Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ཕྱི་ཡི་རྣམ་ཐར་ཧྲག་བསྡུས་སྙན་ངག་བསྟོད་པ་དང་བཅས་ཁེངས་སྐྱུང་མེད་པའི་དྲངས་གཏམ།
   
   
   
   
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ཕྱི་ཡི་རྣམ་ཐར་ཧྲག་བསྡུས་སྙན་ངག་བསྟོད་པ་དང་བཅས་ཁེངས་སྐྱུང་མེད་པའི་དྲངས་གཏམ།next

དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ཕྱི་ཡི་རྣམ་ཐར་ཧྲག་བསྡུས་སྙན་ངག་བསྟོད་པ་དང་བཅས་ཁེངས་སྐྱུང་མེད་པའི་དྲངས་གཏམ།


CMR002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ཕྱི་ཡི་རྣམ་ཐར་ཧྲག་བསྡུས་སྙན་ངག་བསྟོད་པ་དང་བཅས་ཁེངས་སྐྱུང་མེད་པའི་དྲངས་གཏམ་བཞུགས་པའི་དབུ་ཕྱོགས།


CMR002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། །དགེ་སློང་རཱ་ག་ཨ་སྱ་བདག །རང་ལོ་ང་དྲུག་ལོ་ཡི་མཇུག།མགོ་ཡི་ཟླ་བའི་ཉེར་གསུམ་ཉིན། །རང་ལ་བཀའ་དྲིན་ཆེ་བ་ཡི། །སློབ་དཔོན་ཀརྨ་དོན་ཡོད་ཀྱིས། །འདས་པའི་དུས་མཆོད་ལ་དམིགས་ནས། །བུམ་སྒྲུབ་རྒྱུན་ཁྱེར་མགོ་བཙུགས་ནས། །ཚེ་མཚམས་བྱེད་པའི་དམ་བཅའ་ཡིས། །ཕུགས་གཏོར་རྣམས་ཀྱང་ཚང་བར་བཅས། །གཏོར་བསྔོ་རྒྱས་པར་བྱས་པའི་ནུབ། །ཉམས་ཀྱི་སྣང་བར་ཤར་ལྷོ་ཡི། །ནམ་མཁར་ཉི་མའི་དཀྱིལ་འཁོར་མཐོང་། །དེ་ནུབ་དངོས་སུ་མར་མེ་འཛིན། །དེ་ནས་སྒྲུབ་པ་བྱས་ཚུལ་དང་། །སྒྲུབ་


CMR002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་མཚན་རྨིས་ལྟས་སོགས། །འདི་རུ་མི་བཀོད་ལོགས་སུ་གསལ། །ཁོ་བོ་མཚམས་ནི་བསྡམས་མ་ཐག །རང་གི་ཉེ་གནས་མ་ཕམ་དེ། །ལོ་མང་གོང་ནས་འཆི་ལྟས་མང་། །ད་ལོ་སྐག་ཀྱང་ཆེ་བ་སྟེ། །ཕ་ཡུལ་ཕྱོགས་སུ་འགྲོ་ཟེར་བ། །ཁོ་ལ་སྐག་ཆེན་ཡོད་པར་ཤེས། །རེ་ཞིག་མ་འགྲོ་བྱས་ནས་བཤོལ། །ཞག་འགའ་སོང་ནས་ནད་ཀྱིས་ཐེབས། །ཀརྨར་བསྐང་གསོ་འཛུགས་པ་དང་། །སྲུང་ཟློག་མཚོན་ཆ་འཁོར་ལོ་དང་། །ལྷ་མོའི་རིམས་ཟློག་སོགས་བྱས་ཀྱང་། །མ་ཕན་ཚེ་ལས་འདས་གྱུར་པ། །ཞབས་དྲུང་མདུན་དུ་རྟ་གཅིག་ཕུལ། །ཟླ་གཅིག་


CMR002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་ཕྱིར་ལྡོག་དང་། །བྱང་བུ་བསྔོ་སྨོན་བདག་གིས་བགྱིས། །གྲངས་མང་མགོན་པོའི་མདོས་ཆེན་དང་། །རང་གིས་གཏོར་ཟློག་ལ་སོགས་བྱས། །ཆོ་འཕྲུལ་ཆེན་པོའི་ཡར་ངོ་ལ། །གྲྭ་མང་དཔོན་སློབ་ཉི་ཤུ་ཡིས། །ཚེ་སྒྲུབ་གསང་འདུས་ནང་སྒྲུབ་བཙུགས། །ཉི་མ་དགོང་ཆེན་རེད་པ་དང་། །ང་ཡི་ཁང་པ་ལ་གནོད་པའི། །ས་ཞག་རྐོ་བ་འདྲ་བ་བཤུས། །ག་ཤེད་འགྲོ་དགོས་སྐག་ཡིན་ཟེར། །ལྷམ་ཞིག་བདག་ལ་བཀོན་ཤོམ་ལ། །དེ་མ་ཐག་ཏུ་ལྷམ་མེད་སོང་། །རང་ཉིད་གྱེན་དུ་སོང་བ་དང་། །བུད་མེད་རྒྱན་ལྡན་འབུལ་བ་བཤོམ། །ཚར་ནུབ་གུར་དྲག་བྱིན་འབེབས་དེ། །འཆམས་གོས་ལ་སོགས་ཡོད་སྣང་གིས། །བྲོ་གར་བྱས་པས་བྱིན་ཕབ་ནས། །ཡིད་ལ་མི་ཟིན་པ་འདྲ་བྱུང་། །ཇ་འདྲའི་དམར་སེར་དྲངས་བྱུང་དང་། །སྙེ་མ་སྒྲོ་གང་ཕུལ་བྱུང་དང་། །ཐུགས་རྗེ་ཆེན་པོའི་ལྡེར་སྐུ་ནི། །ཕྱག་བརྒྱད་གསེར་གྱིས་བྱུག་པ་ཞིག །རང་གི་ལག་ཏུ་གདའ་བ་དང་། །རྟ་ཞོན་ག་ཤེད་འགྲོ་དགོས་ཟེར། །མི་འགྲོ་འདུག་པའི་དམ་བཅའ་བྱས། །ལར་ནི་རྐྱེན་ཁ་ཡོད་རྟགས་མང་། །སྔགས་གསུམ་ཆིག་འབུམ་སུམ་སྟོང་བཟླས། །ཞག་བདུན་བསྒྲུབས་པ་ཚར་བའི་


CMR002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ། །ནམ་མཁའ་འཇའ་ཡིས་གང་གདའ་ཟེར། །སྦྲུལ་ལོ་དེ་ལ་མཚམས་ཀྱང་དམ། །དེ་ཡི་ལོ་མཇུག་དྲག་ལུ་འདས། །འཕོ་འདེབས་བྱང་བུ་བསྔོ་སྨོན་དང་། །གཤེགས་རྫོངས་རྣམས་ཀྱང་ལེགས་པར་གྲུབ། །རྟ་ལོའི་དཔྱིད་ལ་ཆོས་དབང་བསྙུངས། །རིམ་གྲོ་སྨན་དཔྱད་གཟབ་ན་ཡང་། །དུས་ཀྱི་འཆི་བ་ག་ལ་བཟློག །རྟ་དྲེལ་ཁྲབ་སོགས་གཙོར་བྱས་པའི། །རི་བཤུ་དགོངས་རྫོ་གས་ལེགས་པར་གྲུབ། །གདུང་རྟེན་རྒྱལ་བ་རྒྱ་མཚོ་ཡིས། །ལྡེར་སྐུ་མི་ཚད་ལས་ཆེ་བ། །གསེར་གྱིས་བརྗིབ་གཡོགས་བྱས་པ་འགྲུབ། །དེ་ཚེ་མཚམས་ཡང་མ་བཀྲོལ་བར། །རྡོག་མཚམས་ཁོ་ནས་གཤེགས་རྫོངས་གྲུབ། །ཚེ་དཔག་མེད་དང་སྨན་བླ་གཉིས། །མི་ཚད་ལས་ནི་ཆེ་བ་ཙམ། །གསེར་གྱིས་བརྗིབ་གཡོགས་བྱས་པ་དང་། །དེ་བཞིན་སྒྲོལ་མ་དཀར་མོའི་སྐུ། །མི་གཞོན་ལངས་བའི་ཚད་ཙམ་པ། །དངུལ་གྱིས་བརྫིབ་གཡོགས་བྱས་པ་བཞེངས། །བདུད་འདུལ་རྡོ་རྗེའི་སྐུ་ཞབས་ནས། །ཤོག་ཕུད་ཁུག་སོར་བཞི་ཡོད་པ། ༈ །ཟབ་གསང་རྡོ་རྗེ་ཆེན་པོའི་དྲུང་དུ། །དེ་ནས་མཐོ་དམན་སོར་བཞི་བཞག །ཞུ་བ། དེར་གནས་དུས་བཟང་པོ་འཚོ་ལས་ཆེ། འདི་


CMR002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བྲལ་བ་ཡང་། །དམ་ཉམས་སྒང་དྲུང་གི་སྦྱོར་གྱི་རྐྱེན། སྒྱུ་མ་ལུས་ཀྱི་རྫུན་ཁང་འདི། བརྡེབ་ལ་ཉེ་རུ་གནས། དུས་ངན་སྙིགས་མ་རྩུབ་འགྱུར་དུས་འདིར། དུས་ཀྱི་འཕོ་འཆུགས་གང་འདྲ་འོང་ཆ་མེད་པས། ཉིད་སྐུ་རིམ་གཉིས་ཀྱི་ངོས་ནས། བཅད་རྒྱ་དམ་པར་སྐུ་མཚམས་ལ་བཞུགས་ན་ཨེ་ཐད་སྙམ། ཞེས་པའི་ཡི་གེ་སྟོང་མིན་དམ་རྫ་ས་ཁྱད་འཕགས་སོ་སོའི་རྟེན་འབྱར་དང་བཅས་ཞུ་ཡིག །ཅེས་པ་ཞུ་ཡིག་བཀའ་ཤོག་ཐེལ་དམར་མནན་པ་ཕེབས། དེ་ཕྱིར་མཚམས་ཀྱང་དམ་སྟེ་འདུག་པའི་སྐབས། །ལུག་ལོའི་དཔྱིད་སོས་སྤྲུལ་སྐུ་བསྙུང་བ་ཐོས། །སྔ་ཕྱིར་སྲུང་ཟློག་དམིགས་རིམ་གཟབ་ན་ཡང་། །སྙིགས་དུས་འགྲོ་བ་བསོད་ནམས་དམན་པའི་མཐུས། །སྤྲུལ་པའི་སྐུ་ཡི་དཀྱིལ་འཁོར་དབྱིངས་སུ་བསྡུས། ཟླ་ཤས་ཙམ་ལ་དགོངས་རྫོགས་ཆོ་ག་དང་། །གདུང་རྟེན་གུ་རུ་དྲག་པོའི་སྐུ་འདྲ་བཞེངས། །སྣང་མཐའི་ལྡེར་སོ་མི་ཚད་ལས་ཆེ་བ། །དེ་ནས་གསེར་གྱིས་བརྫིབ་གཡོགས་བྱས་པ་དང་། །བདེ་གཤེགས་མཆོད་རྟེན་བརྒྱད་པོ་མདའ་ཚད་ཙམ། །དེ་ནི་དངུལ་གྱིས་བརྗིབ་གཡོགས་བྱས་པ་བཞེངས། །དབོན་པོ་རྒྱལ་མཚན་དཔོན་སློབ་འགའ་ཞིག་བཅོས། །སྨུག་


CMR002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཕེབས་ནས་གདུང་བཞུས་འདས་མཆོད་དང་། །སྒར་གཞིས་ཚུར་ལ་གདན་འདྲེན་དོ་དམ་བྱས། །དེ་ནས་མཚམས་ཀྱང་བསྡམས་པའི་ལུགས་བྱས་ནས། །བུག་སྒོ་ཆོས་བཤད་དབང་ལུང་བཀའ་བསྒོ་སོགས། །ཤིན་ཏུ་ཆོས་སྒོ་དོགས་པའི་ལུགས་སུ་བྱས། །དེ་ནས་ཀཿཐོག་དགོན་དང་དགོན་ལག་དང་། །འབྲི་ཆུ་རྒྱུད་དང་གླིང་ཚང་གོ་འཇོའི་ཕྱོགས། །ཚ་བ་སྟོད་སྨད་དགེ་རྒྱས་འབྲོང་པ་སོགས། །ཐག་རིང་ཚུགས་མ་མང་པོའི་སོ་རྣམས་ནས། །རབ་བྱུང་བསྙེན་རྫོགས་དགེ་ཚུལ་ཞུ་མི་དང་། །དབང་འབྲེལ་ཆོས་འབྲེལ་གནམ་ཆོས་ཞུ་མི་དང་། །རེས་འགའ་ཉུང་ངུ་རེས་འགའ་མང་པོ་འཚོགས། །རྒྱུན་ཆད་མེད་པ་འདྲ་བ་བྱུང་རྣམས་ལ། །ཕྱག་རྟེན་ཡོད་མེད་སོགས་ལ་མ་ལྟོས་པར། །གང་ལ་གང་ཕན་དབང་ལུང་ཁྲིད་ལ་སོགས། །བུག་སྒོ་ཆོས་བཤད་ཚུལ་དུ་རེ་འདོད་བཀང་། །གོ་འཇོ་སྐུ་སྐྱེ་པདྨ་འོད་ཟེར་བ། །དཔོན་སློབ་ཉི་ཤུ་རྩ་ལྷག་དང་བཅས་པས། །ཇ་ཡི་འབུལ་བ་ཇ་རྩིག་ལོང་བ་སོགས། །འབུལ་ཆེན་བཀྱགས་ཤིང་གནམ་ཆོས་ཡོངས་རྫོགས་ཞུས། །དྲག་རིམ་རྣམས་ཀྱིས་བསྙེན་རྫོགས་སྒྲུབ་པ་དང་། །མང་མ་རྣམས་ཀྱང་རབ་བྱུང་དགེ་ཚུལ་བྱས། །རྒྱ་


CMR002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བན་དབོན་པོ་སློབ་མ་མང་པོ་དང་། །སངས་རྒྱས་རིན་ཆེན་ཚང་གི་དབོན་པོ་རྣམས། །དེ་དག་རྣམས་ལ་དགེ་ཚུལ་དགེ་སློང་དང་། །སོ་སོར་འདོད་ཆོས་དབང་ལུང་མང་དུ་སྤེལ། །སྟག་ར་སྤྲུལ་སྐུ་སློབ་དཔོན་མང་པོར་བཅས། །སྐྱེལ་པོ་མགོ་དང་སྐྱ་ཐང་ལ་སོགས་ཀྱིས། །གོ་འཇོའི་བླ་མ་མང་པོ་ཕེབས་པ་དང་། །སྒྲོ་བྲག་བླ་མ་སྒྲིས་སྣ་བླ་མ་དང་། །བླ་ཚང་བླ་མ་འཁྲུལ་ཞིག་དབོན་པོ་སོགས། །ཕྱོགས་ཕྱོགས་ཀུན་ནས་བླ་མགོ་མང་པོ་རྣམས། །རིམ་པར་ཕེབས་ལ་སོ་སོར་དབང་ལུང་བྱས། །ཁྱད་པར་ལུག་དང་སྤྲེལ་གྱི་ལོ་མཚམས་ལ། །དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གྱིས། །སྒར་ཆེན་བབ་ཅིང་ཟླ་བ་གཅིག་གི་བར། །ཉིན་རེ་ཁྲོམ་ལ་ཆོས་ཐུན་རེ་རེ་གནང་། །དེ་མན་མཚམས་ཁང་ནང་དུ་མཉམ་དུ་བཞུགས། །བདག་ལ་ཚེ་དབང་བརྒྱ་རྩ་གནང་བ་དང་། །ཉིད་ཀྱི་དབང་ལུང་ཕྱག་ཁྲིད་འགའ་རེ་གསན། །བདག་རང་བློ་ཁ་ཤིན་ཏུ་རྫོགས་པ་བྱུང་། །དེ་ནས་དྲུང་པ་ཕེབས་ནས་མཚམས་བསྡམས་ཛ། །ཏའུ་ཡུལ་ནས་པདྨ་བློ་གྲོས་པའི། །བླ་མ་ཨོ་རྒྱན་ནོར་བུ་ཞེས་བྱ་བ། །བདུད་འདུལ་རྡོ་རྗེའི་བུ་ཆེན་མཆོག་གྱུར་ཅིང་། །སྣ་གར་རྩེ་པའི་བླ་མར་གྱུར་པ་ཡི། །ཉེ་བར་འཁོར་


CMR002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྲུལ་པ་ཡིན་ཏེ་བྱོན། །ནན་ཞུས་ཆེ་ཕྱིར་ཉིན་གཉིས་མཚམས་ཀློད་ནས། །བུག་སྒོར་ཆོས་བཤད་དབང་ལུང་ཉིན་གཉིས་བྱས། །ཁོང་ལ་འགྱུར་མེད་རྡོ་རྗེའི་གཏེར་གསར་ནི། །ཚེ་དབང་ཉུང་ངུ་ཞིག་གི་འབྲེལ་པ་ཞུས། །འབྲི་ཆུ་རྒྱུད་ནས་བྱོན་པའི་བླ་མ་ནི། །སངས་རྒྱས་རྡོ་རྗེ་དཔོན་སློབ་མང་པོ་བཅས། །འབུལ་བ་ཆེན་པོ་བསྣམས་ནས་བྱོན་པ་ལ། །གནམ་ཆོས་ཡོངས་སུ་རྫོགས་པའི་དབང་ལུང་དང་། །སོ་སོའི་འདོད་ཆོས་ཟླ་གཅིག་ཙམ་ལ་བྱས། ཁོང་ནི་དབང་རྒྱ་ལུང་རྒྱ་ཆེ་འདུག་པས། །ཚུར་ལའང་དབང་ལུང་འབྲེལ་པ་མང་དུ་ཞུས། །ཛྷཱ་ན་ཏ་པས་དམ་ཆོས་སྒོ་སྐྱེལ་དཔེ། །ཆོས་ཀྱི་དངོས་གྲུབ་ཆེན་པོ་ཡིན་པར་སེམས། །དེ་སྔོན་བླ་མ་བརྩོན་འགྲུས་རྒྱ་མཚོ་བ། །བུག་སྒོར་ཕེབས་ནས་རི་ཆོས་བརྩམ་དགོས་ཟེར། །བདག་ནི་ཚད་ལྡན་བྱ་བཏང་མ་ཡིན་པས། །རི་ཆོས་བརྩམས་པའི་བབ་འཐོབ་མེད་སྨྲས་པས། །ཁྱོད་རང་ཡུན་རིང་སྐུ་མཚམས་མཛད་པ་དེས། །མྱོང་བ་གང་ཡོད་གསུང་དང་དེས་ཆོག་ཟེར། །འཕྲལ་དུ་གང་དྲན་མགུར་གྱི་ཚུལ་དུ་སྨྲས། །དེ་ལ་པོད་ཁ་ཤིན་ཏུ་ཆེ་བ་བྱུང་། །དཔེ་རྒྱུན་ལུང་རྒྱུན་ཀཿཐོག་ཕྱོགས་སུ་དར། །མཚམས་དང་སྒྲུབ་པ་བྱེད་


CMR002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་ལ། །འདི་ཉིད་ཕན་ཐོགས་བཞག་པ་ཆེའམ་སྙམ། །དེ་སྔོན་མགོན་པོའི་བསྐང་ཟློག་སྦྲགས་མ་དང་། །རྟ་མགྲིན་ལས་རིམ་བདུན་མའི་གཏོར་ཟློག་དང་། །མཚོན་ཆ་འཁོར་ལོ་ཕུར་པའི་གཏོར་ཟློག་དང་། །ཁྲོ་ཆུའི་གཏོར་ཟློག་ལ་སོགས་བསྒྲིགས་པ་རྣམས། །རྒྱ་ཆེར་འཕེལ་ཞིང་ཕན་ཐོགས་ཆེ་བར་གྲགས། །ཀུན་རིག་ཟིན་བྲིས་ཕག་མོའི་ཟིན་བྲིས་ལ། །བརྟེན་ནས་བསྙེན་སྒྲུབ་བྱས་པ་འགའ་རེ་བྱུང་། །རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་བཤད་པ་ནི། །པོད་ཁ་ཤིན་ཏུ་ཆེ་བ་ཡོད་པ་དང་། །རྫོགས་རིམ་སྐོར་ལ་པོ་ཏི་ཆུང་བ་གཅིག །ཡོད་པ་དཔེ་རྒྱུན་འགའ་རེ་འཕེལ་བ་བྱུང་། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་ནན་ཏན་དུ། །ཞུས་ཤིང་ཕྱག་དང་མཎྜལ་མང་ཕུལ་བས། །རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས། །སྒྲུབ་སྐོར་ཟིན་བྲིས་པོད་ཆུང་གཅིག་བརྩམས་པ།།གྲྭ་པ་རྣམས་ཀྱིས་སྒྲུབ་པ་འགའ་བྱས་པས། །བར་ཆད་མེད་ཅིང་རྟགས་མཚན་ཐོན་པར་བྱུང་། །མགུར་དང་ཞལ་གདམས་བསྟན་བཅོས་དམ་དུམ་སོགས། །པོ་ཏི་འགའ་ཟུང་ཙམ་དུ་ཡོད་པ་རྣམས། །ཀཐོག་གོ་འཇོའི་ཕྱོགས་སུ་འགའ་ཟུང་འཕེལ། །དངོས་སུ་མ་མཇལ་ཡིག་འབྲེལ་བྱུང་བ་ལ། །


CMR002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ཞལ་གདམས་ལ་སོགས་བསྐུར་བ་ཡིས། །དེ་ཕྱིར་བློ་སེམས་ཆོས་སུ་འགྱུར་བ་དང་། །གནས་འགྱུ་གསར་དུ་འཕྲོད་པ་མང་ཞིག་བྱུང་། །དེ་ནས་རང་ལོ་རེ་གཅིག་བྱ་ཡི་ལོ། །ལོ་ནི་གསར་རྙིང་མཚམས་སུ་བབ་པའི་ཚེ། །ནུབ་གཅིག་རྨི་ལམ་འཁྲུལ་པའི་སྣང་བ་ལ། །ངོམ་ཆུ་ཆུ་དམར་རྒྱས་ཏེ་ལུང་པ་བཀབ། །ཆུ་ཡི་ཟེགས་མ་སྐྱ་མིར་གྱུར་ཏེ་རྒྱུག །བདག་ནི་རང་གི་མཁར་གྱི་སྟེང་དུ་འདུག་ཆུ་དེ་ང་ལ་འཁོར་ཁ་སྟོན་ཞིང་འཁྱིལ། །དེ་ཚེ་རྨི་ལམ་ཡིན་པའང་ངོ་ཤེས་ཤིང་། །ཆུ་དམར་འདི་འདྲ་དགྲ་ངོ་ཡིན་མོད་ཀྱང་། །འཁོར་བ་རང་ལ་སྟོན་འདུག་སྐྱོན་མེད་སྨྲས། །དེ་མ་ཐག་ཏུ་ཁོ་བོ་སོག་པོ་ནི། །མང་པོའི་དཀྱིལ་དུ་བསླེབས་ནས་འདུག་པ་དང་། །བདག་གི་གཡོན་དུ་གླིང་རྗེ་གེ་སར་ནི། །སྐྱེས་ཕྲན་གཟུགས་ནི་མཛེས་པ་ལངས་ཏེ་འདུག །མདུན་དུ་ཁྲབ་རྨོག་གོ་མཚོན་སྤུང་སྟེ་གདལ། །དེ་ཚེ་གེ་སར་ཞལ་ནས་འདི་སྐད་གསུངས། །འདི་ནི་དགྲ་བླའི་གོ་མཚོན་སྣ་དགུ་ཡིན། །ང་ཡི་འདི་ཚོ་ཚང་ནི་ཨེ་གདའ་ཟེར། །མེ་ལོང་སྟོན་དང་དེ་ནང་གསལ་ཞེས་སྨྲས། །མེ་ལོང་ཆེན་པོ་ཕུབ་ཙམ་བསྟན་ནས་བྱུང་། །དེ་ནང་རཏྣ་ལུགས་ཀྱི་གུར་དྲག་སྐུ། །


CMR002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་ལྟ་བུ་གསལ་བར་ཤར་ནས་བྱུང་། །དེ་འདྲ་རྨིས་ལྟས་ཅི་ཡིན་མ་ཤེས་ཛ། །མཚོ་སྔོན་འགྲམ་ནས་མཁའ་འགྲོ་འབྱོན་ཞིང་ཡོད། །ཟེར་བའི་སྐད་ཆ་གསལ་པོར་ཐོས་ནས་བྱུང་། །དེ་ནས་ཟླ་བ་འགའ་ཟུང་སོང་མཚམས་ནས། །རྨི་ལམ་སོག་པོ་མཁའ་འགྲོའི་དམག་ཡོད་ཟེར། །ཅི་ཙམ་ཡོད་སྨྲས་ལྔ་བརྒྱ་ཙམ་ཡོད་ཟེར། །ལྔ་བརྒྱ་ཙམ་ནི་མང་པོ་མིན་སྨྲས་པས། །དེ་ནི་ཧྲག་བསྡུས་ཡིན་གྱིས་ཞིབ་པར་ན། །འདི་ཡི་དམག་ནི་རྩི་རྩི་མེད་ཅེས་ཟེར། །དེ་དང་རྗེས་མཐུན་སོག་པོ་མཁའ་འགྲོའི་དམག །སྟོད་དུ་གཤར་ཞིང་ཡོད་ཟེར་འུར་སྐད་ཆེ། །དེ་ནས་ཟླ་བ་གཅིག་ཙམ་སོང་བའི་ཚེ། །ནུབ་གཅིག་ཉམས་དང་རྨི་ལམ་འདྲེས་པའི་མཚམས། །སོག་པོ་འོང་ཞིང་ཡོད་ཅེས་ཟེར་བ་ཐོས། །སྙེམ་མེད་ཕྱིར་ནངས་སོག་པོའི་མི་བཟང་བསླེབས། །རྒྱལ་པོའི་བཀའ་ཤོག་གསུང་འཕྲིན་བཅས་པ་བྱུང་། །གནས་མདོ་བླ་མས་ངེས་རྒྱུ་ལ། དེ་སྔོན་ང་དང་འཕྲད་དགོས་རྒྱུར་འདུག་ཀྱང་མ་བྱུང་། ད་ལམ་བསྲུང་བ་བཅའ་བའི་ཆས་དང་། ཆོས་སྐྱོང་གི་བླ་རྡོ་སྲོག་འཁོར་དཔེ་ཆ་མཆོད་ཆ་རྟེན་གསུམ་ཡོད་ཚད་ཁྱེར་ལ་ཅི་མྱུར་སྙིང་ཐང་དུ་སླེབས་པར་གྱིས་ཟེར་བའི་ཐེལ་དམར་མནན་པའི་བཀའ་ཤོག་


CMR002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་བཟང་གཉིས་དང་ཟུར་མང་མི་སྣའི་སྐད། །བླ་མ་ཀུན་གྱིས་གསེར་སྐུ་མཆོད་ཆ་སོགས། །གང་ཡོད་མནའ་ཐོན་གཟིགས་འབུལ་བྱས་ནས་ཀྱང་། །གང་དྲག་རྒྱལ་པོས་བཞེས་ཤིང་ཡོད་དོ་ཟེར། །བདག་ནི་མཚམས་བསྡམས་ལུས་ཀྱང་མི་བདེ་བས། །རྒྱུ་གཏོང་དགོངས་པ་ཞུ་རོགས་གྱིས་སྨྲས་པས། །ངེད་ཚོས་དགོངས་པ་ཞུ་རོགས་ག་ལ་ཕོད། །མི་འབྱོན་ན་ནི་མི་སྣ་ཇེ་མང་ཟེར། །མི་སྣ་མང་པོ་བྱུང་ན་སྡེ་ལ་གནོད། །ཅི་དྲག་སྙམ་དུ་རྨི་ལམ་བརྟགས་པ་བྱས། །སོང་ན་སྐྱོན་མེད་ལེགས་པའི་ཡོན་ཏན་བྱུང་། །མཚམས་གྲོལ་འགྲོ་བར་ཆས་ཚེ་ཁྲོམ་མང་འདུས། །ཕྱིན་ཆད་ང་དང་འཕྲད་རྒྱུ་མེད་སྙམ་ནས། །ཀུན་ཀྱང་སྐྲག་ཅིང་མཆིལ་མ་འདོན་མཁན་མང་། །སྐྲག་ནི་མི་དགོས་ང་ལ་སྐྱོན་མེད་སྨྲས། །ཚུགས་མ་གར་རྒྱབ་རྣམས་སུ་ཁྲོམ་མང་འདུས། །གཟན་ཤིང་འབུལ་བ་མང་བྱུང་དབང་ཡང་བསྐུར། །ལམ་དུ་བུད་མེད་རྒན་མོ་རལ་པ་ཅན། །རྣལ་འབྱོར་མ་ཡི་ཆ་ལུགས་བྱས་པ་ཅིག །འཁར་བ་ལ་བརྟེན་འཁྱོལ་ཞིང་མདུན་དུ་བྱུང་། །མོ་ལ་རྨིས་ལྟས་རྟགས་མཚན་ལེགས་པོ་བྱུང་། །རྒྱལ་པོ་ལ་ནི་མཇལ་ཁ་ལེགས་པོ་འོང་། །སྐྱོན་མེད་སྐག་མི་དགོས་


CMR002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ནན་གྱིས་ཟེར། །གནས་མདོ་བླ་མ་ཨེ་བྱུང་ཨེ་བྱུང་ཞེས། །རྒྱལ་པོའི་ཡང་ཡང་གསུངས་ཤིང་བྱ་ར་བྱས། །སྒར་དུ་སླེབས་མ་ཐག་ཏུ་མཇལ་ཁ་བྱུང་། །སྡེ་དཔོན་ཆེན་པོ་གཞན་དང་བླ་མ་གཞན། །འབུལ་བ་ཁྱེར་ནས་ཐམས་ཅད་གྲབ་བསྡད་ཀྱང་། །ཞག་གྲངས་དུ་མར་མཇལ་ཁ་མི་འོང་སྣང་། །རྒྱལ་པོའི་ལུགས་གཉིས་བཀའ་གསུང་གང་གནང་ལ། །དེ་ཡིན་དེ་ཡིན་ཞུ་བ་མ་གཏོགས་པ། །དེ་མིན་ཟེར་བ་སུས་ཀྱང་ཞུ་མི་སྤོབས། །བདག་གིས་ཡིན་པ་མིན་པ་དྲང་གཏམ་ཞུས། །ལ་ལ་ཐུགས་ལ་ཕོག་པར་གྱུར་འདུག་ཀྱང་། །བདག་ལ་བཀའ་བཀྱོན་ཅི་ཡང་མ་གནང་ངོ། །སྐུ་རིམ་བཀའ་བརྒྱད་ལྷ་མོ་བརྒྱ་རྩ་བཅས། །རྐང་པ་ན་ནས་ཁོ་བོ་ཁུར་དགོས་ཀྱང་། །ཉིན་བཞིན་རྒྱལ་པོའི་མདུན་ནས་འབོད་མཁན་བྱུང་། །ཆོས་ཀྱི་དྲི་བ་མང་པོ་མཛད་བྱུང་བ། །དེ་དོན་བཤད་པས་རྒྱལ་པོ་ཐུགས་དགྱེས་ནས། །ཕྱག་ཀྱང་མ་འཚལ་གསུངས་ཤིང་ཞྭ་ཕུད་མཛད། །ནུབ་རེ་བཞིན་དུ་བརྟག་པ་གྱིས་གསུངས་ནས། །ཁ་བཏགས་སྤོས་ཆག་ལ་སོགས་ལན་མང་གནང་། །ཉིན་རེ་བཞིན་དུ་གུང་ཚིགས་འདྲེན་པ་དང་། །ཐུགས་ནང་གཙང་བའི་མཐུན་གཏམ་མང་དུ་གསུངས། །མཐུ་དང་དུག་


CMR002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གནོད་པ་བསྲུང་བའི་དབང་། །སྔར་ཡང་ཐོབ་སྟེ་ཁྱོད་ལ་ཞུ་འདོད་གསུངས། །དེ་འདྲའི་དབང་ནི་ཁོ་བོས་མི་ཤེས་ཞུས། །ཀརྨའི་ནང་རྟེན་ཕྱག་སྟོང་སྤྱན་སྟོང་གི །ལོ་རྒྱུས་ཡི་གེར་བྲི་དགོས་གསུངས་ནས་བྲིས། །དེ་ནས་གསེར་གསོལ་ན་བཟའ་གཟབ་ནས་ཀྱང་། །དམག་ལ་ཇ་སྐྱེས་བསྐོར་བ་བསགས་བཅུག་ཐལ། །རྒྱལ་པོའི་སྲས་མོ་བསྙུང་བའི་སྐུ་རིམ་ལ། །ཚེ་ཐར་བརྒྱ་རྩ་ཚེ་གཟུངས་འབུམ་ཐེར་སོགས། །བདག་གིས་ཞུས་ལྟར་འཕྲལ་དུ་བསྒྲུབས་ནས་སོས། །རྒྱལ་པོ་དཔོན་བློན་སྤྱི་ཡི་སྐུ་རིམ་ལ། །ཚེ་དཔག་ལྷ་དགུ་གསེར་སྐུ་མི་ཚད་ཙམ། །བཞེངས་ན་ལེགས་ཞུས་དེ་ཡང་བཞེངས་ཆད་མཛད། །དེ་ཚེ་གྲྭ་ཚང་གྲྭ་པ་འགའ་ཞིག་གིས། །རྒྱལ་པོ་འདི་ལ་དགེ་བ་ཁས་ལེན་སོགས། །དེ་འདྲ་བྱེད་མཁན་སུ་ཡང་འོང་མ་མྱོང་། །ཟེར་ནས་གྲྭ་ཚང་དགེ་འདུན་འགའ་ཞིག་གིས། །ཁ་བཏགས་བཞག་ནས་བརྟག་པ་ཞུ་བ་དང་། །རྒྱལ་མོའི་ཕྱག་གཡོག་སོག་མོའི་དབང་ཞུ་དང་། །བོད་སོག་ཀུན་གྱིས་གཟིམས་གུར་བསྐོར་བ་དང་། །ཕྱག་འཚལ་བྱིན་རླབས་ཞུ་སོགས་དད་གུས་བྱས། །ཨུར་ཞིང་རྒྱལ་མོའི་སྡེ་སོག་བོད་སོག་གིས། །ཟང་ཟིང་འབུལ་བ་དཔག་ཏུ་མེད་


CMR002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང་། །རྟ་ནི་གང་གདའ་སོག་པོ་རྣམས་ཀྱིས་བཟུང་། །མཚན་ལ་རྐུན་མས་ཁྱེར་སོགས་དཀའ་འདུག་སྟེ། །བདག་ལ་ཀུན་གྱིས་རྩེས་འཇིག་ཚར་འདུག་པས། །དེ་དན་འགྲིམ་པ་ཀུན་གྱིས་ཤེས་གྱུར་ནས། །རྟ་ཀུན་ང་ཡི་ནག་ཚང་དྲུང་དུ་བཏགས། །རྒྱལ་པོའི་སྒར་དུ་ཚེར་ལུང་དྲུང་པ་དང་། །གནས་མདོ་བླ་མ་ངོ་སོ་མཐོ་ཟེར་བའི། །གཏམ་སྙན་ཁྱབ་པས་ཡོན་བདག་རྣམས་ཀྱང་དགའ། །གཏེར་སྟོན་བྱང་ཆུབ་གཏེར་ཤོག་མཇལ་ཁ་གནང་། །དེ་ནུབ་གཉིད་པ་མ་ཡིན་ཉམས་སྣང་ལ། །བཀའ་བརྒྱད་དཔེ་ཆ་གསར་པ་བམ་ཆག་གཅིག །བདག་གི་ལག་ཏུ་བཞག་ནས་བྱུང་བ་དེ། །གཏེར་སྟོན་དེ་ཡི་གཏེར་གསར་ཡིན་པར་འདུག །བདག་གིས་ཉམས་ལེན་དགོས་རྒྱུ་ཡིན་པར་གོ །དེ་ནས་མི་སྣང་འཇའ་ལྟར་ཡལ་བ་བྱུང་། །རྒྱལ་པོའི་གཏེར་སྟོན་ཡང་ནི་ཕ་ཀིར་བཞུགས། །བསམ་འགྲུབ་དགོན་ལ་ལྟད་མོ་ལྟ་ཕྱིར་དང་། །ཁོང་གི་སྐུ་རིམ་ཆག་ཕྱི་དགོས་ཕྱིར་དང་། །བསམ་འགྲུབ་གཞུང་ནས་འགྲོ་དགོས་གསུངས་ན་ཡང་། །རྐང་པ་ན་ཞེས་དགོངས་པ་ཞུས་པས་གནང་། །རྟ་དྲེལ་ཇ་སོགས་གནང་སྦྱིན་ཆེན་པོ་མཛད། །དེ་སྐབས་ནང་ཆེན་པ་དང་ལྷ་འབྲོང་དང་། །སྐྱོ་བྲག་པ་དང་


CMR002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་ལེབ་དབོན་པོ་སོགས། །སྐྱ་སེར་མང་པོས་དབང་ཡང་མང་པོ་ཞུས། །དེ་སྐབས་ཀརྨའི་དམ་ཅན་སྐྱེས་བུ་ཡི། །བཞིན་གྱི་དཀྱིལ་འཁོར་ཉམས་ཀྱི་སྐབས་སུ་མཐོང་། །ཚིག་འགའ་ཟེར་ཏེ་སྨྲ་བར་རུང་བ་མིན། །སྒར་དེ་རྫ་ཆུའི་དཀྱིལ་གྱི་དོ་ཁུག་རེད། །སྤྱི་འབྱམས་གནས་ཀྱི་རྩ་བ་རེད་པ་དང་། །ལྷ་འདུ་ཀླུ་འཚོགས་ཤིན་ཏུ་མང་བ་དེས། །ཉམས་དང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །ངོ་མཚར་མཐོང་སྣང་དཔག་ཏུ་མེད་པ་བྱུང་། །ནུབ་གཅིག་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ཡི། །གསེར་སྐུ་ཇོ་བོའི་ཚད་ཙམ་འདུག་པ་དེ། །གཞན་ལ་ཞལ་སྟོན་རྟེན་དབང་བྱེད་འདུག་ཚེ། །དེ་ཡི་འཁོར་གྱི་བྱང་ཆུབ་སེམས་དཔའི་སྐུ། །བཞེངས་སྐུ་ཁྱེ་འུ་ལོ་བརྒྱད་ཙམ་པ་འགའ། །མི་བཞིན་ཕར་འབྱོན་ཚུར་འབྱོན་བྱེད་པ་རྨིས། །ཕྱིར་ནངས་རྟེན་བཤད་བདག་གིས་བྱེད་དགོས་གསུངས། །བོད་སོག་བླ་དཔོན་ཐམས་ཅད་ཚོགས་པའི་དབུས། །གདོང་གྲལ་མགོ་དེར་ཁོ་བོས་བཞུགས་གདན་བཏིང་། །ཚངས་སར་པ་དང་སྐྱོ་བྲག་པ་ལ་སོགས། །ཐོབ་ཆ་ཆེན་པོ་ཡོད་པའི་བླ་མ་རྣམས། །གྲལ་དུ་བསྒྲིགས་པ་གྲལ་གྱི་གོང་དེ་ན། །རྒྱལ་པོའི་བཀའ་ཡིས་ཁོ་བོ་བཞག་པ་


CMR002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དེ་ནས་ཁོ་བོས་རྟེན་བཤད་བྱས་པའི་ཚེ། །རྒྱལ་པོའི་གཙོར་བྱས་བོད་སོག་ཐམས་ཅད་མགུ། །མཁས་ཤིང་ཡོན་ཏན་ཆེ་བའི་གྲགས་པ་ཐོབ། །དེ་ནས་ནང་ཆེན་ནོར་བུ་འདས་སར་ཕྱིན། །ཞི་ཁྲོ་བྱང་བུ་སྐུ་རིམ་ལ་སོགས་བྱས། །དེ་རུ་མཚོ་སྔོན་འགྲམ་གྱི་སོག་པོ་འགའ། །འདུག་པས་ཕྱག་དབང་ཞུས་ཤིང་གུས་ཚུལ་བསྟན། །ནང་ཆེན་རྒྱལ་པོའི་འབུལ་ཆེན་བཀྱག་པ་དང་། །ཡར་ལམ་མར་ལམ་ཕྱོགས་རིས་སྡེ་ཀུན་གྱིས། །འབུལ་བ་བཟང་བ་རྟ་ཁྱུ་ཁལ་མ་སོགས། །ཤིན་ཏུ་མང་བས་ཐམས་ཅད་རྗེ་ཁེངས་ནས། །རྒྱལ་པོའི་བློ་སེམས་བསྒྱུར་བ་ཐུབ་བམ་ཟེར། །དེ་ནས་རི་ཁྲོད་ཉིད་དུ་སླེབས་པ་དང་། །ཀཐོག་པ་ཡི་བནྡེ་ལྔ་ཙམ་ལ། །གཏེར་སྟོན་བྱང་ཆུབ་ཉིད་ཀྱིས་བཀའ་ཤོག་བསྐུར། །ཆོས་བདག་ཡིན་ཀྱང་དེ་སྔ་སྟབས་མ་འགྲིགས། །གཏེར་ཆོས་འདི་དག་ཉམས་ལེན་གྱིས་ཟེར་ནས། །གཏེར་ཆོས་ལེས་ཁ་གསུམ་དང་ཁ་བཏགས་དང་། །གྲུ་མང་མང་ཇ་གྱིས་གསུངས་ཛ་ཁག་བསྐུར། །ཕར་ལ་ཡིག་འབྲེལ་ཙམ་ཡང་མེད་པ་ལ། །འདི་ལྟར་བསྐུར་བ་གནད་ཆེན་ཡིན་པར་གོ །དེ་ནས་ཞག་པོ་འགའ་ཞིག་སོང་ཙམ་ན། །རྒྱལ་པོར་ཆོས་སྐྱོང་དེ་ཡི་ལུང་བསྟན་


CMR002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཏེར་ནས་བྱུང་བའི་མན་ངག་ཐམས་ཅད་ནི། །གནས་མདོ་བླ་མ་དེ་ཡིས་སེམས་ལ་གསལ། །དེ་ཕྱིར་དེ་ལ་དམ་ཅན་མདོས་ལ་སོགས། །སྐུ་རིམ་སྒྲུབས་ཞེས་ལུང་བསྟན་བྱུང་འདུག་པས། །རྟ་དང་འཁོར་དྲུག་གཉིས་སོགས་འབུལ་བ་བསྐུར། །བཀའ་ཤོག་སྔོན་དང་མི་འདྲ་ཆེ་བཀུར་ནི། །གོང་དུ་ཤོག་ཕུད་འཁྱུད་གང་ཡོད་པ་བཞག །གྲུབ་ཆེན་ཀརྨ་ཆགས་མེད་ཀྱི་སྙན་དུ། །དེ་ནས་མཐོ་དམན་སོར་བཞི་བཞག་བྱས་ནས། །ཕུལ་བ། དེང་སྐུ་འཚོ་བཞེས་གསེར་ལྟར་བཟང་བ་ནས། ཞེས་སོགས་ཆེ་བཀུར་དང་བཅས་བཀའ་ཤོག་ཕེབས། །དེ་རྗེས་རང་གི་འདོད་ཞུས་བྱས་པ་ལྟར། །རང་ཉིད་ཚེ་མཚམས་བྱེད་ནས་འདུག་པ་ལ། །སུས་ཀྱང་དབང་ཡོད་གདན་འདྲེན་མི་བྱེད་ཅིང་། །དད་ལྡན་རྣམས་ཀྱིས་འབུལ་བ་ཚུར་ལ་སྐྱེལ། །དབོན་པོ་རྣམས་ནི་ཡུལ་འབྲོག་ཐམས་ཅད་དུ། །ལྡོམ་བུ་བྱེད་ལ་སུས་ཀྱང་མ་བཀག་ཅིག །གནས་མདོ་བླ་མ་ངེད་ཀྱི་སྲུང་ཁ་བ། །ཡིན་པའི་སྟབས་ཡིན་ཟེར་ནས་བཀའ་ཤོག་ནི། །གསེར་ཐམ་ཆེན་པོས་མནན་པ་ཞིག་ཀྱང་གནང་། །དེ་རྗེས་གཏེར་སྟོན་ཀློང་གསལ་སྙིང་པོ་དེས། །ཁོང་གི་གཏེར་ཆོས་ཀུན་གྱི་དབང་ལུང་


CMR002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཕྱག་སྲོལ་ལྟར། །གཞན་ལ་སྤེལ་བར་གྱིས་ཞེས་གསུངས་པ་ནི། །བཀའ་ཤོག་བདག་གི་གྲྭ་པར་གཏད་པའི་ནུབ། །ཉམས་ཀྱི་སྣང་བར་ཤར་ཕྱོགས་ནམ་མཁའ་ནས། །དཔེར་ན་ཉ་རྒྱས་ཟླ་བ་ཤར་བ་བཞིན། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕྱག་བཞི་པ། །ཤར་ཕྱོགས་ནམ་མཁའ་ཁྱབ་པར་གསལ་བར་མཇལ། །དེ་མ་ཐག་ཏུ་རང་ལུས་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོ་དེ་བས་ཆུང་ཙམ་པ། །གྱུར་ནས་ས་ཡི་སྟེང་དུ་འདུག་པར་མཐོང་། །དེ་ཕྱིར་གཏེར་གསར་དེ་ལ་ངེས་ཤེས་བསྐྱེད། །དེ་ནས་གཏེར་སྟོན་ལ་ཡང་ཞུ་ཡིག་ཕུལ། །དེ་རྗེས་གཏེར་སྟོན་བཀའ་ཤོག་གནང་བ་ལ། །ཤོག་ཕུད་མཐོ་བསྐྱང་གང་བཞག་ནས། །ཧཱིཿ དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །རླབས་ཆེན་མཛད་པའི་ཕྲིན་ལས་མ་ཆག་པའི། །མཚུངས་མེད་བླ་མ་ཚེ་དབང་གཡུང་དྲུང་ཁྲིར། །བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །འོད་དཔག་མེད་མགོན་འཆི་མེད་ཚེ་ཡི་བདག །སྣང་བརྙན་ཞིང་དེར་བསྟན་འགྲོའི་དོན་སླད་དུ། །ཇི་སྲིད་འགྲོ་རྣམས་ཀུན་མཁྱེན་མངོན་རྫོགས་པར། །དེ་སྲིད་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །ཞེས་པའི་


CMR002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དེའི་ཞབས་ཀྱི་པདྨོར་དྲི་མ་མེད་པའི་དྲུང་དུ། དེའི་བར་དུ་མཐོ་དམན་སོར་ལྔ་བཞག །ཞུ་བ། ཡིད་བཞིན་ལྷུན་པོས་དབང་གི་བསྟན་འགྲོ་འབད་མེད་དུ་སྐྱོངས་བའི་མདངས་བཀའ་ཤོག་རྟེན་བཅས་ཉམས་མེད་དུ་འབྱོར་བ་བཀའ་དྲིན་གྱི་དཔལ་དུ་ཆེ། འདིར་ཡང་ནད་མེད་དུ་གནས་ཤིང་། ཡང་གསང་མཁའ་འགྲོའི་གནད་མཛོད་ཀྱི་སྨིན་གྲོལ་རིམ་གཉིས་ཆ་ལག་དང་བཅས་པ་དབང་བཞི་དོན་གྱིས་ཕུལ་བའི་ལོངས་སྤྱོད་ཅིང་། འགྲོ་བ་མ་ལུས་པ་སྐྱོན་མེད་བདེ་ཆེན་ཞིང་དུ་སྐྱེལ་མ་ཟིན་གྱི་བར་དེ་སྲིད་དུ་བཞུགས་པར་ཞུ་ཞུ། །སླར་བསླབ་དོན་གནང་འོས་ཀྱང་རྒྱུད་བསྐུལ་ཙམ་བཀྲ་ཤིས་ཁ་བཏགས་དམ་རྫས་ཇ་འཁོར་གྱིས་འདེགས་ཏེ་རི་ཁྲོད་ནས་ཞུ་ཡིག །སྐབས་ཤིག་རྒྱལ་པོའི་བླ་མཆོད་ས་རིས་པས་ཞལ་གདམས་དགོས་གསུངས་འདུག་པས་ཡི་གེ་བསྐུར། མཉེས་ནས་ཡིག་ལེན་སྙན་ངག་བསྟོད་པ་བཅས། །ཕ་མ་གཉིས་ཀྱི་བྱུང་རྟེན་བསྐུར་བྱུང་ངོ། །དེ་ནས་བྱ་ལོའི་ལོ་མཇུག་དེ་ཉིད་དུ། །རྫ་ཁོད་བླ་མ་ཀརྨ་འདུལ་བ་ཕེབས། །ཐུགས་བཞེད་བཞིན་དུ་དབང་ལུང་འདོད་ཆོས་ཕུལ། །བླ་མ་འདི་ལ་དབང་འབྲེལ་ཞིག་ཞུས་ན། །ལོ་བདུན་བར་ཆད་སེལ་ཞེས་ལུང་


CMR002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱུང་། །ཁོང་གིས་ལོ་གྲངས་ཉེར་ལྔ་ངག་མཚམས་བསྡམས། །གུར་དྲག་དུང་དང་གསང་འདུས་དུང་འགྲུབ་འདུག །དེ་ཕྱིར་དབང་འབྲེལ་ལུང་འབྲེལ་འགའ་ཞིག་ཞུས། །རྒྱལ་བ་རྒྱ་མཚོའི་དབང་ལུང་ཞུ་འདོད་གསུངས། །དེ་ནི་བཀའ་རྒྱ་དམ་པས་མི་འོང་ཞུས། །ཁོང་གིས་ཡི་གེ་བདུན་པ་དུང་ཐོན་པས། །དེ་ནི་དབང་ཡོན་འབུལ་གྱིས་གནང་དགོས་གསུངས། །རྒྱལ་བ་རྒྱ་མཚོའི་དབང་ལུང་རྫོགས་པར་ཕུལ། །དེ་སྐབས་བསྙེན་རྫོགས་ཞུ་བའི་མི་འགའ་བྱུང་། །བདག་གིས་མཁན་པོ་ཁོང་གིས་སློབ་དཔོན་མཛད། །དེ་དུས་གསོ་སྦྱོང་ཞིག་ཀྱང་བྱས་པ་ཡིས། །འདི་རུ་སངས་རྒྱས་བསྟན་པའི་སྙིང་པོ་ནི། །ཉི་མ་ཁོལ་ཤར་རེད་གསུངས་ཤིན་ཏུ་མཉེས། །ཁོང་ཉིད་བདག་ལ་དད་འདུན་ཆེར་སྐྱེས་པས། །སྔ་ཕྱིས་ཕྱག་དཔེ་རྟེན་རྣམས་གང་ཡོད་པ། །ཕལ་ཆེར་རིམ་བཞིན་བདག་ལ་འབུལ་རྒྱུ་བསྐུར། །ཐུགས་རྗེ་ཆེན་པོ་ཕྱག་རྫོགས་ཟུང་འཇུག་གི །དམར་ཁྲིད་གླེགས་བམ་ཆེན་པོ་གཅིག་རྩོམ་པ། །དངོས་གཞི་བརྩམས་ཚར་རྒྱབ་ཆོས་མ་ཐོན་སྐབས། །གོ་འཇོ་བླ་མ་མང་པོ་ཕེབས་བྱུང་བ། །སྔར་ཡང་མཇལ་ཟིན་དབང་ལུང་མང་པོ་ཐོབ། །ད་ནི་ཐག་རིང་འདི་ན་ཅི་ཕྱིར་


CMR002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །སྨྲས་པས་ཁྱེད་ཀྱི་རྣམ་ཐར་ནང་དེ་ན། །གུ་རུ་སྲིན་ཞོན་ཞལ་ནི་གཟིགས་པའི་དུས། །བྱུང་བའི་གདམས་ངག་གཅིག་ནི་ཡོད་འདུག་པ། །དེ་ཉིད་ཞུ་ནི་འདོད་པས་གནང་དགོས་ཟེར། །རྟེན་འབྲེལ་འགྲིགས་པས་དེ་ཡི་ཁྲིད་ཀྱང་བཙུགས། །དཔེ་ཆ་ཡང་ནི་འཕྲལ་དེར་ཆོད་ནས་བྱུང་། །བླ་མ་སྨན་བླས་གོ་འཇོར་ཁྲིད་དེ་ཉིད། །ལན་འགའ་བཙུགས་པས་བར་ཆད་མེད་པ་དང་། །ཕན་ཐོགས་ཆེ་བའི་སྐད་ཀྱང་རྗེས་ནས་ཐོས། །ཡང་དག་གིས་ཀྱང་དཔེ་བཅད་ལུང་ཞུས་ནས། །ལ་གོང་ཕྱོགས་སུ་ཁྲིད་དེ་ལན་གཉིས་བཙུགས། །བར་ཆད་མེད་ཅིང་ཕན་ཐོགས་ཆེ་འོ་སྐད། །ཁྲིད་དཔེ་དེ་ཉིད་གླེགས་བམ་ཆེ་ན་ཡང་། །ལོ་གསུམ་ནང་དུ་དཔེ་ཆ་དྲུག་བདུན་འཕེལ། །དེ་ཡི་ཁྲིད་ཀྱང་འགའ་རེ་ཚུགས་སོ་སྐད། །སྐབས་ཤིག་ཆོས་རྒྱལ་རིན་ཆེན་རྣམ་རྒྱལ་ཕེབས། །དཔོན་སློབ་རྣམས་ལ་ཞག་གཅིག་དབང་བསྐུར་བྱས། །ཨ་ནུ་དཀར་ལུའི་དོ་དམ་རོགས་བྱས་ནས། །དཔོན་པོ་རྒྱལ་མཚན་ཉིད་ཀྱིས་རྩ་བ་བཟུང་། །རྟ་ནོར་དྲགས་རིམ་བརྒྱ་ཚར་ཆོས་ཡོན་བརྒྱབས། །རྒྱས་འབྲིང་རྣམ་གསུམ་བསྐལ་བཟང་དང་བཅས་པ། །བེཊཱར་མཐིང་ཤོག་ནམ་མཁའ་དངས་འདྲའི་


CMR002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ངོས། །རིན་ཆེན་དངུལ་གྱི་རྒྱུ་སྐར་ལྟར་བཀྲ་བ། །པདྨ་རཱ་གའི་མདོག་མཚུངས་གླེགས་ཤིང་དང་། །སྐུ་རེག་རྒྱ་སྐག་དང་བཅས་ལེགས་པར་གྲུབ། །གཞན་ཡང་གཏོར་མགྲོན་ལྷ་གྲངས་ཞལ་ཐང་དང་། །འོད་དཔག་སྟོང་སྐུ་ཚེ་དཔག་སྟོང་སྐུ་དང་། །ཨོ་རྒྱན་སྟོང་སྐུ་ལ་སོགས་ཞལ་ཐང་འགའ། །འབུར་དོད་ཞལ་གསེར་གསོལ་བའི་ཐུབ་པ་སྟོང་། །གསེར་དངུལ་ཞལ་ལ་གསོལ་བའི་ཨོ་རྒྱན་སྟོང་། །འོད་དཔག་མེད་པའི་སྐུ་འདྲ་སྟོང་ལྷག་བཞེངས། །ཚོན་བཀྲ་བྱས་པའི་མི་ནི་ལངས་བའི་ཚད། །མགོན་པོ་ཚེ་དཔག་མེད་པའི་སྐུ་འདྲ་དང་། །གཞན་ཡང་མི་ཚད་ཚོན་བཀྲ་བྱས་པ་ཡི། །ཚེ་དཔག་མེད་པ་ཆོས་ལོངས་སྤྲུལ་སྐུ་གསུམ། །མདའ་ཚད་ཙམ་གྱི་གར་དབང་རྡོ་རྗེ་འཆང་། །འཇིག་རྟེན་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །དེ་དག་རྣམས་ཀྱི་ལྡེར་སོ་ལེགས་པར་བཞེངས། །ཁྱི་ལོ་ཕག་ལོ་གཉིས་ཀྱི་ལོ་མཚམས་སུ། །དྲུང་པ་བདེ་ལེགས་སྙིང་པོ་རྣམ་གཉིས་ཕེབས། །ཟླ་བ་ཕྱེད་དང་གཉིས་ཀྱི་བར་མཚམས་སུ། །མཚམས་ཁང་ནང་དུ་བཞུགས་མལ་མཉམ་དུ་མཛད། །ཉིན་རེ་ཁྲོམ་ལ་ཆོས་ཐུན་འགའ་ཡང་མཛད། །དྲུང་པས་བདག་ལ་ཚེ་དབང་བརྒྱ་རྩ་མཛད། །བདེ་ལེགས་སྙིང་


CMR002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་དབང་འགའ་ཞིག་གནང་། །དྲུང་པ་གོང་མའི་ཁྲིད་ཆེན་ལྗགས་ལུང་དང་། །མགོན་པོའི་རྒྱུད་ལུང་ལ་སོགས་མང་དུ་གནང་། །མ་འོངས་སངས་རྒྱས་བདེ་གཤེགས་མོས་པའི་མཚན། །ཨོ་རྒྱན་ཆེན་པོའི་བླ་མ་ཤྲཱི་སེང་། །དེ་ཡི་སྤྲུལ་པ་ཚེར་ལུང་སྤྲུལ་སྐུ་དང་། །རྒྱ་གར་པཎ་ཆེན་སྤྱི་ཏི་ཛྙཱ་ན་དང་། །སངས་རྒྱས་མཉན་པའི་སྤྲུལ་སྐུ་བདེ་ལེགས་སྙིང་། །ས་གནས་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི། །བླ་མར་བྱེད་པ་བདག་གིས་མི་སྤོབས་ཀྱང་། །ཆོས་ནི་བདག་པོའི་ཕྱག་ཏུ་སྤྱད་པའི་ཕྱིར། །གཅིག་ཤེས་ཀུན་གྲོལ་དབང་ནི་བཞི་བཅུ་ཙམ། །གུ་རུ་ཞི་དྲག་ཁྲོ་ཆུ་ཀིང་ཀང་དབང་། །ཚེ་དབང་བརྒྱ་རྩ་ལ་སོགས་ཕུལ་བར་བྱས། །བཀའ་གདམས་གླེགས་བམ་ཕ་ཆོས་བུ་ཆོས་དང་། །ཁྲོ་ཀིང་ལ་སོགས་དབང་ཡང་མང་དུ་ཕུལ། །དེ་ནས་དྲུང་པ་སར་སྒང་ཕེབས་པའི་ཚེ། །བདེ་ལེགས་སྙིང་པོར་སྒྲུབ་ཐབས་རྒྱ་མཚོའི་དབང་། །རྟ་མགྲིན་ནཱ་ག་ཀླུ་འདུལ་དབང་བརྒྱ་ཕུལ། །བདག་ནི་མི་ལུས་ཐོབ་ཅིང་ཆོས་སྒོར་ཞུགས། །དབང་ལུང་མང་དུ་ཐོབ་པ་དོན་དང་ལྡན། །ཆོས་རྣམས་བདག་པོའི་ཕྱག་ཏུ་འཕྲོད་པ་དང་། །ཁོང་རྣམས་སྣོད་བཟང་འགྲོ་དོན་ཆེ་བའི་ཕྱིར། །ཇི་སྲིད་


CMR002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་གནས་ཀྱི་བར། །བདག་གིས་ཕུལ་བའི་དབང་རྒྱུན་ལུང་རྒྱུན་རྣམས། །ཆད་པར་མི་འགྱུར་བསྟན་ལ་ཕན་སྙམ་ནས། །དང་པོའི་ས་ཐོབ་ཙམ་དུ་དགའ་བ་སྐྱེས། །དེ་ནས་ལྕགས་མོ་ཕག་ལོ་ཤར་བའི་ཚེ། །ལྷ་ཐོག་ཀརྨ་ཚེ་བརྟན་དཔོན་གཡོག་བྱུང་། །སོ་སོའི་འདོད་ལྟར་དབང་ལུང་འགའ་རེ་བྱས། །ཁོང་ལ་མགོན་པོའི་ཡུལ་ལྷ་བཙན་རིགས་ཤིག །ཡོད་པའི་སྐུ་མདོག་ཕྱག་མཚན་བརྟག་པ་གྱིས། །དེ་བཞིན་གྲུ་གུའི་ལྷ་བྲག་དཀར་པོ་དང་། །རེ་ཕོ་མཆེད་བརྒྱད་གནས་བདག་བརྟག་པ་གྱིས། །དེ་དག་རྣམས་ཀྱི་བསང་དང་གསོལ་ཀ་དང་། །ཡེ་བརྫུ་མདོས་ཆོག་གསར་རྩོམ་བྱེད་དགོས་ཟེར། །དེ་དག་གསལ་ན་རྗེས་ནས་བསྐུར་འོང་སྨྲས། །བརྟགས་པ་བྱས་ཚེ་ཉམས་སྐབས་སྐད་ཅིག་ལ། །བཙན་དེའི་ཆ་ལུགས་ཧ་ལམ་པ་ཞིག་མཐོང་། །གྲུ་གུ་ལྷ་བྲག་གནས་ཕྲན་སྟོང་རྩ་གཉིས། །གྲ་གཅིག་ཡིན་པའི་རྟགས་ཤིག་གསལ་བའི་ཕྱིར། །བསང་དང་གསོལ་ཁ་མཆོད་སོགས་བརྩམས་ནས་བསྐུར། །སྔགས་པ་ཚད་ལྡན་འབྱུང་བའི་ལྟས་ཀྱང་མཐོང་། །དེ་ནས་ཀཐོག་ངོས་ནས་གཏེར་གསར་གྱི། །པོ་ཏི་དྲུག་ཙམ་གསར་དུ་བསླེབས་བྱུང་དང་། །དུས་མཉམ་


CMR002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ནས་གཏེར་སྟོན་བཀའ་ཤོག་དང་། །དམ་རྫས་བསླུ་མེད་མང་པོ་དུས་མཉམ་ཕེབས། །དེ་ཡང་རྟེན་འབྲེལ་ཤིན་ཏུ་ལེགས་པར་སེམས། །བཀའ་ཤོག་ཤོག་ཕུད་མཐོ་གང་ལྷག་ཙམ་ལ། །ཧཱི༔ རྒྱལ་བ་ཀུན་དངོས་ཡོངས་འདུས་རྡོ་རྗེ་འཛིན། །གང་འདུལ་ཕྲིན་ལས་ཆགས་མེད་དེད་དཔོན་མཆོག །ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོར་བཅས། །བསྐལ་བརྒྱར་རྡོ་རྗེའི་ཁྲི་ལ་བཞུགས་གསོལ་འདེབས། །ཞེས་བདག་ཉིད་ཆེན་པོའི་ཞབས་དྲུང་དུ། དེ་ནས་མཐོ་དམན་འཁྱུད་གང་ཙམ་བཞག་ནས། ཞུ་བ། འགྲོ་བ་རྗེས་སུ་འཛིན་པའི་ཐུགས་རྗེའི་བཞིན་མདངས་བཅས་རྡོ་རྗེའི་ཁྲི་ལ་འཚོ་བཞེས་ཀྱི་དཔལ་མཆོག་ནི། བཀའ་དྲིན་གྱི་ཉི་མ་ཤར་བཞིན་བཀའ་ཤོག་རྟེན་བཅས་ཉམས་མེད་དུ་སྤྱི་བོར་ཕེབས་ཤིང་ཐུགས་ལ་བཏགས་པ་དང་འབྲུ་གསལ་བཞིན། བསྔོ་སྨོན་རྒྱས་འདེབས་སོགས་ཞུས་ཡོད་ལགས། རྩ་གསུམ་ཞལ་གདམས་དྲྭ་བ་ཤེལ་གྱི་མེ་ལོང་ལས། རྡོ་རྗེ་རིན་ཆེན་པདྨ་ཀརྨའི་མིང་། །རང་རང་ལས་ཀྱི་སྤྱོད་པའི་སྒྲ་དང་བཅས། །བཅུད་འཛིན་རྣ་བའི་དབང་པོར་བབ་པའི་ཚེ། །བཅུད་འདི་ལས་ལ་དབང་ཕྱིར་སོ་སོར་སྤྱོད། །ཅེས་དགོངས་པའི་གཏད་རྒྱུ་ཕུལ་བའི་རྟགས་


CMR002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རིམ་བཞིན་ངེས་པའི་ཕྱིར། སྙན་བརྒྱུད་ཐུགས་རྗེ་ཆེན་པོ་ལས། ཐུགས་རྗེ་ཆེན་པོ་ང་ཡི་སྲས། །རྡོ་རྗེ་རིན་ཆེན་པད་དཀར་མིང་། །སོ་སོའི་ལས་ཀྱི་ལོངས་སྤྱོད་བཅས། །སྨོན་ལམ་དབང་གིས་དུས་འདིར་འཛོམས། །ཞེས་གསུངས་བཞིན་ཀུན་བཟང་ཤེས་རབ་རྒྱུད་སོང་ནས་དཔེ་ཆ་འཕྲོས་གང་བྱུང་ངམ་དགོངས་ཀློང་ཡངས་པའི་མཁའ་མཉམ་མཐར་བདེ་ཞི་བར་མྱུར་དུ་སྐྱོལ་བར་ཞུ་ལགས། ཞེས་དམ་རྫས་སོ་སོ་དང་བཅས་ཞུ་ཡིག །ཅེས་པའི་བཀའ་ཤོག་བརྟན་བཞུགས་བཅས་པ་ཕེབས། དེ་རྗེས་ཟླ་བ་འགའ་ཞིག་སོང་ཙམ་ན། །བླ་མ་ཀུན་བཟང་ཤེས་རབ་དཔོན་སློབ་ཕེབས། །དཔོན་སློབ་རྣམས་ལ་དབང་ནི་འགའ་ཞིག་དང་། །རི་ཆོས་གླེགས་བམ་བཞེངས་འདུག་ལུང་ཡང་བྱས། །དོན་བརྒྱུད་གཏེར་སྟོན་ཉིད་ཀྱི་གཏེར་ཆོས་རྣམས། །བཀའ་གཏད་ལན་གསུམ་གནང་བྱུང་དེས་མཐུས་ཏེ། །ཚིག་རྒྱུན་དབང་ལུང་ཀུན་བཟང་ཤེས་རབ་ལ། །ཞུ་འདོད་ཞུས་པས་ལུང་ནི་ཕུལ་ཆོག་གི །དབང་ནི་ཁོང་གིས་བྱེད་པ་མི་སྤོབས་གསུངས། །དེ་ཚེ་ཉེ་གནས་དགེ་སློང་སྦྱིན་པ་ཡིས། །མཚམས་ཁང་འདི་རུ་བླ་མ་ཕེབས་པ་ཡང་། །ཁོ་རང་ལ་ཡང་ཨེ་དགའ་རུང་མི་རུང་། །བརྟག་པ་


CMR002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཟེར་བརྟགས་པ་བྱས་པ་ཡིས། །རྩེ་མ་འོང་ཞེས་ཟེར་བའི་སྒྲ་ཞིག་གྲག །དེ་ནས་ཕྱིར་ནངས་དབང་ལུང་ཞུ་ཁ་ཡི། །ཐོ་རངས་ཉམས་སྣང་རང་གི་མདུན་དེ་ན། །བུད་མེད་མཐིང་མདོག་གཅེར་བུ་གཅིག་གིས་ནི། །གར་སྟབས་བསྒྱུར་ཞིང་འདུག་པའི་མཐོང་སྣང་བྱུང་། །བཀའ་སྲུང་ཨེ་ཀ་ཙ་ཏི་ཡིན་ནམ་སྙམ། །དེ་ནས་བླ་མ་དཔོན་སློབ་དྲག་རིམ་ཀུན། །སྤྱི་བོར་བདུད་འདུལ་རྡོ་རྗེ་མཇལ་དུ་ཕེབས། །དཔོན་སློབ་ཞབས་ཕྱི་འགའ་ཞིག་ལུས་པ་ལ། །ཞག་བདུན་ཁྲིད་དང་དགེ་ཚུལ་སྡོམ་པ་ཕོག །གཏེར་གསར་དབང་ལུང་དམ་ཆོས་སྒོ་སྐྱེལ་ནི། །ལན་གཅིག་བྱུང་བ་ཨོ་རྒྱན་ཐུགས་རྗེ་དང་། །བཀའ་སྲུང་རྣམས་ཀྱི་ཕྲིན་ལས་ཡིན་པར་གོ །ཀཿཐོག་གྲྭ་པ་འགའ་ཞིག་ཁ་ངག་ལ། །ཀརྨ་ཆགས་མེད་ཚེ་མཚམས་སྤྲུལ་སྐུ་སོགས། །ཨོ་རྒྱན་དྲུང་དུ་དབང་ལུང་མཉམ་དུ་ཐོབ། །དབང་ལུང་མི་དགོས་གཏེར་ཆོས་ཐེང་བས་ཆོག།དེ་སྐད་གཏེར་སྟོན་ཉིད་ཀྱིས་གསུངས་ཞེས་ཟེར། །དེ་འདྲ་ཅལ་སྒྲོག་གཏམ་ནི་ཡིན་སྙམ་ཡང་། །གཏེར་སྟོན་ཉིད་ཀྱིས་ཀུན་བཟང་ཤེས་རབ་ལ། །གནང་བའི་བཀའ་ཤོག་འདུག་པ་འདི་ལྟ་སྟེ། །བླ་མ་ཀུན་བཟང་ཤེས་རབ་ཨོ་རྒྱན་དཔོན་སློབ་


CMR002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབང་རྣམས་ཀྱི་གྲལ་དང་། རྗེ་བེ་རོ་ཙཱ་ན་རྒྱལ་མོ་ཚ་བའི་རོང་ནས་ཡར་ཕེབས། རྗེ་འབངས་ཐམས་ཅད་ཐེ་ཚོམ་གྱི་དྲི་མ་དག་པའི་སྐབས་སུ་རྗེ་འབངས་ཉེར་ལྔའི་འཁོར་བཅས་ལ་མན་ངག་གི་ཞལ་གདམས་རེ་རེ་གནང་དུས་སུ། རྒྱལ་བ་བྱང་ཆུབ་ཅེས་པ་འདུག་ཅིང་བེ་རོ་ཙཱ་ནའི་ཞལ་གདམས་ལའང་དབང་སྐལ་འདུག །འདིར་ཡང་ཡེ་ཤེས་རབ་འབར་ལུང་བྱང་ལས། སེང་གེ་གསུམ་དང་ཤེས་རབ་རྣམ་པ་གསུམ། ཞེས་ཤེས་རབ་གཅིག་ཡིན་པའི་རྟགས་བྱུང་ཞིང་ཡེ་ཤེས་རབ་འབར་དཔེ་བཅུ་བཤོས་པའི་སྐབས་སུ། ཀརྨ་ཆགས་མེད་དང་། ཚེ་མཚམས་སྤྲུལ་སྐུ་དང་། ཀུན་བཟང་ཤེས་རབ་གསུམ་ཀློང་གསལ་རྡོ་རྗེ་སྙིང་པོའི་ཡི་དམ་རྩ་གསུམ་ལ་དབང་བའི་རྟགས་མཚན་འགའ་བྱུང་བ་དང་། ཡང་ཕྱིར་འོང་བའི་སྐབས་ལམ་ཐོག་ཏུ་བི་མ་ལའི་སྙིང་ཐིག་གི་ཆོས་བདག་དང་། ཁྱད་པར་རིལ་བུ་བསྒྲུབས་ན་སྐུ་ཚེ་ལ་ཕན་པའི་བརྟག་པ་གསལ་ཆ་བྱུང་བའི་ཕྱིར། ཕྱོགས་ཀྱི་ཆར་ཁོ་བོའི་སྐུ་ཚབ་ཡིན་པའི་ཕྱིར། མཛད་པའི་ཚུལ་དེ་བཞིན་མཛོད་ཅིག །བདག་ལ་ཁྱད་པར་མེད་ཀྱང་པདྨའི་བཀའོ། །ཞེས་པ་འདུག་ཕྱིར་མཛེས་ཆོས་ངོ་འཇོག་སོགས། །མིན་པར་ཆོས་བདག་ལུང་ཟིན་ཡིན་པར་


CMR002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གཏེར་སྟོན་ཉིད་ཀྱིས་ཞལ་ནས་ཆོས་བདག་རྣམས། །མིན་ལ་ཡིན་སོགས་བརྫུན་ཚིག་མཛེས་ཆོས་སོགས། །ཁོ་བོའི་ནམ་ཡང་སྨྲས་པ་མེད་དོ་ཞེས། །དེ་དོན་ཡང་ཡང་ཞལ་ནས་གསུངས་སོ་སྐད། །དེ་སྔོན་བླ་མ་ཕྲིན་ལས་ཕེབས་པའི་ཚེ། །རྡོར་ཕྲེང་དབང་འདིར་རང་ཚང་བཀའ་བབ་ཡིན། །འདི་ཡི་གབ་འཁྲུགས་རྣམས་ཀྱང་འབྱེད་དཀའ་བས། །འདི་ལ་བལྟས་ཆོག་ཁྱེར་བདེ་མཛད་དགོས་ཟེར། །འདི་ནི་བསྟན་པ་སྤྱི་ཡི་གཞུང་ཆེན་ཏེ། །དེ་ཡི་བཀའ་བབ་རང་རེ་ག་ལ་ཡིན། །ཡོངས་གྲགས་དགེ་བཤེས་ཆེན་པོ་མ་ཡིན་པ། །བདག་འདྲ་བྱ་བྲལ་རྨོངས་པས་བསྒྲིགས་ན་ཡང་། །སུས་ཀྱང་མི་བྱེད་འཕྱ་རྟེན་ཡིན་ནོ་སྨྲས། །བླ་མ་ཆེན་པོ་རྣམས་ཀྱིས་མཛད་པ་ཡང་། །རང་རང་རྗེས་འཇུག་མིན་ལ་དར་བ་མེད། །ཁྱེད་ཀྱི་སློབ་བུ་སློབ་ཕྲན་མང་བའི་ཕྱིར། །དེ་དག་རྣམས་ལ་ཕན་ཐོགས་ཆེའོ་ཟེར། །དེ་དུས་ཁས་མ་བླངས་ཀྱང་དེ་རྒྱབ་ཞིག །མར་མེ་བརྒྱ་རྩ་ཚོགས་བརྒྱ་མཎྜལ་བརྒྱ། །སྟོང་ཕྱག་འབུམ་འགྱུར་ཟླ་བའི་ནང་དུ་བྱས། །དངུལ་དང་ཤོག་བུ་ཚན་ཆེར་མཎྜལ་ཕུལ། །བརྟགས་པ་བྱས་པས་གཞན་ཕན་འབྱུང་ལྟས་མཐོང་། །དེ་ཕྱིར་རྡོར་ཕྲེང་རྡོག་དཀྱིལ་


CMR002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་ཆོག་བྱས། །རང་གི་བུ་ཆེན་པདྨ་རིག་འཛིན་དང་། །མཆིམས་ཕུར་ལོ་གསུམ་ཙཱ་རིར་ལོ་གསུམ་བསྒྲུབས། །ཙཱ་རིའི་སྐོར་ལམ་ཞབས་རྗེས་གཉིས་བཞག་པ། །ཀུན་ཀྱང་དད་ཅིང་སློབ་མ་མང་དུ་འདུས། །ཆེས་ཀ་རྣམས་གཏོར་རྒྱ་གར་འབྱོན་ཤོམ་ཚེ། །འབུལ་ཕུད་ཡིན་ཟེར་རྒྱ་སིལ་བཟང་པོ་དང་། །ཡོལ་བ་གསེར་སྐུ་རྒྱ་ནག་མ་གཉིས་དང་། །ཙཱ་རི་སིནྡྷུ་རྡོ་རྗེ་གདན་གྱི་རྩྭ། །བྱིན་རླབས་རྟེན་སོགས་འབུལ་བ་མང་པོར་བཅས། །རྟོགས་ལྡན་གཉིས་བཏང་ཞུ་ཡིག་བརྟན་བཞུགས་ནི། །ན་མོ་གུ་རུ་བྷེ། བཀྲ་ཤིས་ཐོག་མའི་ཆོས་དབྱིངས་རྣམ་དག་འཕྲུལ། །དཔལ་ལྡན་སྐུ་ཡི་འོད་གསལ་དཀྱིལ་འཁོར་རྒྱས། །ངོ་མཚར་མཛད་བཟང་ཟིལ་སྟོང་འཁོར་མོར་འགྱེད། །དཔལ་ལྡན་ཀུན་བཟང་བླ་མ་མཆོད་གྱུར་ཅིག ༧ །གང་དེའི་ཞབས་རྡུལ་པདྨོའི་དྲུང་། །ཅོད་པན་འདུད་དེ་གསོལ་བ་ནི། །སྐུ་ཚེ་ཞེས་པ་རླུང་ཡིན་པས། །རླུང་ནི་ཡེ་ནས་རང་དག་པས། །སྐྱེ་འཆི་གདོད་ནས་མེད་པའི་དོན། །ཁྱེད་ཀྱང་ཡིན་ལ་རྟོགས་བཞིན་དུ། །དུས་གསུམ་འགྱུར་མེད་ཞབས་བརྟན་གསོལ། །སྒྱུ་མའི་ངོས་སྣང་མ་མཇལ་བས། །སྤྲུལ་པའི་རོལ་པ་མི་གཡོ་འཚལ། །ཅེས་པ་ཞུ་ཡིག་གཏམ་སྙན་


CMR002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཕེབས། །རྟོགས་ལྡན་དེ་གཉིས་དབང་ལུང་དགེ་ཚུལ་བསྒྲུབས། །འབྲི་ཆུ་རྒྱུད་དུ་བཞུགས་པའི་བླ་མ་ནི། །གཏེར་རྙིང་རྣམས་ལས་ལུང་བསྟན་གསལ་བ་ཡི། །རིག་འཛིན་བུདྡྷ་བཛྲ་ཞེས་བྱ་བ། །བཀའ་ཤོག་རྟེན་བཅས་བརྟན་བཞུགས་གནང་བ་ནི། །རྒྱལ་བ་རྒྱ་མཚོའི་དགོངས་པ་ཡོངས་རྫོགས་ཤིང་། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་བསྒྲུབ་པའི་ཕྱིར། །རྒྱལ་བསྟན་ཉིན་མོར་བྱེད་པའི་དོན་ཆེད་དུ། །རྒྱལ་སྲས་ཀརྨ་ཆགས་མེད་བརྟན་བཞུགས་གསོལ། །སྲིད་པ་ཇི་སྲིད་བར་དུ་བཞེས་པའི་དོན། །འགྲོ་གྲོལ་སྟོན་སླད་མཚན་ལྡན་བླ་མ་མཆོག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཞིང་འདིར་ཡང་། །གཡུང་དྲུང་འཇིག་པ་མི་མངའ་བཞུགས་གསོལ་འདེབས། །རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་བྱིན་གྱིས། །རེས་མཐུན་མཐར་སྲོག་གསོ་བ་འདོད་འཇོའི་མ། །ཟབ་གཏེར་གཏེར་འཛིན་ཀརྨ་ཆགས་མེད་ཀྱི། །སྐུ་ཚེ་རབ་བསྟན་ཕྲིན་ལས་རྒྱས་གྱུར་ཅིག །ཀཿཐོག་པ་ཡི་རིང་ལུགས་འཛིན་པ་ཡིས། །བླ་མ་བཀྲ་ཤིས་བློ་གྲོས་ཞེས་བྱ་བས། །འབུལ་བ་སུམ་རྩག་དང་བཅས་བརྟན་བཞུགས་ནི། ༈ ན་མོ་གུ་རུ་ཝེ། དཔལ་ལྡན་ཡེ་ཤེས་འཁོར་ལོའི་གཟི་བྱིན་ཀུན་


CMR002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབར་བའི་འཕྲུལ། །དག་པ་རབ་འབྱམས་རྒྱལ་བའི་ཞིང་ཀུན་རྣམ་པར་མཛེས་པའི་དཔལ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གོང་བུ་རིག་འཛིན་པདྨ་རྒྱལ། །དད་བརྒྱའི་འདབ་སྟོང་ཀུན་ཏུ་གཡོ་བས་ཕྱག་འཚལ་མཆོད་ཚོགས་འབུལ། །འགྲོ་ཀུན་ཆོས་བཟོད་མ་ཐོབ་དེ་སྲིད་དུ། །མགོན་ཁྱོད་རྫུ་འཕྲུལ་རྐང་པ་བཞི་ཁྲིའི་སྟེང་། །འགྲོ་ཁམས་ཉིན་མོར་ཡར་འདོགས་མཛད་སླད་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །སྔར་འདས་རྒྱལ་བས་མ་ཐུལ་ད་དུས་འགྲོ། །ཁྱེད་ཀྱིས་བྱམས་པའི་ཕྱག་གིས་མི་འཛིན་ན། །དམུས་ལོང་ལྟ་བུའི་འགྲོ་རྣམས་སུ་ལ་རེ། །དེ་ཕྱིར་བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །འདི་དག་སྐབས་སུ་བུག་སྒོ་ཆོས་བཤད་ཀྱིས། །དབང་ལུང་ཁྲིད་སོགས་ཞུ་མཁན་ཤིན་ཏུ་མང་། །སྐྲ་ཕུད་རབ་བྱུང་བསྙེན་རྫོགས་ཞུ་མཁན་མང་། །བར་སྐབས་རྣམས་སུ་ཐལ་ཐོལ་མང་ཞིག་བྱུང་། །གསར་དུ་སློབ་དང་སྔར་གྱི་སྔགས་པའི་རྒྱུན། །དབང་ལུང་ཞུ་དང་སྔགས་ཡོན་གསར་སློབ་མཁན། །མང་དུ་བྱུང་བ་རྣམས་ལ་ཕན་པའི་ཕྱིར། །ས་རྩིས་རྡུང་དང་གཏོ་ཆོག་ལ་སོགས་ཀྱིས། །ཁྱེར་བདེར་འགྲིགས་ཆོག་མང་དུ་བྱས་པ་ནི། །ཡིག་དྲུག་


CMR002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་པའི་རྐྱེན་དུ་གྱུར་ན་ཡང་། །ད་ནི་དུས་སྙིགས་ལྷ་སྲིན་ཁ་དར་བས། །མི་རྣམས་ཀུན་ལ་ན་ཚ་ཇེ་རྒོད་འོང་། །དེ་དུས་རིམ་གྲོ་མི་བྱེད་ཀ་མེད་ཀྱང་། །སྔགས་པ་རྣམས་ཀྱིས་ཇི་བཞིན་ཤེས་པ་ཉུང་། །སློབ་དཔོན་མི་བསྟེན་ཕྱག་ལེན་ཅི་དྲན་བྱེད། །མགོ་མེད་མཇུག་མེད་དཔེ་འདོན་རྔ་སྒྲོག་བརྡུངས། །ཡོན་བདག་རྣམས་ཀྱིས་རྐྱེན་ཟློག་དེ་ལ་རེ། །དེ་དག་རྣམས་ལ་ཕན་པའི་སེམས་བསྐྱེད་ནས། །སློབ་དཔོན་མི་དགོས་དཔེ་ཆས་ཆོག་པ་བཀོད། །ཕྱི་རབས་སྔགས་ཆུང་རྣམས་ལ་བཞག་པ་ཆེ། །རྫ་ཡི་བླ་མ་ཀརྨ་འདུལ་བ་དེས། །སྐུ་རྟེན་སངས་རྒྱས་སྟོང་གཟུགས་ཁྲི་ར་ཅན། །གསུང་རྟེན་རྒྱས་འབྲིང་རྣམ་གསུམ་བསྐལ་བཟང་དང་། །གྲྭ་ཏོག་གསེར་གསུམ་རྣམས་ལ་བརྒྱ་ཚར་རེ། །ཐུགས་རྟེན་བྱང་ཆུབ་མཆོད་རྟེན་མི་ཚད་གཉིས། །མདའ་ཚད་གསུམ་སོགས་གྲུབ་ནས་ཡོད་པ་རྣམས། །དེ་དག་ཞུ་བའི་རྟེན་དུ་མཎྜལ་ཕུལ། །གུ་རུ་དྲག་པོའི་ལས་བྱང་འབྲུ་འགྲེལ་དང་། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་དོན་བསྡུས་དང་། །མགུར་དང་ཞལ་གདམས་དགོས་གསུངས་བཀའ་ཤོག་བྱུང་། །གུར་དྲག་འབྲུ་འགྲེལ་ཤིན་ཏུ་གཉན་ན་ཡང་། །ཁོང་གིས་ངག་བཅད་གུར་དྲག་


CMR002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུང་བཟླས་ཤིང་། །གུར་དྲག་འགྲུབ་པའི་བཀའ་ཡི་རིག་འཛིན་དུ། །གཏེར་གཞུང་ཉིད་ནས་ལུང་བསྟན་དོན་གྱིས་གསལ། །དེ་ཕྱིར་བཀའ་གསུང་མ་བཅག་བྲི་བར་བྱས། །ཁོང་གིས་བསྒྲུབས་ཚར་ད་ནི་མི་དགོས་ཀྱང་། །མ་འོངས་གསར་པ་རྣམས་ལ་ཕན་པར་གོ །དེ་བཞིན་བླ་མ་སངས་རྒྱས་རྡོ་རྗེ་ཡིས། །གནམ་ཆོས་དགོངས་གཏེར་དབང་སྣ་མང་པོ་ཡིས། །དབང་སྒྲུབ་ལོ་རྒྱུས་དབང་དང་བཅས་པ་རྣམས། །བསྒྲིགས་ཆོག་མཛོད་ཅེས་གསུང་གིས་བསྐུལ་བ་ཡང་། །མཁས་པ་ཁོང་འདྲར་བསྒྲིགས་ཆོག་མི་དགོས་ཀྱང་། །དགེ་བཤེས་གསར་བུ་རྣམས་ལ་ཕན་སྙམ་བསྒྲིགས། །སྔོན་དུ་མི་འགྱུར་རྡོ་རྗེའི་གནམ་ཆོས་ལ། །རླུང་ཁྲིད་རྩ་ཚིག་ལྡེབ་མ་དྲུག་བདུན་བྱུང་། །དོན་ནི་ཟབ་ཀྱང་བཤད་འཚོང་མི་འདུག་པས། །དེ་ཡི་འབྲེལ་བ་ཁྲིད་ཡིག་རྩོམས་ཤིག་གསུངས། །བདག་གིས་བརྩམས་པའི་ཁྲིད་ཡིག་དེ་ཉིད་ཀྱིས། །སྤྲུལ་སྐུ་ཉིད་ཀྱིས་ལན་མང་ཁྲིད་བཙུགས་པ། །དེ་ལ་བདུན་བས་མང་ནས་མི་ཚུད་ཀྱང་། །བདག་ལ་དེ་ཡི་དབང་ལུང་ཐོབ་པ་རྣམས། །བདུན་ལ་མི་བརྩི་མང་པོ་ཚུད་དོ་སྐད། །དེ་ཕྱིར་དབང་ལུང་ཞུ་མཁན་མང་དུ་བྱུང་། །སྤྲུལ་སྐུ་ཉིད་ཀྱི་རླུང་ཁྲིད་བཙུགས་པ་


CMR002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཞག་ནི་གསུམ་ལྔ་བདུན་ནས་དྲོད་སྐྱེ་ཞིང་། །ཞག་བཅུ་ནས་ནི་རས་རྐྱང་ཆུ་རས་ཐུབ། །དེ་ལས་བསྲིང་བའི་ཁྲིད་ཀྱང་མི་མཛད་སྐད། །རས་རྐྱང་ཐུབ་པ་བརྒྱ་ཤར་ཙམ་ཞིག་བྱུང་། །སློབ་མ་དྲག་རིམ་རྣམས་ཀྱིས་ཁྲིད་དེ་བཙུགས། །ཟླ་བ་རེ་ནས་ཕལ་ཆེར་ཆུ་རས་ཐུབ། །དྲག་རིམ་རས་རྐྱང་ལྔ་རེ་སྐམ་ཐུབ་ཟེར། །རླུང་ཁྲིད་དཔེ་ཆ་བདག་གིས་བྲིས་པ་དེ། །ཚུར་ལ་བསྐུར་རྗེས་སྤྲུལ་སྐུ་ཞིང་བརྗེས་འདུག །བདག་ལ་རླུང་ཁྲིད་ཞུ་ཟེར་མང་དུ་བྱུང་། །བདག་གིས་རས་རྐྱང་བྱས་པ་མ་འགྲུབ་སྟེ། །གཞན་ལ་བཙུགས་པས་ཕན་ནམ་མི་ཕན་སྙམ། །སྤྲུལ་སྐུ་འདིས་ཁ་ཁྲིད་དཔེ་བསྐུར་བ་དེ། །རྒྱུད་པ་གཏད་པ་ཡིན་པར་གོ་ནས་བཙུགས། །དྲག་རིམ་ཞག་པོ་ལྔ་ནས་དྲོད་སྐྱེས་ཤིང་། །ཞག་བཅུ་ཙམ་ནས་གཟན་རྐྱང་ཐུབ་པ་དང་། །བདུན་གསུམ་ཙམ་ནས་ཆུ་རས་བསྐམས་པ་བྱུང་། །དྲུང་པས་གཟིགས་པས་ཐུགས་དགྱེས་ངེས་ཤེས་མཛད། །དེ་ཕྱིར་ལོ་མང་རླུང་ཁྲིད་མང་དུ་བཙུགས། །རྟགས་ཐོན་རང་གཞན་ཐམས་ཅད་ངེས་ཤེས་སྐྱེས། །དེ་བཞིན་གནམ་ཆོས་འཕོ་ལུང་རྩ་ཚིག་ལ། །སྤྲུལ་སྐུའི་བཀའ་བཞིན་ཁོ་བོས་ཁྲིད་ཡིག་བརྩམས། །སྤྲུལ་སྐུ་ཉིད་ནི་སྨོས་ཀྱང་ཅི་


CMR002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། །ཁྲིད་ཡིག་དེ་ཡིས་འཕོ་ལུང་བཙུགས་ཚད་ལ། །ཞག་གསུམ་ཙམ་ནས་སྤྱི་བོ་སྐྱང་པ་དང་། །ཁྲག་དང་ཆུ་སེར་ཐོན་སོགས་རྟགས་མཚན་ཐོན། །འཕོ་ལུང་དེ་ཉིད་མང་དུ་བཙུགས་མཁན་རྣམས། །ཞག་རེའམ་ནི་ཇ་ཡུན་ཙམ་ཉིད་ནས། །རྟགས་མཚན་ཐོན་པ་མང་དུ་བྱུང་འདུག་པས། །གནམ་ཆོས་ཟབ་པར་ཀུན་ལ་ཡོངས་སུ་གྲགས། །དེ་བཞིན་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི། །འདོན་ཆ་སྒྲུབ་ཐབས་ཟིན་བྲིས་བདག་གིས་བཀོད། །དེ་ལ་སྒྲུབ་པ་བྱེད་པ་འགའ་བྱུང་བས། །ཉམས་དང་རྨི་ལམ་འོད་དཔག་མེད་མགོན་ནི། །མཇལ་སོགས་རྟགས་མཚན་ཐོན་པ་མང་དུ་བྱུང་། །སྔར་དུས་ལྷ་མོ་བརྒྱ་རྩ་བསྒྲིགས་པ་དེ། །བཅས་པས་ནད་མུ་འཕྲལ་དུ་ཆད་པ་དང་། །ལྷ་མོའི་རྟགས་མཚན་ཐོན་པ་འགའ་ཞིག་བྱུང་། །དེ་བཞིན་དགོངས་འདུས་ཀླུ་སྨན་རིལ་བུ་བསྒྲུབས། །དེ་ཉིད་གཞན་ལ་བྱིན་དང་བསྐུར་བ་ཡིས། །འདོད་བཞིན་ཆར་པ་འབེབས་པ་ལན་མང་བྱུང་། །བདུད་འདུལ་རྡོ་རྗེ་ལ་སོགས་གཏེར་ལུང་ལས། །ལོ་ཉེས་རིམ་པར་མུ་གེ་འབྱུང་གསུངས་པས། །དེ་ལ་ཕན་ཕྱིར་སྙིང་གཏེར་གསར་དུ་བསྒྲིགས། །དེ་ལ་ནང་ཆེན་རྒྱལ་པོའི་ལེགས་སོ་གསུངས། །ཡུལ་ཕྱོགས་


CMR002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་བུམ་པ་སྦ་རྒྱུ་བསྐུར། །སྦས་ཕྱོགས་རྣམས་སུ་ཆར་ཆུ་དུས་སུ་བབ། །ལོ་ཏོག་སྐྱེ་འཁྲུངས་བཟང་ཞེས་ལེགས་པར་ཐོས། །དུས་ཕྱིས་ལྷ་སྲིན་ཁ་དར་སེར་བ་རྒོད། སྔགས་པ་རྣམས་ཀྱིས་སེར་བ་མ་ཐུབ་ཀྱང་། །སྔར་གྱི་ཕ་མྱེས་བཞག་པ་སེར་གླ་ཟ། །སེར་བའི་ཁག་ཁུར་རི་ཁྲོད་པ་ཚོས་དགོས། །སེར་བ་མ་ཐུབ་རི་ཁྲོད་ཆགས་ཐབ་དཀའ། །ཁོང་རྣམས་སྐྲག་ནས་ང་ལ་རྒྱབ་རྟེན་ཞུ། །བདག་གིས་སེར་སྲུང་བྱེད་པ་མ་ཡིན་ཀྱང་། །གཞི་བདག་རྣམས་ལ་ལན་རེ་བཀའ་བསྒོ་ཙམ། །རྡོ་རྗེ་མཆུ་འམ་བསྔགས་པའི་རྡོ་དཀར་ནི། །རེ་ཟུང་ཙམ་རེ་བསྐུར་བར་བྱས་པ་ཡིས། །དེ་འདྲ་དེ་སྔོན་ལོ་གྲངས་བཅུ་བཞི་ལྔར། །སོང་སྟེ་དེ་སྔ་སེར་བའི་དགྲ་མ་བྱུང་། །ཁོ་བོ་ངག་ནུས་ཆེ་བ་མ་ལགས་ཏེ། །ཨོ་རྒྱན་ཆེན་པོའི་རྗེས་སུ་ཞུགས་པའི་མཐུས། །ལྷ་འདྲེ་རྣམས་ཀྱིས་རྩིས་འཇོགས་བྱེད་པར་མངོན། །དེ་བཞིན་སྲིའུ་ཅིས་ཀྱང་མ་སོས་ནས། །བདག་ལ་སྐྱབས་ཞུ་ཟེར་བ་འགའ་རེ་བྱུང་། །སྲིའུ་ཅི་བཞིན་གསོ་བ་མི་འཁྱོངས་ཀྱང་། །བསྲུང་བ་སྣ་རེ་བཏགས་དང་དམིགས་རིམ་ཙམ། །ཡུན་རིང་བསྒོམས་པས་ཕན་ཐོགས་ཟེར་བ་དང་། །ལེགས་སོ་གཏང་རག་བྱེད་


CMR002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འགའ་རེ་བྱུང་། །བསྟབ་པ་ཞུ་དང་བརྟག་པ་ཞུ་མཁན་མང་། །ལོ་གྲངས་ཤེས་ན་འཇམ་དབྱངས་གསུངས་བཞིན་དང་། །མི་ཤེས་ཨོ་རྒྱན་དམ་པ་རྒྱ་གར་གྱི། །གསུངས་པའི་རྟེན་འབྲེལ་བརྟག་པའི་གཞུང་བཞིན་དུ། །རིམ་གྲོ་ལ་སོགས་ལུང་བསྟན་བྱེད་པ་ཡིན། །མགོ་སྐོར་རྫུན་ཚིག་སྨྲས་པ་ཅིག་ཀྱང་མེད། །བྱང་ལུང་གནང་དགོས་ཟེར་བ་འགའ་བྱུང་བས། །བདག་ལ་མངོན་ཤེས་མེད་ཕྱིར་མི་ཤེས་སྨྲས། །སྐྱེ་གནས་སྐྱེ་སྒོ་ཆོད་སོགས་དྲིས་བྱུང་ཚེ། །འཇམ་དབྱངས་གསུངས་པའི་ཤེས་རབ་ལས་རྩིས་དང་། །རིགས་པས་དཔྱད་ན་འདི་ལྟར་འདུག་གོ་ཞེས། །དགེ་བསྐུལ་འོང་བར་འདུག་ཕྱིར་མཚམས་པར་སྨྲས། །དེ་ཡང་མངོན་ཤེས་མེད་སྨྲས་དག་འཐར་ནས། །མི་ཆོས་བླ་མའི་རྫུན་དུ་མི་འགྱུར་བྱས། །རྒྱུན་དུ་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་དང་། །གསར་རྙིང་གནམ་ཆོས་བཅས་པའི་གཏོར་བསྔོས་དང་། །བཀའ་སྲུང་རྣམས་ཀྱི་གཏོར་བསྔོས་ཆག་མེད་དེ། །ཉ་མཚམས་བརྒྱད་གསུམ་གཏོར་མ་བཏང་བ་དང་། །དགོང་མོ་བཀའ་སྲུང་གསོལ་ཁ་རྒྱས་པ་རྣམས། །ཚེས་བརྒྱད་སྔ་དྲོ་སྒྲོལ་དཀར་བཅུ་གཅིག་ཞལ། །ཆོ་ག་རྒྱས་པ་སྨན་བླ་བསྡུས་པ་གཏོང་། །ཚེས་བཅུའི་སྔ་དྲོ་


CMR002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཁྲིད་འདོན་ཆ་དང་། །ཚེ་སྒྲུབ་གསང་འདུས་གནམ་ལྕགས་རྡོ་རྗེ་དང་། །ཚ་བ་དམར་ཐག་རྩེ་གསུམ་མཆོད་ཕྲེང་དང་། །མེ་ཏོག་ཕྲེང་མཛེས་བཀའ་ཕུར་བསྡུས་པ་གཉིས། །གནམ་ཆོས་གུ་རུ་ཞི་དྲག་མ་ནིང་གསུམ། །ལས་བྱང་དེ་རྣམས་སྤྱི་སོར་ཚོགས་མཆོད་དང་། །རྟ་ནག་དྲེགས་པ་བཙན་རྒོད་ཁ་མོ་ཆེ། །ཆོ་ག་རང་གིས་ཅུང་ཞིག་བསྡུས་པ་དང་། །བཀའ་བརྒྱད་བཀའ་སྲུང་ཕུར་སྲུང་བསྟོད་བསྐུལ་དང་། །བཀའ་བརྒྱད་ཟློག་པ་འཇའ་ཚོན་པ་ཡི་ལུགས། །གསང་འདུས་ཆད་མདོ་བརྟན་སྐྱོང་རྗེས་ཆོག་བཅས། །ནུབ་མོ་ཉལ་ཁ་རིག་འཛིན་བྱིན་འབེབས་བྱས། །བཅོ་ལྔ་སྔ་དྲོ་གནས་ཆོག་རྒྱས་པ་དང་། །དེ་ཞོར་བྱང་སྡོམ་རྒྱས་པ་ལེན་པར་བྱས། །དེ་ཉིན་གསོ་སྦྱོང་བྱིན་བརླབ་བྱ་བའམ། །ཡང་ན་ཞི་གནས་གསོ་སྦྱོང་ཐུན་རེ་སྒོམས། །བཅུ་དགུ་ཉི་ཤུ་དགུ་གཉིས་འདྲ་བ་ལ། །ཕྱག་བཞི་པ་ཡི་ཆོ་གིས་ཁོག་ཕུབ་ནས། །ཆོས་སྐྱོང་སྤྱི་ཡི་གཏོར་ཆོག་མདོར་བསྡུས་དང་། །གསོལ་སྤྱང་བསྐང་སྤུང་སྤྱི་ཡི་ཚོགས་མཆོད་གཅིག །གཞི་བདག་གཏོར་མ་བཟློག་སྤུང་བཅས་པ་འདོན། །ཁྱད་པར་བཅུ་དགུའི་སྔ་དྲོ་གཏུམ་ཆུང་དང་། །ནཱ་ག་རཀཱའི་གཏོར་ཆོག་འདོན་པ་ཡིན། །


CMR002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉེར་དགུའི་སྔ་དྲོ་གཏུམ་ཆུང་དང་། །ཁྲོ་ཆུ་དུག་གདོང་ལས་བྱང་འདོན་པ་ཡིན། །གནམ་གང་སྔ་དྲོ་སྨན་བླའི་ཆོ་ག་འདོན། །དགུ་གསུམ་ཕྱི་དྲོར་དྲང་སྲོང་གཏོར་ཆུང་འབུལ། །ཚེས་དགུ་བཅུ་གཅིག་ཉེར་བཞི་ཉི་ཤུ་དྲུག །ལྷ་མོའི་དུས་ཆེན་ཡིན་པས་གཏོར་འབུལ་བྱས། །དེ་དག་རྣམས་སུ་དུས་གཏོར་བཅའ་དགོས་པས། །མཆོད་གཡོག་རྣམས་ཀྱིས་འཁྱོང་བར་དཀའ་བ་དང་། །འབྲོག་པ་ཡིན་ན་ཁྱེད་ཚང་དུས་གཏོར་འདི། །བཅའ་རྒྱུ་རྙེད་པར་མི་འདུག་དྲུང་པས་གསུངས། །གཞན་ཡང་ཉེར་གསུམ་ཉིན་པར་སློབ་དཔོན་དང་། །སྤྲུལ་སྐུ་དང་ནི་ཆོས་དབང་དུས་མཆོད་ལ། །གསང་འདུས་བུམ་སྒྲུབ་ཆོ་ག་རྒྱས་པ་དང་། །ཞི་ཁྲོའི་ལས་བྱང་ཚོར་གྲོལ་སྙིང་པོ་དང་། །ནོར་ལྷ་སྤྱི་གཏོར་གཡང་འགུགས་བཅས་པ་དང་། །རེ་མན་དང་ཤན་པ་ལུང་བཙན་བཅས། །གསང་འདུས་ཚོགས་དང་བཀའ་སྲུང་བསྡུས་པ་དང་། །ཆད་མདོ་བརྟན་སྐྱོང་རྗེས་ཆོག་བཅས་པ་བྱ། །དེ་ཉིན་གཏོར་མ་ཚར་གཅིག་གཏོང་བ་ཡིན། །ཉི་ཤུ་བརྒྱད་ལ་ཡབ་སྲས་དུས་མཆོད་དང་། །བླ་མ་མཆོད་སོགས་འདོན་ཆོག་རྒྱས་པ་དང་། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དང་། །ཚེ་རིང་མ་


CMR002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇམ་དཔལ་ཀིང་ཀང་འདོན། །རྒྱལ་བ་རྒྱ་མཚོའི་སྒོ་ནས་ཚོགས་མཆོད་དང་། །ཡི་དམ་ཆོས་སྐྱོང་སྤྱི་ཡི་གཏོར་འབུལ་དང་། །ཕྱག་བཞི་པ་དང་ཞིང་སྐྱོང་ཚེ་རིང་མའི། །གཏོར་འབུལ་གཞི་བདག་དཀར་གཏོར་དང་བཅས་ཕུལ། །དེ་ལྟར་ཟླ་གཅིག་ནང་དུ་ཉི་མ་བདུན། །བཅའ་རྒྱུ་འདོན་རྒྱུ་གཉིས་ཀ་མང་བ་དང་། །མར་ངོའི་ཚེས་བཅུ་ཉི་ཤུ་ལྔ་ཡི་ཉིན། །བཅའ་ནི་མི་ཐུབ་ཕུགས་གཏོར་གསོ་བ་དང་། །སྙན་བརྒྱུད་མཆོག་གི་བླ་མའི་རྣལ་འབྱོར་དང་། །སྙན་བརྒྱུད་བདེ་མཆོག་ཕྱི་སྒྲུབ་འདོན་བྱས་ནས། །ཕྱི་སྒྲུབ་ཞི་བ་པདྨ་འོད་འབར་དང་། །རཏྣ་ལུགས་ཀྱི་གུ་དྲག་ལས་བྱང་དང་། །འཇའ་ཚོན་ལུགས་ཀྱི་དྲག་སེང་གཉིས་ཀ་འདོན། །དེ་ལྟར་རྒྱུན་ཁྱེར་དང་ནི་དུས་མཆོད་མང་། །ལོ་མང་བར་དུ་མཚམས་ནི་བསྡམས་བྱས་ནས། །བསྙེན་པ་ཐོན་རྒྱུ་མེད་པ་དེ་ཡིས་ལན། །དུས་མཆོད་དེ་དག་འགྱུར་ནི་ཆེ་བའི་ཕྱིར། །འདི་རུ་བྲི་བར་མི་ལོང་རྒྱ་ཆེའོ། །དེ་ལྟར་ལོ་གྲངས་དྲུག་བདུན་མཚམས་བསྡམས་ཀྱང་། །ངག་མཚམས་དམ་པོ་བྱེད་རྒྱུ་མ་བྱུང་སྟེ། །བུག་སྒོ་ཆོས་བཤད་དབང་ལུང་ཁྲིད་ཞུ་མང་། །འོན་ཀྱང་ཨོ་རྒྱན་ཆེན་པོ་རྡོ་རྗེའི་གསུང་། །ཆུ་ཆེན་འགྲམ་གྱི་ས་ཡིས་


CMR002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འགག་གཅིག་ཏུ། །མཉན་པས་རྟེན་བཅའ་གྲུ་སྐྱ་མང་དུ་འཚགས། །ཕར་ཀར་འགྲོ་མི་གང་བྱུང་གྲུ་ལས་ཕུད། །དེ་ཡི་གྲུ་གླས་མཉན་པ་འཁོར་བཅས་འཚོ། །དེ་བཞིན་དབང་ལུང་ཁྲིད་ཀྱིས་ཕྱུག་པའི་མི། །གར་ཡང་མི་འགྲོ་གནས་གཅིག་མཚམས་བསྡམས་ནས། །དབང་ལུང་ཁྲིད་སོགས་དོན་གཉེར་གང་བྱུང་རྣམས། །སོ་སོའི་རེ་བ་བསྐང་བར་བྱེད་པ་ནི། །མཉན་པ་ལྟ་བུའི་འགྲོ་དོན་ཡིན་པར་གསུངས། །ད་དུང་ད་ལོ་སང་ལ་དེ་ལྟར་བགྱིད། །སང་ཙམ་འཆི་འམ་ཚོད་འཛིན་མི་འདུག་ཀྱང་། །དེ་ནས་ཚེ་དང་སྒྲུབ་པ་མཉམ་མོ་བསམ། །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ཕྱི་ཡི་རྣམ་ཐར་ཧྲག་བསྡུས་སྙན་ངག་བསྟོད་པ་དང་བཅས་ཁེངས་སྐྱུང་མེད་པའི་དྲངས་གཏམ།next