་དུབ་པ་འགྱུར་བ་མེད་དོ། །ཡང་དཔེར་ན་མི་འགའ་ཞིག་ནི་གཡང་ས་ཆེན་པོའི་ཁར་འདུག་པར་བྱེད་ཅིང་། ལག་པ་གཉིས་ཀས་གདུགས་གཉིས་འཛིན་ཅིང་གཡང་གི་ནམ་མཁའ་ལ་མཆོང་བར་བྱེད་ཅིང་གཡང་ས་ཆེན་པོ་དེར་ལུས་བོར་ཡང་། རླུང་གི་ཤུགས་ཀྱིས་གདུགས་གཉིས་པ་བ ཏེགས་པའི་རྐྱེན་གྱིས་ལུས་གཡང་དུ་ལྟུང་བའི་ཉེས་པ་བསྐྱེད་པར་མི་འགྱུར་བར། ཇི་སྲིད་རང་འདོད་པའི་གནས་དེར་ནི་འགྲོ་བར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་མཁས་པ་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་སུ་བཟུང་སྟེ་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་ཉིད་དང་། རྒྱུ་མཚན་མ་མེད་པ་དང་འབྲས་བུ་སྨོན་པ་མེད་པར་རྟོག་ཅིང་དཔྱོད་ཀྱང་། མྱ་ངན་ལས་འདས་པ་ལ་དུས་མ་ཡིན་པར་རེག་པ་མེད་ལ་དོན་དམ་པའི་ཆོས་ཀྱང་མཐོང་ངོ་། །ཡང་དཔེར་ན་རིན་པོ་ཆེ་འདོད་པའི་མི་དེད་དཔོན་རིན་པོ་ཆེའི་གླིང་དུ་སོང་སྟེ་རིན་པོ་ཆེ་རྙེད་ནས་སླར་ཡང་རང་གི་ཁྱིམ་དུ་འོང་བར་འགྱུར་བ་ཡིན་མོད། སྐབས་དེར་ནི་དེད་དཔོན་རང་ཉིད་འབའ་ཞིག་སྐྱིད་ཅིང་བདེ་བར་འཚེ་བར་བྱེད་པར་འདོད་ཅིང་རང་གི་གཉེན་བཤེས་ཀྱི་ཚོགས་རྣམས་ཡིད་མི་བདེ་བར་འཇོག་པར་བྱེད་པ་མིན་པ་ལྟར། དེ་བཞིན་དུ་བྱང་སེམས་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པའི་ཕྱིར་སྟོང་ཉིད་རིན་པོ་ཆེའི་གླིང་དུ་སོང་སྟེ་བསམ་གཏན་བཞི་དང་དབང་པོ་ལྔ་དང་སྟོབས་ལ་སོགས་པ་ཐོབ་པ་དེ་ནི། ཡང་དག་པའི་མཐའ་མྱང་འདས་ལ་རེག་པ་སྟེ་མངོན་དུ་བྱེད་པ་འབའ་ཞིག་ལ་མངོན་པར་དགའ་ཞིང་སེམས་ཅན་གྱི་སྡུག་བསྔལ་ཡིད་ལ་མི་དྲན་པར་འཇོག་པར་འགྱུར་བ་མ་ཡིན་ནོ། །འདིའི་དཔེའི་སྐབས་སུ་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་ཞེས་དང་། དོན་གྱི་སྐབས་སུ་རེག་པ་འབའ་ཞིག་མངོན་དགའ་ཞིང་ཞེས་པ་གཉིས་ཚིག་ཕྱི་མ་དང་སྦྲེལ་དགོས་ཀྱི་ཚིག་ཟིན་ལྟར་མིན་ནོ། །ཡང་དཔེར་ན་རྒྱ་མཚོ་ནས་རིན་པོ་ཆེ་བླངས་ཏེ་ཁེ་དོན་དུ་གཉེར་བའི་ཚོང་པ་ནི་ཚོང་ཟོང་གི་རྒྱུས་རིན་ཐང་ཤེས་པར་བྱ་བའི་ཕྱིར་དུ་བར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྲོང་གང་ཡིན་པ་དེ་དང་དེར་འགྲོ་ཞིང་། དེ་དང་དེར་ཡང་རྒྱུན་ཏུ་མི་གནས་ལ་རིན་པོ་ཆེའི་གླིང་དུའང་རྒྱུན་དུ་མི་གནས་སོ། །ཁེ་ཚོང་རིག་པ་དེ་ནི་རང་གི་ཁྱིམ་དུ་ཡང་རྒྱུན་དུ་མི་གནས་ཤིང་ལམ་གྱི་བྱ་བ་ལ་མཁས་པར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་བློ་གསལ་བ་དེ་ཉན་རང་རྣམས་ཀྱི་ཤེས་པ་དང་རྣམ་པར་གྲོལ་བའི་ཚུལ་ཀུན་ལ་མཁས་ཀྱང་། དེ་དག་ལ་མི་གནས་ཤིང་ད་དུང་སངས་རྒྱས་ཀྱི་ཡེ་ཤེས་ལ་གནས་པ་ཡང་མ་ཡིན་ལ། འདུས་མ་བྱས་ཡང་དག་པའི་མཐའ་ལ་ཞི་བ་དེས་ཐུགས་འཕྲོག་པའི་སྒོ་ནས་མི་གནས་པར་ཐེག་པ་གསུམ་གྱི་ལམ་གྱི་ཚུལ་ཤེས་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡང་དག་མཐའ་མངོན་དུ་བྱེད་མི་བྱེད་བརྩི་བ་ནི་འདི་ཡིན་ནོ། །དུས་གང་གི་ཚེ་འགྲོ་བ་ཀུན་ལ་བྱམས་པའི་སེམས་རྗེས་སུ་འབྲེལ་བར་བྱས་ནས། ཏིང་ངེ་འཛིན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སྤྱོད་པའི་བྱང་སེམས་མཁས་པས་ནི་ཐ་སྙད་དུ་སེམས་ཅན་གྱི་དོན་བྱ་ཡང་། རིགས་པས་དཔྱད་པའི་ཚེ་སེམས་ཅན་དེ་དག་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེའམ། འདུས་བྱས་ཡིན་པར་གདགས་ནུས་པ་དེ་ནི་གནས་མེད་དེ། དཔྱད་པའི་རིག་ཤེས་ཀྱི་ངོ་བོར་སེམས་ཅན་མི་རྙེད་པའི་ཕྱིར་རོ། །འོན་ཀྱང་དཔེར་ན་སྒྱུ་མ་མཁན་གྱི་རྡེའུ་ཤིང་ལྟ་བུ་མིའི་གཟུགས་སུ་སྤྲུལ་པའི་ལུས་ནི་ཐ་སྙད་དུ་མི་སྣང་བར་མ་ཡིན་ཞིང་སྣང་ངོ་། །སྣང་བ་དེ་ནི་མིང་གིས་ཀྱང་ནི་ཐ་སྙད་དུ་དེ་དང་དེར་གདགས་པར་ནུས་པ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོ་གསུམ་ལ་སྤྱོད་པ་དེ་ནི་སྤྲོས་བྲལ་གྱི་སྤྱོད་ཚུལ་ཡིན་པས་གཞན་གྱིས་ཇི་ལྟ་བ་བཞིན་ངེས་དཀའ་ཡང་། དེ་ནི་མིང་གིས་ཀྱང་ནི་ཐ་སྙད་དུ་གདགས་པར་ནུས་པ་ཡིན་ནོ། །གལ་ཏེ་གཞན་གྱིས་རྒྱལ་བའི་སྲས་ཀྱི་སྤྱོད་པ་དང་དབང་པོ་སོགས་ཀྱི་ཆོས་ཡོངས་སུ་དྲིས་པ་ལ། ལན་དུ་ཆོས་གཞན་བསྟན་ནས་བྱང་ཆུབ་སེམས་དཔའི་ཆོས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་ཡོངས་སུ་མི་སྟོན་ཅིང་། ཕྱིར་མི་ལྡོག་པའི་སའི་ཆོས་ཁྱད་པར་ཅན་རྣམས་སྦས་ནས་མི་འཆད་པ་དེ་ནི། རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ཡིན་པར་རིག་པ་སྟེ་ཤེས་པར་བྱའོ། །འདི་དག་གིས་ཐབས་མཁས་ཀྱི་སྦྱོར་བ་བཅུ་བསྟན་ཏེ། འདི་ནི་རྒྱན་ལས། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་སོགས་ཀྱིས་འཆད་པར་མཛད་དོ།། །།དེ་ནས་སྐབས་ལྔ་པས་རྩེ་སྦྱོར་གྱི་རྟགས་རྣམས་འཆད་པ་ལ། ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ཡང་འདིར་དྲོད་རྩེ་སྦྱོར་གྱི་རྟགས་བཅུ་གཉིས་ནི། དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཞེས་སོགས་ཚིགས་བཅད་བཅྭོ་བརྒྱད་ཀྱིས་སྟོན་ཏེ། ཉན་ཐོས་དགྲ་བཅོམ་པའི་ས་ལ་གནས་པ་དང་རྐྱེན་གྱི་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ཁམས་གསུམ་གྱི་འདོད་པའི་ཡོན་ཏན་དག་ལ་ནི། དངོས་སུ་དོན་གཉེར་བྱེད་པ་ལྟ་ཅི་རྨི་ལམ་ན་ཡང་མི་འདོད་ཅིང་དངོས་དང་རྨི་ལམ་ཅི་རིགས་པར། །སངས་རྒྱས་རྣམས་མཐོང་ཞིང་འགྲོ་བ་མང་པོ་ལ་དམ་པའི་ཆོས་ཀྱང་སྟོན་པར་བྱེད་པའི་བྱང་སེམས་དེ་ནི། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །དེའི་རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་དུ་གནས་པ་མཐོང་སྟེ། སྙིང་རྗེ་ཆེན་པོས་སྐད་ཅིག་དེ་ཉིད་ལ་ངན་སོང་གི་རྒྱུན་གཅོད་པའི་སྨོན་ལམ་འདེབས་སོ། །སྨོན་ལམ་བཏབ་པའི་ཚེ་བདེན་པའི་བྱིན་གྱི་རླབས་ཀྱིས་ངན་སོང་གི་མེ་ཡི་ཕུང་པོ་ཞི་བར་འགྱུར་ཏེ། རྨི་ལྟས་དེ་ནི་བྱང་སེམས་དེ་ཉིད་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །མི་ཡི་འཇིག་རྟེན་ན་ཡང་སེམས་ཅན་གང་དག་འབྱུང་པོ་མི་མ་ཡིན་གྱི་གདོན་དང་འབྱུང་བ་འཁྲུགས་པའི་ནད་མང་བ་མཐོང་ནས། དེ་དག་ལ་ཕན་པ་དང་སྙིང་བརྩེར་ལྡན་པའི་སེམས་ཀྱིས་གདོན་དང་ནད་དེ་དག་ཞི་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལྟར་སྨོན་ལམ་བཏབ་པའི་བདེན་པའི་བྱིན་རླབས་ཀྱིས་གདོན་དང་ནད་དེ་དག་ཞི་བར་འགྱུར་བ་ཡོད་དོ། །འོན་ཀྱང་གདོན་དང་ནད་ཞི་བར་གྱུར་པ་དེ་ལ་བདེན་ཞེན་གྱིས་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་བ་མེད་པ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །ཅི་སྟེ་བྱང་སེམས་དེ་ནི་བདག་གི་སྨོན་ལམ་བཏབ་པའི་བདེན་པའི་བྱིན་རླབས་ནད་ཞི་བ་སོགས་སྣ་ཚོགས་པ་དག་འདི་ལྟ་བུ་འགྲུབ་ཅིང་འབྱོར་བས་ན། བདག་ནི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་སྙམ་དུ་བདེན་ཞེན་གྱིས་རློམ་སེམས་འབྱུང་བའམ། གལ་ཏེ་བྱང་སེམས་གཞན་གྱི་ལུང་བསྟན་ལ་སྨོད་པའི་རློམ་སེམས་མི་བྱ་སྟེ། དེ་ལྟ་བུའི་རློམ་སེམས་ལ་གནས་པ་དེ་ནི་བློ་ཆུང་བ་དང་བློ་དམན་པ་ཡིན་པར་ཤེས་པར་བྱའོ། །རང་གཞན་གྱི་མིང་བརྗོད་པའི་གཞི་ལས་བདུད་ནི་ཉེ་བར་འོངས་པར་གྱུར་ནས་འདི་སྐད་ཅེས་སྨྲས་ཏེ། མིང་འདི་ནི་སྔོན་ཁྱོད་ཀྱི་མིང་དང་འདི་ནི་ཁྱོད་ཀྱི་ཕ་དང་མ་དང་མེས་པོ་དང་ཡང་མེས་དང་བུ་དང་ཚ་བོ་ལ་སོགས་བདུན་རྒྱུད་གྱིི་བར་གྱི་མིང་ཡིན་ཞིང་། མ་འོངས་པའི་དུས་གང་གི་ཚེ་ཁྱོད་སངས་རྒྱས་སུ་འགྱུར་བའི་སངས་རྒྱས་ཀྱི་མིང་ནི་འདི་ཡིན་ལ། ད་ལྟ་དང་ཕྱིས་ཁྱོད་སྦྱངས་པའི་ཡོན་ཏན་དང་སྡོམ་པ་དང་རྣལ་འབྱོར་ལྡན་པ་ཅི་འདྲ་བ་འབྱུང་བར་འགྱུར་ལ། ཁྱོད་སྔོན་གྱི་ཚེ་ཡོན་ཏན་ཚུལ་ཡང་འདི་དང་འདྲའོ་ཞེས་བརྗོད་དེ། དེ་སྐད་བརྗོད་པ་གང་ཐོས་པ་ན་མིང་ལ་བརྟེན་པའི་ང་རྒྱལ་དང་བདེན་ཞེན་གྱིས་རློམ་སེམས་བྱེད་པའི་བྱང་སེམས་དེ་ནི། བདུད་ཀྱི་བྱིན་རླབས་ཀྱིས་སེམས་ཡོངས་སུ་བསླང་ཞིང་བློ་ཆུང་ངམ་བློ་དམན་དུ་རིག་པར་བྱའོ། །ལྗོན་ཤིང་སོགས་ཀྱིས་རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་དང་རི་སུལ་དང་འབྲོག་དགོན་པ་དང་། མིས་དབེན་པའི་ནགས་ཁྲོད་རབ་ཏུ་སྟེན་པར་བྱེད་ཅིང་བདག་དབེན་པར་གནས་ཀྱིས། བྱང་སེམས་གཞན་དབེན་པར་མི་གནས་སོ་ཞེས་བདག་བསྟོད་ཅིང་གཞན་ལ་སྨོད་པའི་བྱང་སེམས་ནི། བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་བར་རིག་པར་བྱའོ། །འོ་ན་ཇི་ལྟར་གནས་ན་དབེན་པར་གནས་པ་ཡིན་ཞེ་ན། དུས་རྟག་ཏུ་གྲོང་དང་ཡུལ་འཁོར་དང་གྲོང་རྡལ་དུ་གནས་པར་བྱེད་ཅིང་། སེམས་ཅན་སྨིན་པར་བྱེད་པ་དང་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་ལ་བརྩོན་པ་མ་གཏོགས་པར་དེ་ནི་ཉན་རང་དགྲ་བཅོམ་གྱི་ཐེག་པ་འདོད་པ་གཞར་ཏེ་ནམ་ཡང་མི་སྐྱེད་ན། འདི་ནི་བདེ་བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའི་དབེན་པར་གསུངས་ཏེ། བྱང་ཆུབ་སེམས་དཔའི་ནང་གི་དབེན་པའི་མཆོག་ནི་རང་དོན་ཡིད་བྱེད་ཀྱི་བསམ་པ་དང་ཉན་རང་གི་བྱང་ཆུབ་དོན་གཉེར་གྱི་བསམ་པ་སྡོམ་པ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཕྱིའི་ལུས་ནི་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཆེན་པོའི་ས་སུལ་དུ་སྦྲུལ་གྱིས་གང་བའི་རི་དེར་རང་གཅིག་པུར་ལོ་མང་པོ་བྱེ་བའི་བར་དུ་གནས་པར་བྱེད་ཀྱང་། ནང་གི་སེམས་ཉན་རང་ཡིད་བྱེད་དང་བྲལ་བའི་དབེན་པ་བཤད་པ་འདི་མི་ཤེས་པའི་བྱང་སེམས་དེ། ལུས་དབེན་པར་གནས་པ་ཙམ་གྱིས་ལྷག་པའི་ང་རྒྱལ་རྙེད་ནས་ནང་གི་ཉན་རང་ཡིད་བྱེད་དང་འདྲེས་ནས་བྱང་སེམས་ཀྱི་དབེན་པར་གནས་པ་མ་ཡིན་གྱི་འདྲེས་པར་གནས་པ་ཡིན་ནོ། །དེས་ང་རྒྱལ་གྱིས་འདི་སྐད་དུ་ང་དབེན་པར་གནས་ཀྱི་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་བརྩོན་པ་བསམ་གཏན་དང་སྟོབས་དང་དབང་པོ་ལྔ་དང་རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ཐོབ་པ་གྲོང་དུ་གནས་པ་དེ་ལ། བྱང་སེམས་འདི་ནི་དགོན་པའི་དབེན་པར་སྤྱོད་པ་མ་ཡིན་སྙམ་དུ་བརྙས་སྨོད་བྱེད་པ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ལ་གནས་ཞེས་རྒྱལ་བས་གསུངས་སོ། །དེ་བས་ན་བྱང་སེམས་གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་སྟེ་ཉན་རང་གི་ཐེག་པ་གཉིས་དོན་གཉེར་གྱི་སེམས་དང་བྲལ་ཞིང་། སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་ཡིད་རྩེ་གཅིག་ཏུ་ངེས་ན་འདི་ནི་འགྲོ་དོན་ལ་ཞུགས་པའི་བྱང་སེམས་རྣམས་ཀྱི་ནང་གི་དབེན་པ་མཆོག་ཡིན་ཏེ། བྱང་སེམས་གང་ལ་དབེན་པ་འདི་མེད་པར་རིའི་སུལ་ཙམ་ལ་གནས་ཏེ་ང་རྒྱལ་གྱི་དྲོད་སྙམ་བྱེད་པ་དེ་ནི་བདག་ཉིད་ཉམས་པར་བྱེད་པའོ། །རྒྱུ་མཚན་དེ་ལྟ་བས་ན་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་ཚོལ་བའི་བསམ་པ་ཤུགས་དྲག་པོ་དང་ལྡན་པའི་མཁས་པས་ང་རྒྱལ་ངེས་པར་བཅོམ་སྟེ། དཔེར་ན་ནད་པའི་ཚོགས་ཀྱིས་རང་གི་ནད་གསོ་བའི་ཕྱིར་དུ་སྨན་པ་བསྟེན་པ་ལྟར། བྱང་སེམས་ཀྱིས་གཡེལ་བ་མེད་པར་ཤེར་ཕྱིན་འདི་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་སེམས་དག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན་པར་བྱ་སྟེ། ཕྱིན་དྲུག་དེ་དག་རྗེས་སུ་སྟོན་པར་བྱེད་པ་འདི་ནི་བསྒྲུབ་པའི་གནས་སམ་ས་ཡིན་ནོ། །དེ་ལྟར་ཕྱི་ནང་རྒྱུ་རྐྱེན་རྣམ་པ་གཉིས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་རྟོགས་པ་ཐོབ་པར་འགྱུར་རོ། །རྒྱལ་བ་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ཕྱོགས་བཅུ་ན་ད་ལྟ་གང་བཞུགས་པ་ཀུན་གྱི་བགྲོད་པའི་ལམ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཤེར་ཕྱིན་འདི་ཡིན་གྱི་འདི་དག་མེད་པའི་གཞན་མ་ཡིན་ནོ། །ཤེར་ཕྱིན་འདི་ནི་བྱང་ཆུབ་མཆོག་ལ་ཞུགས་ཤིང་དོན་དུ་གཉེར་བ་རྣམས་ཀྱི་ལམ་གསལ་བྱེད་དང་སྒྲོན་མ་དང་སྣང་བྱེད་དང་སྟོན་པ་མཆོག་ལྟ་བུ་ཡིན་ཞེས་བཤད་དོ། །ཇི་ལྟར་ཤེར་ཕྱིན་ཉིད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ཞིང་སྒྱུ་མ་ལྟ་བུ་ཡིན་པ་དེ་བཞིན་དུ་ཆོས་འདི་ཐམས་ཅད་ཀྱང་མཚན་ཉིད་དེ་དང་འདྲ་བར་ཤེས་ཤིང་། ཆོས་རྣམས་ནི་རང་གི་ངོ་བོས་གྲུབ་པས་སྟོང་ཞིང་བདེན་པའི་མཚན་མ་མེད་པར་རབ་ཏུ་ཤེས་ན་ཉིད་དེ་ལྟར་སྤྱོད་པ་དེ་ཤེར་ཕྱིན་ལ་སྤྱོོད་པ་ཡིན་ནོ། །སེམས་ཅན་སོ་སྐྱེ་རྣམས་ཀྱིས་ནི་བདེན་ཞེན་གྱིས་ཡུལ་ལ་ཡོངས་སུ་རྟོག་ཅིང་དཔྱོད་པས་ཁམས་ཀྱི་ཟས་སོགས་ལ་འདུན་ཅིང་ཆགས་པས་འདོད་པར་བྱེད་ཅིང་། ངའོ་སྙམ་དུ་བདག་དང་ང་ཡིའོ་སྙམ་དུ་བདག་གིར་འཛིན་པས་འཁོར་བར་ཆགས་པའི་ཡིད་དང་ལྡན་པ་རྣམས་ནི་རྟག་ཏུ་འཁོར་བར་འཁོར་རོ། །བདག་དང་བདག་གི་བའི་ཆོས་རྣམས་གཉིས་ནི་ཡང་དག་པར་གྲུབ་པ་མིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དེ་ལྟ་ནའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་བདེན་སྟོང་གི་ནམ་མཁའ་སྟོང་པ་ལ་ཕྱིན་ཅི་ལོག་གི་བློ་བདེན་ཞེན་གྱི་མདུད་པ་བོར་སྟེ་བཅོམ་ནས་འཆིང་བར་བྱེད་དོ། །ཡང་དཔེར་ན་སྔོན་གྱི་དུས་ཞིག་ཏུ་བྱི་བ་དུག་ཅན་གྱིས་སོ་བཏབ་པ་ན་དུག་ཞུགས་ཀྱང་དེ་མ་ཤེས་ལ། ཕྱིས་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ་ན་དེའི་ཚེ་དུག་དེ་ཁོང་དུ་སོང་བར་མེད་ཀྱང་དྲན་པ་བརྒྱལ་བར་འགྱུར་རོ། །དཔེ་དེ་བཞིན་དུ་བྱིས་པ་སོ་སྐྱེ་བདག་དང་བདག་གིས་བདེན་ཞེན་གྱིས་ཁས་ལེན་པའི་ཚེ་བདག་གོ་ཞེས་བདག་དེར་འདུ་ཤེས་པའི་ངར་འཛིན་གྱི་བློ་དང་ང་ཡིར་འཛིན་པའི་བློ་ཡང་བདག་མིན་པའི་རྟོག་པས་འཁོར་བར་སྐྱེ་ཞིང་འཇིག་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བདག་དང་བདག་གིར་འཛིན་པ་དེ་ལྟ་དེ་ལྟར་ལས་བསགས་ནས་དེའི་དབང་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་འཁོར་བར་འཁོར་བར་བསྟན་ཅིང་། བདག་དང་བདག་གི་བའི་ཆོས་རྣམས་རང་བཞིན་གྱིས་མི་དམིགས་པར་རྟོགས་ནས་བསྒོམས་པས་རྣམ་པར་བྱང་བའི་ཐར་པ་འཐོབ་པར་འགྱུར་བར་གསུངས་སོ། །འདི་ནི་འཁོར་བར་འཁོར་ཚུལ་དང་གྲོལ་ཚུལ་ངེས་དོན་མཐར་ཐུག་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་ཡིན་ཀྱང་ཚུལ་འདི་ལ་ནི་ཐ་སྙད་དུ་ཀུན་རྫོབ་སྒྱུ་མ་ཙམ་མ་གཏོགས། དོན་དམ་པར་སེམས་ཅན་གང་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་ཅིང་རྣམ་པར་དག་པར་འགྱུར་བ་ཡང་མེད་དེ། གང་འཁོར་བ་དང་གྲོལ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཕྱིར་རོ། །ཚུལ་དེ་བཞིན་དུ་བྱང་སེམས་ཀྱིས་རྟོགས་ན་ཤེར་ཕྱིན་རྟོགས་པ་སྟེ་ཐོབ་པ་ཡིན་ནོ། །དེས་དྲོད་རྩེ་སྦྱོར་གྱི་རྟགས་བཤད་ནས། གཉིས་པ་རྩེ་མོའི་རྩེ་སྦྱོར་གྱི་རྟགས་བཅུ་དྲུག་ནི། འཛམ་བུའི་གླིང་ན་སོགས་ཚིགས་བཅད་ཉེར་གཅིག་སྟེ། འཛམ་བུའི་གླིང་འདི་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་མ་ལུས་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་སྟོང་ཕྲག་བྱེ་བ་མང་པོའི་བར་དུ་སྦྱིན་པ་སྦྱིན་པར་བྱས་ལ། སྦྱིན་པ་དེའི་དགེ་བ་ཀུན་ཀྱང་འགྲོ་བའི་དོན་གྱི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་དེ་ནི་ཕན་ཡོན་ཆེ་ཡང་། བྱང་སེམས་གང་ཞིག་སྦྱོར་ལམ་རྩེ་མོའི་རང་བཞིན་གྱི་ཤེར་ཕྱིན་ལ་མངོན་པར་བརྩོན་པའི་རྣལ་འབྱོར་ལ། ཐ་ན་ཉི་མ་གཅིག་ཙམ་ཞིག་རྗེས་སུ་འཐུན་པའི་རྣལ་འབྱོར་བྱེད་ན། དེའི་ཕན་ཡོན་གྱི་བསོད་ནམས་དེ་ལ་བཤད་མ་ཐག་པའི་སྦྱིན་པའི་ཕུང་པོའི་བསོད་ནམས་ཀྱིས་ཆར་ཡང་མི་ཕོད་དོ། །རྒྱུ་མཚན་དེའི་ཕྱིར་གཡེལ་བ་མེད་པར་ཤེར་ཕྱིན་འདི་ལ་འཇུག་པར་བྱའོ། །ཤེར་ཕྱིན་མཆོག་འདི་ལ་སྤྱོད་པའི་རྣལ་འབྱོར་པས་ནི་སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་ཅིང་སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་མེད་དོ། །དེ་ལྟར་བྱེད་པ་དེའི་ཚེ་བྱང་སེམས་མཁས་པ་དེ་འགྲོ་བ་ཀུན་གྱིས་བཀུར་འོས་དང་སྦྱིན་པའི་གནས་སུ་འགྱུར་ཏེ། རྟག་ཏུ་ཡུལ་འཁོར་གྲོང་སོགས་ཀྱི་བསོད་སྙོམས་ལ་སྤྱོད་ཀྱང་དོན་ཡོད་པར་ཡོངས་སུ་སྤྱོད་པའོ། །བྱང་སེམས་གང་ཞིག་འཁོར་བ་འདིར་ལས་ཉོན་གྱིས་ཡུན་རིང་པོ་ནས་བཅིངས་པ་སྟེ་འབྲེལ་བའི་ལྷ་མི་དང་། ངན་སོང་གསུམ་གྱི་སེམས་ཅན་རྣམས་དེ་ལས་དགྲོལ་བའི་ཕྱིར་དུ་ཐེག་པ་ཆེན་པོའི་ལམ་ཡངས་ཤིང་རྒྱ་ཆེ་བ་འཁོར་བའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་འདི། སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཉིན་མཚན་ཀུན་ཏུ་ཤེར་ཕྱིན་ལ་བརྩོན་པར་བྱའོ། །དཔེར་ན་མི་ཞིག་གིས་སྔོན་ཆད་མ་རྙེད་པའི་རིན་ཆེན་མཆོག་ནི་དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་དགའ་ཞིང་ཡོད་པ་ལས། རྙེད་མ་ཐག་ཏུ་བག་མེད་པར་གྱུར་ཏེ་མ་བསྲུངས་བས་རིན་པོ་ཆེ་དེ་སྟོར་ན་ནི། དེ་སྟོར་བས་རིན་པོ་ཆེ་མངོན་པར་འདོད་ནས་རྟག་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ལྟར་བྱང་ཆུབ་མཆོག་ལ་ཞུགས་པའི་ཚེ་རིན་པོ་ཆེ་ལྟ་བུའི་ཤེར་ཕྱིན་འདི་ལ་རྣལ་འབྱོར་འདོར་མི་བྱ་ཞིང་། དོར་ན་འཁོར་བར་སྡུག་བསྔལ་བར་འགྱུར་རོ། །དཔེར་ན་རིན་པོ་ཆེ་རྙེད་ནས་བླངས་ཏེ་རབ་ཏུ་བརྩོན་པས་དཀྲིས་ཤིང་བསྲུངས་པའི་སྒོ་ནས་མཆོད་ན། མི་དེ་མྱུར་དུ་འབྱོར་ལྡན་དུ་འགྲོ་བ་བཞིན་དུ་རྣལ་འབྱོར་པ་རང་ཉིད་ལམ་འདི་དང་མ་བྲལ་ན་མྱུར་དུ་ཞི་བ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །དཔེར་ན་ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་གྱི་དྲ་བ་ཅན་ནི་མུན་ནག་འཐིབ་པོའི་མུན་པ་ཐམས་ཅད་འཇོམས་ཤིང་འཆར་བའི་འོད་ཀྱིས། སྲིན་བུ་མེ་ཁྱེར་དང་སྲོག་ཆགས་འབྱུང་པོ་འགྲོ་བ་གཞན་ཐམས་ཅད་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པར་བྱེད་དོ། །དཔེ་དེ་བཞིན་དུ་བྱང་སེམས་ཤེར་ཕྱིར་མཆོག་ལ་སྤྱོད་ཅིང་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སྤྱོད་པའི་མཁས་པས་ནི། འཇིག་རྟེན་ལྟ་བའི་འཐིབ་པོ་ངན་པ་ཀུན་བཅོམ་ནས་འགྲོ་བ་གཞན་ཀུན་དང་ཉན་རང་དགྲ་བཅོམ་དང་བྱང་ཆུབ་སེམས་དཔའ་གཞན་མང་པོ་ཡང་ཟིལ་གྱིས་གནོན་པར་བྱེད་དོ། །དཔེར་ན་རྒྱལ་པོའི་བུ་ཞིག་མི་གཞན་ལ་རྒྱུ་ནོར་གཏོང་ཞིང་སྦྱིན་པས་ཕན་པའི་དོན་འདོད་པ་དེ་ནི། གཞན་ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་བསྟེན་ཏེ་འགྲོ་བའི་བྱ་དང་བཅས་པར་འོས་སོ། །རྒྱལ་པོའི་བུ་འདི་ནི་རྒྱལ་སར་མ་བསྐོས་ཀྱང་ད་ལྟ་ན་ཡང་སེམས་ཅན་མང་པོ་དགའ་བར་བྱེད་ནུས་ན། ནམ་ཞིག་རྒྱལ་པོའི་སྲིད་ཐབས་ཐོབ་ནས་རྒྱལ་སྲིད་ལ་གནས་པར་གྱུར་པའི་ཚེ་ན་གཞན་མང་པོ་དགའ་བར་བྱེད་ནུས་པ་སྨོས་ཅི་དགོས་སོ། །དཔེ་དེ་ལྟར་ཤེར་ཕྱིན་ལ་སྤྱོད་མཁས་པའི་བྱང་སེམས་ཡང་གཞན་ལ་ཆོས་ཀྱི་བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་ལ་ཕན་འདོགས་ཤིང་དགའ་བར་བྱེད་དོ། །བྱང་སེམས་འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་པོ་ལ་ཕན་པར་བརྩོན་ན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་གནས་པར་གྱུར་ན་ཕན་འདོགས་པ་སྨོས་ཅི་དགོས་སོ། །བྱང་སེམས་ཀྱིས་གཞན་ལ་ཆོས་ཀྱིས་ཕན་འདོགས་པ་དེའི་ཚེ་ན་བདུད་སྡིག་ཅན་ནི་མ་དགའ་བས་སྙིང་ལ་སྡུག་བསྔལ་གྱི་ཟུག་རྔུ་ལྡན་པར་འགྱུར་ཞིང་། མྱ་ངན་བྱེད་ཅིང་ཉམ་ཐག་པའི་ཚིག་སྨྲ་བ་དང་སྡུག་བསྔལ་གྱིས་ཡིད་མི་བདེ་ཞིང་ལུས་ཉམ་ཆུང་བར་གྱུར་ཏེ། ཇི་ལྟར་བྱས་ན་བྱང་སེམས་འདིའི་ཡིད་ཆོས་ལ་ཐེ་ཚོམ་དང་སོམ་ཉི་ནེ་ནུར་དུ་འགྱུར་ཞེས་བསམས་ཤིང་། བྱང་སེམས་དེ་ལ་འཇིགས་པ་བསྟན་པའི་ཕྱིར་དུ་ཕྱོགས་རྣམས་མེས་སྲེག་པར་བྱེད་ཅིང་སྐར་མདའ་གཏོང་ངོ་། །འོན་ཀྱང་དུས་གང་གི་ཚེ་བྱང་སེམས་མཁས་པ་དེ་དག་བྱམས་སྙིང་རྗེའི་བསམ་ཤུགས་རབ་ཏུ་དྲག་པོ་དང་ལྡན་ཞིང་། ཉིན་མཚན་ཀུན་ཏུ་ཤེར་ཕྱིན་མཆོག་གི་དོན་ལ་ལྟ་ཞིང་སྒོམ་པ་དེའི་ཚེ། ལུས་དང་སེམས་དག་ནི་ནམ་མཁའ་ལ་འགྲོ་བའི་བྱ་ལྟར་སྟོང་པ་ཉིད་དུ་ཞུགས་ཤིང་རྒྱུ་བའི་བྱང་སེམས་ལ་ནི། ནག་པོའི་རྩ་ལག་བདུད་འཁོར་དང་བཅས་པ་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དུས་གང་གི་ཚེ་བྱང་སེམས་འགའ་ཞིག་འཐབ་པ་དང་རྩོད་པར་གྱུར་ཅིང་ཕན་ཚུན་མི་མཐུན་པར་ཁྲོས་པའི་སེམས་དང་ལྡན་པར་གྱུར་པ་དེའི་ཚེ། བདུད་འཁོར་བཅས་ནི་མཆོག་ཏུ་དགའ་ཞིང་ཉམས་བདེ་བར་འགྱུར་ཏེ། དེ་འདི་སྙམ་དུ་བྱང་སེམས་དེ་གཉིས་ཀ་རྒྱལ་བའི་ཡེ་ཤེས་ལས་རིང་དུ་འགྱུར་སྙམ་ཞིང་། དེ་གཉིས་ཀ་སངས་རྒྱས་ཐོབ་པ་ལ་རྒྱང་རིང་དུ་འགྱུར་ཞིང་ཤ་ཟ་དང་འདྲ་བར་འགྱུར་རོ་སྙམ་མོ། །འདི་གཉིས་ཀ་རང་གི་དམ་བཅས་པ་ལས་ཉམས་པར་བྱེད་པར་འགྱུར་ཞིང་། ཞེ་སྡང་ཆེ་ཞིང་བཟོད་པ་དང་བྲལ་བ་ལ་ནི་སངས་རྒྱས་ཀྱི་བྱང་ཆུབ་ག་ལ་ཡོད་སྙམ་ནས་དེའི་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར་རོ། །ལུང་བསྟན་མ་ཐོབ་པའི་བྱང་སེམས་སོ་སྐྱེ་གང་ཞིག་གིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་སེམས་ཁྲོས་ནས་རྩོད་པ་རྩོམ་པར་བྱེད་ན། ཐ་བ་ཁོང་ཁྲོའི་སྐྱོན་དང་ལྡན་པའི་སེམས་ཀྱི་སྐད་ཅིག་ཇི་སྙེད་པའི་གྲངས་དེ་སྙེད་གྱི་བསྐལ་པའི་བར་དུ་དམྱལ་བར་གནས་པ་དང་སླར་ཡང་གཞི་ནས་གོ་ཆ་བགོས་ཏེ་ལམ་ལ་སློབ་དགོས་སོ། །དེ་ནི་ཁོང་ཁྲོས་འཚང་མྱུར་དུ་རྒྱ་བའི་ནུས་པ་བཅོམ་ནས་རྒྱང་རིང་དུ་བྱས་པའོ། །བྱང་སེམས་དེས་འདི་སྙམ་དུ་སངས་རྒྱས་ཀྱིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་བྱང་ཆུབ་རེག་པ་སྟེ་ཐོབ་པར་གསུངས་པས། བཟོད་པ་དང་བྲལ་བ་ཁྲོ་བའི་སེམས་འདི་ནི་བཟང་བ་མིན་སྙམ་པའི་དྲན་པ་སྐྱེད་པར་བྱེད་ཅིང་། མ་བཟོད་པའི་ཉེས་པ་སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་མི་བྱེད་པའི་སྡོམ་སེམས་བྱེད་ལ། ཁྲོ་བ་ལ་དགའ་བར་མི་བྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེར་ཕྱིན་འདིར་སློབ་པར་བྱེད་པ་ཡིན་ནོ། །སྤྱིར་དུག་གསུམ་གྱི་ནང་ནས་ཞེ་སྡང་ཉེས་དམིགས་ཆེ་ཞིང་ལྷག་པར་བླ་མ་དང་བྱང་སེམས་སོགས་ཡུལ་ཁྱད་པར་ཅན་ལ་ཁྲོས་པ་ནི་ཉེས་དམིགས་ཤིན་ཏུ་ཆེ་བས་བཟོད་པ་གལ་ཆེ་བའི་དོན་ནོ། །བྱང་སེམས་གང་ཞིག་མི་དམིགས་པར་ཤེར་ཕྱིན་ལ་སློབ་པའི་ཚེ་དོན་དམ་པར་བསླབ་པ་གང་ཡང་ཁས་མི་ལེན་ཏེ། སློབ་པར་བྱེད་པ་པོ་དང་བསླབ་པར་བྱ་བའི་ཆོས་རྣམས་ནི་དོན་དམ་པར་མི་དམིགས་ཤིང་། གང་ལ་བསླབ་པར་བྱ་བ་དང་བསླབ་པར་བྱ་བ་མ་ཡིན་པ་འདི་གཉིས་ཀ་ལ་ནི་བདེན་ཞེན་གྱིས་མི་རྟོག་པ་དེ་ལྟར་གང་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེར་ཕྱིན་འདིར་སློབ་ཚུལ་ཡིན་ནོ། །བྱང་སེམས་གང་ཞིག་དེ་ལྟ་བུའི་བསླབ་པར་བྱ་ཚུལ་འདི་ཤེས་པ་དེ་ནི་དུས་གཞར་ཡང་སྟེ་ནམ་ཡང་བསླབ་པ་ཉམས་ཏེ་ཚུལ་ཁྲིམས་འཆལ་བར་མི་འགྱུར་ལ། བྱང་སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཆེན་པོ་བརྙེས་པར་བྱ་བའི་ཕྱིར་ཤེར་ཕྱིན། འདི་ལ་སློབ་ཅིང་། དེ་ནི་བསླབ་པ་ལ་ལྷག་པར་བསླབ་པར་བྱ་བ་ལ་མཁས་ཏེ་བདེན་ཞེན་གྱིས་དམིགས་པ་མེད་དོ། །མཁས་པ་ཡེ་ཤེས་ཀྱི་འོད་འཕྲོ་བར་བྱེད་པ་རྣམས་ཀྱིས་ཤེས་རབ་ལ་དེ་ལྟར་སློབ་པར་བྱེད་ཅིང་དེའི་མཐུས་དགེ་བའི་ཕྱོགས་མ་ཡིན་པ་མི་དགེ་བའི་སེམས་གཅིག་ཙམ་ཡང་སྐྱེད་པར་མི་བྱེད་དོ། །དེ་ནི་དཔེར་ན་ཉི་མ་ནམ་མཁའ་ལ་འགྲོ་བའི་འོད་ཟེར་གྱིས་ཟིལ་གྱིས་གནོན་པའི་མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་པ་བཞིན་དུའོ། །ཤེར་ཕྱིན་ལ་ལེགས་པར་བསླབ་པར་བྱས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཀྱང་ཤེར་ཕྱིན་འདིར་ནི་བྱེད་ལས་ཀྱི་སྒོ་ནས་འདུས་པར་འགྱུར་ཞིང་། འཇིག་ཚོགས་ལ་ལྟ་བར་ནི་རྩ་བའི་དབང་དུ་བྱས་ན་ལྟ་བ་གཞན་རྣམས་ནི་དེ་ལས་བྱུང་བས། མདོ་སྡེ་ཚངས་པའི་དྲ་བ་ནས་འབྱུང་བའི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་འཇིག་ལྟའི་འཁོར་དུ་འདུས་པར་འགྱུར་བ་བཞིན་དང་། འཇིག་ལྟ་འགགས་ན་ལྟ་ངན་གཞན་འགག་པ་ནི། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགགས་པ་འགྱུར་བ་བཞིན་ནོ། །དེ་ལྟར་ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་མཁས་པ་མཆོག་རྣམས་ཀྱི་ཕར་ཕྱིན་གཞན་ཐམས་ཅད་ཀྱང་ཤེར་ཕྱིན་འདིར་བྱེད་ལས་ཀྱི་སྒོ་ནས་འདུས་པར་གསུངས་སོ། །གསུམ་པ་བཟོད་པ་རྩེ་སྦྱོར་ནི། བྱང་ཆུབ་སེམས་མཁས་སོགས་ཚིགས་བཅད་གཅིག་སྟེ། བྱང་སེམས་མཁས་པ་ནི་ཉན་ཐོས་གང་དག་དང་དེ་བཞིན་དུ་རང་རྒྱལ་གྱི་ཡོན་ཏན་ཀུན་ལ་ཤེས་མཐོང་གིས་ལྟ་བ་ལ་སློབ་པར་བྱེད་ཅིང་། ཉན་རང་གི་ཡོན་ཏན་དེ་དག་ལ་མི་གནས་པ་དང་ཐོབ་པའི་འདོད་པ་མི་སྐྱེད་དེ། ཉན་རང་གི་ཡོན་ཏན་འདི་དག་གིས་མངོན་དུ་བྱ་བ་མ་ཡིན་ཀྱང་བསླབ་བྱ་ཡིན་སྙམ་སྟེ་དེའི་ཕྱིར་སློབ་སྙམ་མོ། །བཞི་པ་ཆོས་མཆོག་རྩེ་སྦྱོར་ནི། མི་ལྡོག་བྱང་ཆུབ་སོགས་ཚིགས་བཅད་གཉིས་ཏེ། བྱང་སེམས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་དགེ་བ་དང་སེམས་བསྐྱེད་པ་སོགས་ལ། སུ་ཞིག་བསམ་པ་ཐག་པས་རྗེས་སུ་ཡི་རང་བ་བྱས་ན་དེ་ལྟར་ཡི་རང་བའི་བསོད་ནམས་ནི་ཤིན་ཏུ་ཆེ་སྟེ། དཔེར་ན་སྟོང་གསུམ་འདི་ནི་རིའི་རྒྱལ་པོ་རི་རབ་ཇི་སྙེད་པ་ཐམས་ཅད་བསྡོམས་ནས་སྲང་ལ་གཞལ་བར་བྱས་ན། སྲང་ཚད་འདི་ཙམ་ཞིག་སྣང་ངོ་ཞེས་ཚད་གཟུང་དུ་རུང་གི་རྗེས་སུ་ཡི་རང་བའི་དགེ་བ་དེ་ནི་དེ་ལྟར་ཚད་གཟུང་བར་ནུས་པ་མིན་ཏེ་ཚད་མེད་དོ། །བྱང་སེམས་དེ་རྣམས་ཀྱི་དགེ་བ་ཀུན་ལ་རྗེས་སུ་ཡི་རང་ན་དགེ་བ་དོན་གཉེར་ཅན་རྣམས་དང་། གཞན་ལ་ཕན་འདོད་པའི་བྱང་སེམས་སོགས་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བར་བྱས་པར་འགྱུར་ཏེ་ཕན་ཡོན་ཤིན་ཏུ་ཆེའོ། །ཡུམ་གསུམ་ན་འདིར་སེམས་དང་པོ་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པ་དང་ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་རྣམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་དུ་བཤད་དོ། །རྒྱུ་མཚན་དེའི་ཕྱིར་ན་བྱང་སེམས་དེ་དག་ནི་རིམ་གྱིས་རྒྱལ་བའི་ཡོན་ཏན་ཐོབ་ཅིང་སངས་རྒྱས་པར་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་དུ་ཆོས་ཀྱི་སྦྱིན་པ་བྱེད་པར་འགྱུར་རོ། །འདི་དག་ནི་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་རྩེ་སྦྱོར་འཆད་པ་ལ་ཐོག་མར་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ནི། ཡུམ་གསུམ་ན་ཚིག་མང་ཡང་འདིར་ནི། བྱང་ཆུབ་སེམས་དཔའ་གང་ཞིག་མི་རྟོག་ཆོས་རྣམས་ཀུན། །ཞེས་སོགས་ཚིགས་བཅད་བཅུ་གཉིས་ཏེ། །བྱང་སེམས་གང་ཞིག་ཆོས་རྣམས་ལ་བདེན་ཞེན་གྱིས་མི་རྟོག་ཅིང་ཆོས་རྣམས་ཀུན་ནི་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རྒྱུ་འབྲས་དོན་དམ་པར་མཚན་མ་མེད་པ་དང་སྤྲོས་པ་མེད་པ་ཡོངས་སུ་ཤེས་པ་དེ་ནི་ཤེར་ཕྱིན་ཡིན་ལ། ཤེས་རབ་ཀྱིས་གཟུང་འཛིན་བདེན་མེད་དུ་རྟོགས་ཏེ་གཟུང་འཛིན་གྱི་རྣམ་པར་རྟོག་པ་གཉིས་ཀྱི་སྒོ་ནས་བྱང་ཆུབ་ཚོལ་བར་མི་བྱེད་དེ། རྣམ་རྟོག་སྤངས་པའི་རྣལ་འབྱོར་བ་དེ་ཤེར་ཕྱིན་མཆོག་ལ་བརྩོན་པ་ཡིན་ནོ། །དཔེར་ན་ནམ་མཁའི་ཁམས་དེ་དང་དེ་ནི་ནམ་མཁའི་ཆ་ཤས་དེར་འགལ་བ་ཡོད་པ་མིན་ཏེ། དེ་གཉིས་ཀའང་དགག་བྱ་ཐོགས་རེག་བཀག་པའི་སྟོང་ཆ་ཡིན་པར་མཚུངས་པས་གང་གིས་ཀྱང་སྟོང་ཆ་དེ་མ་ཐོབ་བོ། །དེ་བཞིན་དུ་ཤེས་རབ་སྤྱོད་མཁས་བྱང་སེམས་ཡང་བདེན་སྟོང་ནམ་མཁའ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ཏེ། རང་གི་ངོ་སྐལ་གྱི་གཟུགས་འཛིན་གྱི་རྣམ་པར་རྟོག་པ་རྣམས་ཉེ་བར་ཞི་བར་སྤྱོད་ཅིང་སྤོང་བའི་ཕྱིར་རོ། །དཔེར་ན་སྐྱེ་བོ་མང་པོའི་དབུས་སུ་སྒྱུ་མའི་སྐྱེས་བུས་རྟ་གླང་སོགས་སྒྱུ་སྣ་ཚོགས་བྱས་ཏེ་སྒྱུ་དེ་དག་གིས་འདི་སྙམ་དུ། ལྟད་མོ་བ་འདི་རྣམས་ནི་མགུ་བར་བྱའོ་སྙམ་དུ་མི་སེམས་ཀྱང་མགུ་བ་དེ་ཡང་བྱེད་ཅིང་། རྡེའུ་དང་ཤིང་བུ་སོགས་ལ་མི་དང་རྟ་གླང་སོགས་རྫུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་པ་མཐོང་ཡང་། སྒྱུ་མའི་སྤྲུལ་པ་དེ་ལ་ནི་མི་རྟ་སོགས་ཀྱི་ལུས་དངོས་མེད་ཅིང་སེམས་མེད་ཀྱང་མེད་ལ། དེ་དག་ལ་ནི་མི་རྟ་སོགས་ཀྱི་མིང་དངོས་གནས་སུ་འཇུག་པ་མེད་ཅིང་ཕྱིས་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པ་མཉམ་གཞག་གི་ཚེ་འདི་སྙམ་དུ་བདག་གིས་བྱང་ཆུབ་རྟོགས་པ་སྟེ་ཐོབ་ནས་འགྲོ་བ་ཡོངས་སུ་དགྲོལ་བར་མི་སེམས་སོ། །བྱང་སེམས་ཀྱི་རྗེས་ཐོབ་ཏུ་ནི་ལྷ་མི་སོགས་ཀྱི་སྐྱེ་བ་སྣ་ཚོགས་དང་བྱ་བ་མང་པོ་དང་སྒྱུ་མ་ལྟ་བུར་སྟོན་ཀྱང་། དེ་ལ་བདེན་ཞེན་གྱིས་རྣམ་པར་མི་རྟོག་ཅིང་འབད་རྩོལ་རགས་པ་དང་བྲལ་བར་སྤྱོད་དོ། །དཔེར་ན་སངས་རྒྱས་ཀྱི་སྤྲུལ་པས་ཆོས་སྟོན་པ་སོགས་ཀྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་ཀྱང་། དེ་ལྟར་བྱེད་པ་དེ་ལ་ང་རྒྱལ་དང་དྲེགས་པ་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ལ་སྤྱོད་མཁས་པའི་བྱང་སེམས་ཀྱིས་ཀྱང་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན་ཀྱང་དྲེགས་པ་མི་སྐྱེའོ། །ཡང་དཔེར་ན་ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་འདྲ་བའི་བཟོ་བྱས་ནས་བྱས་པ་དེས་ཀྱང་མི་རྟོག་པར་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ལ་སྤྱོད་མཁས་པའི་བྱང་སེམས་ཡང་འབད་རྩོལ་རགས་པའི་རྣམ་པར་རྟོག་པ་མེད་པར་ཡེ་ཤེས་ཀྱིས་བྱ་བ་ཐམས་ཅད་བྱེད་དོ། །དེ་ལྟར་སྤྱོད་མཁས་པའི་བྱང་སེམས་རྣམས་ལ་ལྷའི་ཚོགས་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད་དོ། །དེར་མ་ཟད། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙད་ཡོད་པ་ཀུན་གྱིས་ཀྱང་། བྱང་སེམས་དེའི་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དོ། །དཔེར་ན་གདྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པའི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ནི་ཡོངས་སུ་བརྟག་པ་གཟུང་སྟེ་ཐམས་ཅད་བདུད་དུ་གྱུར་ལ། བདུད་དེ་དག་གི་བ་སྤུའི་ཉག་མ་རེ་རེ་ལས་ཀྱང་བདུད་དེ་སྙེད་ཅིག་སྤྲུལ་པར་བྱས་ཀྱང་། དེ་དག་ཀུན་གྱིས་བྱང་སེམས་མཁས་པ་དེ་ལ་བར་ཆད་བྱ་བར་མི་ནུས་སོ། །རྒྱུ་རྣམ་པ་བཞིའི་སྒོ་ནས་བྱང་སེམས་མཁས་པ་དེ་གཞན་གྱིས་མི་ཐུབ་པའི་སྟོབས་དང་ལྡན་པས་བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་པ་ཡིན་ཏེ། བཞི་གང་ཞེ་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་དེ་ལ་གནས་པ་དང་སེམས་ཅན་ཐམས་ཅད་སྙིང་རྗེ་ཡོངས་སུ་མི་གཏོང་བ་དང་སངས་རྒྱས་ཀྱིས་བསླབ་པ་ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཅན་དང་བཞི་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡུམ་ཤེར་ཕྱིན་འདི་འཆད་པའི་ཚེ་བྱང་སེམས་གང་ཞིག་མོས་པ་བྱེད་ཅིང་། བསམ་པ་ཐག་པས་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱེད་ན་བྱང་སེམས་ངེས་པ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པར་རིག་པར་བྱའོ། །བྱང་སེམས་དེ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་ནས་བདེན་ཞེན་གྱིས་གནས་པར་མི་འགྱུར་ཞིང་། དཔེར་ན་བར་སྣང་གི་སྤྲིན་ནི་རྟེན་གཞན་མེད་པར་ནམ་མཁའ་ལ་གནས་དེ་བཞིན་དུ། །སྟོང་ཉིད་ནམ་མཁའ་ལྟ་བུ་ལ་དོན་དམ་པར་གནས་པ་མེད་པའི་ཚུལ་གྱིས་གནས་སོ། །དེ་ལྟར་གནས་ནུས་ཏེ་རིག་སྔགས་འཆང་བ་འགའ་ཞིག་ནི་གནས་པའི་རྟེན་གཞན་མེད་པར། རླུང་གི་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་གནས་པར་འདོད་པ་དེས། སྔགས་ཀྱི་མཐུས་ནམ་མཁའ་ལ་དུས་མ་ཡིན་པར་མེ་ཏོག་དང་ལྡན་ཞིང་། འབྱུང་བར་བྱིན་གྱིས་རློབ་པར་བྱེད་པ་བཞིན་ནོ། །དེ་ལྟར་སྤྱོད་པའི་བྱང་སེམས་མཁས་པ་བློ་གསལ་བ་དེས་རྟོགས་པར་བྱེད་པ་དང་གཟུང་བར་སྒྲོ་བཏགས་པ་ལྟར་མི་དམིགས་ཤིང་། འཇུག་བྱའི་སངས་རྒྱས་ཀྱིས་ཆོས་རྣམས་ཀྱང་བདེན་པར་དམིགས་པར་མི་འགྱུར་རོ། །འཆད་པར་བྱེད་པ་འཛིན་པའི་རྣམ་རྟོག་གིས་སྒྲོ་བཏགས་པ་དང་ཆོས་འདོད་པ་དང་ལྟ་བུར་བྱེད་པའི་རྣམ་རྟོག་གཞན་ཡང་དོན་དམ་པར་མི་དམིགས་སོ། །མདོར་ན་འདིས་ནི་གཟུང་འཛིན་གྱི་ཆོས་གང་ལའང་བདེན་ཞེན་མི་བྱེད་པར་སྟོན་ནོ། །དེ་ལྟར་གནས་པ་འདི་ནི་ཞི་བ་མི་གནས་པའི་མྱང་འདས་འདོད་ཅིང་། སྟོབས་ལ་སོགས་པའི་ཡོན་ཏན་ཐོབ་འདོད་ལ་དགའ་བའི་གནས་ཡིན་ནོ། །འདི་ནི་རྒྱན་ལས། འཇུག་པ་དང་ནི་ལྡོག་པ་ལ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་གྱི་རྒྱུ་གསུམ་དང་མཐོང་ལམ་རྩེ་སྦྱོར་འཆད་པའི་ཡུམ་གསུམ་གྱི་མདོ་མང་ཡང་། འདིར། དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །ཞེས་སོགས་ཚིགས་བཅད་བཅུས་མཐོང་ལམ་རྩེ་སྦྱོར་རྒྱུ་དང་བཅས་པ་སྟོན་ཏེ། བྱང་སེམས་དེ་དགྲ་བཅོམ་པ་རྣམ་པར་ཐར་བ་བརྒྱད་ལ་གནས་པ་དང་དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་པར། བྱང་སེམས་ཀྱི་གནས་པ་འདི་ནི་ཉན་ཐོས་རང་རྒྱལ་དང་བཅས་པའི་གནས་པ་ཞི་བའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་བདེ་བ་དང་ལྡན་པ་ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན་ནོ། །དཔེར་ན་འདབ་ཆགས་བྱ་ནི་ནམ་མཁའ་ལ་འཕུར་ཞིང་གནས་ཀྱང་ས་ལ་ལྟུང་བར་འགྱུར་བ་མ་ཡིན་ཞིང་། ཉ་ནི་ཆུའི་ནང་དུ་གནས་ཀྱང་ཆུས་འཚུབས་ཏེ་འཆི་བ་མེད་པ་དེ་ལྟར། བྱང་ཆུབ་སེམས་དཔའ་བསམ་གཏན་བཞིའི་སྟོབས་དག་གིས་མཐོང་བའི་ལམ་གྱི་ཕ་རོལ་ཏུ་སོན་པ་ནི། སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་དེ་ལ་གནས་ཀྱང་དུས་མ་ཡིན་པར་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་དོ། །དེ་བས་ན་སེམས་ཅན་ཀུན་གྱི་ཡོན་ཏན་གྱི་མཆོག་ཆོས་སྐུར་འགྲོ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཏུ་རྨད་དུ་བྱུང་བ་མཆོག་ལ་རེག་པ་དང་། ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་གཞན་ལ་སྦྱིན་པར་འདོད་པ་དག་གིས་ཕན་མཛད་སངས་རྒྱས་འབྱུང་བའི་གནས་མཆོག་ཤེར་ཕྱིན་འདི་ལ་བསྟེན་པར་གྱིས་ཤིག །མཐོང་བའི་ལམ་གྱི་བསླབ་པ་འདི་ནི་འདྲེན་པ་སངས་རྒྱས་ཀྱིས་བཤད་པའི་བསླབ་པ་ཡོངས་སུ་རྫོགས་པ་བསླབ་པ་འོག་མ་ཇི་སྙེད་ཡོད་པ་ཀུན་གྱི་ནང་ན་མཆོག་དང་གོང་ན་མེད་པ་ཡིན་ནོ། །དེས་ན་མཁས་པ་གང་ཞིག་བསླབ་པ་ཀུན་གྱི་ཕ་རོལ་ཏུ་འགྲོ་བར་འདོད་པ་དེས་ནི། སངས་རྒྱས་ཀྱི་བསླབ་པ་ཟད་མི་སྐྱེ་ཤེས་པའི་ཤེར་ཕྱིན་འདིར་སློབ་བོ། །འདི་ནི་ཆོས་ཀྱི་གཏེར་མཆོག་དང་ཆོས་ཀྱི་མཛོད་དམ་པ་ཡིན་ཞིང་། སངས་རྒྱས་འབྱུང་བའི་རིགས་དམ་པ་ཡིན་ལ་འགྲོ་བའི་བདེ་བ་དང་སྐྱིད་པ་འབྱུང་བའི་མཛོད་ཡིན་ནོ། །རྒྱལ་བ་འདས་པ་དང་མ་བྱོན་པ་དང་ད་ལྟ་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་དེ་དག་རྣམས་ནི། ལམ་འདི་ལས་འཁྲུངས་ཀྱང་ཆོས་ཀྱི་དབྱིངས་དང་མཐོང་བའི་ལམ་ནི་ཟད་པར་མི་འགྱུར་རོ། །དཔེར་ན་འཇིག་རྟེན་གྱི་ཤིང་དང་འབྲས་བུ་དང་མེ་ཏོག་དང་ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ས་ལ་བརྟེན་ཅིང་དེ་ལས་ཡང་དག་འབྱུང་ཞིང་འཐོན་པ་སྟེ་སྐྱེའོ། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད་ལ་ཡོངས་སུ་མི་ཉམས་ཤིང་ས་དེས་ངས་འདི་དག་བསྐྱེད་པར་བྱའོ་སྙམ་དུ་རྣམ་པར་མི་རྟོག་ཅིང་ངལ་ཞིང་དུབ་སྟེ་སྐྱོ་བ་མེད་དོ། །དེ་བཞིན་དུ་སངས་རྒྱས་དང་དེའི་སྲས་བྱང་སེམས་དང་ཉན་ཐོས་དང་རང་རྒྱས་དང་ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་ཡོད་པ་དེ་ཀུན་ཀྱང་ཤེེར་ཕྱིན་མཆོག་ལས་བྱུང་སྟེ། ཤེར་ཕྱིན་ལ་ནི་ནམ་ཡང་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །ཡང་དཔེ་དེ་བཞིན་དུ་འཁོར་བའི་སེམས་ཅན་ཐ་མ་དང་འབྲིང་དང་མཆོག་ཏུ་གྱུར་པ་ཇི་སྙེད་པ་དེ་ཀུན་ནི། རྒྱུ་མ་རིག་པ་དང་ལས་ལས་བྱུང་བར་བདེ་བར་གཤེགས་པས་གསུངས་ཏེ། མ་རིག་པ་ལ་ལས་སོགས་ཀྱི་རྐྱེན་རྣམས་ཚོགས་ནས་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་གྱི་འཁྲུལ་འཁོར་སྒྱུ་མ་ལྟར་རབ་ཏུ་འབྱུང་ངོ་། །དེ་ལྟ་ནའང་མ་རིག་པའི་འཁྲུལ་འཁོར་དེ་ནི་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །ཡང་དཔེ་དེ་བཞིན་དུ་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་རམ་ཚུལ་དང་དེ་ལས་ཡོན་ཏན་གཞན་འབྱུང་བས་སྒོ་དང་། ཡོན་ཏན་གཞན་སྒྲུབ་པའི་ཐབས་དང་རྩ་བའི་གཞི་ཇི་སྙེད་ཡོད་པ་དེ་ཀུན་ཀྱང་། ཤེར་ཕྱིན་མཆོག་བསྒོམས་པ་ལས་བྱུང་སྟེ་སོ་སོའི་རྐྱེན་བཟང་པོ་རྣམས་ཚོགས་ནས་ཡེ་ཤེས་ཤེར་ཕྱིན་གྱི་འཁྲུལ་འཁོར་ཆེན་པོ་རབ་ཏུ་འབྱུང་ཡང་། ཤེར་ཕྱིན་ལ་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །དེ་ལྟར་མཐོང་ལམ་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་པར་བསྒོམས་ནས་རྗེས་ཐོབ་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ཐོད་བརྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་ཡང་བྱང་སེམས་མཐོང་ལམ་པ་གང་ཞིག་མ་རིག་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལ་དོན་དམ་པར་སྐྱེ་བ་མེད་པ་དང་ཟད་པ་མེད་པར་རྟོགས་པའི་ཤེས་རབ་འདི་ཤེས་ཏེ་བསྒོམས་པས། ཉི་མ་སྤྲིིན་མེད་པའི་འོད་ཟེར་གྱི་ཚོགས་འཕྲོ་བས་མུན་པ་བསལ་པ་ལྟར་ཡེ་ཤེས་ཀྱི་མ་རིག་པའི་མུན་པ་འཐིབ་པོ་བཅོམ་ནས་རང་བྱུང་སངས་རྒྱས་འཐོབ་པར་འགྱུར་རོ། །འདི་ནི་རྒྱན་ལས། བྱང་ཆུབ་ལ་གནས་སྟོན་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། མཐུ་ཆེན་ལྡན་པ་ཞེས་སོགས་རྐང་པ་གཅིག་གིས་སྒོམ་ལམ་རྩེ་སྦྱོར་དང་། རྟེན་པར་བྱེད་པ་མ་ཡིན་ཞེས་སོགས་རྐང་པ་གསུམ་གྱིས་བསལ་བྱ་ལོག་རྟོག་དང་། ཤེས་རབ་མཆོག་ཐོབ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བར་ཆད་མེད་པའི་རྩེ་སྦྱོར་རྣམས་བསྡུས་ཏེ་བཤད་པར་འཆད་ཅིང་དེ་ལྟར་ན། མཐོང་ལམ་གྱི་རྗེས་སུ་བྱང་སེམས་སྒོམ་ལམ་པ་མཐུ་ཆེན་ལྡན་པ་ནི་བསམ་གཏན་དང་པོ་སོགས་བསམ་གཏན་བཞི་ལ་སྙོམས་པར་འཇུག་ཅིང་གནས་པར་བྱེད་ལ། ཞེས་པ་ནི་རྒྱན་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་སོགས་ཀྱིས་འཆད་དོ། །དེས་བསམ་བྱ་ལོག་རྟོག་ལ་རྟེན་པར་བྱེད་པ་མ་ཡིན་ཞིང་། གནས་པ་བྱེད་པ་མེད་དོ། །འོན་ཀྱང་བསམ་གཏན་ཡན་ལག་དང་བཅས་པ་བཞི་པོ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་མཆོག་འཐོབ་པར་བྱེད་པའི་རྟེན་དུ་འགྱུར་རོ། །ཞེས་པ་ནི་རྒྱན་ལས། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །ཞེས་སོགས་ཀྱིས་འཆད་དོ། །ཤེས་རབ་མཆོག་ཐོབ་པས་བསམ་གཏན་བཞི་པོ་དེ་དག་ལ་གནས་པའི་བྱང་སེམས་ནི། །གཟུགས་མེད་ཀྱི་ཏིང་ངེ་འཛིན་དམ་པ་བཞི་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། བསམ་གཏན་བཞི་པོ་འདི་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་མཆོག་ཐོབ་པ་ལ་ཕན་ཆེའོ། །དེ་ལྟར་ཡིན་ཀྱང་བྱང་ཆུབ་སེམས་དཔའ་དེ་ཉོན་མོངས་པའི་ཟག་པ་ཙམ་ཟད་པར་བྱ་བའི་ཕྱིར་སློབ་པར་བྱེད་པ་མིན་ཏེ་ཤེས་སྒྲིབ་སྤོང་དགོས་པའི་ཕྱིར་རོ། །དེ་ལྟར་སྒོམ་པ་འདི་ནི་ས་དང་པོ་ལ་སོགས་པའི་ཡོན་ཏན་རྨད་དུ་བྱུང་བ་ཡིན་ཞིང་། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་གནས་ཀྱང་བདེན་ཞེན་གྱིས་མཚན་མར་འཛིན་པ་མེད་དོ། །བསམ་གཏན་བཞི་ལ་གནས་པའི་བྱང་སེམས་འདོད་ཁམས་པ་རྣམས་གལ་ཏེ་ལུས་ནི་ཞིག་པར་གྱུར་ཀྱང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་འདོད་པའི་ཁམས་སུ་སླར་ཡང་སྐྱེ་བ་འཛིན་པར་འགྱུར་ཏེ། འདོད་ཁམས་སུ་གཞན་དོན་རྒྱ་ཆེན་པོ་བྱེད་པ་འོང་གི་ཁམས་གོང་མ་གཉིས་སུ་དེ་ཙམ་མི་འོང་བའི་ཕྱིར་རོ། །འདི་ནི་རྒྱན་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་ནས་བར་ཆད་མེད་པའི་རྩེ་སྦྱོར་བསལ་བྱ་ལོག་སྒྲུབ་དང་བཅས་པ་དང་མཐར་གྱིས་སྦྱོར་བ་སོགས་ཀྱི་སྐབས་ནས་འབྱུང་བའི་ཕྱིན་དྲུག་རྣམས་རྒྱས་པར་སྟོན་པ་ནི། ཡུམ་གསུམ་ན་ཚིག་མང་ཞིང་འདིར་ཡང་། དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི། །ཞེས་སོགས་སྐབས་ལྔ་པའི་མཇུག་གི་བར་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་གི་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི་གྲོང་ཁྱེར་མཆོག་དུ་མ་ཕྱིན་ལ། ཕྱིས་སུ་རྫུ་འཕྲུལ་གྱིས་གྲོང་ཁྱེར་དེར་སོང་སྟེ་ལྷའི་གྲོང་ཁྱེར་དེ་ན་ལོངས་སྤྱོད་ཇི་ལྟར་ཡོངས་སུ་བཟུང་བའི་ཡུལ་དེ་མཐོང་ནས། ཕྱིས་མིའི་ཡུལ་འདིར་འོངས་པར་གྱུར་པ་ན་ཡུལ་འདིའི་ལོངས་སྤྱོད་དམན་པར་མཐོང་ནས་དེ་ལ་ཆགས་པར་མི་བྱེད་པ་ལྟར། དེ་བཞིན་དུ་བྱང་སེམས་རྟོགས་པའི་ཡོན་ཏན་མཐོན་པོ་མཆོག་འཆང་བ་ནི་རྣལ་འབྱོར་དེ་ལ་བརྩོན་ཏེ། །བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ནས་མ་ཆགས་པར་དེ་བཏང་སྟེ་ཕྱིར་ཡང་འདོད་པའི་ཁམས་སུ་སེམས་ཅན་གྱི་དོན་བྱེད་པ་ལ་གནས་ཏེ་བསམ་གཏན་གྱི་བདེ་བ་ཙམ་དང་འདོད་ཡོན་ལ་ཆགས་པ་མེད་དོ། །དཔེར་ན་ཆུའི་པདྨ་འདམ་གྱིས་མ་གོས་པ་བཞིན་དུ་བྱང་སེམས་ཆེན་པོ་འདི་དག་བྱིས་པ་སོ་སོའི་ཆོས་འདོད་པའི་ཡོན་ཏན་ཙམ་ལ་མི་གནས་ཤིང་མི་གོས་ཏེ། བདག་ཉིད་ཆེན་པོ་འདི་དག་འདོད་ཁམས་སུ་གནས་པ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་རྫོགས་པ་དང་སེམས་ཅན་གྱི་དོན་བྱེད་པ་ཁོ་ནར་ཟད་པའི་ཕྱིར་རོ། །བྱང་སེམས་ཆེན་པོ་འདི་དག་ནི་བསམ་བཞིན་དུ་འདོད་གཟུགས་ཀྱི་ཁམས་སུ་སྐྱེ་བ་འཛིན་པ་ཡིན་གྱི་གཟུགས་མེད་ཀྱི་ཁམས་སུ་མིན་ཏེ། བྱང་ཆུབ་ཀྱི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རླབས་ཆེན་ལས་ཉམས་པར་འགྱུར་དུ་འོངས་ཞེས་སྙམ་ནས་གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་བ་མི་བྱེད་པའི་ཕྱིར་ཏེ། གཟུགས་མེད་ན་སྡུག་བསྔལ་ཆེན་པོས་གཟིར་པའི་སེམས་ཅན་མེད་པས་སྙིང་རྗེ་ཆུང་བའི་ཕྱིར་རོ། །དཔེར་ན་མི་ཞིག་གིས་རིན་པོ་ཆེའི་གཏེར་རྣམས་རྙེད་པར་གྱུར་ནས་རང་གཅིག་པུ་ལ་དགོས་པ་མི་ཆེ་བར་མཐོང་སྟེ་དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་པར་གསང་སྟེ་བཞག་ལ། དེས་ཀྱང་ཕྱིས་ཀྱི་དུས་གཞན་ཞིག་གི་ཚེ་ན་རིན་པོ་ཆེ་དེ་དག་ཡོངས་སུ་བླངས་ཤིང་བླངས་ནས་ཁྱིམ་དུ་སོང་སྟེ་ཆགས་པ་མི་བྱེད་པར་གཉེན་སོགས་ལ་བགོ་བར་བྱེད་པ་ལྟར་རོ། །དེ་བཞིན་དུ་བྱང་སེམས་མཁས་པ་དགའ་བ་དང་བདེ་བ་གཞན་ལ་སྦྱིན་ཞིང་བསམ་གཏན་གྱི་ཏིང་ངེ་འཛིན་ཞི་བ་བཞི་ཐོབ་ནས། དེ་ཙམ་ལ་མི་ཆགས་པར་བསམ་གཏན་གྱི་བདེ་ལྡན་དེས་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པའི་མཉམ་གཞག་དེ་བཏང་སྟེ། འགྲོ་ལ་སྙིང་བརྩེར་ལྡན་པ་ཕྱིར་ཡང་འདོད་ཁམས་སུ་འཇུག་པ་སྟེ་སྐྱེ་བ་འཛིན་ནོ། །ཚུལ་འདི་ནི་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཁྱད་ཆོས་ཆེན་པོའོ། །གལ་ཏེ་བྱང་སེམས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ཀྱང་རང་དོན་དུ་ཉན་རང་གི་ཐེག་པར་འདོད་པའི་བློ་བསྐྱེད་ན་ནི། སེམས་མཉམ་པར་མ་བཞག་པར་རྒོད་ཅིང་སེམས་གཡེངས་པར་གྱུར་པ་སྟེ། དེ་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པ་ལས་ཉམས་ནས་མཉན་པ་གྲུ་ཞིག་པར་གྱུར་པ་བཞིན་དུ་འགྱུར་རོ། །གཞན་ཡང་བྱང་སེམས་ཀྱིས་གཟུགས་སྒྲ་སོགས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་ཚུལ་ལ་མངོན་པར་བརྩོན་པར་གྱུར་ཀྱང་། ཉན་རང་གི་ཐེག་པ་དོན་གཉེར་རང་དོན་ཙམ་ཡིད་བྱེད་དང་བྲལ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་དགའ་ན། བྱང་སེམས་དཔའ་བོ་རྟག་ཏུ་མཉམ་པར་གཞག་པ་ཡིན་པར་ཤེས་པར་བྱ་སྟེ་བྱང་སེམས་ཀྱི་དབང་དུ་མཛད་པའོ། །སློན་དཔོན་གྱིས་སྐབས་འདི་ཡན་ཆད་དུ་རྩེ་སྦྱོར་དངོས་གཞི་རྫོགས་པར་བཤད་ཀྱང་སྡུད་པའི་སྐབས་སྦྱོར་ཚུལ་གྱི་དབང་དུ་བྱས་ན་མ་རྫོགས་པས། སེམས་ཅན་གང་དག་གཞན་གྱི་ཕྱིར་སེམས་པ་རྣམ་པར་དག་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་ཞིང་རྣམ་པར་སྤྱོད་པར་བྱའོ། །ཇི་ལྟར་སྤྱོད་ན་དཔེར་ན་བྲན་མོ་ཆན་ཆུན་ལ་དབང་མེད་པས་དེ་གང་དབང་བའི་རྗེ་དཔོན་གྱི་དབང་དུ་འགྲོ་དགོས་སོ། །དེ་བཞིན་དུ་བྱང་སེམས་དཔའ་བོ་རྣམས་ནི་སེམས་ཅན་ཀུན་གྱི་དབང་གིས་འགྲོ་བ་ཡིན་ལ། རྗེ་བོས་ནི་བྲན་ལ་ཚིག་གིས་སྦྱོར་བ་བྱས་སམ་འོན་ཏེ་ལུས་ཀྱིས་རྟག་ཏུ་བརྡེག་ཀྱང་རུང་སྟེ། བྲན་མོས་རང་གི་རྗེ་བོ་ལ་ནི་ཟློག་ཚིག་ངན་པ་མི་སྨྲ་ཡི། གལ་ཏེ་སྨྲས་ན་རྗེ་བོ་འདི་ཡིས་བདག་བརྡུང་ཞིང་བསད་པར་འགྱུར་དུ་འོང་སྙམ་ནས་ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་པ་དང་བཅས་པས་ཟིལ་གྱིས་གནོན་ནས་འདུག་གོ །དེ་བཞིན་དུ་བྱང་སེམས་བྱང་ཆུབ་ཀྱི་ཆེད་དུ་བྱང་ཆུབ་མཆོག་ལ་ཞུགས་པ་ནི། འགྲོ་བ་ཀུན་ལ་དེའི་བྲན་དུ་གྱུར་པ་བཞིན་དུ་གནས་པར་བྱ་སྟེ། འགྲོ་བ་འདི་རྣམས་ལ་བརྟེན་ནས་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་ཞིང་ཡོན་ཏན་རྫོགས་པར་འགྱུར་པའི་ཕྱིར་སྙམ་མོ། །དཔེར་ན་རྩྭ་དང་ཤིང་ལས་བྱུང་བས་ནི་རྩྭ་དང་ཤིང་དེ་ཉིད་སྲེག་པ་ལྟར་ཏེ། འདིས་སེམས་ཅན་ལ་བརྟེན་ནས་འབྱུང་བའི་བྱང་ཆུབ་ནི་སེམས་ཅན་དེ་ཉིད་ལ་གནོད་ན་ཉམས་པར་འགྱུར་རོ་ཞེས་ཤུགས་ཀྱིས་འཕངས་སོ། །དེས་ན་བདག་གི་བདེ་བ་བོར་ཞིང་བཏང་ནས་སེམས་ཅན་ལ་ཕན་འདོགས་པའི་ལན་ལ་རེ་བ་མེད་པའི་སེམས་ཀྱིས། སེམས་ཅན་གཞན་གྱི་དགོས་པའི་དོན་བྱང་ཆུབ་སྒྲུབ་པ་ལ་ཉིན་དང་མཚན་དུ་མངོན་པར་བརྩོན་པར་བྱའོ། །དཔེར་ན་བུ་གཅིག་པ་ལ་དེའི་མ་ནི་རིམ་གྲོ་སྲུང་ཟློག་གསོ་བྱེད་ཀྱི་ཐབས་ལྷག་པར་བྱེད་པ་ལྟར། བསམ་པ་ཐག་པས་སེམས་ཅན་གྱི་དོན་བྱེད་པ་ལ་རྣམ་པར་སྐྱོ་བ་མེད་པར་གནས་པར་བྱའོ། །སློབ་དཔོན་གྱིས་སྐབས་འདི་དག་གིས་སྐད་ཅིག་སྦྱོར་བ་དང་འབྲས་བུ་ཆོས་སྐུ་འཕྲིན་ལས་དང་བཅས་པ་ཡང་བསྟན་པར་བཤད་དོ། །འོན་ཀྱང་འདི་དག་བརྩོན་འགྲུས་ཀྱི་ཕར་ཕྱིན་འཆད་པའི་སྐབས་སུ་སྣང་བས་སྔ་མའི་ཕྲོ་ལ་སྦྱར་ན། བྱང་སེམས་གང་ཞིག་སེམས་ཅན་གྱི་དོན་དུ་ཡུན་རིང་དུ་འཁོར་བའི་གནས་སུ་རྣམ་པར་འཁོར་ཏེ་གནས་པར་འདོད་ཅིང་། སེམས་ཅན་ཀྱི་དོན་དང་སངས་རྒྱས་ཀྱི་ཞིང་སྦྱོང་བར་བརྩོན་པའི་རྣལ་འབྱོར་པ་དེ་སེམས་ཅན་གྱི་དོན་ལ་སྐྱོ་བའི་བློ་ནི་རྡུལ་ཙམ་ཡང་མི་འགྱུར་ན། བྱང་སེམས་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་ཅིང་ལེ་ལོས་གཡེལ་བ་མེད་དོ། །བྱང་སེམས་ཐབས་མི་མཁས་པ་འགའ་ཞིག་སངས་རྒྱས་ཀྱི་བྱང་ཆུབ་བསྐལ་པ་བྱེ་བ་བགྲང་བའི་བར་དུ་བསྒྲུབ་དགོས་ཞེས་ཐོབ་པའི་ཚེ། གལ་ཏེ་དེ་ལ་རྒྱུན་ཤིན་ཏུ་རིང་བར་འདུ་ཤེས་པས་བསྒྲུབས་ན་སྡུག་བསྔལ་ཡུན་རིང་མྱོང་བའི་སྒོ་ནས་བྱང་ཆུབ་སྒྲུབ་པར་བྱེད་དགོས་ཏེ། ཡང་དག་པའི་ཆོས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཚེ་ཞུམ་ན་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་རོ། །རྒྱུ་མཚན་དེ་བས་ན་བྱང་སེམས་དེ་གོ་ཆའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ཉམས་པའི་ལེ་ལོ་ཅན་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན་བྱང་ཆུབ་མཆོག་ཏུ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་བའི་བར་ལ་རྒྱུན་ཐུང་ངུ་ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་པར་བྱེད་ན། མཁས་པ་གསལ་བས་གོ་ཆའི་བརྩོན་འགྲུས་ཆེན་པོ་བརྩམས་པར་རིག་པར་བྱའོ། །ཡང་གོ་ཆའི་རྩོམ་ཚུལ་འདི་ལྟར་བྱ་སྟེ་གལ་ཏེ་འགའ་ཞིག་འདི་སྐད་ཅེས་ཁྱོད་ཀྱིས་རིའི་རྒྱལ་པོ་རི་རབ་རི་ཕྲན་དང་བཅས་པ་བཤིག་ཐུབ་ན། དེ་བཤིག་པའི་རྗེས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་སྨྲ་བ་ལ་དེ་ཐོས་ནས། ཇི་སྟེ་དེ་ལྟ་བུ་ཤིན་ཏུ་དཀའ་སྙམ་པ་ཞུམ་པའི་སྐྱོ་བའི་བློ་སྐྱེད་ཅིང་། རི་རབ་ཀྱི་ཚད་ཀྱང་ཆེ་བས་དེ་ལྟ་བུ་ནི་སུ་ཞིག་གིས་ནུས་སྙམ་པའི་བློ་སྐྱེ་ན་ནི། དེའི་ཚེ་བྱང་སེམས་དེ་ལེ་ལོར་གྱུར་པ་ཡིན་ལ། ཇི་སྟེ་རི་རབ་བཤིག་པ་དེ་ནི་དཀའ་བ་འདི་ཙམ་ཞིག་གི་ཚོད་ལྟ་ཅི་དཀའ་ཞེས་ཏེ་དཀའ་རྒྱུ་ཅི་ཡོད། རྫུ་འཕྲུལ་ཐོབ་པས་སྐད་ཅིག་ཙམ་ལ་ནི་རི་རབ་ཐལ་བར་བརླབ་པར་བྱ་བའི་སེམས་བསྐྱེད་པ་ལྟ་བུའི་སྙིང་སྟོབས་བསྐྱེད་ན། བྱང་སེམས་མཁས་པས་བརྩོན་འགྲུས་ཆེན་པོ་བརྩམས་པ་སྟེ་དེས་རིང་པོར་མི་ཐོགས་པར་འདྲེན་པའི་བྱང་ཆུབ་མཆོག་མྱུར་དུ་ཐོབ་པར་འགྱུར་རོ། །བདེན་ཞེན་གྱིས་ཡོངས་སུ་སྨིན་པར་བྱས་ཏེ་དེ་ནས་དོན་བྱའོ་ཞེས་གལ་ཏེ་ལུས་ངག་ཡིད་གསུམ་གྱིས་བརྩོན་པར་བྱེད་ན། བདག་ཏུ་འདུ་ཤེས་ལ་གནས་པར་གྱུར་པས་ལེ་ལོ་ཆེན་པོར་གྱུར་པ་སྟེ། ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་ཐོབ་པ་ལས་རིང་དུ་འགྱུར་ཏེ་གནམ་དང་སའི་བར་བཞིན་ནོ། །དུས་གང་གི་ཚེ་ལུས་དང་སེམས་དང་སེམས་ཅན་དུ་བདེན་པའི་འདུ་ཤེས་མེད་ཅིང་། བདེན་འཛིན་གྱི་འདུ་ཤེས་ལོག་ནས་བདེན་སྟོང་གཉིས་སུ་མེད་པའི་ཆོས་ལ་སྤྱོད་པ་འདི་ནི། བྱང་ཆུབ་ཞི་བ་མི་ཉམས་ཉམས་པ་མི་མངའ་བའི་མཆོག་ཐོབ་པར་འདོད་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ཡིན་ཞེས་ཕན་པ་མཛད་པ་སངས་རྒྱས་ཀྱིས་གསུངས་སོ། །དེ་ནས་བཟོད་པའི་ཕར་ཕྱིན་ནི་གལ་ཏེ་སེམས་ཅན་གཞན་འགའ་ཞིག་ལས་ངན་བརྗོད་ཀྱི་ཚིག་རྩུབ་ཐོས་པར་གྱུར་ན་ནི། ཚིག་རྩུབ་སྨྲ་བ་ལ་བཟོད་པ་ནི་བདག་གི་བདེ་བའི་རྒྱུ་ཡིན་ཞེས་བྱང་སེམས་མཁས་པས་བཟོད་ཅིང་དགའ་ལ། དོན་དམ་པར་བདག་དང་གཞན་མ་གྲུབ་པའི་ཕྱིར་ཚིག་རྩུབ་ཏུ་སྨྲ་ཞིང་སུས་ཐོས། སྨྲ་བ་པོ་གང་གིས་ཚིག་རྩུབ་གང་ཞིག་ཡུལ་གང་གི་ཕྱིར་དུ་སྨྲ་བ་རྣམས་ཀྱང་དོན་དམ་པར་མེད་སྙམ་དུ་སྒོམ་པ་དེ་ནི། བཟོད་པའི་ཕར་ཕྱིན་མཆོག་དང་ལྡན་པ་མཁས་ཤིང་མཛངས་པ་ཡིན་ནོ། །བྱང་སེམས་གང་ཞིག་བཟོད་པའི་ལེགས་ཆོས་བྱམས་སྙིང་རྗེ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་ཕན་ཡོན་ཤིན་ཏུ་ཆེ་སྟེ། མི་གང་ཞིག་སྟོང་གསུམ་འདི་རིན་པོ་ཆེས་བཀང་སྟེ་འཇིག་རྟེན་མཁྱེན་པའི་སངས་རྒྱས་རྣམས་དང་ཉན་རང་དགྲ་བཅོམ་རྣམས་ལ་ཕུལ་བྱས་པའི་སྤྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེས། བཟོད་པའི་ལེགས་ཚོགས་ལྡན་པའི་བསོད་ནམས་ཀྱི་ཕུང་པོའི་ཆར་ཡང་མི་ཕོད་དོ། །བཟོད་པ་ལ་གནས་པའི་བྱང་སེམས་ཀྱིས་ལུས་ནི་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་ཀྱི་མཚན་འགྲུབ་པ་དང་མཐུ་སྟོབས་ཕ་མཐར་ཡས་པ་ཐོབ་ཅིང་། སེམས་ཅན་རྣམས་ལ་ཆོས་ཀྱི་རབ་སྟོང་པ་ཉིད་སྒྲོགས་པར་བྱེད་དོ། །ཚུལ་འདི་ནི་བཟོད་པ་དང་ལྡན་པ་དེ་ལ་འགྲོ་བ་ཀུན་དགའ་བར་འགྱུར་བའི་ཐབས་མཁས་པའོ། །དཔེར་ན་གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མའི་ཆུ་བླངས་ཏེ་རབ་ཏུ་གུས་པས་བྱང་སེམས་བཟོད་ལྡན་དེ་ལ་ཉུག་ཅིང་བྱུགས་པར་བྱེད་ལ། གཞན་ཞིག་བྱང་སེམས་དེའི་མགོ་ལ་མེ་མདག་འཐོར་བ་བྱེད་ན། མི་དེ་གཉིས་ཀ་ལ་བྱང་སེམས་དེ་ཡིས་ཉེ་རིང་ཆགས་སྡང་མཉམ་ཞིང་སྙོམས་པའི་སེམས་ནི་བསྐྱེད་པར་བྱའོ། །བྱང་སེམས་མཁས་པས་དེ་ལྟར་བཟོད་པ་བསྒོམས་པར་བྱས་ནས་སེམས་བསྐྱེད་པའི་དགེ་བ་དེ་ནི། བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོས་ན་བྱང་སེམས་དཔའ་བོ་དེས་འཇིག་རྟེན་ཀུན་ལ་བཟོད་པའི་ཕན་ཡོན་གྱིས་ཉན་རང་དགྲ་བཅོམ་དང་སེམས་ཅན་ཁམས་ཀྱི་སྦྱིིན་སོགས་ཀྱི་བསོད་ནམས་ཕལ་པ་ཇི་སྙེད་ཡོད་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། །བཟོད་པ་སྡོམ་པར་བྱེད་པ་དེས་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་པར་བྱ་སྟེ། སྔར་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ཀྱི་རིགས་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མང་པོ་ཞིག་འདོད་པའི་ཡོན་ཏན་ལ་དགའ་བའི་རྒྱུ་ཡིས་དབང་མེད་དུ་གནོད་ཅིང་མྱོང་ན། ད་ནི་སངས་རྒྱས་ཀྱི་བྱང་ཆུབ་ཆེད་དུ་རྒྱུ་མཚན་ཅིའི་ཕྱིར་ངས་བཟོད་པར་མི་བྱ་སྟེ་བཟོད་པ་བསྒོམ་པར་བྱ་བར་རིགས་སོ། །ཇི་ལྟར་བཟོད་ན་ལྕགས་དབྱུག་དང་མཚོན་དང་བསད་པ་དང་བཅིང་བ་དང་བརྡེག་པ་དང་མགོ་རྣ་བ་རྐང་ལག་སྣ་སོགས་གཅོད་པ་དང་། འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་དེ་དག་ཀུན་བདག་ལ་བྱུང་ན་བདག་གིས་བཟོད་པར་བྱའོ་སྙམ་པའི་བྱང་སེམས་དེ་ནི་བཟོད་པའི་ཕར་ཕྱིན་མཆོག་ལ་གནས་པ་ཡིན་ནོ། །དེ་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི་ཚུལ་ཁྲིམས་ཀྱིས་ཞི་བ་མྱ་ངན་འདས་འདོད་པ་རྣམས་གོང་དུ་འཕགས་པར་འགྱུར་ཞིང་། སྟོབས་བཅུ་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་སྤྱོད་ཡུལ་བསླབ་པ་མཆོག་ལ་གནས་པ་དང་། རྩ་བ་བཞི་ལྟ་བུ་མ་ཉམས་པར་སྲུང་བས་ཚུལ་ཁྲིམས་ཉམས་པ་མེད་པ་དང་། ཉེས་ལྟུང་ཀུན་སྡོམ་པའི་བྱ་བ་ཇི་སྙེད་ཡོད་པ་རྣམས་ཀྱི་རྗེས་སུ་འཇུག་སྟེ། དེ་ལྟར་བྱས་པའི་དགེ་བ་དེ་ཡང་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གལ་ཏེ་བྱང་སེམས་ཀྱིས་ཉན་རང་དགྲ་བཅོམ་པའི་བྱང་ཆུབ་རེག་པ་སྟེ་ཐོབ་བར་འདོད་ན་ནི། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་ཚུལ་ཁྲིམས་འཆལ་ཅིང་མི་མཁས་པར་གྱུར་ཏེ་དེ་བཞིན་དུ་སྤྱོད་པ་ཡང་ཉམས་སོ། །ཇི་སྟེ་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་མེད་པར་དགེ་བ་སངས་རྒྱས་ཀྱི་བྱང་ཆུབ་ཞི་བ་མྱང་འདས་མཆོག་ཏུ་ཡོངས་སུ་བསྔོ་ན། བྱང་སེམས་དེས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བརྩོན་ཡང་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མཆོག་ལ་གནས་པ་ཡིན་ནོ། །དགེ་བའི་ཆོས་གང་ཉམས་སུ་བླངས་ན་རང་གཞན་ལ་ཕན་པར་ངེས་པའི་བྱང་ཆུབ་ཀྱིི་ཡོན་ཏན་འབྱུང་བར་འགྱུར་པ་བསྒྲུབ་པར་བྱེད་པ་དེ་ནི། གཞན་ཕན་གྱི་ཡོན་ཏན་གྱི་ཆོས་དང་ལྡན་པ་བྱང་སེམས་རྣམས་ཀྱི་ཚུལ་ཁྲིམས་སྲུང་བའི་དོན་ཡིན་ལ། མི་དགེ་བའི་ཆོས་གང་ཉམས་སུ་བླངས་ན་ཕན་བྱེད་བྱང་སེམས་རྣམས་ཀྱི་བྱང་ཆུབ་མཆོག་ལས་ཡོངས་སུ་ཉམས་པར་བྱེད་པ་འདི་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བར་བྱེད་ཅེས་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །དེ་ཡང་སྤྱིར་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་ཚུལ་ཁྲིམས་ནི་དེའི་གདུལ་བྱ་ལ་བལྟོས་ཏེ་ཚུལ་ཁྲིམས་དག་པ་ཡིན་ཀྱང་། བྱང་སེམས་ཀྱིས་དེ་དོན་དུ་གཉེར་ན་ཚུལ་ཁྲིམས་འཆལ་བར་འགྱུར་ཏེ་ཁྱད་པར་རོ། །གལ་ཏེ་བྱང་སེམས་ཀྱིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་ལ་སྐྱབས་སུ་སོང་སྟེ་སངས་རྒྱས་འགྲུབ་པར་བྱའོ་སྙམ་དུ་ཀུན་མཁྱེན་དོན་གཉེར་ཡིད་ལ་བྱེད་ན་ནི། །བྱང་སེམས་མཁས་པ་དེ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་པར་རིག་པར་བྱའོ། །སྤྱིར་འདོད་ཡོན་ལྔ་ལ་ཞེན་པས་ལོངས་སྤྱོད་པ་ཉན་རང་གི་ལམ་གྱི་དབང་དུ་བྱས་ན་ཉེས་དམིགས་ཆེ་ཡང་། གཞན་དོན་སྒྲུབ་པའི་བྱང་སེམས་ཀྱིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ཡོན་ཏན་དུ་འགྱུར་བར་དགོངས་སོ། །གལ་ཏེ་བསྐལ་པ་བྱེ་བའི་བར་དུ་སྲོག་གཅོད་སྤོང་བ་སོགས་དགེ་བའི་ལས་ཀྱི་ལམ་བཅུ་ལ་སྤྱོད་ཀྱང་། ཉན་རང་དགྲ་བཅོམ་ཉིད་ལ་ཐོབ་འདོད་བསྐྱེད་ན་ནི་དེའི་ཚེ་བྱང་སེམས་ཀྱི་ཚུལ་ཁྲིམས་ལ་ཕམ་པའི་སྐྱོན་བྱུང་བས་ཚུལ་ཁྲིམས་ཉམས་པ་ཡིན་ནོ། །བྱང་སེམས་ཀྱིས་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་སེམས་བསྐྱེད་པ་དེ་ནི་དགེ་སློང་གི་ཕས་ཕམ་རྩ་བའི་ལྟུང་བ་བཞི་ལས་ཀྱང་ཉེས་དམིགས་ལྕིའོ། །ཚུལ་ཁྲིམས་སྲུང་ཞིང་དགེ་བ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་ལ། །ཚུལ་ཁྲིམས་སྲུང་བ་དེ་ཡི་སྒོ་ནས་ང་རྒྱལ་གྱི་རློམ་སེམས་མེད་ཅིང་བདག་བསྟོད་གཞན་སྨོད་མི་བྱེད་ལ། བདག་གམ་ང་ཡིའོ་སྙམ་པའི་འདུ་ཤེས་དང་གཞན་ནམ་སེམས་ཅན་དུ་བདེན་ཞེན་གྱིས་རིས་སུ་གཅོད་པའི་སེམས་ཅན་གྱི་འདུ་ཤེས་ཡོངས་སུ་སྤངས་ན་ནི། བྱང་སེམས་དེ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་པར་བརྗོད་དོ། །གལ་ཏེ་བྱང་སེམས་རྒྱལ་བའི་ལམ་ལ་སྤྱོད་པས་ནི་སེམས་ཅན་འདི་དག་ནི་ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདི་དག་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་སྣ་ཚོགས་པའི་བདེན་ཞེན་གྱི་འདུ་ཤེས་ཞུགས་པར་གྱུར་ན་དེའི་ཚེ་རང་ཉིད་བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་ལ། ཚུལ་ཁྲིམས་ཉམས་ཤིང་བྱང་སེམས་དེ་ལ་ཡོངས་སུ་དག་པའི་བྱང་སེམས་ཀྱི་ཚུལ་ཁྲིམས་མེད་དོ། །དེ་ཡང་སྤྱིར་དགེ་སློང་རྣམ་དག་ལ་ཚུལ་ཁྲིམས་ཀྱི་འཁོར་གསུམ་བདེན་པར་འཛིན་པ་འབྱུང་ཞིང་དེ་ཙམ་གྱིས་ཚུལ་ཁྲིམས་འཆལ་བར་མི་འགྱུར་ཡང་། བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བར་བདེན་ཞེན་གྱི་དབང་དུ་སོང་ན་དོན་དམ་པའི་བྱང་སེམས་སུ་མི་འགྱུར་བས་ཉེས་དམིགས་ཆེ་བ་ལ་དགོངས་ཏེ་འཇུག་པ་རྩ་འགྲེལ་ལས་ཀྱང་བཤད་དོ། །དོན་དམ་པའི་བྱང་སེམས་གང་ལ་བདག་གིར་འདུ་ཤེས་པ་དང་སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་མངོན་འགྱུར་བ་མེད་པས། བདེན་པའི་འདུ་ཤེས་ཀྱི་འདོད་ཆགས་དང་བྲལ་བ་དེ་ལ་ཆགས་སྡང་མེད་པའི་ཕྱིར་སྡོམ་མིན་མི་དགེ་བ་ག་ལ་ཡོད། བྱང་སེམས་གང་ལ་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཀ་ལ་བདེན་ཞེན་གྱི་རློམ་སེམས་མེད་པ་འདི་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པར་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །སྦྱིན་པའི་ཕར་ཕྱིན་ནི་སེམས་ཅན་དག་པ་ཁྱད་པར་ཅན་གང་ཞིག་དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་དེ་ནི་ཟག་བཅས་ཀྱི་ཡུལ་སྡུག་པ་དང་མི་སྡུག་པ་ཀུན་ལ་ཆགས་པའི་ལྟ་བ་མེད་པ་ཡིན་པའི་ཕྱིར་ན། མགོ་དང་རྐང་ལག་སོགས་གཞན་ལ་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཅིང་། བདོག་པའི་དངོས་པོ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད་ལ། སྦྱིན་བྱའི་དངོས་པོ་སོགས་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ཚུལ་ནི་ངོ་བོས་གྲུབ་པའི་བདག་མེད་ཅིང་། ཟག་བཅས་ཀྱི་དངོས་པོ་ཀུན་མི་རྟག་ཅིང་ཡ་མ་བརླ་དང་སྙིང་པོ་མེད་པར་ཤེས་ནས་བདག་ཉིད་ཀྱི་ལུས་ཀྱི་ཤ་ཡང་གཞན་ལ་གཏོང་བ་ལ་ཞུམ་པའི་སེམས་མེད་ན། དེའི་ཚེ་ཕྱི་རོལ་གྱི་དངོས་པོ་གཞན་ལ་གཏོང་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །གལ་ཏེ་སྦྱིན་པ་གཏོང་བ་ལ་སེར་སྣ་དྲག་པོ་བྱེད་དུ་རུང་བ་དེ་ནི་གནས་མེད་དོ། །རང་ཉིད་ལ་བདག་ཏུ་བདེན་པའི་འདུ་ཤེས་དང་དངོས་པོ་ལ་བདག་གིར་འདུ་ཤེས་པའི་འཛིན་པ་དམ་པོས་ཆགས་པའི་ཇུན་པོ་དེ་རྣམས་ལ་ནི་སྦྱིན་པ་གཏོང་བའི་ཇོ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་སྦྱིན་པའི་རྣམ་སྨིན་མི་ཤེས་པར་དངོས་པོ་ལ་དམ་དུ་ཆགས་པའི་སེར་སྣ་ཆེན་པོ་ཅན་དེ་དག་ནི་ཕྱི་མ་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་ཞིང་། ཇི་སྟེ་མིར་སྐྱེས་ན་ཡང་དེའི་ཚེ་དབུལ་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །སྦྱིན་པ་གཏོང་བ་དེའི་ཚེ་བྱང་སེམས་ཀྱིས་སེམས་ཅན་དབུལ་ཕོངས་མཐོང་བ་ན། ཀྱེ་མ་སེམས་ཅན་དབུལ་པོ་འདི་ནི་སྦྱིན་པ་མ་བཏང་བ་དང་གཏོང་བ་ལ་སེར་སྣ་བྱས་པའོ་སྙམ་དུ་ཤེས་ནས། རང་ཉིད་གཏོང་བ་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷག་པར་གཏོང་ངོ་། །གླིང་བཞི་པོ་འདི་རྒྱན་གྱིས་ལེགས་པར་བརྒྱན་པ་ནི་མཆིལ་མ་འཕངས་པའི་ཐལ་པ་དང་འདྲ་སྟེ་སྙིང་པོ་མེད་ཅིང་དགོས་པ་མེད་པས། འདི་རང་གི་ཡིན་ན་གཞན་ལ་བྱིན་པའི་ཚེ་དགའ་བར་འགྱུར་གྱི། གླིང་བཞི་པོ་དེ་རང་གིས་ཐོབ་པར་གྱུར་པ་ལ་དགའ་བ་ཆེན་པོ་དེ་ལྟ་བུ་ཡོད་པ་མིན་ནོ། །བྱང་སེམས་མཁས་པ་བློ་གསལ་བ་དག་སྦྱིན་པའི་ཚེ་སྲིད་པ་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་པ་བྱིན་ལ། དེའི་དགེ་བ་ཡང་འགྲོ་བ་ཀུན་གྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་བསྔོའོ། །སྦྱིན་པ་བྱིན་ནས་གང་ལ་སྦྱིན་པ་དང་གང་གིས་སྦྱིན་པ་དང་གང་གི་དོན་དུ་སྦྱིན་པའི་འཁོར་གསུམ་གྱི་དངོས་པོ་ལ་བདེན་ཞེན་གྱིས་གནས་པར་བྱེད་པ་མེད་ཅིང་། དེ་ནི་ནམ་དུ་ཡང་རང་ལ་སྦྱིན་པའི་རྣམ་སྨིན་ལོངས་སྤྱོད་ཆེན་པོ་འབྱུང་བ་ལ་རེ་ནས་སྦྱིན་པ་མེད་དོ། །དེ་ལྟར་གཏོང་བ་ལ་མཁས་པས་དངོས་པོ་ཆེ་ཆུང་ཐམས་ཅད་གཏོང་བ་སྟེ། ཆུང་ངུ་བཏང་བ་ལ་ཡང་ཐབས་ཤེས་ཁྱད་པར་ཅན་དང་བསྔོ་བས་ཟིན་པའི་སྟོབས་ཀྱིས། འབྲས་བུ་ཕན་ཡོན་མང་པོ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་པ་ཇི་སྙེད་ཡོད་པ་ཡོངས་སུ་བརྟག་པ་བཟུང་སྟེ། དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མཁྱེན་པ་སངས་རྒྱས་དང་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ། བསྐལ་བ་མཐའ་ཡས་སྦྱིན་པ་བྱིན་ཏེ་ཉན་རང་གི་གོ་འཕང་ལེགས་པར་ཚོལ་ན་ཕན་ཡོན་ཆེ་མོད། འོན་ཀྱང་བྱང་སེམས་ཐབས་ལ་མཁས་པ་གང་ཞིག་གིས་དེ་དག་གི་བསོད་ནམས་བྱ་བའི་དངོས་པོ་ལ་རྗེས་སུ་ཡི་རང་བར་བྱས་ནས། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། ཡོངས་སུ་བསྔོ་བའི་དགེ་བ་དེས་ནི་བསོད་ནམས་སྔོན་མ་དེ་སོགས་འགྲོ་བ་གཞན་ཐམས་ཅད་ཀྱི་སྦྱིན་པའི་བསོད་ནམས་ཟིལ་གྱིས་གནོན་པར་འགྱུར་རོ། །དཔེར་ན་ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་དགོས་དོན་མི་ཆེ་བའི་ཕྱིར་རིན་པོ་ཆེ་བཻཌཱུཪྱ་གཅིག་གིས་ཀྱང་མཆིང་བུ་དེ་ཀུན་ཟིལ་གྱིས་གནོན་པར་བྱེད་དོ། །དེ་བཞིན་དུ་འགྲོ་བ་ཀུན་གྱི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་ཀུན་ཀྱང་དེ་དག་ལ་རྗེས་སུ་ཡི་རང་ནས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བསྔོ་བའི་བྱང་ཆུབ་སེམས་དཔའི་དགེ་བས་ཟིལ་གྱིས་གནོན་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་བ་ལ་སྦྱིན་པ་བྱིན་ནས་སྦྱིན་པ་དེ་ལ། འདི་བདག་གིས་བྱིན་པའོ་སྙམ་དུ་བདག་གི་བར་བདེན་ཞེན་གྱིས་རྟོག་པར་མི་བྱེད་ཅིང་། སྦྱིན་བྱའི་དངོས་པོ་བཏང་བ་ལ་ཕངས་པ་མེད་ན་ཚུལ་དེ་ལས་དགེ་བའི་རྩ་བ་རྣམས་མཐུ་ཆེན་པོར་འཕེལ་བར་འགྱུར་ཏེ། དཔེར་ན་མཁའ་ལ་སྤྲིན་མེད་པའི་ཚེ་འོད་དང་ལྡན་པའི་ཟླ་བའི་ཡར་གྱི་ངོའི་དཀྱིལ་འཁོར་གོང་དུ་འཕེལ་བ་མཐོང་བ་བཞིན་ནོ། །སྤྱིར་སྦྱིན་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཡོད་པའི་རབ་བྱུང་ལ་ཆོས་དང་ཁྱིམ་པ་ལ་ཟང་ཟིང་གཙོ་ཆེ་ཞིང་། ཟང་ཟིང་གི་སྦྱིན་པ་ལ་ཡར་དཀོན་མཆོག་མཆོད་པ་དང་མར་དབུལ་ཕོངས་སོགས་ལ་སྦྱིན་པ་གཉིས་ཡོད་དེ་ཁྱད་པར་ཤེས་དགོས་སོ། །འདི་དག་ནི་རྒྱན་གྱི་སྐབས་ལྔ་པར་སྡུད་དགོས་རྒྱུར་སྣང་ཡང་། སློབ་དཔོན་གྱིས་ཆོས་འཕགས་ཀྱི་ལེའུའི་དོན་བསྡུས་པར་འཆད་དེ་ཕྱོགས་གཅིག་གོ། །།དེ་ནས་སྐབས་དྲུག་པར་མཐར་གྱིས་སྦྱོར་བའི་ཆོས་བཅུ་གསུམ་སྟོན་ཅིང་། ཡུམ་གསུམ་ན་ཚིག་མང་ཡང་འདིར་ནི། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཞེས་སོགས་ཚིགས་བཅད་བཞིས་ཕན་ཡོན་གྱི་སྒོ་ནས་འཆད་དེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕར་ཕྱིན་གྱིས་ནི་ཡི་དྭགས་ཀྱི་འགྲོ་བར་སྐྱེ་བར་རྒྱུན་གཅོད་ལ། དབུལ་བའི་སྡུག་བསྔལ་དང་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་རྒྱུན་གཅོད་པར་བྱེད་ཅིང་། བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཚེ་ལོངས་སྤྱོད་མཐའ་ཡས་པ་རྒྱས་པ་ཐོབ་པར་འགྱུར་ལ། སྦྱིན་པས་འཕྲལ་དུ་སྡུག་བསྔལ་ཅན་དུ་གྱུར་པའི་སེམས་ཅན་བསྡུས་ནས་ཆོས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་བྱེད་དོ། །ཚུལ་ཁྲིམས་ཀྱིས་ནི་ཕྱི་མར་དུད་འགྲོའི་རིགས་ཀྱི་འགྲོ་བ་དུ་མའི་ངོ་བོ་དང་དམྱལ་བ་ལ་སོགས་པའི་མི་ཁོམ་པ་བརྒྱད་དུ་སྐྱེ་བ་སྤོང་ཞིང་། མི་ཁོམ་པ་བརྒྱད་པོ་དེ་ཡི་དལ་བ་ཁོམ་པ་བརྒྱད་རྟགས་ཏུ་རྙེད་པར་འགྱུར་རོ། །བཟོད་པས་ན་ཕྱི་མ་ལ་གཟུགས་བཟང་བའི་རྟེན་དམ་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། དེ་ཡང་སངས་རྒྱས་པ་ན་གསེར་མདོག་སྡུག་ཅིང་ཡིད་དུ་འོང་བས་འགྲོ་བ་ཀུན་གྱིས་ལྟ་བའི་འོས་སུ་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་སྔར་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་ཅིང་ཐོབ་པའི་དཀར་པོའི་ཡོན་ཏན་རྣམས་འགྲིབ་པར་མི་འགྱུར་ཞིང་འཕེལ་བ་དང་། ཡེ་ཤེས་མཐའ་ཡས་པའི་རྒྱལ་བའི་ཆོས་ཀྱི་བང་མཛོད་རྙེད་པར་འགྱུར་རོ། །བསམ་གཏན་གྱིས་ནི་འདོད་པའི་ཁམས་ཀྱི་ཡོན་ཏན་སྨད་པ་རྣམས་འདོར་ཞིང་ཁམས་གོང་མའི་ཡོན་ཏན་དང་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱི་ཕར་ཕྱིན་གྱིས་ནི་ཆོས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་དོན་ཡོངས་སུ་ཤེས་ནས་བསྒོམས་ཏེ། འདོད་ཁམས་སོགས་ཁམས་གསུམ་པོ་མ་ལུས་པ་ལས་ཡང་དག་པར་འདའ་བར་འགྱུར་ཞིང་། མིའི་ཁྱུ་མཆོག་སངས་རྒྱས་སུ་གྱུར་ཏེ་འགྲོ་བ་རྣམས་མངོན་མཐོ་ལ་འགོད་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བར་བྱས་ནས། སྡུག་བསྔལ་ཀུན་ཟད་པའི་ངེས་ལེགས་མི་གནས་པའི་མྱང་འདས་ལ་འགོད་པར་བྱ་བའི་ཕྱིར་ཟབ་མོའི་ཆོས་ཀྱང་སྟོན་པར་འགྱུར་རོ། །འདི་དག་གིས་མཐར་གྱིས་སྦྱོར་བའི་ཆོས་དྲུག་དངོས་སུ་བསྟན་ནས་གཞན་བདུན་དོན་གྱིས་འཕངས་ཏེ་འདི་ལྟ་བུ་གོང་དུ་བཤད་པ་ལ་ཡང་ཡོད་དོ། །འདི་ནི་རྒྱན་ལས། སྦྱིན་པ་ཤེས་རབ་བར་དག་དང་། ཞེས་སོགས་ཀྱིས་འཆད་དོ།། །།དེ་ནས་སྐབས་བདུན་པར་སྐད་ཅིག་སྦྱོར་བའི་ཆོས་བཞི་དང་བཅས་པ་འཆད་ཅིང་། ཡུམ་གསུམ་གྱི་མདོ་ཚིག་མང་ཡང་། འདིར་ནི། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའི་དེ། །ཞེས་པའི་རྐང་པ་གཅིག་གིས་ཐམས་ཅད་བསྡུས་སོ། །ཆོས་འདི་ཞེས་པ་ནི་སྔར་བཤད་པའི་བྱང་སེམས་ཀྱི་ཉམས་ལེན་གྱི་ཆོས་ཀུན་དང་ཁྱད་པར་དུ་ཕྱིན་དྲུག་གིས་བསྡུས་པའི་ཆོས་འདི་རྣམས་ཡོངས་སུ་རྫོགས་པར་བྱས་ན། བྱང་ཆུབ་སེམས་དཔའ་དེ་རྒྱུན་མཐའི་ཚེ་སྐད་ཅིག་མ་གཅིག་ལ་མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་བསྡུས་ནས་བཤད་དེ། འདི་ནི་རྒྱན་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་ཀྱིས་འཆད་དོ། །སྐབས་བརྒྱད་པར་འབྲས་བུ་ཆོས་སྐུ་འཕྲིན་ལས་དང་སྦྱར་ནས་འཆད་ཅིང་། འདི་ལ་ཡུམ་གསུམ་དང་ཁྱད་པར་དུ་རྒྱས་འབྲིང་གཉིས་ན་མདོ་ཚིག་ཤིན་ཏུ་མང་ཡང་། འདིར་ནི། ཡོངས་དག་ཞིང་དང་སེམས་ཅན་དག་པ་ཞེས་སོགས་རྐང་པ་བདུན་གྱིས་སྟོན་ཏེ། འདིར་སློབ་དཔོན་གྱིས་ས་བཅུ་དང་སྦྱར་ཡང་སྐབས་དོན་ནི། གོང་དུ་བཤད་པའི་རྒྱུན་མཐར་ཆོས་དེ་དག་རྫོགས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་ཞིང་། སངས་རྒྱས་ནས་གང་དུ་ལོངས་སྐུར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྣོད་བཅུད་ཀྱི་འབྱོར་བ་རྒྱ་ཆེ་བ་དང་། དེར་འཁོར་དུ་སེམས་ཅན་ཡོངས་སུ་དག་པ་བྱང་སེམས་འཕགས་པ་ཤ་སྟག་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་སྤྲུལ་བའི་སྐུའི་རྒྱུད་དང་ཐེག་པ་གསུམ་གྱི་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཅིང་། དེ་བཞིན་དུ་སྤྲུལ་སྐུའི་འཁོར་གྱི་དགེ་འདུན་གྱི་རྒྱུད་དང་ལུང་དང་རྟོགས་པའི་དམ་ཆོས་ཀུན་ཡོངས་སུ་འཛིན་པའི་སྒོ་ནས། འགྲོ་བ་ཀུན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་རྣམས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་འགྱུར་རོ། །དེ་ལྟར་གྱུར་བའི་ལྷ་དང་མིའི་སྟོན་པ་མཆོག་དེས་ནི་ཤེས་རབ་གཙོ་བོར་བསྟན་པ་བྱང་ཆུབ་ཀྱི་ལམ་བརྗོད་བྱར་ལྡན་པའི་ཤེར་ཕྱིན་བསྡུས་པ་འདི་ལེགས་པར་གསུངས་ཏེ། འདིའི་མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་ཞིང་། ལམ་འདི་ནི་གདུལ་བྱའི་སེམས་ཅན་ཀུན་གྱིས་བསྒོམ་པར་བྱ་བའི་ཉམས་ལེན་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པར་བྱ་བའི་ཕྱིར་དུ་བཤད་དོ། །འདི་ནི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་སོགས་ཀྱིས་འཆད་དོ། །འོན་ཀྱང་རྒྱན་གྱི་སྐབས་བརྒྱད་པ་ནས་བཤད་པའི་སྐུ་བཞི་དང་ཡེ་ཤེས་ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་རྣམས་འདིར་དངོས་སུ་མི་གསལ་ཡང་ཚིག་ཉུང་ངུས་བསྡུས་པར་བྱ་དགོས་སོ། །སྡུད་པ་འདི་ནི་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ནས་འབྱུང་ཡང་། ངོ་བོ་ནི་བརྒྱད་སྟོང་པ་དང་དོན་ལྷག་པར་མཐུན་ཅིང་། འདི་ལ་ནི་དོན་བདུན་ཅུ་ཡང་ཚང་ངོ་། །སྤྱིར་ཡུམ་གསུམ་གྱིས་ནི་དངོས་བསྟན་ལ་སྟོང་ཉིད་གཅོ་བོར་སྟོན་ཅིང་སྦས་དོན་ལ་མངོན་རྟོགས་ཀྱི་རིམ་པ་སྟོན་པ་ལྟར་སྡུད་པས་ཀྱང་དེ་ལྟར་སྟོན་ཏེ། འོན་ཀྱང་མངོན་རྟོགས་ཀྱི་རིམ་པ་འགའ་ཞིག་ནི་གསལ་བར་འཆད་དོ། །གསུམ་པ་མཇུག་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་རྫོགས་སོ། །ཞེས་པའོ།། །།སྨྲས་པ། རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི། །དོན་གྱི་སྙིང་པོ་ཀུན་འདུས་པ། །ཤེར་ཕྱིན་སྡུད་པ་ཞེས་གྲགས་པའི། །དགོངས་འགྲེལ་རིན་ཆེན་འདི་ན་མཆིས། །གཞུང་འདིའི་དོན་རྣམས་མ་ལུས་པ། །འཕགས་པའི་ཡུལ་ཏེ་བདག་ལྟ་བུའི། །སྤྱོད་ཡུལ་མིན་ཡང་དད་སྟོབས་ཀྱིས། །དགོངས་དོན་ཕྱོགས་ཙམ་འགྲེལ་ལ་བརྩོན། །རྒྱས་པར་བཀྲལ་ན་ཚིག་ཚོགས་ཀྱི། །སྤྲོས་པས་འཇིགས་ཏེ་ཚིག་དོན་ཙམ། །སེང་བཟང་ལ་སོགས་མཁས་གཞུང་དང་། །བསྟུན་ནས་རྣམ་པར་དཔྱོད་པས་བཀྲལ། །ལེགས་པར་བཤད་ཀུན་བླ་མ་དང་། །ལྷ་ཡི་དྲིན་ཡིན་ཉེས་བཤད་ཆ། །བདག་བློའི་སྐྱོན་ཏེ་ནོངས་པ་ཀུན། །ཐུབ་དབང་མཆོག་གི་དྲུང་དུ་བཤགས། །ཚུལ་འདིར་འབད་པའི་དགེ་ལེགས་ཆབ། །དུས་གསུམ་རྣམ་དཀར་ཀླུང་གཞན་དང་། ལྷན་ཅིག་ཐེག་ཆེན་ལམ་བཟང་ནས། །ཀུན་མཁྱེན་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ་འདི་ནི། ཡི་གེ་འདྲི་ཀློག་ལ་བློ་གསལ་བ་དད་སྟོབས་ལྡན་པའི་བྲིས་པ་ཏྭ་ཡི་ལ་ལུང་བློ་བཟང་དོན་གྲུབ་ཀྱིས། ཉིད་ཀྱིས་མཛད་པའི་རྡོར་གཅོད་ཀྱི་འགྲེལ་པ་ཞིག་འདུག་པས། མདོ་སྡུད་པ་འདི་ལ་ཡང་འགྲེལ་པ་ཞིག་བ གྱིས་ན་ལེགས་ཞེས་བསྐུལ་བ་ལ་བརྟེན་ནས། གཡོ་སའི་ཁྲི་ཟུར་ཤཱཀ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་གཞུང་འདིའི་དོན་ཟབ་ཅིང་རྒྱ་ཆེ་བས་དཀའ་ཞིང་བཀྲལ་ཡང་གཞན་གྱིས་གོ་མི་ནུས་སྙམ་ཡང་། འདིའི་དགོངས་པ་རྫོགས་པར་འགྲེལ་པའི་ལུས་རྟེན་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་། ད་རེས་ཀྱི་རྟེན་འདིའི་ཐོག་ནས་ཅུང་ཟད་འགྲེལ་ནུས་འདུག་པས་འདི་ལ་སྙིང་པོ་ཞིག་བླང་བར་བྱའོ་སྙམ་པའི་བསམ་པས་ཀྱང་རང་ལོ་དོན་གསུམ་པ་མེ་ཡོས་བཅུ་གསུམ་པའི་ཐོག་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ།། །།མངྒ་ལཾ།། །།


previousམདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།next