Nitartha Digital Library
Tibetan
ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།


   
   
   
   
  expand section
   
   
   
   
   
   
ཞི་ཁྲོའི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད།
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོའི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད། next

ཞི་ཁྲོའི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད།

༄༅། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད་ཅེས་བྱ་བ་བཞུགས་སོ། ཨོྃ་བཛྲ་རཏྣ་པུཥྤེ་སིདྡྷི་ཏྲཾ༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བགྱི་སྙམས་པའི་ངང་ནས་ཆོས་གསན་པའི་ཀུན་སྤྱོད་རྣམས་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟར་གསལ་བཏབས་ཏེ་གསན་འཚལ། གང་གསན་པར་བྱ་བའི་རིམ་པ་ནི། རང་ཅག་རྣམས་སྐྱེ་བར་དཀའ་བ་གླིང་བཞི་ལས་མཆོག་རུ་གྱུར་པ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་མངོན་པར་མཐོ་བའི་མི་ལུས་འདི་ལྟ་བུ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་སྐུ་གསུམ་གྱི་སྟོན་པའི་བསྟན་པ་དང་། བསྟན་འཛིན་ཀྱི་སྐྱེས་བུ་བླ་མ་དམ་པ་རྣམས་དང་མཇལ། ཐོབ་པར་དཀའ་བ་དབང་གི་དཀྱིལ་འཁོར་མཐོང་བ་དང་། ལྷའི་མཚན་ཐོས་པ་ཙམ་གྱིས་གྲོལ་བའི་སྒྱུ་འཕྲུལ་ཞི་ཁྲོ་ན་རག་དོང་སྤྲུགས་དགོངས་པ་རང་གྲོལ་གྱི་གདམས་པ་ཟབ་མོ་འདི་ལྟ་བུ་ཐོབ། ཆོས་ཤིག་བྱེད་ན་བྱེད་དབང་རང་ལ་ཡོད། བྱེད་ཐབས་ཅུང་ཟད་རེ་ཤེས་པའི་དུས་སྐབས་འདིར་ནམ་བཞག་གཏན་གྱི་འདུན་མ་ཐར་བའི་ལམ་སྣ་ཟིན་པའི་ཐབས་ལ་འབད་དགོས། དེ་ལྟར་མ་འབད་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྙེད་དཀའ་ཞིང་། རྙེད་ན་དོན་ཆེ་བ་ཞིག་ཡིན་ཀྱང་། འཇིག་པར་སླ་བ་ཆུའི་ལྦུ་བའམ་རླུང་གསེབ་ཀྱི་མར་མེ་དང་འདྲ་སྟེ། དེའི་རྒྱུ་མཚན་ཞིབ་ཏུ་བཤད་ན། སྐྱེས་ཟིན་པ་འདི་ཐམས་ཅད་ཀྱི་ཐ་མ་ནི་ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་ཅིས་ཀྱང་མི་ཕན་པ་གསུམ་གྱི་རང་བཞིན་ཅན་ཁོ་ན་མ་གཏོགས་རྟག་པ་དང་བརྟན་པ་ཅི་ཡང་མེད་དེ། ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཡུད་ཙམ་རེ་སོང་བས་ཀྱང་ཚེ་ཟད་དེ་འཆི་བ་ལ་ཐག་ཇེ་ཉེར་འགྲོ། ན་ཚོད་རྒན་གཞོན་དང་ནད་གཅོང་ཡོད་མེད་སོགས་ལའང་མི་ལྟོས་པར་འཆི་རྐྱེན་ཅི་འདྲ་ཞིག་གིས་བྱེད་ཆ་མེད་དེ། ཁྱད་པར་དེང་སང་སྙིགས་དུས་སྐྱེ་དགུའི་ཚེ་ལོ་སུམ་ཅུ་ཁ་རལ་ལ་བབ་པའི་མིའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་བའི་ཚོད་ནི་སུས་ཀྱང་མི་ཟིན། དེར་མ་ཟད་གཟའ་གདོང་ཐུག་ལྟ་བུའི་རྐྱེན་ངན་དྲག་པོ་ཧུར་ཐུམ་དུ་བྱུང་ནས། དུས་དོ་ནུབ་ཉིད་དུའང་མི་འཆི་བའི་གདེངས་ཙམ་ཡང་མེད། མདོར་ན་དཔེ་དང་ལུང་དང་རིག་པ་གང་གི་སྒོ་ནས་བརྟགས་ཤིང་དཔྱད་ཀྱང་བློ་གཏད་ཅི་ཡང་མེད་ངེས་པ་ཅན་ཡིན། དེ་ལྟར་ཤི་ནའང་ཤི་མོད་འོང་རྒྱུ་ཅི་ཡོད་སྙམ་ན་ཤི་ནས་སླར་སྐྱེ་བ་ལེན་མི་དགོས་པར་ཅང་མེད་དུ་འགྲོ་རྒྱུ་ཞིག་ཡིན་ན་དེ་ཀས་ཆོག་པར་འདུག་ཀྱང་། ཅང་མེད་དུ་མི་འགྲོ་བར་སླར་ཡང་འཁོར་བའི་གནས་འདིར་ཡང་ནས་ཡང་དུ་བརྒྱུད་མར་སྐྱེ་བ་ལེན་དགོས། སྐྱེ་བ་ལེན་པ་དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། དེ་གཉིས་ནི་ལས་དགེ་སྡུག་གཉིས་ཁོ་ནའི་བྱེད་ལས་ཀྱིས་འཕེན་ལེན་ལ་བརྟེན་དགོས། ལས་དེ་ནི་རང་དབང་ཅན་ཞིག་ནི་མ་ཡིན། རང་རེ་རྣམས་ཀྱིས་དེ་སྔ་ཡན་ཆད་ལ་ལས་དགེ་བ་བྱས་པ་ནི་གྲངས་ཉུང་། མི་དགེ་བ་སྤྱད་པ་ནི་ཆེར་མང་བས། གལ་སྲིད་མི་དགེ་བའི་ལས་ཀྱི་འབྲས་བུས་ངན་སོང་དུ་ལྟུང་ན། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད་དང་གཅིག་ལ་གཅིག་ཟས་འཇིགས་པ་སོགས་སྡུག་བསྔལ་བཟོད་བརླགས་མེད་པ་མྱོང་དགོས། གལ་ཏེ་ཟག་བཅས་ཀྱི་དགེ་བ་ཅུང་ཟད་རེ་བསགས་པའི་ལས་འབྲས་ཀྱིས་མཐོ་རིས་གསུམ་དུ་སྐྱེས་ནའང་། ལྷ་མིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི་དང་བྲེལ་ཕོང་། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། མདོར་ན་ཁམས་གསུམ་རིགས་དྲུག་པོ་འདི། གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་ཅི་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། ལས་ཅི་ལ་བྱས་ཀྱང་སྡུག་བསྔལ་གྱི་བསུ་སྐྱེལ་འབའ་ཞིག་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད། སྡུག་བསྔལ་དེ་ལྟ་བུ་ལས་སྐྱོབ་ཅིང་ཐར་བའི་ཐབས་ནི་དམ་པའི་ཆོས་ལས་གཞན་ཅི་ཡང་མེད། ཆོས་དེ་ལ་ཡང་མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའི་བྱེ་བྲག་དང་ལམ་གྱི་འཇུག་སྒོ། ལམ་དངོས་ཀྱི་ཉམས་ལེན། དྲང་དོན་དང་ངེས་དོན། རིང་ལམ་དང་ཉེ་ལམ། ཟབ་ལམ་དང་མྱུར་ལམ་ལ་སོགས་མང་དུ་ཡོད་ཀྱང་། ད་ལམ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་ངོ་སྤྲོད་ཀུན་གྱི་སྙིང་པོའི་ཡང་ཞུན་གཅིག་ཏུ་དྲིལ་བ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱིན་རླབས་ཀྱི་ཚན་ཁ་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡིཿ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནཿ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེཿ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱངཿ ན་རཀ་གནས་ཀྱང་དོང་སྤྲུག་ཏེཿ རིག་འཛིན་རྒྱལ་བའི་ཞིང་དུ་གྲགསཿ ཞེས་དང་། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ། ཞེས་སོགས་གསུངས་པའི་ཆོས་ངོ་མཚར་དུ་མ་དང་ལྡན་པ་འདིའི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞིག་བཤད་ན། སྔོན་འདོད་ཁམས་འདི་ན་བྲམ་ཟེ་དུང་ཕྲེང་ཅན་ཞེས་རིགས་གནས་ཀུན་ལ་མཁས་པ་ཞིག་ཡོད་པ་དེས་རྒྱལ་བུ་ཞིག་ལ་ཁོ་རང་གིས་གང་ཤེས་ཀྱི་རིག་གནས་རྣམས་བསླབ་ནས་མཁས་པར་གྱུར་ཚེ། རྒྱལ་བུ་དེའི་སེམས་ལ་སློབ་དཔོན་བྲམ་ཟེ་འདི་བསད་ན། ཡུལ་ཁམས་འདིར་ང་རང་ལས་མཁས་པ་གཞན་མེད་པ་ཞིག་འབྱུང་བར་འདུག་སྙམ་ནས། ཉིན་གཅིག་སློབ་དཔོན་དེ་ལ་མྱོས་བྱེད་ཀྱི་རིགས་མང་པོ་བླུད་དེ་བཟི་རུ་བཅུག་ཏེ་བསད་ཐབས་དུ་མས་ངན་སོད་བྱས་པའི་རྣམ་སྨིན་གྱིས་རྒྱལ་བུའི་ལུས་དེ་ཉིད་ལ་དེ་མ་ཐག་ཏུ་སྡུག་བསྔལ་གྱི་ཚོར་བ་མང་པོས་གཟིར་ཞིང་ཚེ་འཕོས་ནས་ཀྱང་རིགས་དྲུག་གི་གནས་རྣམས་སུ་ཁ་འཁོར་ཏེ་སྡུག་བསྔལ་གྱི་དུཿཁ་དཔག་ཏུ་མེད་པས་ཡང་ནས་ཡང་དུ་མནར་ནས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར། སློབ་དཔོན་བྲམ་ཟེ་དེས་ཀྱང་ཁྲོ་འཁྲུགས་རྩུབ་མོའི་ལས་ངན་གྱི་རྒྱུ་མང་དུ་བསགས་པས་བྱང་ཆུབ་ཀྱི་སེམས་ཉམས་ནས་འབྲས་བུ་ཡང་དེ་བཞིན་དུ་མྱོང་བར་གྱུར་ཏོ། །དེའི་དུས་སུ་གདུལ་བྱ་དེ་གཉིས་འདྲེན་པའི་ཆེད་དུ་ཀུན་ཏུ་བཟང་པོ་དང་རྣམ་པར་སྣང་མཛད་གཉིས་ཀྱི་སྤྲུལ་པའི་རང་གདངས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་སུ་སྤྲུལ་ནས། ལས་ངན་དེ་གཉིས་ཀྱི་གམ་དུ་བྱོན་ནས་རྡོ་རྗེ་སེམས་དཔས་སྟོབས་བཞིའི་བཤགས་པ་དང་། ཡིག་བརྒྱའི་གསང་སྔགས་བསྟན། ཞི་ཁྲོའི་ལྷ་རྣམས་ཀྱི་མཚན་རྣ་ལམ་དུ་བསྒྲགས་ཤིང་ཕྱག་འཚལ་དུ་བཅུག །ཕྱག་ན་རྡོ་རྗེའི་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་ནས་དགེ་བའི་ས་བོན་གསོས་བཏབ་པ་སོགས་ཀྱིས་ལས་སྒྲིབ་དག་ནས་མངོན་སུམ་དུ་རིག་འཛིན་གྱི་ས་ལ་འཁོད་དེ། རིག་འཛིན་གྱི་རྒྱལ་པོ་དགེ་མཐོང་དང་བྲམ་ཟེ་མིའི་ཐོད་པ་ཅན་ཞེས་མཚན་ཡོངས་སུ་གྲགས་པར་གྱུར་པའི་ལོ་རྒྱུས་ངོ་མཚར་དེ་ལྟ་བུ་དང་ལྡན་པའི་ཟབ་ཆོས་དེ་ཉིད་རྒྱལ་བ་ཀུན་ཏུ་བཟང་པོ་ནས་སྤྲུལ་པའི་རྗེ་འབངས་ལོ་པན་རྣམས་ཀྱི་བར་དུ་དགོངས་བརྡ་སྙན་ཁུང་ནས་རིམ་པར་བརྒྱུད་ཅིང་། ཁྱད་པར་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷ་ལྕམ་གང་འབུམ་སོགས་ལ་སྨོན་ལམ་གཏད་རྒྱ་དང་བཅས་སྙིགས་དུས་ཀྱི་འགྲོ་ལ་རྗེས་སུ་བརྩེ་བས་དགོངས་ཏེ། སྒམ་པོ་གདར་གྱི་རི་བོ་ལྷ་བྲན་གར་བྱེད་པ་འདྲ་བའི་བྲག་ཏུ་སྦས་པ། ཕྱིས་དུས་འདིར་སངས་རྒྱས་དོན་ཡོད་གྲུབ་པ་ཉིད་འཇིག་རྟེན་མིའི་སྣང་བརྙན་དུ་བཞེངས་པ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་འགྲོ་འདུལ་ཀརྨ་གླིང་པ་རྩལ་གྱིས་གཏེར་ནས་གདན་དྲངས་ཏེ་མི་རབ་གསུམ་གྱི་བར་དུ་གཅིག་རྒྱུད་མཛད་ཅིང་། དེ་ནས་སྟོད་སྨད་བར་གསུམ་ཀུན་ལ་དར་ཞིང་རྒྱས་པར་སྤེལ་བའི་གདམས་པ་ཟབ་མོ་འདིའི་སྒོ་ནས་དབང་འབྲིང་པོ་བསྐུར་བའི་ཐོག་མར་སྦྱོར་བ་སྡིག་སྒྲིབ་དག་བྱེད་རིགས་དྲུག་གནས་སྤར་གྱི་རིམ་པ་སྒྲུབ་པའི་སྐབས་སུ་བབ་པ་ཡིན་པས་ཆོས་འདི་ལ་ཡིད་ཆེས་ངེས་ཤེས་དང་ལྡན་པའི་ངང་ནས་བླ་མ་དང་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་དད་གསུམ་བརྟན་པོའི་ཡིད་ཀྱིས་འདི་ཕྱི་བར་དོ་གསུམ་དུ་སྐྱབས་གནས་རེ་ལྟོས་རྩེ་གཅིག་ཏུ་བྱེད་སྙམས་པའི་ངང་ནས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་དང་། དེས་བར་དོའི་སྡུག་བསྔལ་ལས་ངེས་པར་གྲོལ་བར་འགྱུར་རོ། །ཀྱེ་མ་ཚེ་འཕོས༴སོགས་བརྗོད། དབང་རྐྱང་ཡིན་ན། གདམས་པ་ཟབ་མོ་འདི་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་སྨིན་བྱེད་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལ་ཡང་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས༴སོགས་བརྗོད་ནས་མཎྜལ་ཕུལ་དུ་གཞུག །ཅེས་པ་འདི་ནི་དད་དམ་ཡང་དག་པ་དང་ལྡན་པའི་བཙུན་པ་ནམ་མཁའ་ལྷུན་གྲུབ་ཀྱིས་དོན་གཉེར་ཆེན་པོས་བསྐུལ་ངོར། དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་བླ་མ་གོང་མ་རྣམས་ཀྱི་གསུང་གི་ལེགས་ཆ་ཕྱོགས་གཅིག་ཏུ་བསྡུས་ནས་བསྒྲིགས་པའི་དགེ་བས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ནམ་ཡང་ནུབ་མེད་དུ་གནས་པར་གྱུར་ཅིག །


previousཞི་ཁྲོའི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད། next