Nitartha Digital Library
Tibetan
ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།


   
   
   
   
  expand section
   
   
   
   
   
   
   
ཞི་ཁྲོའི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ།
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོའི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ།next

ཞི་ཁྲོའི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ།

༄༅། སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་གྱི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བགྱི་སྙམས་པའི་ཐུགས་བསྐྱེད་མཛད་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག་རྣམས་སྤངས་ཏེ། དག་པའི་འདུ་ཤེས་བཞི་དང་ལྡན་པའི་ངང་ནས་ཉན་དགོས་པ་ནི། ཀུན་མཁྱེན་ཆོས་རྗེས། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་ཏེ། །ནན་ཏན་བརྩོན་པས་སྨན་ཉིད་རྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །དག་པའི་འདུ་ཤེས་བཞི་ཡིས་བརྟེན་པར་བྱ། །ཞེས་གསུངས་པ་ལྟར་གསལ་བཏབ་ཏེ་གསན་དགོས། གང་གསན་པར་བྱ་བའི་རིམ་པ་ནི། འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་རྣམས་ཀྱིས་རང་ཅག་གདུལ་བྱའི་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་མདོར་བསྡུས་ན། རྒྱུ་ཕར་ཕྱིན་གྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལ་མ་འདུས་པ་མེད་དེ། ཇི་སྐད་དུ། ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་སོ། དེ་གཉིས་ལས་ཀྱང་རྡོ་རྗེ་ཐེག་པ་ནི་ཁྱད་པར་བཞིས་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོང་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་ད་ལམ་འདིར་འཆད་བྱའི་ཆོས་ནི་རྡོ་རྗེ་ཐེག་པའོ། དེ་ལའང་ལོ་ཆེན་རིན་ཆེན་བཟང་པོ་ཚུན་ཆད་ཀྱིས་བསྒྱུར་བ་ལ་ཕྱི་འགྱུར་གསར་མ་དང་། སྔར་མཁན་སློབ་ཆོས་གསུམ་འཛོམ་པའི་དུས། སྤྲུལ་པའི་ལོ་ཙ་བ་བེེ་རོ་ཙ་ན་སོགས་ཀྱིས་བསྒྱུར་བའི་སྔ་འགྱུར་རྙིང་མ་དང་གཉིས་སུ་ཡོད་པ་ལས། འདིར་ནི་གསང་སྔགས་གསར་མ་དེ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་རང་ལུགས་རྙིང་མ་ཡིན། རྙིང་མ་ལའང་རིང་བརྒྱུད་བཀའ་མ། ཟབ་མོ་དག་སྣང་། ཉེ་བརྒྱུད་གཏེར་མ་ཞེས་བཀའ་སྲོལ་གསུམ་ཡོད་པ་ལས། འདིར་ནི་སྔ་མ་རྣམས་ལས་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། བཀའ་བབས་ལུང་བསྟན་སོགས་ཀྱི་བརྒྱུད་པས་ཁྱད་པར་འཕགས་པའི་གཏེར་ཆོས་ཟབ་མོ་ཡིན། དེ་ལའང་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ཡོད་པ་ལས། འདིར་ནི། གསང་སྔགས་ཕྱི་ནང་རྫས་ཀྱི་ཁྱདཿ ཞེས་གསུངས་པའི་ཕྱི་རྒྱུད་གསུམ་ལས་ཁྱད་པར་དུ་འཕགས་པ་ནང་རྒྱུད་བླ་ན་མེད་པའོ། །དེ་ལའང་ཇི་སྐད་དུ། མ་ཧཱས་རྒྱུད་དང་ཨ་ནུས་ལུངཿ ཨ་ཏིས་མན་ངག་སྟོན་པའོཿ ཞེས་གསུམ་དུ་གསུངས་པ་དང་། འདིར་ནི་ཕྱི་རྡུལ་ཚོན་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རིམ་རྣམས་རྒྱུད་མ་ཧཱ་ཡོ་ག་ལྟར་སྟོན་པ་དང་། ནང་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་རིམ་རྣམས་ལུང་ཨ་ནུ་ཡོ་ག་ལྟར་སྟོན་པ་དང་། གསང་བ་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་ནས་མན་ངག་རྣམས་ཨ་ཏི་ཡོ་ག་ལྟར་སྟོན་པའི་རྒྱུད་ལུང་མན་ངག་གསུམ་ཀའི་གཙོ་བོར་གྱུར་པ་སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་གྱི་དབང་བསྐུར་བའི་སྐབས་ཡིན། དེ་ལ་དང་པོ་བརྒྱུད་པའི་ལོ་རྒྱུས་བཤད་པས་གདམས་ངག་ལ་ཡིད་ཆེས་ངེས་ཤེས་ཀྱི་དད་པ་བསྐྱེད་པ་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པའི་དབང་བསྐུར་བའོ། དེ་ལ་གཉིས་ཏེ་དང་པོ་ལོ་རྒྱུས་དེ་བཤད་དགོས་པའི་རྒྱུ་མཚན། མ་བཤད་པའི་ཉེས་སྐྱོན། བཤད་པའི་ཕན་ཡོན་དང་གསུམ་དང་། གཉིས་པ་ཇི་ལྟར་བཤད་པའི་ཚུལ་རྣམས་ལས། དང་པོ་བཤད་དགོས་པའི་རྒྱུ་མཚན་ནི། ཨོ་རྒྱན་ཆེན་པོས། དང་པོའི་ལས་ཅན་རྗེས་བཟུང་ཕྱིརཿ གདམས་ངག་ཟབ་མོའི་འབྱུང་ཁུངས་དངཿ ལོ་རྒྱུས་སྤྲོ་དགའི་ཚིག་བརྗོད་ནསཿ སློབ་མའི་ཡིད་རབ་དད་པར་བྱཿ ཞེས་སོ། །གཉིས་པ་མ་བཤད་པའི་ཉེས་སྐྱོན་ནི། རྒྱུད་ཆེན་པོ་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ནཿ གསང་ཆེན་ངེས་པའི་བཀའ་འདི་ལཿ ཡིད་མི་ཆེས་པའི་སྐྱོན་དུ་འགྱུརཿ ཞེས་སོ། །གཉིས་པ་བཤད་པའི་ཕན་ཡོན་ནི། ཀློང་གསལ་ལས། བརྒྱུད་པ་ཁྱད་པར་འཕགས་པ་དང་། །གདམས་པ་ཟབ་ཕྱིར་ངེས་ཤེས་སྐྱེ། །ཞེས་སོ། །གཉིས་པ་ལོ་རྒྱུས་དངོས་དེ་ཇི་ལྟར་བཤད་པའི་ཚུལ་ནི། ཇི་སྐད་དུ། སྔོན་བྱུང་སྟོན་པའི་རྣམ་ཐར་ཏེཿ རྗེས་འཇུག་སྒྲུབ་པོས་ཉམས་སུ་ལེནཿ ཞེས་གསུངས་པའི་གདམས་ངག་འདི་ཉིད་སྔོན་བྱུང་སྟོན་པའི་དགོས་ཆེད་ཅིའི་ཕྱིར་གསུངས་པ་དང་། ད་ལྟ་མི་ཡུལ་འདིར་གང་ནས་བརྒྱུད་དེ་བྱུང་བའི་ལོ་རྒྱུས་དང་གཉིས་ལས། དང་པོ་ནི། སྔོན་འདས་པའི་དུས་ཞིག་ན། འདོད་ཁམས་ཀྱི་གནས་འདི་ཉིད་དུ། བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པའི་སློབ་དཔོན་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེ་ལ་རིག་གནས་ཐམས་ཅད་བསླབ་ནས་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་ཐོགས་པ་མེད་པར་གྱུར་པའི་ཚེ། རྒྱལ་པོའི་བུ་དེའི་བསམ་པ་ལ། ད་ནི་ཡུལ་ཁམས་འདིར་ང་ལས་ལྷག་པར་གྱུར་པའི་མཁས་པ་ནི་སློབ་དཔོན་བྲམ་ཟེ་འདི་མ་གཏོགས་གཞན་སུ་གང་ཡང་མེད་པས། འདིའི་འཚོ་བའི་རྒྱུན་བཅད་དེ། ཕྱིན་ཆད་རིག་བྱེད་པ་དག་གི་སློབ་དཔོན་རང་གིས་བགྱི་སྙམས་པའི་བློ་ངན་གྱི་ཕྲག་ཏོག་དྲག་པོས་སྦྱོར་ཐབས་སྣ་ཚོགས་པའི་འཕྲུལ་གྱིས་སློབ་དཔོན་བྲམ་ཟེ་བརླག་པར་བྱས་ཚེ་བྲམ་ཟེའི་མངོན་ཤེས་ཀྱིས་གོ་ནས། དམོད་པ་དང་སྨོན་ལམ་སྣ་ཚོགས་བཏབ་པས་སློབ་དཔོན་སློབ་མ་གཉིས་ཀ་ཚེ་འཕོས་མ་ཐག་ཏུ་ངན་སོང་གི་གནས་སུ་མར་བརྒྱུད་དེ་ཡང་ནས་ཡང་དུ་སྡུག་བསྔལ་གྱིས་ཉམས་ཐག་པར་གྱུར་པའི་མཐར་སེམས་ཅན་ལུས་སྲུལ་པོ་ཞེས་བྱ་བར་སྐྱེས་པའི་ཚེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས། རྡོ་རྗེ་སེམས་དཔའ་དང་། ལག་ན་རྡོ་རྗེར་སྤྲུལ་ཏེ། སེམས་ཅན་ལུས་སྲུལ་པོའི་གན་དུ་མངགས་པས་རྡོ་རྗེ་སེམས་དཔས་ཡི་གེ་བརྒྱ་པའི་གསང་སྔགས་བསྟན་པས་དེ་གཉིས་ཀྱི་སྡིག་སྒྲིབ་དག་ནས་སྔོན་གྱི་ལས་རྣམས་དྲན་ནས་འགྱོད་པ་དྲག་པོ་སྐྱེས། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་རྣམས་བསྐུར་ནས་དགེ་བའི་ས་བོན་གསོས་བཏབ། སྟོབས་བཞིའི་བཤགས་པ་བསྟན་པས་བྱང་ཆུབ་གྱི་མྱུ་གུ་སྐྱེས་པས་རིམ་གྱིས་རིག་འཛིན་གྱི་སར་གནས་པར་གྱུར་ཏོ། །གཉིས་པ་མི་ཡུལ་འདིར་གང་ནས་བརྒྱུད་དེ་བྱུང་བའི་ལོ་རྒྱུས་ནི། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་བྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །ཞེས་གསུངས་པས་འདི་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་ཚུལ། རིག་འཛིན་བརྡའི་བརྒྱུད་ཚུལ། གང་ཟག་སྙན་ཁུང་བརྒྱུད་ཚུལ་དང་གསུམ་ཡོད་པས་དེ་ལྟར་དུ་བཤད་དགོས་པའི་རྒྱུ་མཚན་ནི། ཀློང་གསལ་ལས། རྒྱལ་བ་དགོངས་པའི་བརྒྱུད་ཚུལ་མ་བཤད་ནཿ བཀའ་དྲི་མ་མེད་པར་མི་འགྱུརཿ རིག་འཛིན་བརྡའ་ཡི་བརྒྱུད་ཚུལ་མ་བཤད་ནཿ བླ་མེད་ངེས་པའི་དོན་དུ་མི་འགྱུརཿ གང་ཟག་སྙན་ཁུང་བརྒྱུད་ཚུལ་མ་བཤད་ནཿ རྒྱ་བོད་འབྲེལ་བའི་མན་ངག་ལ་ཡིད་ཆེས་པའི་ཁུང་དུ་མི་འགྱུརཿ ཞེས་གསུངས་པ་ནིཿ སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་རིག་འཛིན་གང་ཟག་གསུམཿ དགོངས་པ་རིག་པ་རྣ་བར་བརྒྱུདཿ གང་ལ་ཐུག་གི་བར་དུ་འོཿ ཞེས་གསུངས་པའི་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་ནིཿ ཀློང་གསལ་ལས། བརྒྱུད་པའི་ཉེ་ཟབ་ཁུངས་བཙུན་ཕྱིརཿ ཀུན་དུ་བཟང་ནས་རིམ་པར་བཤདཿ ཞེས་གསུངས་པའི་དོན་ནི། གདོད་ནས་རྣམ་པར་དག་པའི་མཁའ་ཀློང་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས། ཆོས་སྐུ་དྲི་བྲལ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཉིད་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས། རང་སྣང་གི་འཁོར་ཚོགས་ཉིད་ལས་མི་གཞན་པའི་སངས་རྒྱས། ལོངས་སྐུ་རིག་ལྔའི་རྒྱལ་བ་རྣམས་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། སྟོན་པ་རྡོ་རྗེ་སེམས་དཔའ་རྣམས་ལ་དགོངས་པས་བྱིན་གྱིས་བརླབས་ནས་བསྟན་པས། དེ་ཡན་ཆད་ནི་དགོངས་རྒྱུད་དོ། གཉིས་པ་རིག་འཛིན་བརྡའ་ཡི་བརྒྱུད་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱིས་དུར་ཁྲོད་མེ་རི་འབར་བའི་གནས་སུ། སྤྲུལ་པའི་སྐུ་མཆོག་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་ཚིགས་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། སྤྲུལ་སྐུ་དགའ་རབ་རྡོ་རྗེས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། མཁས་པ་ཤྲཱི་སེངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། མཁས་པ་ཤྲཱི་སེངྷས་སོ་ས་གླིང་གི་དུར་ཁྲོད་དུ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། གུ་རུ་ཛྙ་ན་སུ་ཏྲ། པཎ་ཆེན་དྲི་མེད་བཤེས་གཉེན་དང་མཆེད་གྲོགས་གསུམ་ལ་གནད་རང་ཐོག་ཏུ་དབབ་ནས་གསུངས་སོ། གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་དེ་ཉིད་བོད་ཡུལ་དབུས་ཀྱི་བསམ་ཡས་སུ་བཞུགས་སྐབས། མངའ་བདག་ཁྲི་སྲོང་ཡབ་སྲས་དང་། ཌཱཀྐི་ཡེ་ཤེས་མཚོ་རྒྱལ་དང་། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་ལས་ཅན་གྱི་རྗེ་འབངས་རྣམས་ཀྱིས་གསེར་གྱི་མཎྜལ་ལ་གཡུའི་ཚོམ་བུ་བཀོད་ནས་ཞུས་པའི་ངོ་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་དགོངས་ཏེ། སྨིན་བྱེད་དབང་རྒྱས་པ་འཕྲད་ཚད་རང་གྲོལ་། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་དོན་དབང་ཡིད་བཞིན་ནོར་བུ་རྣམས་བསྐུར་ནས། ཞི་ཁྲོའི་སྒྲུབ་ཐབས། བར་དོ་དྲུག་ཁྲིད། བཏགས་གྲོལ་ལ་སོགས་འགྲོ་དོན་ལས་ཚོགས་མན་ངག་མང་པོ་དང་བཅས་པ་རྣམས་གནང་བ་མཁའ་འགྲོའི་བརྡའ་ཡིག་ཏུ་བཏབ་ཏེ་རིན་པོ་ཆེའི་སྒྲོམ་བུར་བཅུག་པ་སྟེ་དེ་ཡན་ཆད་ནི་གསང་སྔགས་བཀའ་གཏེར་ཐམས་ཅད་ཀྱི་ཐུན་མོང་གི་བརྒྱུད་པ་གསུམ་མོ། དེ་ནས་གཏེར་ཆོས་འདི་དག་ལ་དེའི་སྟེང་དུ་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་གསུམ་ལྷག་ཚུལ་ནི། དེའི་དུས་སུ་གཏེར་སྒྲོམ་དེ་ཉིད་ཅོག་རོ་ཀླུའི་རྒྱལ་མཚན་གྱི་དབུ་ཐོག་ཏུ་བཞག་སྟེ། སྨོན་ལམ་བཏབ་པ་ནི། འདི་ཉིད་ཀྱི་བདེ་ཆེན་རང་གྲོལ་ལས། ཨེ་མ་ཆོས་རྣམས་ཀུན་གྱི་མཐར་ཐུག་པཿ ཡང་གསང་བླ་མེད་ཀུན་གྱི་སྙིང་པོ་མཆོགཿ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཐབསཿ ད་ལྟ་མངོན་པར་སངས་རྒྱས་རང་ཐོབ་ཡིནཿ དུས་གསུམ་རྒྱལ་བའི་དགོངས་པ་སྙིང་པོའི་དོནཿ བཅུད་བསྡུས་མར་གྱི་སྙིང་པོ་ཡང་ཞུན་འདིཿ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་དུ་བཀོདཿ སུ་ལ་མ་སྤེལ་རིན་ཆེན་གཏེར་དུ་སྦོསཿ ཞེས་དང་། སྦེད་དགོས་པའི་རྒྱུ་མཚན། མ་འོངས་སྙིགས་མ་དུས་ཀྱི་ཐ་མ་ལཿ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུསཿ དེ་དུས་འདི་འདྲའི་གདམས་ངག་མེད་པ་ཀུནཿ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེདཿ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིརཿ ཡི་གེར་འདེབས་ནས་སྒམ་པོའི་རི་ལ་སྦེདཿ དེ་དུས་སྙིང་གི་བུ་མཆོག་ཅོག་རོ་ལོ་ཙཱ་བའི་སྐྱེ་རྒྱུད་སོགས་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་འགའ་ཞིག་ཀྱང་གསུངས་པ་ནི་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པའོ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ནི། གཏེར་སྒྲོམ་དེ་ཉིད་སློབ་དཔོན་ཡབ་ཡུམ་ཀྱིས་རྫུ་འཕྲུལ་གྱིས་དྭགས་ལ་སྒམ་པོ་གདར་གྱི་རི་བོ་ཞེས། རི་ལྷ་བྲན་གར་བྱེད་པ་འདྲ་བ་ལ། མི་འཇིགས་པའི་རྒྱ་དང་བཅས་ཏེ་གཏེར་དུ་སྦས་ནས། གཏེར་སྲུང་རྣམས་ལ་གཏད་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པའོ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་ནི། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི་དགུང་དུ་གཤེགས། ཨོ་རྒྱན་རིན་པོ་ཆེ་ནི་ཟངས་མདོག་དཔལ་རིར་བཞུད་དོ། །ཅོག་རོ་ལོ་ཙཱ་སོགས་འཁོར་རྣམས་ནི་མྱ་ངན་ལས་འདས། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ལ་འཕེལ་འགྲིབ་དང་། སེམས་ཅན་གྱི་བདེ་སྐྱིད་དར་རྒུད་སྣ་ཚོགས་པ་ཞིག་བྱུང་ནས་ལོ་དུ་མ་སོང་ཏེ་གཏེར་འདི་ཉིད་འདོན་རན་པའི་དུས་རྟགས་རྟེན་འབྲེལ་རྣམས་གསལ་བར་བྱུང་ཚེ། དྭགས་པོའི་སྟོད་ཁྱེར་དུ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཞེས་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་སྔགས་འཆང་ནུས་པ་དང་ལྡན་པ་གཅིག་ལ། སྲས་གཉིས་གསུམ་ཞིག་ཡོད་པའི་ཀུན་གྱི་ཆེ་ཤོས་གཏེར་སྟོན་ཀརྨ་གླིང་པ་ཉིད་ཀྱིས། གཏེར་སྲུང་གི་ལུང་བསྟན་དང་རྟེན་འབྲེལ་རྣམས་འཛོམས་པའི་ཚེ་གཏེར་གནས་དེ་ཉིད་ནས་གཏེར་སྒྲོམ་འདི་ཉིད་གསང་གཏེར་བྱས་ནས་གདན་དྲངས། གཞན་ཡང་པདྨ་ཞི་ཁྲོ་ལ་སོགས་ཀྱང་གཏེར་ནས་བཏོན་ཏེ། ཤོག་སེར་ལ་ཕབ་པ་ནི། གོང་གི་ལུང་བསྟན་ལས། དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཁྱོདཿ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུངཿ ཀརྨ་གླིང་པ་ཞེས་བྱ་སྙིང་སྟོབས་ཅནཿ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚནཿ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགསཿ སྐལ་ལྡན་སྐྱེས་བུ་དེ་དང་འཕྲད་པར་ཤོགཿ ཞེས་དང་། དེ་དུས་གསང་དགོས་པའི་དོན་ནི། དེས་ཀྱང་བརྒྱུད་པ་གསུམ་གྱི་བར་དག་དུཿ ཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམསཿ རླུང་ཕྱོགས་ཙམ་དུ་སུ་ལ་བསྒྲགས་མི་རུངཿ གལ་ཏེ་བསྒྲགས་ན་བར་ཆད་འབྱུང་ཏ་རེཿ ཞེས་གསུངས་ཀྱང་། འདི་ཉིད་སྤེལ་བའི་དུས་ལ་མ་སླེབ་གོང་དུ་ཤོག་སེར་གཅིག་བསྟན་པས་སྐུ་ཚེ་ལ་བར་ཆད་དང་། གཏེར་ལུང་གི་ཇོ་མོའི་ལུང་བསྟན་རྟེན་འབྲེལ་འཆུག་པས་ཀྱང་ཁ་སྨྲས་སོགས་བྱུང་ཏེཿ སྐུ་གཤེགས་པར་རིག་ནས་སང་གནང་ཙམ་ན་ང་ཡི་ལུས་ལ་མེ་ཏོག་པདྨའི་རི་མོ་མང་པོ་དོད་ནས་ཡོང་སོགས་མངོན་ཤེས་ཀྱང་མང་དུ་གསུངས་སོ། དེ་ནས་སྐུ་གཤེགས་ཁར་ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་ཞི་ཁྲོ་འདིའི་དབང་ཁྲིད་བཀའ་ལུང་གནང་ནས། སྐྱེས་བུ་ཉི་ཟླའི་མིང་ཅན་ཞིག་བྱུང་དུས་དེ་ལ་གཏོད་། དེ་མིན་སུ་ལ་མ་སྟོན་གསུངས་ནས་གཏེར་སྟོན་ཉིད་སྐུ་གཤེགས་སོ། །དེ་ནས་ཀརྨ་གླིང་པའི་སྲས་ཉི་ཟླ་ཆོས་རྗེ་འདི་ཉིད་དྭགས་པོ་ནས་ལུང་པོའི་ཕྱོགས་སུ་ཕེབས། བླ་མ་རིན་པོ་ཆེ་སཱུརྱ་ཙནྟྲ་དང་མཇལ། རྨི་ལམ་དང་རྟེན་འབྲེལ་འགྲིགས་པས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་འདིའི་དབང་ལུང་གདམས་ཁྲིད་བཅས་རྫོགས་པར་ཕུལ། ཁྱེད་ལུང་བསྟན་ནས་ཟིན་པའི་བརྒྱུད་པ་གསུམ་པ་ཡིན། ངས་ཆོས་འདི་རླུང་གི་ཕྱོགས་ཙམ་ཡང་སུ་ལ་བསྟན་པ་མེད་དེ། ཨོ་རྒྱན་གྱི་ལུང་བསྟན་ལས། བརྒྱུད་པ་གསུམ་གྱི་བར་དུ་གཅིག་རྒྱུད་ཀྱིསཿ བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེན་འབྱུངཿ ཀརྨ་གླིང་པའི་ཕྲིན་ལས་བྱང་ཕྱོགས་རྒྱསཿ ཞེས་གསུངས་པའི་ལུང་ཀྱང་ཡོད། འོག་སྒོ་བདེ་ཆེན་གྱི་ཆོས་སྐོར་ནི་ལོ་བཅུའི་བར་དུ་སུ་ལ་མ་སྟོན། དེ་ནས་སྟོན་དང་བར་ཆད་ལས་གྲོལ་བ་ཡིན་གསུངས། དེ་ཉིད་ཀྱི་སློབ་མ་ནི། རྒྱ་བཙུན་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཉིད་ཡིན། འདིའི་རུས་ནི་རྒྱ་ར་བ། ཕ་ནི་ཚེམ་ཡུལ་ནམ་མཁའ། མ་ནི་བདེ་བའི་པདྨ་ཞེས་བྱ་བ་དེ་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱི་ལོར་འཁྲུངས། ཆོས་རྗེ་རིན་པོ་ཆེ་གཙང་ཆེན་པའི་དྲུང་ནས་རབ་བྱུང་བསྙེན་རྫོགས་ཞུས། མིང་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་བཏགས། དེ་ནས་མཚུངས་མེད་སཱུརྱ་ཙནྟྲ་དང་མཇལ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ལུང་ཁྲིད་དང་ངོ་སྤྲོད་རྣམས་ཚངས་བར་ཞུས། ལུང་བསྟན་ནས་བྱུང་བ་ལྟར་གྱི་ཆོས་འདིའི་བདག་པོ་ཁྱེད་ཡིན་པས་བསྟན་པ་སྐྱོང་དགོས་གསུངས་ནས་བཀའ་གཏད་གནང་བ་བཞིན། མ་ཚང་ཁ་སྐོང་སྔོན་འགྲོ། བསྐང་བ་སྡེ་བདུན་ཚན་གཉིས་ཟིན་བྲིས་སོགས་མང་དུ་མཛད་ནས་ཀོང་པོའི་སྟོད་སྨད་བར་གསུམ་སོགས་ཕྱོགས་ཀུན་ཏུ་ཆོས་འདིའི་བསྟན་པ་དར་རྒྱས་སུ་མཛད་ནས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ཆོས་འཁོར་རྩེ་ལ་སོགས་དགོན་སྡེ་ཡང་དྲུག་བདུན་ཙམ་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་བྱུང་ངོ། །དེ་ནས་བརྒྱུད་ཚུལ་སོ་སོར་གྱེས་པ་ལས། ད་ལམ་ངེད་ཀྱི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་ཚུལ་ནི། བླ་མ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། རྗེ་བཙུན་བསོད་ནམས་འོད་ཟེར། ཀུན་མཁྱེན་པུཎྱེེ་ཤྲཱི། རིག་འཛིན་བྱང་ཆུབ་གླིང་པ། ཆོས་རྗེ་པུཎྱེེ་ཆོས་སྐྱོང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བརྒྱུད་འཛིན་ཀུན་དགའ་གྲགས་པ། གྲུབ་མཆོག་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། དེ་སྐུ་མཆེད་གཉིས་ཀ་ནས་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཉི་སྤྲུལ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བའི་དགེ་སློང་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མཚན་སངྐྲི་ཏ་ལྷའི་སྐད་དུ་སྨོས་ན། ཤྲཱི་མཾ་གུ་རུ་པདྨ་ཨ་ཀྵ་ར་དྷྭ་ཛ་ཤྲཱི་བྷ་དྲ་ཞེས་གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྙིགས་དུས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་དེ་ཉིད་ལ་བརྒྱུད་ཅིང་། དམ་པ་དེའི་དྲུང་དུ་བདག་གིས་ཐོབ་པའོ། །ཡང་ལུགས་གཅིག་ལ། ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། མཁས་གྲུབ་ལྷ་དབང་མཚན། ཏིང་འཛིན་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་ཀརྨ་གུ་རུ། གར་དབང་པདྨ་རྒྱལ་མཚན། མཁས་གྲུབ་པདྨ་བློ་གྲོས། བྱང་སེམས་པདྨ་རྡོ་རྗེ། ལུང་ཟིན་ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་རྣམ་པར་རྒྱལ་བ། སྤྲུལ་སྐུ་རྡོ་རྗེ་དཔའ་བོ། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། བླ་མ་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན་སོགས་བརྗོད། ཡང་ལུགས་གཅིག་ལ། གཏེར་སྟོན་ཀརྨ་གླིང་པ། ལུང་ཟིན་དངོས་གྲུབ་མཚན་ཅན། ནམ་མཁའ་སངས་རྒྱས། མགོན་པོ་རྡོ་རྗེ། ལྷ་དབང་རྣམ་རྒྱལ། ཀུན་དགའ་ལྷུན་གྲུབ། རྩེ་ལེ་རིག་འཛིན་ཆེན་པོ། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམ་དབང་པོ། པདྨ་ལེགས་གྲུབ། ལོ་ཆེན་གཞན་ཕན་རྡོ་རྗེ། ཚུལ་ཁྲིམ་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ཨོ་རྒྱན་ཆོས་རྒྱལ། ཉི་མ་གྲགས་པ། ཨོ་རྒྱན་བསྟན་འཛིན། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། བླ་མ་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན༴སོགས་བརྗོད། ཡང་ལུགས་གཅིག་ལ། ཆོས་རྒྱལ་གཏེར་བདག་གླིང་པ། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། པདྨ་ཀུན་གྲོལ་རྣམ་རྒྱལ། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། མཚུངས་མེད་རིག་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། འདི་ཡན་ཆད་འཕྲད་ཚད་རང་གྲོལ་མཆོག་དབང་གོང་མ་གསུམ་འདོན་ཆ་རྒྱུད་དང་བཅས་ཡོངས་རྫོགས་ཀྱི་བླ་རྒྱུད་དོ།། དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་གྱི་བརྒྱུད་པ་ནི། ཨོ་རྒྱན་བསྟན་འཛིན་ནས། ཉི་སྤྲུལ་རིན་པོ་ཆེ། དེས་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། ཡང་རིན་ཆེན་རྣམ་རྒྱལ་ནས་པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། ཡང་ལུགས་གཅིག་ལ། ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བྷུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་དྲག །ཐུགས་ཆེན་ཀརྨ་ཆགས་མེད། གྲུབ་ཐོབ་པདྨ་རིག་འཛིན། འདྲེན་མཆོག་ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། འཁྲུལ་ཞིག་འགྱུར་མེད་ཡེ་གྲོལ། འགྲོ་མགོན་པདྨ་བསྟན་རྒྱས། དེས་བདག་ཅག་གི༴བརྗོད་ཀྱང་ཆོག གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི། ཞེས་པའི་འཕྲོར། གནས་འདྲེན་ཡིན་ན། གདམས་པ་ཟབ་མོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་འདི་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྒྲུབ་མཆོད་ཀྱི་ཆོ་ག་ཚད་ལྡན་བདག་འཇུག་དང་བཅས་སྔོན་དུ་སོང་བའི་ལྷ་སྔགས་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་ད་ལྟ་ཁྱེད་རང་རྣམས་ལ་ཞི་ཁྲོ་གནས་སྤར་དང་དབང་བསྐུར་བྱེད་པ་འདི་ལ། སྔོན་འགྲོ་དབང་གི་ལམ་སྒོ་བསལ་བ། དངོས་གཞིའི་དབང་རྣམས་རྫོགས་པར་བསྐུར་བ། རྗེས་སུ་དབང་གི་མཐའ་སྐྱོང་བ། མཐའ་རྟེན་ལམ་བསྟན་གནས་སྤར་བྱེད་པ་དང་བཞི་ཡོད་པ་ལས། དང་པོ་དབང་གི་ལམ་སྒོ་བསལ་བ་ལ། ཁྱེད་རང་རྣམས་ཀྱི་སྔོན་ལས་སྡིག་སྒྲིབ་དང་། འཕྲལ་རྐྱེན་ནད་གདོན་བར་ཆད་སྦྱོང་བ་བགེགས་བསྐྲད་ཁྲུས་དང་། དུག་དབྱུང་བྱ་བ་དང་། གདམས་ངག་ལ་ངེས་ཤེས་བསྐྱེད་བྱེད་ལོ་རྒྱུས་ཀྱི་རིམ་པ་རྣམས་སྔོན་དུ་སོང་ནས། དངོས་གཞིའི་དབང་གི་ཐོག་མར་སྦྱོར་བ་སྡིག་སྒྲིབ་དག་བྱེད་རིག་དྲུག་གནས་སྤར་གྱི་རིམ་པ་བགྱིད་པ་འདི་ལ་ཚིག་ཕྱིར་སེམས་གཞོལ་བའི་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག ཀྱེ་མ་ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོདཿ ༴སོགས། ཅེས་པ་འདི་ཡང་དད་བརྩོན་ཡང་དག་པར་ལྡན་པའི་བླ་མ་ཀརྨ་ནོར་བུའི་ཁ་བཏགས་སྐ་རག་གསེར་མདོག་མ་དྷ་ར་སོགས་སྐྱེམས་དང་བཅས་པས་ནན་ཏན་དུ་བསྐུལ་ངོར་ཤཱཀྱའི་དགེ་སྦྱོངས་རྒན་པོ་འགྱུར་མེད་རྒྱལ་མཚན་དཔལ་བཟང་པོས་ཉིན་གཅིག་ལ་འཕྲལ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལམ། ། །


previousཞི་ཁྲོའི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ།next