Nitartha Digital Library
Tibetan
ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།


   
   
   
   
  expand section
   
   
བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་། next

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་།

༄༅། །བར་དོའི་འགྲོ་བ་རྗེས་སུ་འཛིན་པའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་ཞེས་བྱ་བ་བཞུགས། །

ན་མོ་གུ་རུ་བྷྱེཿ བསླུ་མེད་མཆོག་གསུམ་ངོ་བོ་བླ་མ་དང་། །དབྱེར་མེད་བཅོམ་ལྡན་མགོན་པོ་འོད་དཔག་མེད། །འབྲལ་མེད་སྤྱི་བོའི་གཙུག་གིས་གུས་བཏུད་ནས། །མགོན་མེད་ཉམ་ཐག་འགྲོ་བའི་ཉམས་ལེན་སྤེལ། །གང་ཞིག་འདི་སྣང་ནུབ་པའི་བར་དོའི་འགྲོ་བ་དག་ལ་ཟབ་ལམ་གདམས་པའི་ངོ་སྤྲོད་དང་། འཕོ་བའི་མཚམས་སྦྱོར་འདོད་པ་དག་གིས། རང་གི་མདུན་དུ་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བསགས་ལ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་དང་ལྡན་པའི་ངང་ནས། ཐོག་མར་བརྒྱུད་པའི་གསོལ་འདེབས་དང་། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་གང་འོས་སྔོན་དུ་འགྲོ་བས། དང་པོ་རྟེན། ཧྱ་གྷྲི་ཝས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ནྲི་ལས་ཚེ་འདས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བུར་གྱུར། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་འཕྲོས་ཏེ། ཚེ་འདས་ཀྱི་རྣམ་པར་ཤེས་པ་རྒྱུད་ལྔ་རིགས་དྲུག་གང་ན་གནས་པ་དེ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་བཀུག་ནས་མདུན་གྱི་རྟེན་ལ་ཐིམ་པར་གྱུར། ཧཱུྃ་ང་ནི་འཕགས་པ་སྤྱན་རས་གཟིགསཿ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནསཿ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོསཿ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔཿ རིགས་དྲུག་འཁོར་བ་གར་གནས་ཀྱངཿ སྐད་ཅིག་ཉིད་ལ་འདིར་ཁུག་ཅིགཿ ལྕགས་ཀྱུའི་རྒྱ་དང་བཅས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུའང་གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད། ད་ལྟ་དྲིན་ཆེན་རྩ་བའི་བླ་མ་ཡན་ཆད། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས། ཁྲོ་བོ་རོལ་བའི་དུར་ཁྲོད་ཆེན་པོ་ནས། འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སོགས་པའི་ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་སྤྱོད་གནས་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས། རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ་འཁོར་མ་སྲིང་ཊཱཀྐི་རྒྱ་མཚོ་བྱེ་བ་འབུམ་འབུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ལ་སོགས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་གཅིག་གིས་དམིགས་རྟེན་གཟུགས་ཕུང་འདི་ལ་ཁུག་ཅིག ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཡ་ཛཿ ལན་གསུམ། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་པས་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བུར་གྱུར། དེ་ནས་རང་ཉིད་འཕགས་པའི་ཐུགས་ཀ་ནས་ཡི་གེ་ཧྲིཿདགུ་འཕྲོས་པས་འགྲོ་དྲུག་ཏུ་སྐྱེ་བའི་སྒོ་དགུ་བཀག་པར་བསམ་ཞིང་། ཧྲཱིཿདགུ་བརྗོད། སྦྱང་ཆས་རཾ་ཡཾ་ཁཾ་གིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོས་བྱིན་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿཛཿས་བགེགས་རྣམས་བཀུག ཨོཾ་སརྦ་བིགྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ་གྱིས་མཐེབ་སྐྱུ་གཡས་སུ་བསྐོར། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། སོགས་ཀྱིས་ཏིང་ལོ་ཆང་བུ་གཡོན་དུ་བསྐོར། དེ་ནས། རང་ཉིད་སྐད་ཅིག་གིས་དབང་ཆེན་ཁྲོ་བོ་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧཱུྃ་སྟོང་ཉིད་དབྱིངས་ལས་རང་ཤར་བའིཿ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པཿ བྱང་ཆུབ་མཆོག་གི་ལྷ་ཆེན་པོཿ ཉོན་མོངས་བདུད་སྡེ་འདུལ་བའི་སྐུཿ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིསཿ ཐར་བའི་ལམ་ལ་འཚེ་བྱེད་བགེགསཿ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགཿ ཅེས་བརྗོད། ན་མོ་རྗེ་བཙུན་རྩ་བ་དང་སོགས་གོང་ལྟར། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་དང་ཚེ་གང་དུ་སྐྱེ་ཞིང་གང་དུ་གནས་པའི་ལུས་སྲོག་དང་། དགེ་ལེགས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་སྤྱི་དང་། ཁྱད་པར་དུ་ཚེ་ལས་འདས་པའི་གཟུགས་དང་ཆ་བྱད་བཟུང་ནས་ཚེ་འདས་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་སོགས་འཇིག་རྟེན་པ་ཐམས་ཅད་བསླུ་ཞིང་། གནོད་པར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ། དྲི་ཟ་འཆི་ཁ་མའི་ཡིད་ལ་ཉེ་བར་འཇུག་པ་ཞེས་བྱ་བ་དང་ དྲི་ཟ་པི་ཙ་ན་ཞེས་བྱ་བ་དང་། དྲི་ཟ་ཁྱབ་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་ཝ་ར་ཧིནྟ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཅེས་བྱ་བ་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་ལ་སོགས་པའི་གསོན་བདུད་གཤིན་ལྕགས་སྲོག་གཅོད་བླ་ཁྱེར་གྱི་གཤེད་མའི་ཚོགས་ཐམས་ཅད་གཏོར་མས་ལམ་ཟན། ཏིང་ལོས་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་འདིར་མི་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་བའི་ཚོགས་རྣམས་ཁྲོ་མཚོན་མེ་དཔུང་འབར་བས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝཱན་བིདྱ་ར་ཛ་ཧཱུྃ་ཕཊ། ཅེས་དྲག་སྔགས་གུལ་ཡུངས་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ།གིས་བསྲུང་འཁོར་བསྒོམ་ལ། སྐད་གདངས་མཐོན་པོས། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་སེམས་མ་ཡེངས་པར་ལེགས་པར་ཉོན་ཅིག ཅེས་ལན་གསུམ་བོས་ལ། ད་ལྟ་ཁྱོད་ལ་འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་སྟེ་ཕྱི་མའི་འདུ་ཤེས་འཆར་བའི་འཆི་བ་མི་རྟག་པ་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །དེ་ཡང་ཁྱོད་ཉིད་གཅིག་པུ་ཁོ་ན་ལ་འཆི་བ་མི་རྟག་པ་འདི་ལྟར་དུ་བྱུང་བ་ནི་མ་ཡིན། སྤྱིར་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་ནི་མི་རྟག་པ་ཁོ་ན་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་ཐམས་ཅད་མི་རྟག་སྟེ། །སྐྱེ་ནས་འཆི་བའི་ཆོས་ཅན་ཡིན། །ཞེས་སོ། །བྱེ་བྲག་ཏུ་བརྟན་པ་ཕྱི་སྣོད་ཀྱི་འཇིག་རྟེན་ཞེས་འབྱུང་བ་རིམ་བརྩེགས་རི་གླིང་ཁོར་ཡུག་གསེར་རི་རོལ་མཚོ་ལྕགས་རི་མུ་ཁྱུད་དང་བཅས་པ་སྲ་ཞིང་མཁྲེགས་པ་འདི་རྣམས་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག། ཅེས་དང་། གཡོ་བ་ནང་བཅུད་ཀྱི་སེམས་ཅན་སྔོན་དུས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་དང་། དེང་དུས་ཀྱི་རྒྱལ་ཕྲན་རྣམས་མན་ཆད་ནས། འབུ་སྲིན་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་འགྲོ་བ་སེམས་ཅན་མཆོག་དམན་བར་གསུམ་སྤྱི་དང་དེ་དག་གི་དོན་དུ་བྱོན་པའི་སངས་རྒྱས་བྱང་སེམས་བླ་མ་མཁན་སློབ། དགེ་འདུན་འདུས་པ་ཐམས་ཅད་ཀྱང་མི་རྟག་སྟེ། ཀུན་མཁྱེན་ཆོས་རྗེས། ནང་བཅུད་འདུས་བྱས་མི་རྟག་འཕོ་ཞིང་འགྱུརཿ ཞེས་སོ། །དེ་བཞིན་དུ་བརྟན་གཡོའི་ཁམས་འདིའི་ནམ་ཟླ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དུས་འདི་རྣམས་ཐམས་ཅད་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ན་ནིང་ད་ལོ་ནམ་ཟླ་སྟོད་སྨད་དངཿ ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟགཿ ཅེས་གསུངས་པ་ལྟར་རོ། །ཁྱད་པར་དུ་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་སྔོན་སྐྱེས་ཚད་ད་ལྟ་སྐྱེས་ནས་ཡོད་པ། ད་གཟོད་སྐྱེས་འགྱུར་རྣམས་དང་བཅས་པའི་འགྲོ་བ་རབ་འབྲིང་ཐ་གསུམ་ཐམས་ཅད་ཀུན། ད་ལྟ་ཁྱོད་རང་ལྟར་ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་ཅིས་ཀྱང་མི་ཕན་པ་གསུམ་འདྲ་ངེས་པ་ཅན་ཡིན་ཏེ། དང་པོ་ཅིས་ཀྱང་འཆི་ངེས་པའི་རྒྱུ་མཚན་ནི། ཆེད་དུ་བརྗོད་པའི་ཚོམ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱིཿ མདུན་ན་གནས་པ་འཆི་བ་ཡིནཿ ཞེས་སོ། །གཉིས་པ་ནམ་འཆི་ཆ་མེད་པ་ནི། སྤྱོད་འཇུག་ལས། སང་དང་འཇིག་རྟེན་ཕྱི་མ་གཉིསཿ སྔོན་དུ་གང་སྔ་གཏོལ་མེད་པསཿ སང་གི་ཚེས་ལ་མི་འབད་པརཿ ཕྱི་མའི་དོན་དུ་འབད་པར་རིགསཿ ཞེས་སོ། །གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པའི་ཚུལ་ནི། པདྨ་བཀའ་ཡི་ཐང་ཡིག་ལས། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱངཿ ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེསཿ དབང་པོ་ཆེ་ཡིས་ཁྲིམས་ལ་གཏུག་ཏུ་མེདཿ མི་ལག་རེག་པའི་ར་མདའ་བྱ་རྒྱུ་མེདཿ ངག་ནུས་ཅན་གྱིས་མཐུ་གཏད་བརྡེག་ཏུ་མེདཿ མི་ཕངས་ནོར་གྱི་བསླུ་མ་བཏང་དུ་མེདཿ སྡར་མས་ཡུལ་ཕྱོགས་གཞན་ལ་བྲོས་སུ་མེདཿ སྨྲ་ཚན་ཅན་གྱིས་ཡུས་ཤགས་འདེབས་སུ་མེདཿ ཅེས་གསུང་པའི་དོན། དཔེར་ན་ཉི་མ་རིའི་ཕག་ཏུ་བཞུད་འགྲོ་བ་ལ་མཐོ་དམན་དྲག་ཞན་སུས་ཀྱང་བཤོལ་ཐབས་མེད་པ་དང་འདྲའོ། །དེར་མ་ཟད་རང་རེ་རྣམས་ཀྱི་ཡུལ་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བའི་འགྲོ་བ། བརྩིགས་པའི་ཁང་ཁྱིམ། འདུས་པའི་མཛའ་བཤེས། བསགས་པའི་ནོར་རྫས་ཐམས་ཅད་གཅིག་ཀྱང་རྟག་པ་མེད་པའི་ཚུལ་ནི། འདུལ་བ་ལུང་ལས། སྐྱེ་བའི་ཐ་མ་འཆི། བརྩིགས་པའི་ཐ་མ་འཇིག འདུས་པའི་ཐ་མ་བྲལ། བསགས་པའི་ཐ་མ་འཛད། ཅེས་གསུངས་པས། ད་ལྟ་ཁྱོད་རང་ལ་སྐྱེས་པའི་ཐ་མ་འཆི་བ་མི་རྟག་པ་ཞེས་བྱ་བ་བྱུང་ནས་བླ་མའི་གདམས་ངག་གསལ་འདེབས་དགོས་པའི་དུས་ལ་བབ་པ་ཡིན། གསལ་འདེབས་ཚུལ་ལའང་། གྲུབ་མཐའ་གསར་རྙིང་སོ་སོའི་ལུགས་ཀྱི་བཀའ་སྲོལ་མང་དུ་ཡོད་ཀྱང་། རང་ལུགས་རྫོགས་ཆེན་གྱི་གདམས་པ་གང་ཟག་དབང་པོ་འབྲིང་རྣམས་བར་དོར་གྲོལ་ཚུལ་ལྟར་བཤད་ན། ཁྱོད་ཁར་སང་ཁར་ཉིན་འཆི་ནད་དེས་ཐེབ་པ་ཡན་ཆད་ནས། སྔར་དང་པོ་མའི་མངལ་ནས་སྐྱེས་པ་ཚུན་ཆད་སྐྱེ་གནས་བར་དོ་ཡིན། འཆི་ནད་ཀྱིས་ཐེབས་ནས་ནང་དབུགས་ཆད་པ་ཡན་ཆད་འཆི་ཁ་བར་དོ་ཡིན། ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་འཆར་དུས་ཀྱི་བར་ཡན་ཆད་ཆོས་ཉིད་བར་དོ་ཡིན། ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་སྲིད་འཛིན་པ་ཚུན་ཆད་ལ་སྲིད་པ་བར་དོ་ཟེར་བ་ཡིན། བར་དོ་དེ་བཞིའི་ནང་ནས། ཕྱི་མ་གསུམ་པོ་ངོ་སྤྲད་ཚུལ་ནི། འབྱུང་འཁྲུགས་འཆི་ཁ་བར་དོ་གསལ་བཏབ་ནས་ངོ་སྤྲོད་དང་འཕོ་བའི་གདམས་ངག་སྟོན་པ་དང་། ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་གསལ་བཏབ་ནས་སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་ཡིན་པར་ངོ་སྤྲད་ནས་ཡིད་ཆེས་ངེས་ཤེས་བསྐྱེད་པ་དང་། ལུགས་འབྱུང་སྲིད་པའི་བར་དོ་གསལ་བཏབ་ནས་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་གདམས་ངག་འབོགས་པ་ཡིན། དེ་ལ་དང་བོ་འབྱུང་འཁྲུགས་འཆི་ཁའི་བར་དོ་གསལ་འདེབས་པ་ནི། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ནི། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པས། དེ་ཡང་ས་ཆུ་ལ་ཐིམ་པས་ལུས་༼ལྟེ་བ་ས་ཡི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཀྱི་འགུལ་བསྐྱོད་དཀའ་ཞིང་ལྡང་མི་ནུས། གཟུགས་ཀྱི་ཁམས་སྒྲ་ལ་ཐིམ་པས་མིག་གི་ཡུལ་དུ་གཟུགས་མི་གསལ། ཆུ་མེ་ལ་ཐིམ་པས་༼སྙིང་ཁ་ཆུའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཁ་སྣ་ནས་ཆུ་དར་ཅིག་ལུད་ཅིང་སྐམ། སྒྲ་ཡི་ཁམས་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས་སྐད་འགགས། མེ་རླུང་ལ་ཐིམ་པས་༼མགྲིན་པར་མེའི་འཁོར་ལོའི་རྩ་མདུད་ཞིག་དུས་མཆན་༽ལུས་ཀྱི་དྲོད་ཡན་ལག་གི་མཐའ་ནས་དབུས་སུ་སྡུད། དྲི་ཡི་ཁམས་རོ་ལ་ཐིམ་པས་སྣས་དྲི་མི་ཚོར་དྲི་ཡི་ཚོར་བ་འགགས། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་། ནང་དུ་ཐུང་ལ་རྩུབ་པར་སྡུད་ནས་ཕྱི་དབུགས་ཆད། རོ་ཡི་ཁམས་རེག་ལ་ཐིམ་པས། ༼གསང་གནས་རླུང་གི་འཁོར་ལོའི་རྩ་མདུད་ཞིག་དུས་༽ལྕེ་ཡིས་རོ་མྱོང་བའི་ཚོར་བ་འགགས། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་༼སྤྱི་བོར་ནམ་མཁའི་འཁོར་ལོའི་རྩ་མདུད་ཞིག་དུས་༽རྣམ་ཤེས་དབུ་མར་ཞུགས་ཏེ་རླུང་སེམས་ཀྱི་འགྲོ་འོང་ཐམས་ཅད་འགགས་ནས་ནང་དབུགས་ཆད། རེག་བྱའི་ཁམས་རྟོག་མེད་ཀྱི་ཆོས་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་མདངས་ཉམས། བཟང་རྟོག་ངན་རྟོག་གྱི་ཚོར་བ་དང་བྲལ། རོ་རྐྱང་གི་དྭངས་མ་དཀར་དམར་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་དུས་སྟོང་པའི་ཡེ་ཤེས་ལ་སྣང་མཆེད་ཐོབ་གསུམ་དང་། སྣང་བའི་ཡེ་ཤེས་ལ་ལྷུན་གྲུབ་གཟུགས་སྐུའི་འོད་ལྔ་འཆར་ཏེ། དང་པོ་སྣང་བ་ནི། དབུ་མའི་ཡར་སྣེ་སྤྱི་བོར་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་དཀར་ཆ་ཧཾ་ཡིག་གི་དབྱིབས་ཅན་རྐྱང་མའི་ནུས་པས་བཟུང་བ་དེ་ཐུར་དུ་བབས་པའི་ཚེ། ཕྱི་རྟགས་ཟླ་འོད་ཀྱི་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པ་དང་། ནང་རྟགས་སུ་ཤེས་པ་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུའི་གསལ་ལམ་མེ་བ་འཆར་བས་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། གཉིས་པ་མཆེད་པ་ནི། དབུ་མའི་མར་སྣར་མ་ལས་ཐོབ་པའི་མཉམ་གནས་ཀྱི་དྭངས་མ་རཀྟ་ཨ་ཐུང་གི་དབྱིབས་ཅན་རོ་མའི་ནུས་པས་བཟུང་བ་གྱེན་དུ་ལྡོག་པའི་ཚེ། ཕྱི་རྟགས་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པ་དང་། ནང་རྟགས་སུ་ཤེས་པ་བདེ་གསལ་གཉིས་སུ་མེད་པར་འཆར་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། གསུམ་པ་ཐོབ་པ་ནི། དྭངས་མ་དཀར་དམར་གཉིས་སྙིང་ཁར་འཕྲད་པས་སྲོག་རྩའི་རླུང་འགགས་ཏེ། ཕྱི་རྟགས་མུན་ནག་འཐིབ་པ་ལྟ་བུའི་སྟོང་སང་ནག་ལམ་མེ་བ་དང་། ནང་རྟགས་སུ་ཤེས་པ་བདེ་ཞིང་གསལ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བས་གཏི་མུག་གི་རྟོག་པ་བདུན་འགགས། དེ་ལྟར་སྣང་བ་གསུམ་གྱི་མཐར་ཉེ་བར་ཐོབ་པའི་ཡེ་ཤེས་ནི། སྙིང་གའི་ཨ་ཧཾ་རྫོགས་པར་ཐིབ་པས་སྣང་བ་ཐམས་ཅད་སྤྲིན་མེད་ནམ་མཁའ་ལྟ་བུ་དྭངས་ཤིང་གསལ་ལ་འཁོར་འདས་མཐའ་དབུས་མེད་པར་འཆར་རོ། །དེའི་ཚེ་སེམས་ཅན་རྣམས་ལ་གདོད་མ་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཀ་དག་ཆོས་ཀྱི་སྐུ་སྟེ་ཀ་དག་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སྟེང་དུ་སྔོན་བླ་མ་དམ་པས་བསྟན་པ་ལྟར་རང་གིས་གོམས་པར་བྱས་པའི་འོད་གསལ་དེ་ཉིད་མངོན་དུ་གྱུར་པའི་མ་བུ་འཕྲད་དེ་ཟབ་མོའི་གནད་ཀྱི་འོད་གསལ་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་ངང་ལ་བཞག་པས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་བ་སྟེ་ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག གཉིས་པ་ཆོས་ཉིད་ཀྱི་བར་དོ་གསལ་འདེབས་པ་ནི། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག གོང་གི་འཆི་ཁ་བར་དོའི་སྐབས་ཀྱི་འཁྲུལ་སྣང་དང་འཇིགས་སྐྲག་རྣམས་ངོས་མ་ཟིན་ན། དྲན་མེད་དུ་བརྒྱལ་ནས། རླུང་བར་སྣང་ལ་བུན་གྱིས་ཡལ། ལུས་གདོས་བཅས་སུ་ལིངས་གྱིས་སོང་། རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གྱུར་པ་སྒོ་དགུ་གང་རུང་ནས་ཕྱིར་ཐོན་ཏེ་སྒོ་གསུམ་གྱེས་པའི་ཚེ། དུས་མ་འགྱུར་སྣང་བ་འགྱུར་བའི་སྐབས་ཡིན་པས། ཕྱིའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་སོགས་འཇིག་རྟེན་ཚེ་འདིའི་སྣང་བ་ཐམས་ཅད་ནི་ནུབ། དབུགས་ཕྱི་ནང་གི་འགྲུལ་ཐག་ནི་ཆད། རང་གི་དབང་པོ་རྣམས་ཀྱི་ཆ་ལ་དངོས་པོར་སྣང་བ་ནི་མེད། ཡོད་སྙམ་པའི་ཤེས་པ་ཅུང་ཟད་ནི་འབྱུང་གདོས་བཅས་ཀྱི་ལུས་དངོས་མི་སྣང་བར། རང་ཉིད་འོད་ལུས་སུ་གནས་པའི་མདངས། མིག་གཉིས་ནས་འོད་ཀྱི་ཟེར་དུང་གི་ཐག་པ་བརྐྱངས་པ་ལྟ་བུ་ཕྱིར་ཤར་བ་ལ་བརྟེན་ནས་དག་པའི་ཡེ་ཤེས་ལྷུན་གྲུབ་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བ་ཡིན་ཏེ། དེ་ཡང་སེམས་ཉིད་སྟོང་པའི་ཆ་ལས་ངོ་བོ་ཀ་དག་ཆོས་སྐུའི་འོད་གསལ་བཞི་གོང་དུ་སོང་ནས། སྣང་བའི་ཆ་ལས་རང་བཞིན་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ལྔ་པ་སྐབས་འདིར་གཞི་སྣང་འོད་གསལ་གྱི་སྣང་བ་རུ་འཆར་བ་ཡིན། ཇི་ལྟར་འཆར་བའི་ཚུལ་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་འཆར་ཏེ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་ཡེ་ཤེས་མཐའ་དབུས་མེད། །ཅེས་གསུངས་པས། ཉེར་ཐོབ་ཀྱི་ཡེ་ཤེས་འོད་གསལ་ལ་ཐིམ་པའི་ཚེ། གཞི་སྣང་འོད་གསལ་གྱི་སྣང་བའམ་ནང་ཆོས་ཉིད་རང་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ། སྣང་བ་ཐམས་ཅད་འོད་ལྔའི་སྣང་བ་རང་ས་རང་སར་གསལ་བ་ལ་ཟེར་ཕྲ་མོ་འཕྲོ་བ་དང་བཅས་མེ་རེ་རེ་འཆར་བ། དཔེར་ན་སྟོན་ཁའི་ནམ་མཁའ་སྤྲིན་མེད་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟ་བུ་གསལ་ལ་མི་རྟོག་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཐའ་དང་མུ་ལས་འདས་པར་སྣང་བ་དེ་ཡེ་ཤེས་ཀྱི་འཆར་གཞི་སྔར་གྱི་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་ཉིད་སྟོང་པའི་ངོ་བོ་ནི་ཡུམ་ཀུན་ཏུ་བཟང་མོ། གསལ་བའི་ཆ་ནི་སྟོན་པ་ཤེས་རིག་གི་རྒྱལ་པོ་འོད་མི་འགྱུར་བ་ཡིན་པས་དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་སྟོང་པའི་རང་མདངས་སུ་ངོས་བཟུང་སྟེ་རང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་གཞི་རིག་པའི་ངོ་བོ་དེ་ཉིད་ཀྱི་རང་རྩལ་ལས། ཕྲ་བ་ཡེ་ཤེས་ཀྱི་རླུང་ལྔའི་བྱེད་ལས་ཀྱིས་འོད་གསལ་ལྔ་འབྱུང་སྟེ། དེ་ཡང་ཁྱབ་བྱ་གཉུག་མ་མི་ཤིགས་པའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་། སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ལ་ཞག་དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་འོད་མཐིང་ཁའི་གུར་ཁྱིམ་དུ་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་མ་བཞི་ལ། འོད་དཀར་པོའི་གུར་ཁྱིམ་དུ་མི་བསྐྱོད་པ། སེར་པོ་ལ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སྣང་བ་མཐའ་ཡས། ལྗང་གུ་ལ་དོན་ཡོད་གྲུབ་པ་རྣམས་ཏེ་ཐམས་ཅད་རང་རང་གི་སེམས་དཔའ་སེམས་མས་བསྐོར་བ་དང་། དེ་བཞིན་དུ་སྤྲུལ་སྐུ་ཐུབ་པ་དྲུག སྒོ་བ་སྒོ་མ་བྱ་བྱེད་གཉིས་དང་བཅས་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་འཆར་ནས་འོང་ངོ་། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་ཕྱིར་ཤར་བའི་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་ཡིན་པས་རང་སྣང་དུ་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཞི་བའི་ལྷ་དེ་རྣམས་ཀྱི་རང་རྩལ་ཆོ་འཕྲུལ་ལས། མདུན་གྱི་ནམ་མཁར་དག་པ་རིག་འཛིན་གྱི་ལྷ་ཚོགས་དང་། ཁྲག་འཐུང་འབར་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་སྒྲ་འོད་ཟེར་གསུམ་དང་བཅས་པ་ཡང་རིམ་པ་ལྟར་འཆར་ཏེ། སྒྲ་ནི་འབྱུང་བའི་རང་སྒྲ་ལྡིར་ཆེ་བ་འབྲུག་སྟོང་དུས་གཅིག་ལ་གྲགས་པའམ། རི་རབ་འབུམ་བསྙིལ་བ་ལྟ་བུའི་འུར་སྒྲ་དང་ཐུག་ཆོམ། འོད་ནི་རིག་པའི་རང་གདངས་ཁ་དོག་སྣ་ལྔ་གསལ་ལ་འཚེར་བ་དང་། འོད་ཀྱི་གསེབ་ན་ཟེར་ཕྲ་མོ་སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟར་ཕྲིག་ཕྲིག་པ་ཡ་རེ་རེ་འཆར་རོ། །དེའི་ཀློང་ན་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱང་། སྐུ་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་བ་རི་རབ་ཙམ། ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་ཡོད་པ། བལྟར་མི་བཟོད་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་འཆར་ནས་འོང་བ་དེ་དག་རྣམས་ཀྱང་། རང་སེམས་ཀྱི་སྣང་བརྙན་ཕྱི་རོལ་དུ་འཆར་བ་ཡིན་པས་མ་འཇིགས་མ་སྔངས་མ་སྐྲག་པར། སྔར་ཁྱོད་སྐྱེ་གནས་བར་དོ་ན་ཡོད་དུས་བླ་མ་རྣམས་ཀྱིས་ཞི་ཁྲོའི་དབང་བསྐུར་བའི་ཚེ་ལྷ་ངོ་སྤྲད་པའི་ཡི་དམ་ཀྱི་ལྷ་དེ་རྣམས་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ཡང་སྐབས་དེར་འཇུག་གྲོལ་མཐར་ཕྱིན་གསུམ་གྱི་གདམས་པའི་གནད་ཅེས་བྱ་བ། རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྦྲེལ་མ་ལྟ་བུ་ལྷ་རྣམས་ཀྱི་ཐུགས་ཀར་ཟུག་པ་ནི། རིག་པ་འོད་གསལ་ཕར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་ཐེ་ཚོམ་མེད་པ་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་སྔར་གྱི་དོན་རྣམས་ངོས་ཟིན་པར་གྱིས་ལ་ཤེས་པ་གང་དུའང་མི་འཕྲོ་བར་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱིས་ཤིག དེར་ལྷ་གང་དུ་ངོ་ཤེས་ཀྱང་དེར་གྲོལ་བ་ཐོབ་པ་ཡིན། གྲོལ་ན་དེ་ནས་སླར་ཚོམ་བུའི་དཀྱིལ་འཁོར་རྣམས་ཚུར་འདུས་ནས་རང་གི་སྙིང་གར་ཐིམ་པར་འགྱུར་བས། དེ་འོད་རིག་པ་ལ་ཚུར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་དང་། དེས་སྔར་གོམས་པའི་གདོད་མའི་འོད་གསལ་མ་ལྟ་བུ་དང་། ཕྱིས་ཤར་བའི་རང་བྱུང་གི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས། དེའི་ཕྱིར་འཇུག་པ་ཤེས་པའི་གནད་གཉིས་པ་དེ་ཡང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼འཇུག་པའི་དུས་འདིར་བསམ་གཏན་གྱི་ཞག་ལྔར་གནས་དགོས་པའི་ཞག་གི་ངེས་པ་ནི། སྔར་གོམས་པའི་གནས་པ་ཏིང་ངེ་འཛིན་གྱི་ཡུན་སྣང་མ་གཏོགས་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་གྱི་ཅི་ཙམ་གནས་པའི་ཐུན་ཚོད་དེ། བསམ་གཏན་གྱི་ཞག་ཡིན་ལ། སྔར་བསམ་གཏན་ལ་གོམས་འདྲིས་ཅན་ཡིན་ན། ཡུན་རིང་དུ་འཆར་ཞིང་། སྐབས་རེ་རང་ངོ་ཤེས་པས་གྲོལ་ལ། གོམས་འདྲིས་ཆེར་མེད་ན་ཡུན་ཙམ་རེ་ལས་མི་བརྟན་པས། ངོ་མ་ཤེས་པར་བར་དོ་ཕྱི་མ་འཛིན་པར་འགྱུར་རོ། །༽ གྲོལ་བའི་དུས་དེ་ལས་འདས་ན། ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་ཏེ། རང་གི་སྙིང་ཁ་ནས། སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་མཐིང་ག་དང་། དཀར་པོ་དང་སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་དྭངས་གསལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་དང་བཅས་པ་འཆར་ན་ནི། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བ་ཡིན་ནོ། །འདི་དུས་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ། ལུས་གདོས་བཅས་དང་བྲལ་བའི་འོད་ལུས་སུ་གྲོལ། རིག་པ་དྲི་མ་མེད་པ་ཉོན་མོངས་པ་ལས་གྲོལ། དེ་ལས་ཕྱི་ནང་མེད་པའི་གཟུང་འཛིན་ལས་གྲོལ་བའི་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་ཅེས་བྱ་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེ་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་ལ་འདུས་ནས་ལྷུན་གྲུབ་སྐུ་གསུམ་གྱི་རོལ་པར་འཆར་བའི་ཆོས་སྐུ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ལྟ་བུ་ལ་དག་པ་ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་དང་དཀྱིལ་འཁོར། མ་དག་པ་འགྲོ་དྲུག་གི་སྣང་བ་སྣ་ཚོགས་སྐད་ཅིག་ལ་འཆར་བས་འདིའི་དུས་སུ་ཤར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ལ་ལྷུན་གྲུབ་ཀྱི་སྣང་བའི་འཆར་ལུགས་བརྒྱད་དུ་གསུངས་པས། སྐབས་དེར་རང་སྣང་ལ་སྒྲོ་འདོགས་ཆོད་པའི་གྲོལ་བ་ཐོབ་པ། མཐར་ཕྱིན་པ་ངོ་ཤེས་པའི་གནད་འདིར་དགོས་པས་ངོ་ཤེས་ན་དབྱིངས་སུ་གྲོལ། མ་ཤེས་ན་འཁོར་བར་འཁྱམས་པའི་ལམ་ཁ་བྲག་ལྟ་བུ་ཡིན་པས། ཁྱོད་ཀྱིས་རང་སྣང་གི་འཆར་ཚུལ་དེ་རྣམས་མ་ནོར་བར་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ངོ་ཤེས་ན་འདིའི་དུས་སུ་ཁྱོད་ལ་དབང་པོ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ ༼སྔོན་གནས་འཆི་འཕོ་བ་དང་སྐྱེ་བ། ཕ་རོལ་གྱི་སེམས་སྣང་བ་ལྐོག་གྱུར་རིགས་དྲུག་གནས་རིགས་མཐོང་ཞིང་ཤེས་པ། དབང་པོ་རྣམ་དག་མངོན་པར་ཤེས་པའོ། །མཆན༽གམ་རྒྱས་པར་དབྱེ་ན་རེ་རེ་ལ་དྲུག་རེ་སྟེ་དྲུག་ཚན་དྲུག སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་གསུམ་ཚན་གསུམ་རྣམས་དྲན་པ་༼བླ་མའི་མན་ངག ཡི་དམ་ལྷ། ལྟ་བ་ཟབ་མོ། བསྒོམ་པའི་ལམ། དག་པའི་སྐྱེ་གནས། བསམ་གཏན་དང་དྲུག ༽དྲུག་ལ་བརྟེན་ནས། ལྷུན་གྲུབ་ཏུ་ངོ་ཤེས་ནས་གདེང་ཐོབ་པའི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད། ༼ཐུགས་རྗེའི་རང་རྩལ། འོད་དང་འཇའ་ཚོན། སྐུ་དང་ཞིང་ཁམས་ཡེ་ཤེས་རང་སྣང་། གཉིས་མེད་ཟུང་འཇུག མཐོང་གྲོལ་སྐྱེ་མེད། མ་དག་སྲིད་པ། དག་པ་ཡེ་ཤེས་ལྟར་ཤར་བ་བརྒྱད།མཆན༽ རང་རིག་གི་ཀློང་དུ་ཐིམ་ལུགས་བརྒྱད་དུ་ཐིམ་པའི་མངོན་པར་ཤེས་པ་རྣམས་དང་། མི་བརྗེད་པའི་གཟུངས་དང་། ཏིང་ངེ་འཛིན་རྣམས་ཐོབ་ ༼ཐུགས་རྗེ་ཐུགས་རྗེ་ལ། ཡེ་ཤེས་ཡེ་ཤེས་ལ། འོད་གསལ་འོད་གསལ་ལ། ལྷ་སྐུ་ལྷ་སྐུ་ལ། གཉིས་མེད་གཉིས་མེད་ལ། མཐའ་གྲོལ་མཐའ་གྲོལ་ལ། མ་དག་པ་དག་པར་དག་པ་ཀ་དག་ལ་ཐིམ་པ་མཆན་༽པས་སྔར་ཐོས་པའི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར། དེ་བཞིན་དུ་མ་ཐོས་པའི་ཆོས་རྣམས་ཀྱང་རྒྱུད་ལ་འཆར་བར་འགྱུར་པས་ཆོས་ཉིད་ཀྱི་བར་དོ་ཞེས་བགྱི་བ་རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བའི་ནང་གསལ་འཕོ་འགྱུར་མེད་པ་ས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཞེས་ཁྱོད་ཀྱི་མཐར་ཐུག་འབྲས་བུའི་གྲོལ་ས་འདི་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག གསུམ་པ་སྲིད་པ་བར་དོ་གསལ་འདེབས་པ་ནི། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག ད་རེས་གོང་དུ་བཤད་པའི་ཆོས་ཉིད་བར་དོའི་འོད་གསལ་ཤར་བ་དེ་རྣམས་རང་སྣང་དུ་ངོ་མ་ཤེས་པར་འཇིགས་ཤིང་སྐྲག་པའི་རྐྱེན་གྱིས་སྲིད་པ་བར་དོའི་བག་ཆགས་སད་བྱེད་བྱས་ནས་རླུང་སེམས་ཕྲ་བ་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱི་རྒྱུ་རྐྱེན་ལས། ལུགས་འབྱུང་གི་རྟེན་འབྲེལ་བརྒྱད་ཀྱི་རྨི་ལམ་རྨིས་པ་ལྟར་སྲིད་པ་བར་དོའི་ཡིད་གཟུགས་གྲུབ་པར་འགྱུར་བས་དེའི་ཚུལ་༼འོད་རང་སྣང་དུ་མ་ཤེས་པ་ནི་མ་རིག་པ་དེའི་དབང་གིས་རླུང་ལྔ་འདུས་ནས་འཁོར་བར་བྱེད་པ་ནི་འདུ་བྱེད། དེ་ལས་ཤེས་པ་ཇེ་གསལ་དུ་སོང་ནས་ཡུལ་འཛིན་སྐྱེས་པ་ནི་རྣམ་ཤེས་དེ་ལ་བར་དོའི་མིང་དང་ཡིད་ཀྱི་གཟུགས་གཉིས་བྱུང་བ་ནི་མིང་གཟུགས། དེ་ལས་ཤེས་པ་རྣོ་མྱུར་སྐྱེས་པའི་སྐྱེ་མཆེད་བྱུང་། དེས་བདེ་སྡུག་མྱོང་བའི་ཚོར་བ་བྱུང་། དེར་ཆགས་སྡང་སྐྱེས་པའི་སྲིད་པ་བྱུང་ངོ་། །༽ནི། དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅནཿ དབང་པོ་ཀུན་ཚང་ཐོགས་མེད་རྒྱུཿ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡནཿ རིགས་མཐུན་ལྷ་མིག་དག་པས་མཐོངཿ ཞེས་གསུངས་པས། སྔར་ལྟར་ཤ་ཁྲག་གི་ལུས་དངོས་སུ་གྲུབ་པ་མེད་ཀྱང་། རྣམ་སྨིན་གྱི་དབང་གིས་རྨི་ལམ་གྱི་ལུས་ལྟ་བུ། བྱིས་པ་ལོ་བརྒྱད་པ་ཙམ་གྱི་ལུས་ལྟར་ཤ་སྙི་ཞིང་སྲན་མི་བཟོད་པ་མིང་བཞིའི་ཕུང་པོ་ཡིད་ལུས་ཞེས། ༼ཀློང་ཆེན་པས། གཟུགས་མེད་རང་པའི་ཤེས་པ་ཀུན་གཞིའི་ངང་། །ཞེས་དང་། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །མིང་བཞིའི་ཕུང་པོར་སེམས་ཀྱི་རྒྱུད་བརྟེན་ནས། །ཞེས་གསུངས་པས། གང་དུ་ཤི་བའི་ས་དེ་ནས། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཁམས་ཀུན་གཞི་ལ་ཐིམ་པའི་ཆ་བཞི་ལ་མིང་བཞིའི་ཕུང་པོ་ཞེས་བྱ་སྟེ། ཡིད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་པས་མིང་བཞིའི་ཕུང་པོ་ཞེས་བྱའོ། །༽བག་གྲང་ལ་ཚིག་པ་ཟ་ཞིང་ཤིན་ཏུ་སྐྱོ་བ་ལུས་དངོས་དང་བྲལ་བའི་རྐྱེན་གྱིས་ས་གཅིག་ཏུ་སྡོད་དབང་མེད་པར་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ནས་རྒྱུག་པ་སྲིད་པ་བར་དོར་ཞག་བཞི་བཅུ་ཞེ་དགུའམ། ཡུན་ཅི་ཙམ་གནས་པ་དེའི་ཕྱེད་ཡན་ཆད་ལ་སྔ་མའི་བག་ཆགས་དང་བྱད་གཟུགས། ཕྱེད་མན་ཆད་ལ་ཕྱི་མའི་བག་ཆགས་དང་བྱད་གཟུགས་སུ་གནས་པས་སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན་དང་། དེ་ཡང་ལས་མཐུན་འདོད་ཡོན་ལ་སྤྱོད་པའི་དབང་པོ་དྲུག་པོ་ཀུན་ཚང་བར་ཡོད་པས་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བ། གང་དུ་སྐྱེ་འགྱུར་གྱི་མའི་མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་པའི་རི་ར་བ་རྩིག་པ་སོགས་ཐོག་བཅས་ཀྱི་དངོས་པོ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། རང་དང་རིགས་མཐུན་གྱི་ནང་ཕན་ཚུན་ལྷ་མིག་དག་པས་མཐོང་ཞིང་གཞན་གྱིས་མི་མཐོང་བ་སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི། འོད་དཀར་པོའི་ལམ་གྱིས་ལྷ་དང་ལྷ་མིན། ནག་པོའི་ལམ་གྱིས་དམྱལ་བ། དམར་པོའི་ལམ་གྱིས་ཡི་དྭགས། སེར་པོའི་ལམ་གྱིས་མི་དང་དུད་འགྲོར་འཇུག་ཅིང་། དེ་ཡང་སྤྱིའུ་ཚུགས་སུ་འགྲོ་ན་ངན་འགྲོ་དང་། གྱེན་དུ་འགྲོ་ན་ལྷ་དང་། ཐད་ཀར་འགྲོ་ན་མིར་སྐྱེ་སྟེ། དེ་དག་འགྲོ་བའི་ལམ་བཞི་ལ་འགྲོ་ཚུལ་གསུམ། དེ་བཞིན་དུ་དུག་གསུམ་གྱི་ལས་སྣང་གཡང་ས་ཆེན་པོ་དམར་ཟིང་ངེ་བ་དང་། སྐྱ་ཆད་དེ་བ་དང་ནག་ངམ་མེ་བ་སྟེ། ཡ་ང་བའི་གཡང་ས་གསུམ། བཟོད་དཀའ་བ་མཐོང་ན་ངན་སོང་གསུམ་དུ་ལྷུང་བའི་ལྟས་དང་། འབྱུང་བཞིའི་རླུང་དང་རྣམ་རྟོག་ཐ་མལ་དུ་ཤོར་བས་འབྱུང་བཞི་ཕྲ་མོའི་རླུང་ལོག་སྟེ། ས་གཡོ་ཞིང་རི་སྙིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པ་དང་ནགས་ཚལ་མེས་ཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་ལྡེག་པ་སོགས་འཇིགས་པའི་སྒྲ་བཞི་དང་བཅས་པའི་སྡུག་བསྔལ་མི་བཟོད་པ་བསྐྱེད་པ་དང་། ངེས་པའི་རྟགས་སྔར་ཐོགས་བཅས་ཀྱི་དངོས་པོ་ཕྲ་མོ་ལ་ཡང་ཐོགས་པ་ལ་ད་ལྟ་རི་དང་ར་བ་སོགས་ལ་ཐོགས་མེད་དུ་འཇུག་ནུས་སྔར་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱི་མཐོང་ཐོས་སུ་གྱུར་པ་ལ་ད་ལྟ་མི་མཐོང་ཞིང་མི་ཐོས། སྔར་ལུས་ཀྱི་གྲིབ་མ་དང་རྐང་རྗེས་འབྱུང་བ་ལ་ད་ལྟ་མི་འབྱུང་། སྔར་མངོན་ཤེས་མེད་པ་ལ་ད་ལྟ་མངོན་ཤེས་ཕུ་ཁྲེའུ་རིའུ་འཆར་བ་སོགས་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་དང་། ལུས་ཀྱི་ནང་ན་ཁམས་དཀར་དམར་མེད་པས་ཕྱི་རོལ་གྱི་ཉི་ཟླ་གཟའ་སྐར་མི་མཐོང་ཡང་། སྣང་མུན་གྱི་སྣང་བ་འཆར་བ་སོགས་ངེས་པའི་རྟགས་ལྔ་དང་། མ་ངེས་པའི་རྟགས་གནས་མ་ངེས་པ་ས་ཕུག་ཁང་སྟོང་། གྲོགས་མ་ངེས་པ་ལྷ་དང་ཡི་དྭགས་འདྲེ་སྲིན། ཟས་གོས་མ་ངེས་པ་གཅེར་བུ་དང་། གསུར་གྱི་དྲི་ལ་སྤྱོད་པ། རྟེན་མ་ངེས་པ་ཟམ་དུར་དང་ངལ་སྟེགས་ལམ་མདོ། སྤྱོད་ལམ་མ་ངེས་པ་སྐད་ཅིག་གིས་འགྱུར་འགྲོ་བ་དང་། སྣང་བ་མ་ངེས་པ་འཇིགས་སྐྲག་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་འཆར་བར་འགྱུར་རོ། །འདིའི་དུས་སུ་བདག་རྐྱེན་དང་གཞན་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རྗེས་དྲན་དྲུག་སོགས་ལ་བརྟེན་པའི་གདམས་ངག་གསལ་ཐེབས་ན་བཟང་པོའི་བག་ཆགས་སད་དེ་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་དུས་ཡིན་ཏེ། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིརཿ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནསཿ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུདཿ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱཿ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིནཿ མིག་སེར་སྤོང་ལ་བླ་མ་ཡབ་ཡུམ་བསྒོམཿ ཞེས་གསུངས་པ་དང་། གཞན་ཡང་། དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། དེ་ཚེ་འཁོར་བ་རུ་ལོག་པཿ རབ་གྱིས་སྒྱུ་མ་ལྟ་བུ་བལྟཿ འབྲིང་གིས་བསྐྱེད་རྫོགས་ཟུང་འཇུག་བསྒོམཿ ཐ་མས་སྐྱབས་འགྲོ་འཕོ་བ་སྦྱོངཿ ཞེས་གསུངས་པ་ནི་ལམ་ཞུགས་ཀྱི་གང་ཟག་དབང་པོ་འབྲིང་གི་ཐ་མ་སྲིད་པ་བར་དོར་གྲོལ་ཚུལ་འདི་ལའང་དབང་པོའི་རིམ་པ་ལྟར། གྲོལ་ལུགས་རབ་འབྲིང་ཐ་མ་གསུམ་ཡོད་པའི། འབྲིང་གི་ཐ་མའི་རབ་ཀྱི་བར་དོའི་འཁྲུལ་སྣང་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས་འཁོར་བ་ཞེན་ལོག་གི་མངལ་སྒོ་དགག་སྟེ་བཟློག །འབྲིང་གི་ཐ་མའི་འབྲིང་གིས་བསྐྱེད་རྫོགས་ཟབ་མོའི་དམིགས་པས་བཟློག །འབྲིང་གི་ཐ་མའི་ཐ་མ་རྣམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་འཕོ་བ་ལ་སོགས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་སྤངས་ཏེ་བཟང་པོ་བདམས་ནས་རུ་ལོག་གི་གདམ་ངག་དྲན་དགོས་པས་དེའི་ཚུལ་ནི། ད་ལྟ་ཁྱོད་རང་འགྲོ་བ་རྒྱུ་ལྔའི་ལམ་ཁ་བྲག་གི་འདུས་མདོར་ཡར་འགྲོ་མར་འགྲོ་གཉིས་ཀྱི་ས་མཚམས་ན་ཡོད་པའི་སྐབས་འདིར་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་འདུན་པའི་སེམས་ཀྱིས་བསྒྱུར་ཤིན་ཏུ་སླ་བས་དེའི་ཕྱིར་ཁྱོད་མ་ཡེངས་མ་འཁྲུལ་བར། བར་དོའི་སྣང་ཚུལ་འདི་རྣམས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ། ཕ་མ་སེམས་ཅན་ལ་སེམས་སྙོམས། མར་ཤེས་དྲིན་དྲན་དྲིན་གཟོ་བྱམས་པ་བསྒོམ་པ་སོགས་དང་། དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་དང་། དེ་དག་གི་དོན་ཕྱིར་སངས་རྒྱས་ཐོབ་འདོད་ཀྱི་བྱང་སེམས་བསྒོམ་པ་སོགས་ཀུན་སློང་རྣམ་པར་དག་པའི་རྣམ་སྨིན་བརྒྱད་ལྡན་ནི། མཐོ་རིས་ཡོན་ཏན་༼རིགས་ལྡན་གཟུགས་བཟང་ལོངས་སྤྱོད་ཆེ་ཤོས་ཕུན་ཚོགས་དབང་ཕྱུག་ལྡན། ནད་མེད་ཤིན་ཏུ་ཚེ་རིང་བ། མཐོ་རིས་ཡོན་ཏན་བདུན་ཞེས་བཤད། ༽བདུན་ལྡན་དལ་འབྱོར་གྱི་ལུས་རྟེན་གཅིག་བླངས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱ་སྙམ་པའི་ངང་ནས། གང་དུ་སྐྱེ་འགྱུར་གྱི་ཕ་མ་འདུ་འཕྲོད་ཀྱི་སྣང་བ་མཐོང་བའང་། བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པས་མངལ་དུ་རང་ཉིད་སེམས་བསྐྱེད་ཀྱི་འཕེན་ཤུགས་དྲག་པོས་ཞུགས་ཏེ་མངལ་སྒོ་བཀག་ནས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་སོགས་དག་པའི་རྩལ་སྦྱོང་གྱིས་ཤིག དེ་ལྟར་གལ་སྲིད་རང་སྟོབས་ཀྱིས་གྲོལ་བར་མ་ནུས་ནའང་། ཁྱོད་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་འདི་རྣམས་ཀྱིས་ཁྱོད་ཀྱི་ཆེད་དུ། བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པ། སྐྱེ་བོ་ལ་སྦྱིན་གཏོང་མདོ་སྡེ་ཟབ་མོ་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་བསྒྲུབ་མཆོད་སོགས་དགེ་བའི་སྟོབས་རྒྱ་ཆེན་བགྱིས་པ་འདིས་ཁྱོད་གནས་ངན་ལེན་པའི་སྡིག་སྒྲིབ་དག་སྟེ་མཐོ་རིས་ཐར་བའི་གོ་འཕང་ཐོབ་པར་འགྱུར་བ་ཡིན་པས་དེའི་ཕྱིར་ཁྱོད་ཤི་བ་ལ་སྡུག་བསྔལ་ཅི་ཡང་མི་འཚལ། ཁྱད་པར་ངེད་ཅག་རྣམས་ཀྱིས་ཀྱང་།༼ གནས་ལུང་དང་དབང་བསྐུར་སྐབས་ཡིན་ན། འདི་ཞེས་བྱ་བ། ༽དཀྱིལ་འཁོར་དུ་བཅུག་ནས་གནས་ལུང་དབང་བསྐུར་གྱི་ཆོ་ག་བྱེད་པ་ཡིན་པས། ༼ཕུང་པོའམ། མིང་བྱང་ངོ་། །རུས་པ་སོགས་ལ། ༽རྣམ་ཤེས་ཀྱི་རྟེན་ཆོས་ལ། ལུས་ཀྱིས་ཕྱག་དང་། ངག་གིས་སྐྱབས་འགྲོ་གསོལ་འདེབས། ཡིད་ཆགས་ཞེན་ཡེངས་འཁྲུལ་ཐམས་ཅད་སྤོངས་ལ།བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་གདུང་ཤུགས་དྲག་པོས་དད་མོས་གུས་པ་ཡང་དག་པ་དང་ལྡན་པས་གསོལ་བ་རྩེ་གཅིག་ཏུ་འདེབས་པར་གྱིས་ཤིག འཕོ་བའི་མཚམས་སྦྱོར་དང་འབྲེལ་ན། ཁྱད་པར་ངེད་ཅག་རྣམས་ཀྱིས་ཀྱང་། ཁྱོད་ལ་མྱུར་ལམ་གྱི་ཆོས་སྒོ་ཐུན་མོང་མ་ཡིན་པ་ཟབ་མོ་འཕོ་བའི་མཚམས་སྦྱོར་བསྟན་པར་བྱ་བ་ལ། ཐོག་མར་ཐུན་མོང་གི་སྔོན་འགྲོའི་ལམ་གྱིས་རྒྱུད་སྦྱང་དགོས་པས། དེའི་ཕྱིར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་འགྲོ་རྣམས་སྒྲོལ་འདོད་ཀྱི་ཚད་མེད་པའི་སྙིང་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྡིག་སྒྲིབ་སྦྱང་བ་ཚོགས་བསགས་པ། མོས་གུས་བླ་མའི་རྣལ་འབྱོར་སོགས་སྡིག་བཤགས་སྒྲིབ་སྦྱོང་གི་རིམ་པ་འདི་རྣམས་ལ་ཚིག་ཕྱིར་སེམས་གཞོལ་བའི་ངང་ནས་དད་འདུན་མོས་པ་རྩེ་གཅིག་ཏུ་གྱིས་ཤིག །ཅེས་བརྗོད་ལ། སྔོན་འགྲོ་རྒྱས་བསྡུས་གང་རིགས་དང་སངས་རྒྱས་ཀྱི་མཚན་བརྗོད་པ་དང་བར་དོའི་འཇིགས་སྐྱོབ་སོགས། སྨོན་ལམ་གང་འོས་བྱའོ། ། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཁྱོད་ལ་ད་ནི་མ་བསྒོམས་པར་སངས་རྒྱས་པའི་ཆོས་དྲུག་གི་ནང་ཚན་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བ་དང་། ལེ་ལོ་ཅན་འཆི་ཁར་གྲོལ་བའི་གདམས་ངག་ཁྱད་པར་ཅན་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་ཟབ་མོ་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་འབོག་པའི་སྐབས་སུ་བབས་པ་ཡིན། འདི་ལ་སྤྱི་དོན་རྣམ་པ་བཞི་ཡོད་དེ། འཕོ་བ་དགོས་པའི་རྒྱུ་མཚན། གང་དུ་འཕོས་པའི་ཕན་ཡོན། མ་འཕོས་པའི་ཉེས་སྐྱོན། འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་རྣམས་ལས། དང་པོ་འཕོ་བ་དགོས་པའི་རྒྱུ་མཚན་ནི། ཨོ་རྒྱན་ཆེན་པོས། སྒོ་དགུ་འཁོར་བའི་སྐར་ཁུང་ཅནཿ སྒོ་གཅིག་ཐར་པ་བྱང་ཆུབ་ལམཿ སྒོ་དགུ་བཀག་ནས་སྒོ་གཅིག་དབྱེཿ རྣམ་པར་ཤེས་པ་དེར་འཕོས་ནཿ འགྲོ་དྲུག་གནས་ནས་རྒྱངས་ཀྱིས་འཕགསཿ མཆོག་གི་དངོས་གྲུབ་ཐོབ་པར་འགྱུརཿ ཞེས་གསུངས། གཉིས་པ་གང་དུ་འཕོས་པའི་ཕན་ཡོན་ནི། རྒྱུད་རྡོ་རྗེའི་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་སུཿ འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ནཿ ཉིན་བཞིན་བྲམ་ཟེ་གསོད་པ་དངཿ མཚམས་མེད་ལྔ་པོ་བྱེད་པ་དངཿ ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པཿ འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེཿ སྡིག་པས་གོས་པར་མི་འགྱུར་རོཿ ཞེས་སོ། །གསུམ་པ་མ་འཕོས་པའི་ཉེས་སྐྱོནཿ མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས། རྣམ་ཤེས་རླུང་ལ་རྟ་བྱས་ནསཿ འོག་གི་ལམ་ལ་ཕྱིན་གྱུར་ནཿ ཆོས་ལ་གོམས་པའི་གང་ཟག་ཀྱངཿ ངན་སོང་གནས་སུ་ལྟུང་བ་མངཿ མགྲོན་པོ་ལམ་དུ་ཞུགས་པ་ལཿ གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོཿ ཞེས་གསུངས། བཞི་བ་འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། འཕོ་བར་བྱ་བ་དང་། འཕོ་བར་བྱེད་པ་དང་། འཕོ་བའི་ཡུལ་རྣམས་སོ། །དེ་ལ་དང་པོ་འཕོ་བར་བྱ་བ་ནི་ད་ལྟའི་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་དྲན་བསམ་བདེ་སྡུག་སྣ་ཚོགས་ཀྱི་འཆར་གཞི་སྐད་ཅིག་ཀྱང་སྡོད་དབང་མེད་པ་འདི་ཡིན། གཉིས་པ་འཕོ་བར་བྱེད་པ་ནི། ངེད་ཅག་རྣམས་ཀྱིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་ལྡན་པའི་ངང་ནས་ཟབ་ལམ་འཕོ་བའི་གདམས་ངག་ཟབ་མོ་འབོག་པ་འདི་ཉིད་ཡིན། གསུམ་པ་གང་དུ་འཕོ་བའི་ཡུལ་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་གཙོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཐུགས་ཀར་འདུན་པ་རྩེ་གཅིག་ཏུ་གཏད་དེ་འཕོ་དགོས་པ་ཡིན། ཇི་ལྟར་འཕོ་བའི་ཚུལ་འདི་ལའང་། གྲུབ་མཐའ་གསར་རྙིང་དང་། བཀའ་གཏེར་དག་སྣང་སོགས་སོ་སོའི་ལུགས་སྲོལ་ལ། ཕྱི་འདུས་བྱས་རྫས་ཀྱི་འཕོ་བ། ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ། གསང་བ་རླུང་རིག་ཁ་སྦྱོར་ལ་བརྟེན་ནས་འཕོ་བ། དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བ་དང་། གཞན་ཡང་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ་སོགས་བྱེད་ལས་དང་། བསྐྱེད་རྫོགས་རྟེན་ཅན་དང་རྟེན་མེད་ཀྱི་འཕོ་ཚུལ་སོགས་མང་དུ་ཡོད་ཀྱང་ད་ལམ་འདིར་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་ཀྱི་དོན་དུ། ཨོ་རྒྱན་ཆེན་པོས་སངས་རྒྱས་འོད་དཔག་མེད་ལ་ཞུས་ནས་བློན་པོ་ལ་གནང་། བློན་པོས་ཞག་གསུམ་བསྒོམས་པས་དགོས་དོན་ཐམས་ཅད་འགྲུབ། དེའི་དུས་སུ་བློན་པོས་གསེར་དངུལ་ཉི་ཟླ་འདྲ་བ་ཕྱག་རྟེན་དུ་ཕུལ་བའི་རྟེན་འབྲེལ་གྱིས་མ་འོངས་པའི་དུས་ན་ཆོས་འདིའི་འགྲོ་དོན་འབྱུང་བར་དགོངས་ནས། སློབ་དཔོན་ཉིད་ཀྱི་སྲིན་མཛུབ་ལ་སྐུ་མཚལ་ཕྱུང་སྟེ་ཤིང་ཏ་ལའི་ལོ་མར་ཡི་གེར་བྲིས་པ། གསེར་དངུལ་སོགས་རིན་པོ་ཆེ་སྣ་ལྔའི་སྒྲོམ་དུ་བཅུག་ནས། དྭག་ལ་སྒམ་པོའི་རི་འགྲམ་མཚོ་མཎྜལ་འདྲ་བ་ལ་གཏེར་དུ་སྦས་པ་ཕྱིས་བློན་པོ་ཉི་མའི་སྤྲུལ་པ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་སྔགས་འཆང་ཆེན་པོ་དེ་ཉིད་ཀྱིས་གཏེར་ནས་གདན་དྲངས་ཏེ་རིམ་པར་སྤེལ་བའི་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་འདི་ཉིད་འབོག་པའི་སྐབས་སུ་བབས་པ་ཡིན། དེའི་སླད་དུ་ཁྱོད་རང་གིས་བདག་ཏུ་བཟུང་བའི་ཡུལ་དང་ས་ཆ། གནས་མལ་ཁང་ཁྱིམ། ཉེ་འབྲེལ་འཁོར་འབངས་ཟས་ནོར་ལོངས་སྤྱོད། གཅེས་པའི་སྒྱུ་ལུས་དང་བཅས་པ་འདི་རྣམས་ཐམས་ཅད། བླ་མ་དང་སངས་རྒྱས་འོད་དཔག་མེད་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་རྟེན་མཎྜལ་གྱི་ཚུལ་དུ་ཕུལ་ལ། ཚེ་སྔ་མའི་སྤྱོད་ཡུལ་གྱི་ཆགས་ཞེན་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས། ཡིད་གཞན་དུ་མ་ཡེངས་པར་འདུ་ཤེས་བརྒྱད་དང་ལྡན་པ་ཞིག་ངེས་པར་དགོས་པས། དེའི་ཚུལ་ནི། དང་པོ་ཁྱོད་རང་གི་ལུས་འདི་ཉིད་ལ་གཞན་ལ་གཡར་པོའི་གནས་ཁང་ལྟ་བུའི་འདུ་ཤེས། རྣམ་པར་ཤེས་པ་ད་ལྟ་འགྲོ་རྒྱུའི་མགྲོན་པོ་ལྟ་བུའི་འདུ་ཤེས། རླུང་ནི་རྟ་གླང་སོགས་ཞོན་པའི་འདུ་ཤེས། རྩ་དབུ་མ་ལ་འགྲོ་བའི་ལམ་གྱི་འདུ་ཤེས། སྤྱི་གཙུག་ཚངས་བུག་ནི་སྒོ་ཡི་འདུ་ཤེས། ཧིཀ་ནི་སྐྱེལ་མའི་འདུ་ཤེས། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་བདེ་ཆེན་དཔའ་བོ་དཔའ་མོ་རྣམས་ལ་བསུ་མའི་འདུ་ཤེས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ཉིད་དཔེར་ན་ཚོང་པ་རང་ཁྱིམ་དུ་འགྲོ་བ་ལྟ་བུའི་ཡུལ་གྱི་འདུ་ཤེས་རྣམས་བསྒོམས་ནས་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱོད་རང་གི་རིག་པ་ཆུ་ལས་ཉ་འཕར་བ་ལྟར་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དམར་མོ་སྟེང་ཞལ་དོན་དམ་དག་པ་ཕག་ཞལ་ནག་པོ་གཡས་སུ་ལྟ་ཞིང་། རྩ་ཞལ་ཀུན་རྫོབ་རྣམ་དག ཁྲོ་བོའི་ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས་ལྡན། མཆེ་བའི་མྱུ་གུ་བཞི་ཅུང་ཟད་གཙིགས་པ། གནག་སྣུམ་དབུ་སྐྲའི་ལྕང་ལོ་ཐུར་དུ་འཕྱང་ཞིང་སིལ་བུར་གྲོལ་བ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་རྟིང་པ་པད་ཉིའི་སྟེང་དུ་བམ་རོའི་སྙིང་གར་གར་སྟབས་ཀྱིས་བཞུགས་པ། མཆན་གཡོན་དུ་ཡབ་ཧེ་རུ་ཀ་སྦས་ཚུལ་གྱི་ངོ་བོ་ཁ་ཊྭཱཾ་ཀ་བརྟེན་པ་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་གཅེར་བུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ལང་ཚོ་དར་ལ་བབ་ཅིང་འཇོ་སྒེག་གི་ཉམས་དང་ལྡན་པ། སྐུའི་ནང་སྣང་སྟོང་འོད་ཀྱི་རང་བཞིན་ཕྲུ་མ་ལ་ཕུས་བཏབ་པ་ལྟ་བུ་ཕྱི་བལྟས་ནང་གསལ་དུ་བསྒོམ་པའི་མིག་དང་ཁ་སྣ་ལ་སོགས་ངན་འགྲོའི་སྒོ་དགུ་པོ་ཐམས་ཅད་ཧཱུྃ་ཡིག་དམར་པོ་མགོ་ཕྱིར་བསྟན་པ་རེ་རེས་བཀག་པའི་མོས་པ་མཛོད། དེ་ལྟར་ཁྱོད་རང་གི་ལུས་ཀྱི་ཕྱིའི་དབྱིབས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་ཁང་སྟོང་ནང་དུ་ཀ་བ་བཙུགས་པ་ལྟ་བུ་རྩ་ཨ་ཝ་དྷུ་ཏི་ཕྱི་དཀར་ལ་ནང་དམར་བ་མདའ་སྨྱུག་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་སྲབ་པ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུའི་ནང་དུ་ཟང་ཐལ་ལེ་སོང་བ། མར་སྣེ་ལྟེ་འོག་ཏུ་ཁ་ཟུམ་པ་གཡས་གཡོན་དུ་རོ་རྐྱང་གཉིས་དང་བཅས་ཏེ། དེ་ལྟར་སྐུ་གསུམ་གྱི་ངོ་བོ་རྩ་ཡི་གཙོ་བོ་གསུམ་པོ་དེ་ལ་འཁོར་ལོ་བཞིས་བརྟེན་པའི་སྙིང་གའི་ཐད་དུ་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་ནང་དུ། རླུང་གི་དཀྱིལ་འཁོར་ཡངས་ཤིང་གཡོ་བའི་སྟེང་དུ་ཁྱེད་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་དྭངས་མ་ལྔ་འདུས་༼སྙིང་ཞེས་རྣམ་ཤེས་སྲོག་གི་རྟེན། །ཤ་ཡི་དངོས་པོ་དབུ་མའི་རྩ། །ཐིག་ལེའི་དྭངས་མ་བདེ་ཆེན་ཧཾ། །དབུགས་ཀྱི་དྭངས་མ་སྲོག་གི་རླུང་། །ཡིད་ཀྱི་དྭངས་མ་ཀུན་གཞིའི་སེམས། །ཞེས་དྲི་མ་མེད་པ་སྙིང་པོའི་རྒྱུད་ལས་སོ། །༽ཀྱི་ཐིག་ལེ་དཀར་ལ་དམར་བ་གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ་འཕར་ལམ་ལམ་བྱེད་པ་ཞིག་གསལ་ཐོབ། རྩ་དབུ་མའི་ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟུག་པ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་དཀར་སང་ངེ་ཡོད་པའི་སྟེང་གི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་ར་གའི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་ཞལ་གཅིག་འཛུམ་མདངས་དང་ལྡན་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་དཔེ་བྱད་ཀྱིས་སྤྲས་པ་གཟི་བྱིན་མཚུངས་པ་མེད་པ་འོད་ཟེར་མཐའ་ཡས་པར་འཕྲོ་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་བཞུགས་པའི་མཐར། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་སྐྱབས་གནས་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་བ་ཐམས་ཅད་ཀྱང་སྐུ་མཚན་དཔེའི་གཟི་བྱིན་འོད་དུ་འབར་བ། གསུང་གྲགས་སྟོང་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ། ཐུགས་ཟབ་གསལ་གཉིས་མེད་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཏུ་འགྱེད་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་འཁོར་འདས་ཀྱི་དཔལ་དུ་འབར་ཞིང་། ཕྲིན་ལས་རྒྱུན་མི་ཆད་པའི་ཐུགས་རྗེ་སྲིད་མཚོར་གནས་པའི་འགྲོ་བ་ཀུན་ལ་ཡེ་ཤེས་ཀྱི་འཇུག་པ་སྐད་ཅིག་ཀྱང་མི་གཡེལ་བའི་བདག་ཉིད་ཅན་དུ་བཞུགས་ཏེ། དམིགས་ཡུལ་ཁྱོད་རང་ལ་བརྩེ་བའི་ཐུགས་ཀྱིས་དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ཏེ། ཁྱོད་ཀྱི་རྣམ་ཤེས་བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་དུ་བྱོན་པར་བསྒོམས་ལ་སྐྱབས་གནས་བསླུ་བ་མེད་པ་དེ་དག་གི་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས་ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར་ཏེ། ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་སྙིང་གི་དཀྱིལ་དང་རུས་པའི་གཏིང་ནས་བཟོད་མེད་དུ་འབར་བ་མཆི་མ་འཁྲིགས་པ་ཙམ་དུ་བསྐྱེད་ལ། ངག་གདུང་ཤུགས་དྲག་པོས་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་སྨྲེ་སྔགས་ཀྱི་དམིགས་རིམ་དང་གསོལ་འདེབས་འདི་དག་བྱེད་པའི་མོས་པ་མཛོད། ༈ ན་མོ་གུ་རུ་ཚེ་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དྭངས་གསལ་སྒྲིབ་མེད་འོད་སྐུར་ཡོངས་རྫོགས་པའི། །སྒོ་དགུར་མར་མེ་ལྟར་འབར་ཧཱུྃ་ཡིག་ལས། །འོད་འཕྲོས་ལུས་ཀུན་ཁྱབ་ཅིང་བརྟན་པར་བཀག །དེ་དབུས་སྙིང་པོའི་སྲོག་ཤིང་དབུ་མའི་རྩ། །རོ་རྐྱང་འཁོར་ལོ་བཞི་དང་བཅས་པ་ཡི། །སྙིང་གར་རླུང་དཀྱིལ་ཡངས་ཤིང་གཡོ་བའི་སྟེང་། །རྣམ་ཤེས་ཐིག་ལེ་འོད་མདངས་ལྡན་པར་གྱུར། །སྤྱི་བོར་པད་ཟླར་རྩ་བའི་བླ་མ་དང་། །དབྱེར་མེད་སངས་རྒྱས་འོད་དཔག་མེད་མགོན་ལ། །བརྒྱུད་ལྡན་བླ་མ་རྣམས་དང་ཕྱོགས་དུས་ཀྱི། །རྒྱལ་བ་རབ་འབྱམས་མ་ལུས་ཀུན་གྱིས་བསྐོར། །བདག་གཞན་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ། །བྱམས་བརྩེའི་ཐུགས་ཀྱིས་དགོངས་བཞིན་བཞུགས་པར་གསལ། །ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ མཚུངས་མེད་ནམ་མཁའ་རྒྱལ་མཚན༴ རྟོགས་ལྡན་སང་ག་བྷ་ཏྲ་ལ༴ ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ མཚུངས་མེད་མ་ཏི་མཚན་ཅན་ལ༴ ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ༴ འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ༴ སྔགས་འཆང་པདྨ་དབང་གྲགས་ལ༴ ཐུགས་ཆེན་ཀརྨ་ཆགས་མེད་ལ༴ གྲུབ་ཐོབ་པདྨ་རིག་འཛིན་ལ༴ འདྲེན་མཆོག་ནམ་མཁའ་འོད་གསལ་ལ༴ འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ༴ པདྨ་ཀུན་གྲོལ་རྣམ་རྒྱལ་ལ༴ ངེས་དོན་བསྟན་འཛིན་བཟང་པོ༴ ནམ་མཁའ་ཚེ་དབང་མཆོག་གྲུབ༴ དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་བྱིན༴ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན༴ ངེད་ཀྱིས་ཧིཀ་དང་ཕཊ་ཀྱི་སྒྲ་དྲག་པོར་བརྗོད་པའི་ཚེ། ཁྱེད་རང་གི་སྙིང་གའི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་རྩ་དབུ་མའི་ལམ་བརྒྱུད་དེ་སོང་བ་སྤྱི་གཙུག་ཚངས་བུག་ནས་ཐོན་ཏེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་མ་ཐག་ཏུ་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་དུ་གཤེགས་ཤིག ཅེས་སྦྱར་ལ། ཧིཀ་དང་། ཕཊཿ བདུན་བདུན་རེའི་སྒྲ་ཡིས་འཕོ་བར་བྱ། དེ་ནས་ཡང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ༴ དྲིན་ཅན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན༴ མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་བྱིན༴ ཚེ་འདས་འདི་ནས་ཚེ་འཕོས༴ བདེ་བ་ཅན་དུ་སྐྱེ་བར༴ ཞེས་དང་། གོང་གི་འཕོ་དམིགས་དང་། ཧིཀ་དང་། ཕཊཿཅི་མང་བརྗོད་ལ། སླར་ཡང་སྨིན་གླིང་གཏེར་ཆེན་གྱི། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངངཿ སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པའིཿ ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལཿ དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོགཿ ཅེས་བརྗོད་ཅིང་། ཧིཀ་དང་ཕཊཿསྒྲ་ཅི་མང་བརྗོད། ཡང་གྲུབ་དབང་རྫོགས་ཆེན་པའི། ཀྱེ་མ་ཚེ་འདས་ཀྱི་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཀྱི་ཐུགས་ཀར་འཕོས། །ཀློང་ཕྱམ་གཅིག་དབྱེར་མེད་བྱང་ཆུབ་ནས། །སྐུ་བདེ་ཆེན་ཞིང་གི་རྒྱན་དུ་ཤོག །ཅེས་པའི་མཐར། ཕཊཿདྲག་པོ་འགའ་ཞིག་གིས་དབྱིངས་སུ་བསྐྱལ། གང་འཕོ་བྱ། ཇི་ལྟར་འཕོ་བྱེད། གང་དུ་འཕོ་ཡུལ་གསུམ་ག་མཚན་ཉིད་འདི་ཡིན་གྱི་གཟའ་གཏད་བྲལ་བའི་སྟོང་ཉིད་མཆོག་ཏུ་མི་འགྱུར་བའི་གནས་ལུགས་དེ་བཞིན་ཉིད་ཀྱི་ངང་ལ་དར་ཅིག་མཉམ་པར་བཞག དེ་ནས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་རྒྱས་འདེབས་པ་ཡིན་པས་ཀུན་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །མཉམ་བཞག་ལས་ལངས་མཐར་དགེ་བ་བསྔོ་ཞིང་། སྨོན་ལམ་ཅི་རིགས་བརྗོད་པར་བྱའོ། །ཞེས་བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ་ལས། གཞན་དོན་ཕྲིན་ལས་ཀྱི་སྐོར་ལོགས་སུ་ཕྱེས་པ་འདི་ཡང་། རང་སློབ་བླ་མ་ནམ་མཁའ་ལྷུན་གྲུབ་ལ་ཉེ་བར་མཁོ་བའི་ཆེད་དུ། ཤཱཀྱའི་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་བསྒྲིགས་པའོ། །སརྦ་མངྒ་ལཾ།


previousབར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་། next