Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
རྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས།
   
   
   
   
   


 
previousརྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས།next

རྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས།

རྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རབ་འབྱམས་རྒྱལ་བའི་འཕྲིན་ལས་ཀུན། །གཅིག་བསྡུས་བཤེས་གཉེན་གར་རོལ་པ། །བླ་མ་རྡོ་རྗེ་ཅན་ཞབས་ལ། །བཏུད་ནས་ཐུན་དྲུག་རྣལ་འབྱོར་བཤད། །དེ་ཡང་སྔགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་དག་པར་བྱེད་པའི་ཐབས་ནི་དེ་རྣམས་ལ་ཉིན་ཞག་རེར་བསྔོ་བགྲང་བྱེད་དགོས་ཤིང་། དེ་ལ་རིགས་ལྔའི་དམ་ཚིག་རྣམས་ཐུན་དྲུག་ཏུ་བསྟེན་དགོས་པར་རྒྱུད་རྒྱ་གཞུང་དུ་མ་དང་། རྗེའི་རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པའི་ཊཱིཀྐ །མཁས་གྲུབ་རྗེའི་རྣལ་འབྱོར་རོལ་པའི་དགའ་སྟོན་སོགས་ལས་འབྱུང་བ་ལྟར་གལ་ཆེ་བ་ཞིག་གོ །དེས་ན་འདིར་རིགས་ལྔའི་སྡོམ་བཟུང་གི་དོན་གྱི་སྙིང་པོ་ཐུན་དྲུག་གི་རྣལ་འབྱོར་དང་སྦྱར་ནས་ཉམས་སུ་ལེན་ཚུལ་བསྡུས་པ་ནི། བླ་མ་མཆོག་གསུམ་ཐམས་ཅ ད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་ཅིང་། །སྡུག་བསྔལ་ཀུན་ལས་ཐར་བ་དང་། །བདེ་བ་མཆོག་དང་མི་འབྲལ་ཞིང་། །ཉེ་རིང་ཆགས་སྡང་དང་བྲལ་ཤོག །མདུན་གྱི་ནམ་མཁར་ཡིད་འཕྲོག་སེངྒེའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། །རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྔོན་པོ། །མཚན་དཔེའི་དཔལ་འབར་ཞལ་གཅིག་ཕྱག་གཉིས་ཀྱིས། །རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མ་ལ་འཁྱུད། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཇའ་ཚོན་ལྟ་བུའི་འོད་ཀྱི་གུར་ཁྱིིམ་དབུས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་བླ་མ་རྡོ་རྗེ་འཆང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བསྐོར་བ། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །གང་གི་དྲིན་གྱིས་ཟུང་འཇུག་བདེ་ཆེན་སྐུ། །སྙིགས་དུས་སྐད་ཅིག་ཉིད་ལ་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་རྗེ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་བགྱིའོ། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་གང་བ་དང་། །བདག་ལུས་ལོངས་སྤྱོད་དགེ་བའི་ཚོགས་དང་བཅས། །རྗེ་བཙུན་བླ་མ་ཁྱོད་ཉིད་མཉེས་ཕྱིར་འབུལ། །བདག་གཞན་ལུས་ངག་ཡིད་གསུམ་སོགས་དང་། སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་རྟག་པར་བཞུགས་སུ་གསོལ། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་པ་དང་། །རྗེ་བཙུན་བླ་མས་རྗེས་སུ་འཛིན་ཕྱིར་བསྔོ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །འཕྲིན་ལས་ངུར་སྨྲིག་གཟུགས་ཀྱི་རྣམ་རོལ་ཏེ། །རྒྱལ་བའི་མཛད་པ་སྒྲུབ་པའི་ཁུར་བཞེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བས་ཕྱོགས་བཅུའི་བདེ་གཤེགས་མཆོད་པ་བས། །གང་ཞིག་བསྟེན་ཅིང་མཆོད་པ་ཁྱད་འཕགས་ཞེས། །རབ་བསྔགས་དངོས་གྲུབ་མ་ལུས་འབྱུང་བའི་གནས། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །འདི་ཕྱིའི་མཆོག་ཐུན་ལེགས་ཚོགས་ཐམས་ཅད་ཀྱང་། །ཁྱོད་ཉིད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར། །གསུངས་ཕྱིར་བདག་གི་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བས་བླ་མའི་གནས་གསུམ་གྱི། །ཡི་གེ་གསུམ་ལས་འོད་དང་བདུད་རྩིའི་རྒྱུན། །དཀར་དམར་མཐིང་གསུམ་རིམ་དང་ཅིག་ཆར་དུ། །བྱུང་ནས་ཐིམ་པས་སྒོ་གསུམ་བྱིན་བརླབས་ཏེ། །བླ་མ་སྤྱི་བོའི་གཙུག་ཏུ་ས་མཱ་ཛཿ རང་ལ་ཐིམ་པས་དབྱེར་མེད་བདག་ཉིད་ཀྱང་། རྡོ་རྗེ་འཆང་གྱུར་རྡོ་རྗེ་དྲིལ་བཟུང་ནས། །རྡོར་དབྱིངས་མ་དང་ལྷན་ཅིག་མཉམ་པར་སྦྱོར། །བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །མར་གྱུར་སེམས་ཅན་དོན་དུ་རབ་བསྔོ་ཞིང་། བྱམས་དང་སྙིང་རྗེ་བཏང་སྙོམས་མི་འཇིགས་སྦྱིན། །རྟག་ཏུ་གོམས་པས་འགྲོ་ཀུན་བསྐྱང་བར་བྱ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་གསུམ། །སྲོག་གི་ཕྱིར་ཡང་མི་གཏོང་སྲུང་བ་དང་། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །མགོན་དེའི་དགོངས་པ་ཇི་བཞིན་བཟུང་བར་བྱ། །མདོར་ན་རང་དོན་ཙམ་ལ་མི་ལྟ་བར། །གཞན་དོན་ཚུལ་བཞིན་བྱེད་འདོད་ལྷག་བསམ་གྱིས། །གང་ལ་གང་འདུལ་འཚམས་པའི་ཐབས་བསྟན་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་བརྗོད་པར་བྱའོ། །སྐབས་འདིར་ཡན་ལག་གཞན་དང་། ཏིང་ངེ་འཛིན་གྱི་དབང་ཞོར་ལ་བཀོད་ཅིང་འཇུག་སྡོམ་འཛིན་དགོས་པའི་ངེས་པ་ཡང་མེད་མོད། འཛིན་པར་སྤྲོ་ན། ཡན་ལག་བདུན་པའི་མཇུག་དེར་རམ། འདིར་ཡང་རུང་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་སམ། ཡང་ན། སྔོན་གྱི་བདེ་བར་གཤེགས་རྣམས་ཀྱིས། །སེམས་བསྐྱེད་བསླབ་པ་བཟུང་བ་ལྟར། །བདག་གིས་བྱང་ཆུབ་སེམས་བསྐྱེད་ནས། །བྱང་ཆུབ་སྤྱོད་ལ་བསླབ་པར་བགྱི། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་མདོར་བསྡུས་ནས་བྱའོ། །དེ་དག་རིགས་ལྔའི་སྡོམ་བཟུང་དང་སྦྱར་ན། གོང་གི་སྐྱབས་འགྲོ་སེམས་བསྐྱེད་དང་འོག་གི་སྡོམ་པ་གསུམ་ལ་བསླབ་པར་ཁས་བླངས་པ་ནི་རྣམ་སྣང་གི་རིགས་ཀྱི་དམ་ཚིག་དང་སྡོམ་པ་ལ་སློབ་པ་དང་། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་ནས་མཆོད་དེ་རང་ལ་བསྟིམས་ནས་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྒོམས་པའི་སྒོ་ནས་རྡོར་དྲིལ་འཛིན་པ་ནི་མི་བསྐྱོད་པ་དང་། ལུས་ལོངས་སྤྱོད་སོགས་གཞན་ལ་གཏོང་ཞིང་བྱམས་པ་དང་བཏང་སྙོམས་ཚད་མེད་སྒོམ་པ་ནི་རིན་འབྱུང་དང་། མདོ་སྔགས་ཀྱི་དམ་ཆོས་མ་ལུས་པར་འཛིན་པ་ནི་འོད་དཔག་མེད་དང་། བླ་མ་ལ་ཕྱི་ནང་གི་མཆོད་པའི་ཚོགས་འབུལ་བ་ནི་དོན་གྲུབ་ཀྱི་རིགས་ཀྱི་དམ་ཚིག་དང་སྡོམ་པ་ལ་སློབ་པར་བྱེད་པའི་ཚུལ་ཏེ། གཞན་རྣམས་ནི་དེ་དག་གི་ཡན་ལག་གོ །ཐུན་དྲུག་ཏུ་བྱེད་ཚུལ་ནི། ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཞེས་སོགས་རིན་འབྱུང་གི་དམ་ཚིག་གི་སྐབས་སུ་འབྱུང་བ་ལྟར་གཞན་རྣམས་ལ་སྦྱོར་བ་ཡིན་པས། ཐུན་དྲུག་ནི་ཉིན་ལན་གསུམ་དང་མཚན་ལན་གསུམ་ཏེ་དུས་དྲུག་ཏུ་དེ་ལྟར་བསྔོ་བགྲང་བྱེད་དགོས་པ་གཞུང་གི་དགོངས་པ་ཡིན་ཀྱང་། ད་ལྟའི་གང་ཟག་གིས་དེ་ལྟར་མ་ནུས་ཚེ་ལན་གསུམ་མམ། མ་ཐ་གཅིག་བྱས་ནའང་ལེགས་པར་སེམས་སོ། །དེ་ལྟ་བུའི་ཉམས་ལེན་ནི་རྒྱུད་དང་གྲུབ་ཆེན་སྤྱིའི་དགོངས་པ་ཡིན་པས་ཉམས་ལེན་ཕལ་པ་གཞན་ལས་ཁྱད་པར་དུ་འཕགས་སོ། །རྒྱུད་སྡེ་རྒྱ་མཚོ་ལས་འོངས་པའི། །དོན་བཟང་རིན་ཆེན་འཕྲེང་མཛེས་འདི། །སྐལ་ལྡན་ཀུན་གྱི་དམ་ཚིག་དང་། །སྡོམ་པ་དག་བྱེད་རྒྱན་མཆོག་ཡིན། །ཞེས་པ་འདིའང་འགའ་ཞིག་གིས་སྔ་མོ་ནས་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་རིག་པ་འཛིན་པའི་ཚུལ་ཅན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ། །༈ རྗེ་བཙུན་མི་ལ་ལ་བརྟེན་པའི་ཐུན་དྲུག་གི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་ནི། ན་མོ་སུ་མ་ཏི་ཀཱིརྟི་ཡེ། འདིར་རྗེ་བཙུན་མི་ལའི་རྣལ་འབྱོར་དང་འབྲེལ་བའི་ཐུན་དྲུག་གི་རྣལ་འབྱོར་མདོར་བསྡུས་གསོལ་འདེབས་དང་བཅས་པ་ཞིག་དམ་པའི་གསུང་གིས་བསྐུལ་བ་ལྟར་བཤད་པར་བྱ་སྟེ། སྤྱིར་ཐུན་དྲུག་གི་རྣལ་འབྱོར་ནི་རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བཀའ་དྲིན་གསུམ་ལྡན་སོགས་ཀྱི་བླ་མ་ཞིག་དང་སྦྱར་ནས་བྱེད་དགོས་པ་གཞུང་གི་དགོངས་པར་མངོན་ཡང་། རྗེ་བཙུན་མི་ལ་དང་སྦྱོར་བར་འདོད་ན་དེ་དང་རྩ་བའི་བླ་མ་གང་མོས་ངོ་བོ་དབྱེར་མེད་དུ་བསྒོམས་ན་ལེགས་ཏེ། གཞན་དུ་ན་ཅུང་མ་འབྲེལ་བར་འགྱུར་རོ། །དེར་མ་ཟད་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་སྦྱོར་ཡང་རྩ་བའི་བླ་མ་དང་དབྱེར་མེད་དུ་མཛད་དགོས་སོ། །འདིར་གྲུབ་ཆེན་མི་ལ་དང་སྦྱོར་གསུང་བ་བཞིན་བྱེད་པས། ཐུན་དྲུག་གི་ཉམས་ལེན་རིགས་ལྔའི་སྡོམ་བཟུང་གི་གོ་རིམ་དང་འབྲེལ་དགོས་ཤིང་། སྡོམ་བཟུང་ལས། སྔོན་དུ་སེམས་བསྐྱེད་དང་། དེ་ནས་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་ཀྱི་དམ་ཚིག་རྣམས་རིམ་བཞིན་བཤད་པས་གོ་རིམ་དེ་ལྟར་དུ་ཡང་རུང་མོད། འཇུག་པ་བདེ་ཆེན་གོ་རིམ་དེ་བཞིན་ངེས་མེད་ལ་དོན་རྣམས་ཚང་བའི་ཚུལ་གྱིས་བརྗོད་ན་འདི་ལྟ་སྟེ། །བླ་མ་མཆོག་གསུམ་ཐམས་ཅད་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །མར་གྱུར་སེམས་ཅན་ཀུན་དོན་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་ལྡན་ཅིང་། །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་ཐོབ་ཉིད་དང་མི་འབྲལ་བར། །ཆགས་སྡང་བྲལ་བའི་གནས་ཐོབ་ཤོག །དེ་ནས། མདུན་གྱི་ནམ་མཁར་བྲག་ལྗོན་མེ་ཏོག་གིས། །མཛེས་པའི་དབུས་སུ་པད་སྡོང་རྒྱས་པའི་རྩེར། །རིན་ཆེན་ཁྲི་སྟེང་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྩ་བའི་བླ་མ་ཀུན་དང་དབྱེར་མེད་པའི། །གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་ཞབས། །སྐུ་མདོག་སྔོ་སངས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སོར་མོ་སྙན་གྱི་རྩ་བར་འཛིན། །གཡོན་པ་ལྟེ་འོག་མཉམ་གཞག་ཕྱག་རྒྱ་ཅན། །འཛུམ་པའི་མདངས་ལྡན་རྡོ་རྗེའི་གླུ་དབྱངས་ལེན། །རས་དཀར་གོས་གྱོན་སྐྱིལ་ཀྲུང་ཕྱེད་སྟབས་བཞུགས། །གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་གི ། འོད་ཀྱིས་འོག་མིན་མངོན་པར་དགའ་སོགས་ནས། །རྗེ་བཙུན་མི་ལ་རྒྱལ་བ་ཞི་ཁྲོ་ཡིས། །བསྐོར་བ་སྤྱན་དྲངས་དབྱེར་མེད་གཅིག་ཏུ་གྱུར། །བརྩོན་པ་ཕུལ་དུ་བྱུང་བའི་སྙིང་སྟོབས་ཀྱིས། །དཀའ་བ་བརྒྱ་ཕྲག་དང་བླངས་ཚེ་གཅིག་ལ། །ཟུང་འཇུག་རྡོ་རྗེའི་སྐུ་བརྙེས་གྲུབ་པའི་དབང་། །རྣལ་འབྱོར་དབང་ཕྱུག་མི་ལའི་ཞབས་ལ་འདུད། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པའི། །གྲུབ་པའི་དབང་ཕྱུག་རྗེ་བཙུན་ཆེན་པོ་ལ། །སྲིད་ཞིའི་ཕྱི་ནང་གསང་བའི་མཆོག་ཚོགས་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་བསྐལ་བརྒྱར་རྟག་བཞུགས་གསོལ། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །རྒྱལ་དང་དེ་སྲས་ཐུགས་རྗེའི་ཟློས་གར་ཉིད། །གྲུབ་དབང་རྣམ་རོལ་གང་ལ་གང་འདུལ་གྱིས། །ཞིང་འདིར་རྒྱལ་བའི་མཛད་པ་སྒྲུབ་པ་ཅན། །རྗེ་བཙུན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་གིས་རབ་འབྱམས་རྒྱལ་བ་ལས། །གང་གི་ཞབས་པད་བསྟེན་ཅིང་གུས་མཆོད་པ། །ལྷག་པར་བསྔགས་པའི་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙུན་ཆེན་པོར་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་བའི་གནས། །རྩ་བའི་བླ་མ་གྲུབ་ཆེན་མི་ལ་དང་། །ཐ་དད་མེད་པའི་ཚུལ་དུ་མོས་གུས་ཀྱིས། །སྤྱི་བོར་བསྟེན་ནོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང་། གདུང་དབྱངས་དང་འབྲེལ་བ་ཞིག་གསུངས་འདུག་པ་ལྟར་དེ་ཡིན་ཁུལ་དུ། སྤྲོ་ན། མགོན་ཁྱོད་ཀྱིས་ངན་འགྲོའི་སྡུག་བསྔལ་རྒྱུ། །གཏན་སྤངས་ནས་བདེ་བའི་དཔལ་བརྙེས་ཀྱིས། །ད་ངན་འགྲོའི་སྡུག་བསྔལ་མྱོང་འགྱུར་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་འཁོར་བའི་སྡུག་བསྔལ་ཀུན། །རབ་སྤངས་ཏེ་ཞི་བའི་བདེ་ཐོབ་ཀྱིས། །ད་མཐའ་མེད་འཁོར་བར་ཁྱམས་འགྱུར་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་རང་བདེ་ཙམ་དོན་གཉེར། །ཡོངས་དོར་ནས་གཞན་དོན་མཐར་ཕྱིན་མཛད། །ད་རང་དོན་ཙམ་ལ་རྗེས་ཆགས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་རྒྱུད་དང་གྲུབ་ཆེན་གྱི། །སྲོལ་མན་ངག་མཐར་ཐུག་ཉམས་བཞེས་ཀྱིས། །ད་མན་ངག་ཉམས་ལེན་མ་མཆིས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་བརྩོན་པ་ཤུགས་དྲག་གིས། །ཚེ་གཅིག་ལ་གྲུབ་པ་མཆོག་བརྙེས་ཀྱིས། །ད་ལེ་ལོ་དམན་ལ་ཞེན་གྱུར་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་གྲོགས་མེད་གཅིག་པུ་ཡིས། །དབེན་གནས་སུ་ཏིང་འཛིན་བསྒོམས་མཐར་ཕྱིན། །ད་འདུ་འཛི་གཡེང་བའི་རྒྱར་ཆུད་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་ཏིང་འཛིན་ཟས་བསྟེན་ཏེ། བདེ་དྲོད་ཀྱི་གོས་བཟང་མཆོག་གྱོན་གྱིས། །ད་ཐ་མལ་གྱི་ཟས་གོས་ལ་ཆགས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་སྣང་སྲིད་ཆོས་ཀུན་ཀྱང་། །ཟབ་ཆོས་ཀྱི་དབྱངས་སུ་སྒྲོགས་མཛད་ཀྱིས། །ད་འཆལ་གཏམ་བརྗོད་པས་དུས་འདའ་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོ་ཀྱིས་རང་ལུས་ལྷ་སྐུར་གཟིགས། །ངག་བཟླས་བརྗོད་ཡིད་ཀྱིས་བདེ་སྟོང་སྒོམ། །ད་སྒོ་གསུམ་ཐ་མལ་སྣང་ཞེན་ཅན། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་སྐྱེ་ཤི་བར་དོ་གསུམ། །སྐུ་གསུམ་གྱི་ལམ་དུ་བསྒྱུར་མཛད་ཀྱིས། །ད་སྐྱེ་འཆི་བར་དོའི་འཁོར་ལོ་ཅན། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མདོར་གསོལ་ན་དཔའ་བོ་རྣལ་འབྱོར་མ། །ཀུན་འདུས་ཀྱི་རྣལ་འབྱོར་དབང་ཕྱུག་ཆེ། །ཁྱོད་ཉིད་ཀྱིས་ཚེ་རབས་ཀུན་ཏུ་ཡང་། །འབྲལ་མེད་དུ་རྗེས་བཟུང་བྱིན་གྱིས་རློབས། །རྒྱས་བསྡུས་གཉིས་གང་བྱེད་ཀྱང་། དེ་ལྟར་གསོལ་བས་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་བདག་ཉིད་གནས་གསུམ་དུ། །དེ་བཞིན་ཐིམ་པས་སྒོ་གསུམ་བྱིན་བརླབས་ཏེ། །རང་གི་སྤྱི་བོར་ཚངས་པའི་བུ་ག་ནས། །ཞུགས་ནས་སྙིང་ཁར་བྱང་སེམས་དབྱེར་མེད་ལས། །རང་ཉིད་རྡོ་རྗེ་འཆང་གི་སྐུར་གྱུར་ཏེ། །རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མ་དང་སྦྱོར། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །མར་གྱུར་སེམས་ཅན་རྣམས་ལ་ཡོངས་བཏང་ཞིང་། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཀུན། །སྲོག་གི་ཕྱིར་ཡང་མི་འདའ་བསྲུང་བར་བྱ། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །དེ་ཡི་དགོངས་པ་ཇི་བཞིན་འཛིན་པ་དང་། །གང་འཚམས་ཐབས་ཀྱིས་འགྲོ་བ་ཐམས་ཅད་ཀྱང་། །བླ་མེད་གོ་འཕང་མཆོག་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་བརྗོད་པར་བྱའོ། །ཚུལ་འདི་ལ་རིགས་ལྔའི་སྡོམ་བཟུང་གི་དོན་རགས་པ་ཚང་བ་ཡིན་ཏེ། དེ་ཡང་ཐུན་དྲུག་གི་རྣལ་འབྱོར་སྔོན་མའི་སྐབས་སུ་བཤད་པ་ལྟར་སྦྱོར་བ་ཡིན་པའི་ཕྱིར་རོ། །ཐུན་དྲུག་གི་རྣལ་འབྱོར་རྒྱས་པ་ཉམས་སུ་ལེན་རྒྱུ་བྱུང་ན་ཤིན་ཏུ་ལེགས་པ་ཡིན་མོད། ཚུལ་དེ་མ་ལྕོགས་ན་འདི་ལྟར་མདོར་བསྡུས་པའི་སྒོ་ནས་དྲན་ཤེས་བསྟེན་རྒྱུ་བྱུང་ནའང་ཉམས་ལེན་ཕལ་པ་གཞན་རྣམས་ལས་ནི་ཁྱད་པར་དུ་འཕགས་ཞེས་བཤད་པ་ལྟར་ཡིན་ཏེ། འདི་ལ་རིགས་ལྔའི་སྡོམ་བཟུང་གི་དོན་གྱི་སྙིང་པོ་ཚང་བས་དམ་ཚིག་དང་སྡོམ་པ་དག་བྱེད་ཀྱི་ཐབས་མཆོག་ཏུ་འགྱུར་བའི་ཕྱིར་རོ། །ཅེས་པ་འདི་ཡང་། རྒྱལ་དབང་བདུན་པའི་ཆོས་ཀྱི་ཐུགས་སྲས་རིགས་པ་སྨྲ་བ་ཨར་དཀར་ཞབས་དྲུང་ཨང་སྨོན་དབྱངས་ཅན་གཞོན་ནུ་ཞེས་བགྱི་བས་ཐག་རིང་ནས་བསྐུལ་བ་ལྟར། །ཅོ་ནེའི་སློབ་དཔོན་པ་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཁོང་གི་གསུང་བཟློག་མ་ནུས་པར་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།། །།


previousརྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས།next