Nitartha Digital Library
Tibetan
ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།


   
   
   
   
  expand section
   
   
   
   
   
ཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས།next

ཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས།

༄༅། ཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་བར་ཐོབ་པ་ཞིག་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ངང་ནས་གསན་པར་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རང་ཅག་རྣམས་ཀྱིས་སྔོན་བསགས་བསོད་ནམས་ལས་གྲུབ་པའི་མི་ལུས་འདི་ལྟ་བུ་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་བླ་མ་དམ་པ་དང་མཇལ་ནས་ཆོས་ཟབ་མོ་འདི་ལྟ་བུ་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཅན་ཡིན་ཏེ། དེའི་རྒྱུ་མཚན་མདོ་ལས། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་པར་དཀའ། །མིར་གྱུར་པ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱ་ཡང་རྙེད་མི་འགྱུར། །ཞེས་གསུངས་པ་ལྟར། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་བསྒྲུབ་དུ་ཡོད་པའི་དུས་འདིར། འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་གལ་ཆུང་བྱས་ནས་སྐྱེ་བ་ཕྱི་མར་དགོས་པའི་ལྷ་ཆོས་རྣམ་པར་དག་པ་རེ་བསྒྲུབ་པའི་ཐབས་ལ་འབད་དགོས། དེ་ལྟར་མ་འབད་ན་མི་ཚེའི་ཉི་མ་ནི་ཡུན་ཐུང་། འཆི་བདག་གི་གྲིབ་སོ་ནི་བང་མགྱོགས། འཆི་བའི་རྐྱེན་ནི་གྲངས་མང་། མ་ཚོར་ཡེང་མའི་ངང་ནས་མི་ཚེ་ཟད་དེ་འཆི་བ་མི་རྟག་པ་དེ་ནམ་མཁའི་ཐོག་ལྟར་གློ་བུར་དུ་འོང་བས་དེ་ལ་བྲོ་ས་དང་བཟུར་བའི་ཐབས་ནི་ཅི་ཡང་མེད། འཆི་བའི་དུས་དེར་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྱོར་བ་ལོངས་སྤྱོད་ལྟ་བུ་ཞིག་ཡོད་ཀྱང་ཕན་པ་སྤུ་ཙམ་ཡང་མེད་པ་ནི། འདུལ་བ་ལུང་ལས། ཇི་ལྟར་བུང་བས་བསགས་པའི་སྦྲང་རྩི་ནི། །དོན་མེད་མི་ཡི་ལོངས་སྤྱོད་བྱེད་པ་བཞིན། །སྐྱེ་བོ་མ་རབ་སྡིག་པས་བསགས་པའི་ནོར། །ཤི་ཚེ་གཞན་གྱི་ལོངས་སྤྱོད་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཤི་བ་ཙམ་དུ་མ་ཟད་ཤི་བའི་འོག་ཏུ་སླར་ཡང་ལས་ཀྱི་དབང་གིས་ཁམས་གསུམ་རིགས་དྲུག་གི་གནས་འདིར་ཡང་ནས་ཡང་དུ་བརྒྱུད་མར་སྐྱེ་བ་ལེན་པ་མ་གཏོག་འགྲོ་ས་དང་འདུག་ས་གང་ཡང་མེད། འཁོར་བའི་གནས་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་གདུང་། །དུད་འགྲོ་གཅིག་ལ་གཅིག་ཟས་འཇིགས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་སྡུག་བསྔལ་དེ་ལྟ་བུ་འབྱུང་བའི་རྒྱུ་ནི་ལས་དགེ་སྡིག་གཉིས་ཁོ་ན་མ་གཏོག་གཞན་ཅི་ཡང་མེད། ལས་དེ་གཉིས་གང་ཡིན་ཞེ་ན། དང་པོ་དགེ་བ་ནི་མདོ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། དགེ་བ་ལས་ནི་བདེ་འགྲོ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །ཞེས་སོ། གཉིས་པ་མི་དགེ་བ་ཡང་མདོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་དང་།མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པས། དེས་ན་ད་ལྟ་དབང་པོ་ཚང་ཞིང་རང་དབང་རང་ལ་ཡོད་པའི་དུས་འདིར་མི་ལུས་ཐོབ་པ་འདི་དོན་མེད་སྟོང་ཟད་དུ་མི་བཏང་བར་སྡིག་པ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་རྣམས་ལ་དུག་བཞིན་དུ་འཛེམས་ནས། རྣམ་དཀར་དགེ་བའི་ལས་དམ་པའི་ཆོས་ཐོས་བསམ་བསྒོམ་གསུམ་བྱས་ནས་འཆི་ཁར་འགྱོད་མེད་ཀྱི་ཐབས་ལ་རེམ་དགོས། དམ་པའི་ཆོས་ཀྱི་རྣམ་གྲངས་དང་། ཐེག་པའི་བྱེ་བྲག་ལམ་གྱི་འཇུག་སྒོ་ནི་མཐའ་ཡས་པ་ཞིག་མཆིས་མོད་ཀྱང་། ཀུན་གྱི་སྙིང་པོ་དོན་གྱི་མཐར་ཐུག་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ན་ཡིན་ཏེ། དེ་ལ་མ་བརྟེན་པར་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཐབས་མ་མཆིས་པ་དང་། ཐེག་པ་གཞན་རྣམས་ནི་ལམ་གྱི་གཞི་འམ་སྟེགས་ཀྱི་ཚུལ་ཙམ་ཡིན་ལ། གསང་སྔགས་ནི་ལམ་དངོས་དང་འབྲས་བུ་ཉིད་ལ་སྦྱོར་བར་བྱེད་པ་དང་། གཞན་རྣམས་ནི་བརྗོད་བྱེད་ཀྱི་ཚིག་གཙོ་བོར་སྟོན་ལ། གསང་སྔགས་ནི་བརྗོད་བྱའི་དོན་གཙོ་བོར་སྟོན་པ་དང་། གཞན་རྣམས་ནི་དཔེར་ན་འོ་མ་ལྟ་བུ་ཡིན་ལ། གསང་སྔགས་ནི་མར་གྱི་ཡང་ཞུན་ལྟ་བུ་ཡིན་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་ཞིང་། དེ་ལྟ་བུའི་གསང་སྔགས་ཉིད་ཀྱི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་གཉིས་ཡིན་པ་ལ། ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས་ཤིང་། དེ་ཉིད་ཐོབ་པར་བྱེད་པ་ལ། བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་ལ་རག་ལས་པ་དང་། རྒྱུའི་རྐྱེན་སློབ་མ་རྣམས་དག་སྣང་མོས་གུས་དང་ལྡན་པ། དམིགས་པའི་རྐྱེན་དབང་རྫས་ཡོ་བྱད་ཚོགས་པ། དེ་མ་ཐག་པའི་རྐྱེན་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པ་སྔོན་དུ་བྱ་བའི་ལས་རིམ་རྣམས་ལེགས་པར་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ། ཐོག་མར་གདམས་ངག་ལ་ཡིད་ཆེས་ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་བརྗོད་ན། སྔོན་འདས་པའི་དུས་ཞིག་ན་འདོད་ཁམས་འདིར་བྲམ་ཟེ་དུང་ཕྲེང་ཅན་ཞེས་བྱ་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པས། དཔོན་སློབ་གཉིས་ཀས་མ་རུངས་པའི་ལས་ངན་མང་དུ་བསགས་ནས་ངན་སོང་དུ་ལྷུང་བ་དེ་ཉིད་ཀྱི་དོན་དུ་དཔལ་ཀུན་བཟང་པོ་དང་། རྣམ་པར་སྣང་མཛད་གཉིས་ཀྱིས་གསུངས་པའི་གདམས་པ་ཟབ་མོ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་དུ་དགོངས་རིག་རྣ་བར་བརྒྱུད་པའི། སྒྱུ་འཕྲུལ་ཞི་ཁྲོ་ན་རག་དོང་སྤྲུག་དགོངས་པ་རང་གྲོལ་འདི་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། རིགས་དྲུག་གནས་སྤར་དང་། དབང་བསྐུར་ཟས་གཏད་ཡོན་འབུལ་ལམ་བསྟན་སོགས་ཁྱོད་ཀྱི་དོན་ཆེན་སྒྲུབ་པ་ཡིན་པས་ཡིད་མ་ཡེངས་བར་ཉོན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་དང་བར་དོའི་སྡུག་བསྔལ་ལས་ངེས་པར་གྲོལ་བར་འགྱུར་རོ། ཀྱེ་མ་ཚེ་འཕོས་ལུས་བརྗེས་སོགས་བརྗོད། ཞེས་པའང་བཙུན་པ་ནམ་མཁའ་ལྷུན་གྲུབ་ཀྱིས་བསྐུལ་ངོར་འདུ་ཤེས་གསུམ་པ་ཨ་ཀྵ་ར་དྷྭ་ཛ་བྷ་དྲས་མགྱོགས་པར་བྲིས་པའོ། །


previousཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས།next