Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
   
   
   
ཡི་དམ་སྤྱི་འགྲོའི་རྗེས་གནང་།
   
   
   
   


 
previousཡི་དམ་སྤྱི་འགྲོའི་རྗེས་གནང་།next

ཡི་དམ་སྤྱི་འགྲོའི་རྗེས་གནང་།

ཡི་དམ་སྤྱི་འགྲོའི་རྗེས་གནང་བཞུགས།

ན་མོ་བཛྲ་དྷཱ་ར་ཡེ། རྒྱུད་སྡེ་རྣམ་བཞི་དང་འབྲེལ་བའི། །ཡི་དམ་ལྷག་པའི་ལྷ་དག་གི། རྗེས་གནང་ཇི་ལྟར་བྱ་བའི་ཚུལ། །མཁས་པའི་བཞེད་སྲོལ་ལྟར་བཤད་བྱ། །འདི་ལ་སྤྱི་བཀའ་དང་ཟུར་བཀའ་གཉིས་ཀྱི་དང་པོ་ལ་གཉིས། མཁས་པ་གཞན་གྱི་ལུགས་དགོད་པ་དང་། རང་གིས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་མང་སྟེ། པཎ་ཆེན་ཐར་རྩེ་བའི་སྒྲུབ་ཐབས་རྒྱ་མཚོ་ལས། བདག་མདུན་དང་མཎྜལ་འབུལ་བ། ཐུན་མོང་བའི་གསོལ་འདེབས། ཆོས་བཤད་པ། བྱང་སྡོམ་འཛིན་པ་སྔོན་དུ་བཏང་ནས། ཐུན་མོང་མ་ཡིན་པའི་གསོལ་གདབ་དང་སློབ་མ་ལྷར་བསྐྱེད་རྗེས། སྐུའི་རྗེས་གནང་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལྷ་གང་ཡིན་པ་དེའི་རྣམ་པར་སྤྱན་དྲངས་ནས་སློབ་མའི་ལུས་ལ་བསྟིམ་ནས་དག་པ་བརྗོད། གསུང་གི་རྗེས་གནང་ལ་སློབ་མས་བླ་མ་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ལྷའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་དེ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་བྱུང་སློབ་མའི་ཁར་ཞུགས་ཏེ། སྙིང་ཁའི་ས་བོན་གྱི་མཐར་འཁོད་པ་ན་སྔགས་ལན་གསུམ་རྗེས་ཟློས་བྱེད་ཅིང་། སློབ་མས་བཅོམ་ལྡན་བདག་ལ་སོགས་དང་། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་བརྗོད་དེ་མེ་ཏོག་འཐོར་ཞིང་དག་པ་བྱེད། ཐུགས་ཀྱི་རྗེས་གནང་ལ། དངོས་པོ་མེད་པས་སྒོམ་པ་མེད། །ཞེས་སོགས་བརྗོད་ཅིང་དོན་བརྡ་སྤྲད་ནས། སློབ་མ་ལྷར་གསལ་བ་སྡུད་རིམ་བྱས་ཏེ་ལྟ་ཐོག་ཏུ་འཇོག་པའི་བརྡ་སྤྲོད་ཅིང་དག་པ་བརྗོད་པ་དང་། ཚོམ་བུ་ལ་མཆོད་བསྟོད། བཟོད་གསོལ། གཤེགས་གསོལ་རྣམས་བྱེད་དོ། །ངོར་པ་དཀོན་མཆོག་ལྷུན་གྲུབ་གྱིས། སྒྲུབ་ཐབས་བརྒྱ་རྩ་ནས་བདག་མདུན་སོགས་སྔོན་དུ་བཏང་སྟེ། སློབ་མ་ལྷར་བསྐྱེད་ནས་ལུང་གསུམ་གྱི་ཆིངས་མཛད་དེ། སྔར་བཞིན་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྱན་དྲངས་པའི་ལྷ་བསྟིམ་པ་དང་དག་པའི་རྗེས་སུ། བཟླས་པའི་ལུང་ལ་སྔགས་ཀྱི་བཟླས་ལུང་དང་། དམ་བཅའི་ལུང་ལ་བྱང་ཆུབ་ཀྱི་བར་ལྷ་དེ་ལྷག་པའི་ལྷར་འཛིན་པའི་དམ་བཅའ་ལན་གསུམ་གྱི་རྗེས་ཟློས་དང་དག་པ་བརྗོད། བྱིན་རླབས་ཀྱི་ལུང་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལྷ་སྐུ་མཐེབ་སོར་ཙམ་པ་སྤྲོས་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པས་སྙིང་ཀའི་ས་བོན་དང་དབྱེར་མེད་དུ་གྱུར་རྗེས་ཉེར་བསྡུ་བྱས་ནས་ལྟ་ཐོག་ཏུ་འཇོག་ཅིག་དག་པ་བརྗོད། གཞན་ཐམས་ཅད་སྔར་བཞིན་ནོ། །མཆིམས་ནམ་མཁའ་གྲགས་ཀྱིས། །སྣང་ཐང་བརྒྱ་རྩ་ལས། བདག་མདུན་བུམ་སྒྲུབ་སོགས་སྔོན་ཏུ་བཏང་སྟེ། མཎྜལ་བསྟན་རྗེས། སྐུའི་རྗེས་གནང་ལ་ཐུན་མོང་མ་ཡིན་པའི་གསོལ་འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ལྷ་མཆོག་འདི་ཞེས་པའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་པ་དང་། རྗེས་གནང་གི་གཞི་སྒྲུབ་པའི་ཆེད་དུ་སློབ་མ་ལྷར་བསྐྱེད་དེ་གནས་གསུམ་བྱིན་གྱིས་བརླབས། སློབ་དཔོན་ལ་མོས་པ་དུང་བ་ཞིག་བྱས་པས། སློབ་དཔོན་གྱི་ཐུགས་ཁའི་འོད་ཟེར་མདུན་གྱི་ཐུགས་མཁར་ཕོག ། དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་ལྷ་དེ་དང་དེའི་སྐུའི་རྣམ་པར་སྤྱན་དྲངས་པ་དང་། རང་དང་མདུན་གྱི་ལྷ་ལས་ཀྱང་ལྷའི་སྐུ་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་ལུས་ལ་ཐིམ་པར་མོས་ཤིང་། མ་ལུས་སེམས་ཅན་ཀུན་གྱི་སོགས་ཚིགས་བཅད་གཅིག་གི་མཐར་བཛྲ་ཨ་བེ་ཤ་ཨ་ཨ་ཛཿཧཱུཾ་བཾ་ཧོཿས་བསྟིམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ནས་གསོལ་བ་བཏབ་སྟེ། ཇི་ལྟར་བལྟམས་པ་ཞེས་སོགས་བརྗོད་ཅིང་དབང་བསྐུར་བ་ན་བུམ་ཆུ་འཐོར་ཞིང་སྔགས་བརྗོད་དེ་ཆུ་འཐུང་དུ་གཞུག་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་སྒྲིབ་པ་དག ། སྐུ་འགྲུབ་པའི་ནུས་པ་བཞག ། ཆུ་ལྷག་མ་སྤྱི་བོར་གནས་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱིས་དབུ་བརྒྱན་པར་བསམ། གསུང་གི་རྗེས་གནང་ལ་སྔར་གྱི་སྐུའི་ཞེས་པ་གསུང་དུ་བསྒྱུར། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཁ་ནས་སྔགས་འཕྲེང་སྔར་བཞིན་ཆད་དེ་ཞལ་ནས་འབྱུང་བ་དང་། འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ལྷའི་སྔགས་ཀྱི་རྣམ་པར་སྤྱན་དྲངས་པ་རྣམས་ལྷན་ཅིག་སློབ་མའི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐར་འཁོད་པ་དང་སྔགས་ཀྱི་རྗེས་ཟློས་ལན་གསུམ་དང་། བླ་མས་མེ་ཏོག་འཐོར་བ་དང་བཅས། བཅོམ་ལྡན་འདས་ལ་བདག་སྩལ་ལགས་ཀྱི། །ཞེས་སོགས་ལན་གསུམ་དང་། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ལྷའི་གསུང་གི་བྱིན་རླབས་ཐམས་ཅད་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ནས་རང་གི་ལག་གི་མེ་ཏོག་ལ་ཐིམ་པ་ན། མེ་ཏོག་སློབ་མའི་སྤྱི་བོར་གཏོར་ཞིང་། བཅོམ་ལྡན་འདི་ལ་ཞེས་སོགས་བརྗོོད་པས་སློབ་མའི་སྙིང་ཁའི་སྔགས་ནུས་པ་ཅན་དུ་བྱིན་གྱིས་བརླབས་པའི་མོས་པ་དང་། བླ་མས་ཇི་ལྟར་བལྟམས་པ་སོགས་བརྗོད་དེ་བུམ་པའི་ཆུས་དབང་བསྐུར་ཞིང་། ཆུ་ལྷག་མ་ཡར་ལུད་པ་ལས་པདྨའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ། ཐུགས་ཀྱི་རྗེས་གནང་ལ་ཐུགས་ཀྱི་ཞེས་འདོན་པ་བསྒྱུར། བླ་མའི་ཐུགས་ཁའི་འོད་ཟེར་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་ལྷ་གང་ཡིན་པ་དེའི་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་ས་བོན་ནམ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཞུགས་པས་འོད་དུ་ཞུ་ནས་སྙིང་ཀའི་ས་བོན་ལ་ཐིམ། དེ་ཉིད་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམས་ཏེ་མཉམ་པར་འཇོག་ཏུ་འཇུག །དེ་ནས་སྟོང་པའི་ངང་ལས་སྐད་ཅིག་གིས་ལྷའི་སྐུར་གྱུར་པར་མོས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་ཆུས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེའི་རིགས་ཀྱི་ལྷས་དབུ་བརྒྱན་པར་བསམ། རྗེ་གནང གསུམ་ཀའི་མཐར་ཨརྒྷཾ་སོགས་ཀྱིས་མཆོད། དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་པ། ཞེས་སོགས་བརྗོད་ཅིང་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཞེས་སོགས་བརྗོད་དེ་རྗེས་ཟློས་བྱེད་དུ་གཞུག་གོ །རྗེ་དགེ་འདུན་རྒྱ་མཚོའི་སྤྱི་འགྲོའི་རྗེས་གནང་ལས། བདག་མདུན་སོགས་སྔོན་དུ་བཏང་ནས། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་ཀྱིས་གསོལ་བ་ལན་གསུམ་དང་། དཀོན་མཆོག་གསུམ་ལ་ཞེས་སོགས་ཀྱིས་བྱང་སྡོམ་འབོག ། སྐུ་དང་གཏོར་མ་དང་ཚོམ་བུ་གང་ཡིན་ལྷ་དེ་དང་དེར་ངོ་སྤྲད། དངོས་གཞིའི་དུས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཞེས་སོགས་ཀྱིས་གསོལ་བ་འདེབས་སུ་གཞུག །སློབ་མ་ལྷར་བསྐྱེད་དེ་གནས་གསུམ་དུ་ཡི་གེ་དགོད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་གང་ཡིན་པ་དེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར་བ་སྤྱན་དྲངས་ནས་སློབ་མའི་ལུས་ལ་བསྟིམ་པ་ནི་སྐུའི་རྗེས་གནང་། དུས་གསུམ་སངས་རྒྱས་སོགས་གསུང་ལ་འདོན་པ་བསྒྱུར་ཏེ་གསོལ་བ་བཏབ་པས། རང་གི་ཐུགས་ཀའི་ས་བོན་ལས་ལྷ་གང་ཡིན་པ་དེའི་སྔགས་འཕྲེང་བྱུང་སྟེ་རང་གི་སྣ་བུག་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས་པས། སྙིང་ཁའི་ས་བོན་གང་ཡིན་པའི་མཐར་འཁོད་པར་མོས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་པ་ནི། གསུང་གི་རྗེས་གནང་དང་། ཡང་དུས་གསུམ་སངས་རྒྱས་སོགས་ཐུགས་ལ་བསྒྱུར་ཏེ་གསོལ་བ་བཏབ་པས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དེའི་ཕྱག་མཚན་ནམ་ས་བོན་ནམ་མཁའ་གང་བ་སྤྱན་དྲངས་ནས་སློབ་མའི་སྙིང་ཁར་ཐིམ་པར་བསམ་པ་ནི་ཐུགས་ཀྱི་རྗེས་གནང་། བཅོམ་ལྡན་བདག་ལ་ཞེས་སོགས་ཀྱི་མཇུག་ཏུ། སྐུའམ་གཏོར་མ་སོགས་སློབ་མའི་མགོར་བཞག་ནས། བཅོམ་ལྡན་འདི་ལ་ཞེས་སོགས་བརྗོད་པས་ལྷ་དེ་དང་དེ་སློབ་མ་ལ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་པ་ནི་ལྷ་བསྟིམ་པའི་རྗེས་གནང་། དེ་ནས་ལྷ་དེའི་མངོན་རྟོགས་དང་སྔགས་ཀྱི་ལུང་བྱེད་པ་ནི་འཕྲིན་ལས་ཀྱི་རྗེས་གནང་དུ་བཤད་དོ། །གཉིས་པ་ནི། པཎ་ཆེན་གོང་མའི་གསུང་འབུམ་ལས་འབྱུང་བའི་ཡི་དམ་སྤྱི་འགྲོའི་རྗེས་གནང་དང་བསྟུན་ནས་ཅུང་ཟད་ཕྱེ་སྟེ་བཤད་ན། དབང་རྟེན་གཏོར་མའམ། ཚོམ་བུ་མཎྜལ་མཆོད་གཏོར་རྣམས་སྟ་གོན་བྱ། སློབ་དཔོན་གྱིས་ལྷ་གང་ཡིན་པ་དེའི་བདག་བསྐྱེད་བཟླས་པ་དང་བཅས་པ་དང་། མདུན་བསྐྱེད་མཆོད་བསྟོད་བཟླས་པ་གཏོར་འབུལ་དང་བཅས་པ་སྔོན་དུ་བཏང་ནས། སློབ་མ་ཁྲུས་བྱས་ནས་མཎྜལ་འབུལ་དུ་འཇུག །དེ་ནས་ཆོས་བཤད་ཅེས་གསུངས་ཀྱང་འཇུག་པ་བདེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་པ་ལྟ་བུའི་གསོལ་འདེབས་ལན་གསུམ་གྱི་རྗེས་ཟློས་བྱ། །དེ་ནས་ཀུན་སློང་འཆོས་པའི་ཆོས་བཤད་བྱ་སྟེ། །དེ་ཡང་ཆོས་བཤད་པ་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས། དང་པོ་ནི། ལམ་རིམ་བསྡུས་དོན་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །ཞེས་སོགས་གསུངས་པ་ལྟར་རྟེན་འདི་རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཡིན་པས་རྟེན་འདི་ལ་སྙིང་པོ་ལེན་དགོས། སྙིང་པོ་ལེན་ཚུལ་ནི། ཤི་ནས་ངན་འགྲོར་མི་སྐྱེ་བའི་གདེངས་མ་ཐོབ་པས། ཐོག་མར་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ངན་འགྲོར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་དེ་ཡང་མི་དགེ་བཅུ་སྤོང་ཞིང་དགེ་བཅུ་ཅི་ནུས་སུ་སྒྲུབ་པ་དང་། དེ་ནས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བློ་རྒྱུད་ལ་ཅི་སྐྱེ་དང་། དེ་ནས་རང་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། སྡུག་བསྔལ་གསུམ་གྱིས་མནར་བ་ལྟར་སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་བར་མཐོང་ནས། དེ་རྣམས་ལ་དམིགས་པའི་བྱམས་སྙིང་རྗེ་དང་དེས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིན་དྲུག་སོགས་ཀྱི་སྤྱོད་པ་ལ་སློབ་འདོད་དང་། དེ་ནས་སྔགས་ལམ་དུ་འཇུག་ཅིང་ཡི་དམ་གྱི་ལྷ་ཞིག་བསྟེན་དགོས་པས། ད་ལམ་ཡི་དམ་གྱི་ལྷ་འདི་ཞེས་བགྱི་བའི་རྗེས་གནང་མནོས་ཏེ་སྒོམ་བཟླས་སོགས་ཀྱི་སྒོ་ནས་རྟེན་འདི་ལ་སྙིང་པོ་ལེན་པ་ཡིན་ལ། དེ་ཡང་ལྷག་པའི་ལྷ་འདི་ལྟ་བུ་ལ་བརྟེན་ན་གནས་སྐབས་བར་ཆད་ཞི་བ་དང་། ལས་སྒྲིབ་འདག་པ་དང་། ཡི་དམ་གྱི་ལྷས་རྗེས་སུ་བཟུང་ནས་སངས་རྒྱས་ཐོབ་པའི་བར་གྱི་ཕན་ཡོན་མང་དུ་འབྱུང་བས་བསམ་པ་འདི་བཞིན་དུ་གྱིས། གནས་ཁང་འདི་ཉིད་ཐ་མལ་གྱི་གནས་མ་ཡིན་པར་དག་པའི་ཞིང་དང་། མངོན་རྟོགས་བསྡུས་པའི་སྒོ་ནས་སམ། བསྡུ་ན་མདུན་བསྐྱེད་ཀྱི་རྟེན་འདི་ལྷ་འདི་དང་འདི་དངོས་ཡིན་སྙམ་པ་དང་། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པའི་མོས་པ་བྱ། དེ་རྣམས་ཀྱི་དྲུང་དུ་སྐྱབས་འགྲོ་དང་སྡིག་བཤགས་སྔོན་དུ་འགྲོ་བའི་བྱང་སྡོམ་འཛིན་དགོས་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཚིགས་བཅད་གཅིག་ལན་གསུམ་རྗེས་ཟློོས་བྱེད་དུ་གཞུག །དེ་ནས་རྗེས་གནང་ལ་རྗེས་གནང་བསྐུར་བའི་གཞི་ལྷར་བསྐྱེད་ནས་གསོལ་བ་དང་། རྗེས་གནང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་ལ་ཁྱོད་རྣམས་ལྷར་བསྐྱེད་རྒྱུ་ཡིན་ཞེས་བརྡ་སྤྲད་དེ། བསངས་སྦྱངས་བྱས་ནས་ལྷ་ཞི་དྲག་གང་ཡིན་པ་དེར་ཆོ་ག་གསུམ་མམ་ས་བོན་ལས་བསྐྱེད། དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་གསོལ་འདེབས་སོ་སོར་བྱེད་ན། སློབ་དཔོན་ཆེན་པོ་དགོངས་སུ་གསོལ། སངས་རྒྱས་ཀུན་གྱི་སྐུ་ཡི་དངོས། །བདག་ལ་ལྷ་མཆོག་འདི་ཞེས་པའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ་མམ་གཅིག་གིས་གསོལ་བ་གདབ། དེ་ནས་བླ་མས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ལྷ་དེ་ལ་སོགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་དང་དེའི་བྱིན་རླབས་ཐམས་ཅད་ལྷ་དེའི་སྐུའི་རྣམ་པར་སྤྱན་དྲངས། མ་ལུས་སེམས་ཅན་མ་ཚིགས་བཅད་གཅིག་དང་། ཨེ་ཧྱེ་ཧི། བཛྲ་ཨ་བེ་ཤའམ་བཛྲ་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ སློབ་མའི་ལུས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་ཡི་རྗེས་སུ་གནང་བ་ཐོབ་པར་གྱུར། གསུང་གི་རྗེས་གནང་ལ། གོང་གི་གསོལ་འདེབས་ཀྱི་སྐུའི་ཞེས་པ་གསུང་གི་ཞེས་པར་བསྒྱུར། ལྷ་ཞི་བ་ལ་ཟླ་བ་དང་དྲག་པོ་ལ་ཉི་གདན་དུ་མོས་ཏེ། རང་གི་ཐུགས་ཀའི་ས་བོན་སྔགས་འཕྲེང་གིས་བསྐོར་བ་ལས་སྔགས་འཕྲེང་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། རང་གི་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས་སྙིང་ཁར་ས་བོན་གྱི་མཐར་འཁོད་པའི་འོད་ཟེར་གྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་གསུང་གི་བྱིན་རླབས་ཞུགས། ངག་ནུས་པ་དང་ལྡན་པར་བྱིིན་གྱིས་བརླབས་པར་གྱུར་ཅེས་བརྗོད་དེ་སྔགས་གང་ཡིན་པ་དེ་ལན་གསུམ་རྗེས་ཟློས་བྱེད་དུ་འཇུག །མེ་ཏོག་སྤྱི་བོར་གཏོར་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད་ཅིང་། ལྷ་འདི་ཞེས་བགྱི་བའི་གསུང་གི་བྱིན་རླབས་ཐམས་ཅད་ཁྱོད་ཀྱི་ངག་ལ་འཇུག་པར་གྱུར་ཅིག་ཅེས་བྱས་ཀྱང་ལེགས། ཐུགས་ཀྱི་རྗེས་གནང་གི་གསོལ་འདེབས་ལ་ཐུགས་ཀྱི་ཞེས་བསྒྱུར། རང་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། ལྷ་དེ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་ཕྱག་མཚན་དང་ས་བོན་ཧཱུཾ་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ སློབ་མའི་སྙིང་ཁར་བདུད་རྩི་ལྔའི་རྣམ་པར་ཞུ་ནས་ཐིམ་པས། ཡིད་ཀྱི་སྒྲིབ་པ་དང་། ནད་གདོན་བར་ཆད་ཐམས་ཅད་སྦྱངས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །སྐབས་འདིར་མི་གསལ་ཡང་གཞན་འགའ་ཞིག་ལྟར་འདོད་ན། སྐུ་ཡི་ཞེས་སོགས་འདིར་སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ་ཞེས་བསྒྱུར་ཞིང་། གོང་དུའང་གསོལ་གདབ་སོ་སོར་མི་བྱེད་ན་ཐུན་མོང་དུ་འདི་ལྟར་བྱས་ཆོག །སྔར་ལྟར་འོད་ཟེར་གྱིས་བདག་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དེ་ལ་སོགས་པ་སྐྱབས་གནས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་སྐུ་གསུང་ཐུགས་དང་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་སློབ་མའི་གནས་གསུམ་ལ་ཆར་ལྟར་ཐིམ་པར་གྱུར་ཅེས་བརྗོད་ཅིང་དྲིལ་སྒྲ་བྱ། དེས་སྒོ་གསུམ་ཐུན་མོང་བའི་སྒྲིབ་པ་སྦྱངས་ནས་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་གྱུར་ཅེས་བརྗོད། ལྷ་བསྟིམས་པའི་རྗེས་གནང་བྱེད་ན། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མདུན་གྱི་ལྷ་སློབ་མའི་སྤྱི་བོར་སྤྱན་དྲངས། གཏོར་མའམ་ཚོམ་བུ་སློབ་མའི་མགོར་བཞག་སྟེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ ཡི་དམ་དཀྱིལ་འཁོར་ཡི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས༴ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༴ ཁྱད་པར་དུ་ལྷ་མཆོག་འདི་ཞེས་བྱ་བས༴ ཁྱེད་རྣམས་ཀྱིས་སློབ་མ་འདི་དག་གི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད་ཅིག །ཚེ་དང་བསོད་ནམས་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད་ཅིག །ཅེས་པ་ལྟ་བུས་མཚོན་རྒྱས་བསྡུས་ཅི་རིགས་ལན་གསུམ་བྱས་པའི་མཐར། ཛཿཧཱུཾ་བཾ་ཧོཿ སློབ་མ་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པར་བསམ། གཏོར་མ་ཡིན་ན་ལྷ་ཞུ་བའི་མོས་པས། དམ་རྫས་འཆི་མེད་བདུན་རྩིའི་ཟས། །ཟོ་ཞིག་ཁྱོོད་ནི་རིགས་སུ་སྐྱེ། །འདི་ཟོས་ནད་གདོན་སྡིག་སྒྲིབ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ལ་བྱིན། ཚོམ་བུ་ཡིན་ན་ལྷ་དམ་ཡེ་གཉིས་དབྱེར་མེད་དུ་བསྟིམས་ཟིན་པས་བཏང་སྙོམས་སུ་བྱས་ཆོག །ལྷ་མ་བསྟིམས་ན་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་ཚོམ་བུའམ་གཏོར་ཟན་གྱི་རྣམ་པར་ཞུ་བར་གྱུར་ནས་སྔར་ལྟར་བྱས་ཆོག །ཡང་ན་མཆོད་བསྟོད་བཟོད་གསོལ་བྱས་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ་མཇུག་བསྡུའོ། །ཆོས་སྐྱོང་སྤྱི་འགྲོའི་རྗེས་གནང་གོང་ལྟར་བྱ་བར་བཤད་དེ། ཅུང་ཟད་ཕྱེ་ན་དེ་ཡང་དབང་རྟེན་གཏོར་མའམ། མ་གྲུབ་ན་ཚོམ་བུས་རུང་བར་བཤད། རང་འཇིགས་བྱེད་ལྟ་བུའི་ང་རྒྱལ་གྱིས་གཏོར་མ་ལྷར་བསྐྱེད་ནས་མཆོད་བསྟོད་གཏོར་འབུལ་བྱ། དེ་ནས་སློབ་མ་ཁྲུས་དང་མཎྜལ་སོགས་གོང་བཞིན་དང་། སློབ་མ་ཆོས་སྐྱོང་དེར་མངོན་རྟོགས་མདོར་བསྡུས་ནས་བསྐྱེད་དེ་གནས་གསུམ་བྱིན་གྱིས་བརླབས་ཏེ། གསོལ་འདེབས་ནི། སློ་དཔོན་རིན་པོ་ཆེ་བདག་ལ་ཆོས་སྐྱོང་འདི་ཞེས་བགྱི་བའི་སྐུའི་རྗེས་གནང་སོགས་ཟེར་རམ། ཐུན་མོང་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་བྱ། དེ་ནས་རང་གི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས།མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མགོན་པོ་ལྟ་བུ་ལ་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཞེས་སོགས་དང་། ཆོས་རྒྱལ་ལ་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་ཞེས་སོགས་དང་། ལྷ་མོ་ལ་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཞེས་སོགས་དང་། རྣམ་སྲས་ལ་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཞེས་སོགས་གཞན་གྱི་མིང་ནས་བརྗོད་ཅིང་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་ཅེས་བརྗོོད་ལ་དྲིིལ་བུ་སོགས་དཀྲོལ། དེས་ཆོས་སྐྱོང་འདི་ཞེས་བྱ་བའི་སྐུའི་རྗེས་གནང་ཐོབ། ལུས་ལྷར་སྒོམ་པ་ལ་དབང་བར་བྱས་པ་ཡིན། གསུང་གི་རྗེས་གནང་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ན་བཞུགས་པའི་ཆོས་སྐྱོང་རྣམས་དང་མདུན་གྱི་ཆོས་སྐྱོང་གི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་གི་སྔགས་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་མགྲིན་པར་ཞུགས་པས་ངག་གི་ཉེས་པ་དང་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་པའི་མོས་པ་མཛོད། སྐབས་འདིར་སྔགས་ཀྱི་བཟླས་ལུང་བྱེད་པར་འདོད་ན་གོང་གི་སྔགས་ཀྱི་ལུང་བཟླས་ལྟར་རིགས་འགྲོས་བྱས་ཆོག་ཅིང་མ་བྱས་ཀྱང་མི་འགལ། དེས་གསུང་གི་རྗེས་གནང་ཐོབ། ངག་སྔགས་བཟླ་བ་དང་སྔགས་ཀྱི་སྒོ་ནས་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ཞེས་བརྗོད། ཐུགས་ཀྱི་རྗེས་གནང་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཞེས་པ་ནས། མདུན་བསྐྱེད་ཀྱི་ལྷའམ་ཆོས་སྐྱོང་གི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ས་བོན་དང་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། སློབ་མའི་སྙིང་ཁར་ཐིམ་པས་ཡིད་ཀྱི་ཉེས་སྐྱོན་དང་ནད་གདོན་སོགས་སྔར་བཞིན་དང་། དེས་ཐུགས་ཀྱི་རྗེས་གནང་ཐོབ། ཐུགས་ཀྱི་སྒོ་ནས་འཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན། དབང་ལྷ་བསྟིམ་པའི་རྗེས་གནང་ནི། གཏོར་མ་སློབ་མའི་མགོར་བཞག་སྟེ། རྗེ་བཙུན་རྩ་བ་དང་ཞེས་སོགས་སྔར་ལྟར་ལ། ཁྱད་པར་དུ་ཆོས་སྐྱོང་འདི་ཞེས་བགྱི་བ་ཁྱོད་ཀྱིས་རྡོ་རྗེ་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །སློབ་མ་འདི་ཁྱེད་ལ་གཉེར་དུ་གཏད་པ་ཡིན་པས་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབས། མདོར་ན་གང་བཅོལ་བའི་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་མམ་གཅིག་གསོལ་བ་བཏབ་པས། གཏོར་མ་ལྟ་བུ་ལྷར་གསལ་བ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་བར་གྱུར། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ་ནས་བྱིན་གྱིས་བརླབས་པར་གྱུར་ཅེས་བརྗོད། ལྷ་མ་བསྟིམས་ན་མཆོད་བསྟོད་བཟོད་གསོལ་བྱས་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་གྱུར་པའི་མོས་པ་བྱ། ཆོས་སྐྱོང་བསྐྱེད་པ་ལ་འཁོར་བསྐྱེད་མི་བསྐྱེད་གཉིས་ཡོད་ཀྱང་། འཁོར་རྣམས་བསྐྱེད་ན་ལྷ་མ་བསྟིམ་ན་ལེགས། རྒྱས་པར་ན་བསང་གཏོར་བྱ་བ་ལ་བུམ་པའི་ནང་དུ་ལས་ཀྱི་ལྷ་གང་འདོད་པ་བསྐྱེད་ནས་སྔགས་བཟླ་བ་དང་། ཡང་ན་ལས་སྔགས་བཟླས་ནས་བུམ་ཆུ་བྱིན་གྱིས་བརླབས་པའི་ལུགས་ལྟར་བྱ་ལ། བསྡུས་པ་ལ་ནི་དེ་མེད་ཀྱང་མི་འགལ་བར་མཐོང་ངོ་། །འདིར་ནི་སྤྱི་བཀའི་རྗེས་གནང་བྱ་ཚུལ་གྱི་རིགས་འགའ་ཞིག་བརྗོོད་པ་ཡིན་གྱི། སྤྱི་བཀའ་ལ་མི་འདྲ་བ་གཞན་ཡང་མང་ལ། ཟུར་བཀའ་ལ་འཇམ་དབྱངས་ཆོས་སྐོར་ནས་འབྱུང་བ་དང་། གྲུབ་རྒྱལ་མའི་ལུགས་དང་། ལྷོ་བྲག་གྲུབ་ཆེན་སོགས་ནས་བརྒྱུད་པའི་རྗེས་གནང་བྱ་ཚུལ་རིགས་མི་འདྲ་བ་མང་། ད་ལྟ་བསྟན་འགྱུར་དུ་གྲགས་པའི་རྒྱ་གཞུང་རྣམས་ན་ལྷའི་སྒྲུབ་ཐབས་མང་པོ་དང་། དབང་བསྐུར་བའི་སྐོར་མང་པོ་འབྱུང་ཡང་ལྷ་སོ་སོའི་རྗེས་གནང་འདི་ལྟར་བྱ་བའི་གསལ་ཁ་མི་སྣང་ཡང་དེའི་དགོངས་པ་ནི་དབང་ཆེན་གྱི་ནང་དུ་རྗེས་གནང་གི་གནད་འདུས་པ་ལ་དགོངས་སམ་སྙམ་མོ། །འོན་ཀྱང་བོད་ཀྱི་བླ་མ་དུ་མས་མཛད་པའི་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་དང་། གཞན་དུ་མ་ལས་རྗེས་གནང་གི་སྐོར་མང་དུ་འབྱུང་བ་ནི་ད་ལྟ་གྲགས་ཆེ་ཞིང་། དེ་ཡང་རྒྱ་གར་གྱི་མཁས་གྲུབ་ཆེན་པོ་དག་དང་། བོད་དུ་ལྷག་པའི་ལྷ་དག་གི་མན་ངག་ལས་བྱོན་པར་གསལ་ལོ། །སྒྲུབ་ཐབས་རྒྱ་མཚོ་སོགས་ལས། བླ་མེད་ཀྱི་ལྷ་ཀྱཻ་རྡོར་གཤིན་རྗེ་གཤེད་དམར་ནག་གཉིས་ལ་སོགས་པ་བླ་མེད་ཀྱི་ལྷ་དུ་མའི་རྗེས་གནང་བྱེད་ཚུལ་འདུག་ཀྱང་། གསང་བདེ་འཇིགས་གསུམ་གྱི་རྗེས་གནང་འདི་བཞིན་བྱེད་པའི་གསལ་ཁ་མི་སྣང་བ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཐོག་མའི་སྒྲུབ་ཐབས་སྐོར་ནས་རྗེས་གནང་གི་བརྒྱུད་པ་བྱུང་མ་བྱུང་གི་དབང་ཡིན་གྱི། སྤྱི་ཀྱཻ་རྡོར་དང་དམར་ནག་གཉིས་ཀྱི་རྗེས་གནང་བྱར་རུང་བའི་ཕྱིར་གསང་བདེ་འཇིགས་གསུམ་གྱི་གཙོ་བོའི་རྗེས་གནང་ཡང་རུང་བར་འགྲུབ་བོ། །འོན་ཀྱང་དེ་གསུམ་གྱི་རྗེས་གནང་གི་བརྒྱུད་པ་འདི་ཡིན་ཞེས་པའི་གསལ་ཁ་མི་འདུག་པས་རང་བཟོ་བྱ་དཀའོ། །རྒྱལ་བའི་སྐུ་དང་གསུང་ཐུགས་ཀྱིས། །གདུལ་བྱའི་སྒོ་གསུམ་བྱིན་བརླབས་ནས། །གདོན་ཞི་སྒྲིབ་སྦྱངས་སྐུ་གསུམ་གྱི། །ནུས་པ་འཇོག་བྱེད་ཐབས་འདི་མཚར། །དེ་ལྟ་བུའི་སྤྱི་འགྲོའི་རྗེས་གནང་བྱ་བའི་རིམ་པ་འདི་ཡང་། རིགས་གསུམ་མགོན་པོ་སོགས་ལྷ་མང་པོ་ལ་སྦྱར་ཆོག་པས་དོན་གཉེར་ཅན་འགའ་རེ་ལ་ཕན་ཐོགས་ན་སྙམ་པའི་འདུན་པས་དམ་པའི་གསུང་རྒྱུན་ལ་བརྟེན་ནས། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པ་སྟེ་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་ཁྲུ་ཤའི་དགེ་སློང་ཀུན་དགའ་ནོར་བུའོ།། །།སརྦ་མངྒལཾ།། །།


previousཡི་དམ་སྤྱི་འགྲོའི་རྗེས་གནང་།next