Nitartha Digital Library
Tibetan
ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།


   
   
   
   
  expand section
   
གཅེས་པའི་གདམས་པས་འགག་བསྡུ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅེས་པའི་གདམས་པས་འགག་བསྡུ་བ། next

གཅེས་པའི་གདམས་པས་འགག་བསྡུ་བ།

གསུམ་པ་གཅེས་པའི་གདམས་པས་འགགས་བསྡུ་བའི་རིམ་པ་ལ་གསུམ་སྟེ། བར་དོའི་གདམས་པ་དང་འཕོ་བ་རྣམས་གང་ཟག་གི་དབང་དུ་བྱས་ནས་མི་དགོས་པ་དང་། དགོས་པ་གཉིས་ཀྱི་བྱེ་བྲག་ཕྱེད་པ་དང་། དགོས་པ་རྣམས་ཀྱིས་ལག་ལེན་དུ་ཐེབས་ངེས་བྱེད་ཚུལ་དང་ཞོར་འབྱུང་དུ་བདུན་ཚིགས་མར་མེ། འདོད་ཡོན། བསྔོ་སྨོན་སོགས་ཀྱི་དགོས་ཆེད་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་པ་རྣམས་ལས། དང་པོ་བར་དོའི་གདམས་པ་དང་འཕོ་བ་མི་དགོས་པ་ནི། ཡར་མར་གྱི་ཟང་ཐལ་གཉིས་ཏེ། ཡར་གྱི་ཟང་ཐལ་སངས་རྒྱས་ཀྱི་ཞིང་དུ་འཕོ་སྟེ། དབུགས་ཆད་པ་དང་གྲོལ་བ་དུས་མཚུངས་པས། ངོ་སྤྲོད་དང་འཕོ་བ་སོགས་ཅི་ཡང་མི་དགོས། མར་གྱི་ཟང་ཐལ་མནར་མེད་པའི་དམྱལ་བ་ཆེན་པོར་འཕོ་སྟེ། དབུགས་ཆད་པ་དང་དེར་ལྷུང་བ་དུས་མཚུངས་པས། ངོ་སྤྲོད་དང་འཕོ་བས་ཕན་མི་ཐོགས་ཏེ། དེ་ཡང་ཐག་རིང་པོའི་ས་ལམ་བསྒྲོད་པ་ལྟ་བུ་ནི་མ་ཡིན་ཞིང་། རང་རང་གི་སྣང་བའི་ཁྱད་པར་ལ་བརྟེན་ནས་སྐད་ཅིག་སྔ་ལོག་ཕྱི་ལོག་གི་ལོང་ཡོད་མེད་ཙམ་ལ་གནས་འགྱུར་བའོ། །དེ་ལྟར་ཡར་གྱི་ཟང་ཐལ་དང་མར་གྱི་ཟང་ཐལ་གཉིས་པོ་འདི་ནི་དཔེར་ན་སྦྲུལ་སྨྱུག་དོང་དུ་ཚུད་པ་དང་འདྲ་སྟེ་ཡར་མར་གཉིས་མ་གཏོགས་གཞན་གང་དུའང་འགྲོ་ས་མེད་པ་དང་མཚུངས་སོ། །གཉིས་པ་དགོས་པ་རྣམས་ཀྱིས་ལག་ལེན་དུ་ཐེབས་ངེས་བྱེད་ཚུལ་ནི། ཐོག་མར་གདམས་པ་འདི་ལ་རང་གིས་ཉམས་སུ་བླངས་ནས་ཐོས་བསམ་བསྒོམ་གསུམ་རང་རྒྱུད་ལ་འབྱོར་ངེས་པ་བྱ། དེ་ནས་གཞན་འཕྲིན་ལས་ལ་འཇུག་དུས་ཡུལ་དེ་རབ་འབྲིང་ཐ་མ་ཡང་མཐའ་སོགས་གང་ཡིན་ཡང་དམིགས་ཀྱིས་ཕྱེས་ནས་འདའ་ཀ་མ་རྣམས་ལ། ཐོག་མར་སྤྱི་ཁྱབ་ཏུ་ཀུན་ལ་གཅེས་པའི་གདམས་པ་ཟབ་མོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་འདུ་ཤེས་བཅུ་བསྒོམས་ནས། ཡོ་བྱད་རྣམས་མཆོད་སྦྱིན་སོགས་བྱེད་དུ་གཞུག གང་ཟག་དབང་རབ་ཀ་དག་དང་། ལྷུན་འགྲུབ་ཀྱི་ལྟ་བསྒོམ་སྤྱོད་འབྲས་བཞིའི་ཉམས་མྱོང་ཚད་སྨིན་ཡོད་པ་རྣམས་ལ། གདམས་པ་འདི་ལྟར་སྟོན་དགོས་ཏེ། དྲི་མེད་བཤགས་པའི་རྒྱུད་ལས། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཞེས་དང་། དོན་ཐིག་ལས། འོད་གསལ་ངང་ནས་ཆོས་སྐུར་འཕོ༔ ཞེས་པ་ལྟར་བྱ། འབྲིང་བསྐྱེད་རྫོགས་ཐུན་མོང་པའི་ལམ་གྱི་གྲོལ་འབྲས་ཕྲ་མོ་ཡོད་པ་རྣམས་ལ་ལོངས་སྐུའི་ངོ་སྤྲོད་འཕོ་བ་རྣམས་ཞིབ་ཏུ་སྟོན། ཐ་མ་ལམ་ཐུན་མོང་པའི་སྣེ་ཟིན་རྣམས་ལ་སྤྲུལ་སྐུའི་ངོ་སྤྲོད་དང་འཕོ་བ་བྱ། ཡང་མཐའ་ཐ་མལ་བྱིས་པ་སོ་སོའི་སྐྱེ་བོ་རིལ་བོར་འཛིན་པ་རྣམས་ལ་མཚན་བརྗོད། གཟུངས་སྔགས་ཟབ་མོ་སྒྲིབ་སྦྱང་། འཕོ་དམིགས་བཏགས་གྲོལ་མྱོང་གྲོལ་འཕོ་བ་རིལ་བུ། ཐོས་གྲོལ་སོགས་ནན་ཏན་དུ་བྱའོ། །ལར་འཆི་ལྟས་ཐམས་ཅད་ཚང་ནས་མི་སོས་ངེས་པ་ཅན་མ་གཏོགས་པ་རྣམས་ལ་འཕོ་དམིགས་ཀྱི་རྗེས་སུ་ཚེ་གཟུངས་དང་ཚེ་འགུགས་བསྟིམ་རྒྱས་གདབ་སོགས་གཟབ་གཟབ་བྱ། དེ་མིན་དུས་མིན་དུ་འཕོས་སོང་ན་ལྷ་བསད་པའི་ཉེས་པ་འབྱུང་བར་སྡོམ་འབྱུང་ལས་གསུངས་པས་དེ་དག་གི་དོན་ཡང་ཤེས་དགོས་སོ། །གསུམ་པ་ཞོར་འབྱུང་དུ་བདུན་ཚིག་མར་མེ་འདོད་ཡོན་བསྔོ་སྨོན་ལ་དགོས་ཆེད་ཕན་ཡོན་གྱི་རིམ་པ་ཇི་ཡོད་ཅེ་ན། སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རང་གི་སྡིག་བློན་ཤནྡ་དམྱལ་བར་སྐྱེས་ནས་ཡོད་པ་འདྲེན་དུ་བྱོན་ནས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་མཛད་པས་སྡིག་བློན་ཤནྡའི་གཙོར་བྱས་དམྱལ་བའི་སེམས་ཅན་འབུམ་ཕྲག་ཁྲི་ཚོ་བཅུ་གཅིག་བདེ་བ་ལ་བཀོད་པར་མཛད་པ་དང་། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་དམྱལ་བ་སོགས་ངན་སོང་གི་གནས་ཀུན་ཏུ་བརྒྱུད་མར་སྐྱེས་ནས་ཐར་བའི་དུས་མེད་པར་གྱུར་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པའི་ངོ་བཞིན། བཅོམ་ལྡན་འདས་ཀྱིས་རྒྱུད་བྱིན་གྱིས་བརླབས་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་གསུངས་པ་ལ་བརྟེན་ནས། བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་ལྷའི་ནོར་བུ་དྲི་མ་མེད་པའི་འོད་ངན་སོང་ལས་ཐར་ཏེ། དགའ་ལྡན་གྱི་ལྷར་སྐྱེས། སླར་གནས་གསུམ་ལ་རྟོག་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འོངས་ནས་ཆེད་དུ་བརྗོད་པ་དང་། བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས་ཀྱང་། ནོར་བུ་དྲི་མ་མེད་འོད་མཐོང་བར་གྱུར་པའི་དཔེ་དེ་དག་དེང་སང་འོ་སྐོལ་གྱི་ཉམས་ལེན་ལ་སྦྱར་ན། ཚེ་འདས་དེ་ཤི་ནས་དམྱལ་བར་སྐྱེས་ན་ཡང་། ཞག་བདུན་ལ་སོགས་པའི་བར་དུ་ཐོས་གྲོལ་དང་ཀུན་རིག་ལ་སོགས་པའི་ཆོ་ག་བྱས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ན་དམྱལ་བ་ནས་ཐར་བར་འགྱུར་བའི་ཚུལ། སྦྱོང་རྒྱུད་ལས། བྱུང་བའི་ཆོ་ག་ཚུལ་བཞིན་དུ། །བྱ་བར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་གཟབ་པར་བྱ། །ཞེས་གསུངས། དེ་ལྟར་འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་ནས་ཕྱི་མའི་ལྔ་ལམ་དུ་གཤེགས་པ་རྣམས་ནི་གོང་བཤད་ལྟར་བར་དོ་དང་པོ་སོགས་སུ་མ་གྲོལ་ན་རིམ་གྱིས་སྲིད་པ་བར་དོར་ཁ་འཁྱམས་ཤིང་དེར་བར་དོའི་གནས་ཚད་མཐའ་གཅིག་ཏུ་མ་ངེས་པས་འགའ་ཞིག་ནི་ཞག་འགས་ལམ་སྣ་ཟིན་པ་ཡོད་ལ། ལ་ལ་ཞིག་ནི་ལོ་ཟླ་དུ་མར་ཤི་བ་ཙམ་ཡང་ངོ་མ་ཤེས་པ་སོགས་རྐྱེན་དུ་མས་བར་དོར་འཁྱམས་པའང་ཡོད་མོད། ཕལ་ཆེར་ནི་མདོ་རྒྱུད་དུ་མ་ནས་བར་དོའི་ཚེ་ཚད་ཞག་བཞི་བཅུ་ཞེ་དགུར་གསུངས་པ་དེ་དག་གི་སྐབས་སུའང་། དང་པོ་ཞག་གསུམ་ནག་ཐུམ་དྲན་མེད་བྱ་བཞིན་བརྒྱལ། ཞེས་པ་ལྟར་ནང་དབུགས་ཆད་པ་ནས་ཞག་གསུམ་གྱི་བར་དུ་བརྒྱལ་འགྲོ་བ་དང་ཞག་གསུམ་ཉིན་བཞིའི་ཉིན་དེར་སླར་དྲན་པས་ཉིན་དེར་བླ་མ་སྐྱེས་ཆེན་གྱིས་ངོ་སྤྲོད་དང་འཕོ་བ་བཏབ་ན་སྐབས་དང་འབྲེལ་བས་ཤིན་ཏུ་གལ་ཆེ། དེ་ནས་ནམ་ཤི་བའི་ཞག་བདུན་རེའི་མཚམས་སུ་སླར་ཡང་སྔར་ཇི་ལྟར་ཤི་བའི་ཚུལ་ལྟར་ཡང་འཆི་བའི་སྣང་བ་རེ་ཡང་འབྱུང་བས་བདུན་མཚམས་ཀྱི་དུས་གནད་དང་བསྟུན་ཏེ་བླ་མ་སྐྱེས་ཆེན་སོགས་གདན་དྲངས་བའམ་བརྗེས་ནས་ཆོ་ག་གནད་སྨིན་གསུང་ན་ལམ་སྣ་ཟིན་པའི་ཐབས་གྲོགས་སུ་འགྱུར་ངེས། དེ་ལྟར་རང་རང་གི་འབྱོར་ཚོད་དང་བསྟུན་ནས་སྒྲིབ་སྦྱང་དང་ཚོགས་བསགས་སོགས་ཀྱི་ཆོ་ག་དང་། སྡིག་དང་མ་འདྲེས་པའི་དགེ་ཚོགས་ཅི་འགྲུབ་ལ་འབད་ཅིང་ཞེ་དགུ་ཚང་ནས་བླ་མ་སྐྱེས་ཆེན་གྱིས་རྫོགས་པའི་བསྔོ་བ་དང་ཐར་བའི་ལམ་སྟོན་གྱི་ཆོ་ག་ཟབ་མོ་བྱ་བའི་ཕྱག་བཞེས་སོགས་ཀྱང་གལ་གནད་ཤིན་ཏུ་ཆེ། དེ་ལྟར་ཞེ་དགུའི་སྐབས་སུ་ཚེ་འདས་ལ་དམིགས་པ་དང་གཞན་རྒྱུན་དུ་རྒྱུ་སྤུས་གཙང་ཞིང་ལེགས་པའི་མར་མེ་འབུལ་དགོས་ལ། དེ་ཡང་མར་མེ་ལ་ཕྱི་ནང་གསང་བའི་མར་མེ་སོགས་ཀྱི་བཤད་པ་ཡོད་མོད། སྔོན་བདག་ཅག་གི་སྟོན་པ་ཉིད་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བའི་སྐུའི་སྐྱེ་བ་བཞེས་པའི་དུས་སུ་རང་ལུས་ལ་ཤའི་ཁུང་བུ་ཕུག་ནས་རས་བལ་གྱི་སྡོང་བུ་སྟོང་བཙུགས་ཤིང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཁྱེན་པར་གསོལ་ནས་རང་ལུས་མར་མེར་ཕུལ་བ་ལྟར། ད་ལྟའི་དུས་སུ་མཆོད་སྐོང་གཙང་མར་སྡོང་བུ་ཚད་ལྡན་བཙུགས་ཤིང་འབྲུ་མར་དང་རྩི་མར་སོགས་གཙང་མའི་རྫས་ཀྱིས་བཀང་སྟེ་ཕུལ་ན་དམིགས་ཡུལ་དེའི་མ་རིག་པའི་མུན་པ་སེལ་ཞིང་ཤེས་རབ་རྒྱས་པ་དང་། བར་དོའི་སྡུག་བསྔལ་ཞི་ཞིང་དམ་ཚིག་ཉམས་ཆག་བསྐང་བ་དང་ཐར་བའི་སྣང་བ་གསལ་བ། བསོད་ནམས་ཀྱི་ཚོགས་དངོས་སུ་རྫོགས་ཤིང་ཡེ་ཤེས་ཀྱི་ཚོགས་བརྒྱུད་ནས་རྫོགས་ཏེ། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་བདེ་བླག་ཏུ་ཐོབ་པ་སོགས་ཀྱི་ཕན་ཡོན་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཞན་ཡང་བར་དོའི་སེམས་ཅན་ལ་དམིགས་ཏེ་འདོད་ཡོན་ཟས་བསྔོ་བྱེད་པ་ཡང་གནད་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ཤིན་ཏུ་གལ་ཆེ་སྟེ། དེའི་རྒྱུ་མཚན་ཡང་མདོ་རྒྱུད་དག་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་བར་དོར་གནས་པ་རྣམས་ནི་གདོས་བཅས་ཤ་ཁྲག་གི་ལུས་དང་བྲལ་ཞིང་བར་དོ་ཡིད་ཀྱི་ལུས་ཙམ་ལ་བརྟེན་ཡོད་པས། གཙོ་བོ་དྲི་ཙམ་གྱི་ཟས་ཟ་བ་ལ་བརྟེན་ནས་འཚོ་བས་འདོད་ཡོན་ཟས་བསྔོ་གནད་སྨིན་རེ་བྱས་ན་ཕན་ཡོན་ཆེ་ཚུལ། ཨོ་རྒྱན་ཆེན་པོས་གཏེར་ལུང་ལས། ཁྱད་པར་བར་དོའི་སེམས་ཅན་ལ། །ཟས་སྣ་དར་སྟག་དང་སྦྱར་ནས། །བསྔོས་པའི་དྲི་གསུར་དེ་ཉིད་ཀྱིས། །སྐྱེ་བ་རྣམ་བཞིའི་སྒོ་བཀག་ནས། །ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ། །འཇའ་ཚོན་ཁ་དོག་བཞི་ལྡན་འབྱུང་། །ཐུགས་སྲོག་རྡོ་རྗེ་ཧཱུཾ་མཚན་ཉིད། །ཟས་གོས་དང་བཅས་མེར་བསྲེགས་དྲི། །སྲིད་པ་བར་དོའི་སེམས་ཅན་ལ། །སྐྱབས་དང་སྐྱེལ་མ་མགོན་སྐྱབས་བྱེད། །བར་དོའི་འཁྱག་ལྟོགས་སྡུག་བསྔལ་དང་། །གཞན་གྱི་དབང་སོང་མ་ཐེབ་པའི། །སྡུག་བསྔལ་ཞི་ནས་བདེ་ལྡན་ཚིམ། །རྒྱུན་ཆད་མེད་པར་གང་འདོད་འབྱུང་། །ཉོན་མོངས་དྲུག་པོ་རང་གྲོལ་ནས། །རིགས་དྲུག་སྐྱེ་སྒོ་ཁོག་ནས་ཀྱང་། །འགྲོ་དོན་སྤྲུལ་སྐུ་རྒྱུན་ཆད་མེད། ཅེས་གཏེར་ཆེན་རྡོ་རྗེ་གླིང་པ་ཞིག་པོ་གླིང་པ་བསམ་གཏན་གླིང་པ་སོགས་ཀྱི་གཏེར་ཆོས་དག་ལས་བྱུང་བས། ཟས་རིགས་གཙང་མ་གོས་འབུལ་སོགས་ཀྱིས་བརྒྱན་ཏེ་བཏུང་བ་དང་བཅས་ཕུད་རྒྱལ་བ་སྲས་བཅས་ལ་ཕུལ་བས་དམིགས་ཡུལ་གྱི་ཚོགས་རྫོགས། ལྷག་མ་དུ་བ་དང་མེ་ལྕེ་སོགས་མེད་པའི་མེ་ཐལ་འཇམ་པོར་བསྲེགས་ཏེ་བར་དོའི་དྲི་ཟའི་ཚོགས་ལ་བསྔོས་པས། དེ་དག་གནས་སྐབས་སུ་བར་དོར་གསུར་དྲིས་འཚོ་ཞིང་། མཐར་ཐར་བ་དང་རྣམ་མཁྱེན་གྱི་ལམ་སྣ་ཟིན་པའི་རྒྱུ་རུ་ཡང་འགྱུར་རོ། །ཁྱད་པར་གསུར་གྲོལ་ནི་མེད་ཐབས་མེད་ཅིང་དེའི་ཕན་ཡོན་ནི་བརྗོད་ལས་འདས་ཀྱང་། རྡོར་གླིང་དང་ཀརྨ་གླིང་པ་སོགས་ཀྱི་གསུར་གྲོལ་ཕན་ཡོན་ལས་ཤེས་པར་བྱའོ། །དེ་ལྟར་དམིགས་ཡུལ་གང་ཞིག་གི་ཆེད་དུ་བྱས་བསགས་ཀྱི་དགེ་རྩ་དང་། སྤྱིར་ཡང་དགེ་རྩ་ཆེ་ཕྲ་ཆུང་གསུམ་གང་ཡིན་ཡང་བསྔོ་བ་དང་སྨོན་ལམ་ཟབ་མོས་མཚམས་སྦྱོར་བ་ནི་མེད་ཐབས་མེད་ཅིང་ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ་སྟེ། མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། རྒྱལ་སྲས་ཞི་བ་ལྷས། བསྔོ་བ་མི་ཟད་ལམ་ཡིན་ཏེ། །ཞེས་དང་། ཇི་སྐད་དུ། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས། དེ་ཡང་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་ཀུན་མཁྱེན་ཆེན་པོས། དགེ་བའི་རྩ་བ་ཞིག་དམིགས་ཡུལ་དུ་བྱས་ནས་སེམས་ཅན་གྱི་དོན་དུ་བསྔོ་བ་དང་། དགེ་རྩ་དང་དམིགས་བསལ་མ་འབྲེལ་ཡང་སེམས་ཅན་གྱི་དོན་སོགས་སུ་སྨོན་ལམ་འདེབས་པ་ནི་སྨོན་ལམ་ཡིན་པར་གསུངས་སོ། །གལ་ཏེ་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་ཀྱང་བསྔོ་བས་རྒྱས་མ་བཏབ་ན། །མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །དགེ་རྩ་ཟད་པའི་རྒྱུ་བཞི་ཡིན། །ཞེས་པས་དགེ་བའི་རྩ་བ་བར་མ་དོར། ཆུད་ཟ་བར་འགྱུར་བས། དགེ་རྩ་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཆེད་དུ་བསྔོ་བ་དང་། སྨོན་ལམ་ཟབ་མོས་མཚམས་སྦྱར་ཞིང་རྒྱས་གདབ་པར་བྱའོ། །སྨྲས་པ། །དེ་ལྟར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི །ལམ་རིམ་ཞལ་ཁྲིད་གུད་དུ་ཕྱུང་བ་ཡི། །བར་དོར་སྐུ་གསུམ་ལྷུན་གྱིས་འགྲུབ་བྱེད་པའི། །གདམས་པའི་ཡང་ཞུན་འཁྲུལ་སྣང་རང་གྲོལ་འདི། །འགྱུར་མེད་ཀ་ལྷུན་ལྟ་སྒོམ་རྩེར་སོན་ཏེ། །བསྟན་པའི་རྒྱལ་མཚན་སྲིད་རྩོར་བསྒྲེང་མཛད་ཅིང་། །ཁྱད་པར་ཡུལ་འདིའི་བསྟན་འགྲོའི་མགོན་གྱུར་པ། །མཆོག་སྤྲུལ་དམ་པའི་མགོན་དེས་གདམས་པ་ལགས། །རྣམ་འདྲེན་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །མི་ཡི་ཟོལ་འཛིན་ངེས་དོན་བསྟན་འཛིན་པའི། །ཐུགས་ཀྱི་དགོངས་བཅུད་སྙིང་ལ་འཕོས་པ་ལས། །སྔར་མེད་ལེགས་བཤད་ཐུགས་ཀྱི་ཀློང་ནས་རྡོལ། །འདིར་སྣང་འཁྲུལ་བའི་འཁོར་ལོ་དབྱིངས་ཐིམ་ཡང་། །བར་དོ་ཉིང་འཁྲུལ་འཇིགས་པས་ཉེན་པ་ལ། །རང་སྣང་རང་ངོ་སྤྲོད་པའི་གདམས་ཟབ་འདི། །མེད་ཐབས་མེད་པའི་ཡིད་བཞིན་ནོར་བུ་ལགས། །མདོ་སྔགས་ཐེག་པའི་རིམ་པ་མཐའ་ཡས་ཤིང་། །ཟབ་ལམ་གདམས་པའི་ཆོས་ཚུལ་མང་བཞུགས་ཀྱང་། །འཁོར་འདས་རུ་ཤན་འབྱེད་པའི་བར་དོའི་ཁྲིད། །ཡང་ཟབ་གདམས་པའི་སྙིང་ཁུ་འདི་ཁོ་ན། །དེ་ཕྱིར་མགོན་ཁྱེད་ཆོས་སྐུའི་དབྱིངས་གནས་ཀྱང་། །མན་ངག་ཡང་ཟབ་ཆོས་སྐུའི་རིང་བསྲེལ་འདི། །ཕྱི་རབས་སྐལ་ལྡན་ལས་སྨོན་གྱིས་སྦྲེལ་བའི། །དད་ལྡན་རྗེས་འཇུག་གདུལ་བྱའི་དཔལ་དུ་ཆེ། །དེ་སླད་ཡུན་རིང་སྦྱང་ལ་ལྟོས་མིན་ཞིང་། །དཀའ་སྤྱད་སྡུག་རུས་ཐབས་ལ་མི་ལྟོས་པར། །སྐད་ཅིག་ཡིད་ཀྱིས་ཀུན་བཟང་དགོངས་པའི་ཀློང་། །གྲོལ་བའི་ཆོས་འདི་ཀུན་གྱིས་དང་བླང་འཚལ། །དེ་ལྟར་འཁྲུལ་སྣང་རང་སར་གྲོལ་བ་ཡི། །ཟབ་ལས་ཆེས་ཟབ་གདམས་པའི་བཅུད་མཆོག་འདི། །འཁྲུལ་སྣང་འཁོར་མཚོར་འཁྱམས་པའི་མ་རྒན་འགྲོའི། དོན་དུ་མི་ཉམས་ཡུན་དུ་གནས་པར་ཤོག །ཅེས་བར་དོའི་གདམས་ཟབ་འཁྲུལ་སྣང་རང་གྲོལ་ཞེས་པ་འདི་ཉིད་རབ་བྱུང་བཅུ་པའི་ནང་དུ་འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་མཁས་བཙུན་གྲུབ་པའི་རྣམ་ཐར་གྱི་ཡང་རྩེར་སོན་པ་གཡུ་ཁོག་ལྕམ་བླ་འགྱུར་མེད་རྒྱལ་མཚན་ནམ་རིག་འཛིན་མཐུ་སྟོབས་རྡོ་རྗེ་དཔལ་བཟང་པོས་མཛད་པ་དུས་འགྱུར་སྣ་ཚོགས་པའི་དབང་གིས་མཇུག་གི་ལྡེབ་ཁ་ཤས་བོར་བརླག་ཏུ་གྱུར་པ་ལ། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོ་ཆུ་དབར་རྟ་རེའི་གནས་སུ་མཆོག་སྤྲུལ་རྟ་ཁྱུང་རོལ་བའི་རྡོ་རྗེ་ཧོར་བླ་གཞན་ཕན་རིན་པོ་ཆེའི་གཏེར་ཆོས་ཡོངས་རྫོགས་དང་ཁྲིད་ཡིག་འདིའི་ཁྲིད་ལུང་སོགས་གནང་སྐབས། མཆོག་སྤྲུལ་ཁོང་གིས་ཁྲིད་ཡིག་འདིའི་མཇུག་མ་ཚང་བ་ཁ་སྐོང་གྱིས་ཤིག་ཅེས་པའི་བཀའ་གསུང་ཟློག་ཏུ་མ་ནུས་པར་དུས་མཐའི་བཙུན་མིང་ཤེས་བྱ་ཀུན་གཟིགས་དེས་མཇུག་གི་ཞོར་འབྱུང་བདུན་ཚིག་དང་མར་མེ་འདོད་ཡོན་བསྔོ་སྨོན་བཅས་ཀྱི་དགོས་ཆེད་དང་ཕན་ཡོན་རྣམས་ཚིག་ཉུང་ངུས་ཁ་བསྐང་བཅས་གནས་དེར་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔ་བཟང་པོར་བགྱིས་པས་ནོང་པའི་ཚོགས་ཀུན་ལྷ་དང་བླ་མར་བཤགས་ཤིང་། དགེ་བ་ཅུང་ཟད་མཆིས་ན་ཟབ་ཆོས་ཁྱད་པར་ཅན་འདི་ཉིད་མི་ཉམས་ཤིང་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།དགེའོ། །སརྦ་མངྒ་ལམ།


previousགཅེས་པའི་གདམས་པས་འགག་བསྡུ་བ། next