Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ནང་གི་རྣམ་ཐར་ཕལ་ཆེར་གསལ་བ།
   
   
   
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ནང་གི་རྣམ་ཐར་ཕལ་ཆེར་གསལ་བ།next

དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ནང་གི་རྣམ་ཐར་ཕལ་ཆེར་གསལ་བ།


CMR002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ནང་གི་རྣམ་ཐར་ཕལ་ཆེར་གསལ་བ་བཞུགས་སོ།། །།


CMR002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་དེ་བཱ་ཌཱཀྐི་ནཱི་ཧཱུྃ། བན་རྒན་རཱ་ག་ཨ་སྱ་བདག །ལུས་ཀྱང་མི་བདེ་ན་སོ་རྒས། །སོ་གསོད་ལྐོག་ཉལ་བྱེད་པ་ལ། །ངོ་མཚར་རྟགས་མཚན་ཅི་ལ་འོང་། །གཏེར་སྟོན་རཏྣ་གླིང་པ་ཡང་། །སོ་བདུན་ལོན་ནས་དཀོར་ལ་འབགས། །གཤིས་ལ་ངན་དུ་མ་སོང་ཡང་། །ཐུན་མོང་རྟགས་མཚན་འགག་གསུངས་ནས། །ལོ་བརྒྱད་ལོན་ནས་དཀོར་ལ་འབགས། །ད་ལྟ་དཀོར་གྱི་ནང་དུ་ནུབ། །རྒྱུན་དུ་དཀོར་ཟས་ཆར་པ་བབ། །དག་སྣང་ཙམ་ཡང་རེ་སྒོ་མེད། །འོན་ཀྱང་བླ་མ་ནམ་མཁའ་ཡིས། །ནང་གི་རྣམ་ཐར་མཇུག་དེ་ཉིད། །བྲིས་ཟེར་ཤོག་བུ་འཛིན་བརྡུངས་


CMR002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དེ་ཕྱིར་འཁྲུལ་པའི་རྨི་ལམ་འགའ། །བྲི་ལ་དགོས་པ་མ་མཆིས་ཀྱང་། །རྟགས་ཡིག་རྣམས་དང་ཕྱོགས་མཐུན་ཕྱིར། །རྨི་ལམ་གང་རྨིས་ཡི་གེར་དགོད། །རང་ལོ་ང་དྲུག་ལོ་ཡི་མཇུག །མགོ་ཟླའི་ཉེར་བདུན་མཚམས་བསྡམས་ནུབ། །བླ་ཆེན་གཅིག་གིས་ཤ་མང་པོ། །ང་ཡི་མདུན་དུ་འཕང་བྱུང་རྨིས། །ཉེ་གནས་མ་ཕམ་སྙིང་ཚད་ཕོགས། །རྒྱལ་འགོང་ཆོ་འཕྲུལ་ཡིན་པར་གོ །རཏྣའི་སྡིག་པ་ཁོལ་སྒྲུབ་བྱས། །བླ་ཆེན་ངོ་མི་ཤེས་པ་ཅིག །ང་དང་བསྒྲིགས་ནི་བསྡད་ཟིན་པ། །ད་ནི་མཉམ་དུ་མི་འདུག་ཟེར། །ཕྱིར་ལ་བུད་ནས་ཐལ་བ་རྨིས། །དེ་


CMR002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནམ་ཆོས་སྡིག་པ་དང་། །གཉིས་ཀ་སྦྲེལ་ནས་བཟླས་པ་ཡིས། །ལྡེར་སོ་མང་པོ་འདེར་བཅག་རྨིས། །གནོད་པའི་ཁྱི་འགའ་ཕྱིར་ལ་དེད། །ཁྱི་དཀར་འཆི་ལ་ཁད་པ་ཅིག །ཕྱིར་ལ་རྒྱབ་ཀྱང་ཡར་ལ་བྱུང་། །བརྡུངས་པས་ཁྲག་ཏུ་སྐྱུག་ཅིང་སོང་། །ཞག་དྲུག་སྔགས་གཉིས་ཁྲི་ཕྲག་སོང་། །དེ་ནས་མ་ཕམ་ཚེ་ལས་འདས། །ནད་ངན་དེ་ཉིད་མཆེད་དོགས་སྐྲག །ལོ་མ་ཅན་མ་བཀའ་མ་དང་། །གནམ་ཆོས་བསྲེས་མ་ཞག་བདུན་བསྒྲུབས། །བུད་མེད་གཞོན་ནུ་རལ་པ་ཅན། །རང་གི་མདུན་དུ་འདུག་པ་དང་། །བུད་མེད་རྒྱན་བཟང་བཞིན་འཇིགས་པ། །མདུན་དུ་བྱུང་ནས་བསྡད་པ་དང་། །རང་གི་གྲྭ་པ་འདྲ་ཞིག་གིས། །ད་ཨུ་དོགས་ཟེར་བ་རྨིས་ལྟས་བྱུང་། །སྔགས་ནི་གཅིག་འབུམ་ཉིས་ཁྲི་བཟླས། །ནད་དེ་སུ་ལའང་མ་འཕྲོས་སོ། །ཞག་བདུན་གསང་འདུས་ཟབ་མཐར་བསྒྲུབས། །ཚེ་དཔག་མེད་ཀྱི་ལྡེར་སྐུ་ནི། །དམར་པོ་ཁང་རྩག་ཙམ་ཞིག་གིས། །གཡས་གཡོན་ཚ་ཚ་མང་པོ་སྤུངས། །ནམ་མཁའི་དཀྱིལ་དུ་ཉི་མ་ཡི། །དཀྱིལ་འཁོར་གསལ་བར་མཐོང་སྙམ་བྱེད། །ཤིན་ཏུ་ལོ་ལེགས་གསེབ་ཏུ་ཕྱིན། །སྲུག་ཟན་སྡེར་ཆེན་ལྷག་མེད་ཟོས། །མར་མེ་ཡང་


CMR002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་འཛིན་པ་འདྲ། །དེ་ནས་སྒྲོལ་མ་དཀར་མོ་ཡིས། །འཇིགས་པ་ཀུན་ཞི་ཞག་བདུན་བསྒྲུབ། །རེས་འགའ་ཆོས་སྒོ་བ་ཡིན་སྙམ། །ཁྲོམ་མང་གསེབ་ནས་ཁོ་བོ་ལ། །གུས་ཚུལ་ཕྱག་ཀྱང་འཚལ་འདུག་པས། །འདི་འདྲ་གཏན་ནས་མི་རུང་སྙམ། །བདག་གིས་མི་རིགས་ཚུལ་བྱས་པས། །ཁོང་རྣམས་རྟ་ཆིབས་འབྱོན་ཤོམ་གདའ། །ང་ཡང་འགྲོ་བསམ་ལྷམ་མ་རྙེད། །ཁོང་ནི་བྱོན་སོང་རྗེས་མ་ཟིན། །ལམ་ངན་མང་རྒྱུད་ཡུན་རིང་སོང་། །བདེ་ས་གཅིག་ཏུ་ངེད་རང་ཚང་། །འདུག་པའི་སར་ཕྱིན་དགའ་བ་རྨིས། །གཏེར་སྟོན་གཅིག་གིས་གཏེར་གསར་ནི། །བཏོན་པ་ཡིན་སྙམ་ཡི་གེ་ལ། །སྒྲོལ་དཀར་ཐུགས་རྗེས་རང་ཅག་གི །བར་ཆད་ཞི་ཚུལ་ལུང་བསྟན་ནི། །ཤོ་ལོ་ཀ་ཙམ་གདའ་བ་དེ། །དེ་ནུབ་གསལ་ཏེ་ཕྱིར་ནངས་བརྗེད། །སྔགས་ནི་གཅིག་འབུམ་ཉིས་སྟོང་ཚར། །དེ་ནས་མགོན་པོ་མངོན་འབྱུང་གི །མགོན་དཀར་ཚེ་སྒྲུབ་འབྲུ་བདུན་པ། །ཞག་བདུན་བར་དུ་སྒྲུབ་པའི་ཚེ། །དགེ་འདུན་སྡེ་ཆེན་གཙུག་ལག་གི །ཁྱམས་སུ་ཁོ་བོ་འདུག་པ་ཡི། །སབ་གདན་འབོལ་དང་གོས་བེམ་རྣམས། །གོས་ཆེན་དམར་པོ་གསེར་སྐྱ་མས། །བྱས་པ་བཤམས་


CMR002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདའ་བ་དང་། །དགོན་རྩེ་མཁར་ནི་མཐོན་པོའི་རྩེར། །ངོ་མཚར་ཆུ་མིག་གྱེན་རྡོལ་མཐོང་། །རོ་མངར་བདུད་རྩི་དམར་སེར་འཐུང་། །ནས་ཁལ་སྟོང་ཕྲག་ཕུལ་བྱུང་དང་། །སྒྲུབ་སྡེ་ཆེན་པོ་ཡོད་པའི་གོང་། །རི་ཁྲོད་བཙན་པོར་མཚམས་བསྡམས་གདའ། །གཟིག་ཤུན་ལས་བྱས་པད་ཞྭ་གྱོན། །ཚེ་དབང་རྒྱལ་པོའི་འགྲུབ་པར་ཤོག །དེ་སྐད་བདག་གིས་སྨྲས་པ་རྨིས། །ཤིང་སྦྲུལ་ཆོ་འཕྲུལ་ཆེན་པོ་ཡི། །ཚེས་བརྒྱད་ནས་བཟུང་ཞག་པོ་བདུན། །མ་ཎི་ཨཱ་ཡུའི་བསྒྲུབས་པ་བྱས། །དེ་ཕྱིར་རྨིས་བལྟས་འགྱུར་ཞིང་ལེགས། །ཤིན་ཏུ་ལོ་ལེགས་གསེབ་ཏུ་ཕྱིན། །འགྲོ་བ་ཀུན་ལ་ཕན་པ་ཡི། །ཉི་མ་འཆར་རྒྱུ་ཡིན་ནོ་ཞེས། །ཤར་ནས་འུར་སྒྲ་དང་བཅས་པས། །ཉི་ཟེར་བདག་ལ་ཕོག་པ་དང་། །མི་ཆེན་ཁྲབ་སོགས་འབུལ་བ་བྱས། །སྨན་པས་སྨན་གྱི་རུ་རྩི་བྱིན། །ཚར་ནུབ་ལོ་གཅིག་བར་ཆད་མེད། །ཟེར་བ་བྱུང་ལྟར་ལོ་གཅིག་བདེ། །སྔགས་ནི་ཆིག་འབུམ་ལྔ་སྟོང་ཚར། །ཞག་བརྒྱད་གནམ་ཆོས་ལས་བྱུང་བའི། །སྒྲོལ་མ་དམར་མོའི་སྒྲུབ་པ་བྱས། །དང་པོ་ནུབ་པར་བལ་པོའི་ཡུལ། །ཨ་སུ་ར་ཡི་བྲག་ཕུག་ན། །མནྡཱ་ར་བའི་གནས་ཡིན་ཟེར། །མགར་དམར་ནོར་ལྷའི་


CMR002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེར་སྐུ་ནི། །ཤིན་ཏུ་ལེགས་པ་གྲུ་གང་ཙམ། །རང་གི་རེད་བསམ་ཁྱེར་གྲབས་བྱས། །ས་འོག་སྤྲུལ་གྱིས་གང་ཡོད་ཟེར། །རེས་འགའ་གནས་འདི་ཡིན་སྙམ་བྱེད། །བུད་མེད་དཀར་མཛེས་ཤ་རྒྱས་ཤིག །ཤར་ཕྱོགས་བླ་མའི་དྲུང་སོང་ནས། །སྒྲོལ་མའི་རྒྱུད་སྡེ་ལེན་ནོ་ཟེར། །བདག་ཀྱང་ལེན་སྙམ་དེ་དང་འགྲོགས། །ལ་ཆེན་ཅིག་ལ་ཤོང་བ་དང་། །མར་ནི་མང་པོ་ཕུལ་བ་བྱུང་། །ལོ་གསུམ་ཕ་རོལ་འཚེ་བ་མེད། །ཟེར་བ་བྱུང་ལྟར་དངོས་སུ་གྱུར། །དེ་ནི་གཅིག་འབུམ་དྲུག་སྟོང་ཚར། །དེ་ནས་རང་ལུས་མ་བདེ་ནས། །དགོངས་གཏེར་ཁྱུང་ཁྲ་ཞག་བརྒྱད་ལ། །གཅིག་འབུམ་ལྔ་སྟོང་བཟླས་པའི་ཚེ། །དང་པོ་ནུབ་པར་རང་ལུས་ལ། །གནོད་པའི་རྩུབ་དང་ཟང་ཟིང་བྱུང་། །སྦྱར་མ་གཉིས་འབྱར་བཀོག་དཀའ་བ། །ཤད་ཀྱིས་བཀོག་པས་དེའི་རྒྱུད་དུ། །རྦ་རྒྱ་ཀ་རིའི་རྒྱ་འདྲ་བ། །མང་ཞིག་བཏོན་ནས་འཕང་བ་དང་། །སྤྲུལ་སྐུ་ཉིད་ཀྱི་ཡིན་སྙམ་པའི། །སྒྲོལ་མ་དང་ནི་སྤྱན་རས་གཟིགས། །གསེར་སྐུ་མི་ཚད་ལེགས་པ་གཉིས། །སྲོང་བཙན་ཐུགས་དམ་བྱིན་རླབས་རྟེན། །ཡིན་ཟེར་དགའ་ཞིང་མཇལ་བ་དང་། །ཚར་ཁ་ཉམས་དང་རྨི་ལམ་


CMR002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས། རང་ལ་གནོད་བྱེད་ཡིན་པ་འདྲ། །རང་ལུས་དྲུང་ནས་མི་ནག་གིས། །རྟ་ནག་ཞོན་པ་བདུན་བརྒྱད་ཙམ། །ཕལ་ལ་བུད་ནས་ཐལ་བ་མཐོང་། །བྲག་ཕུག་བཙན་པོ་སྐྱིད་པ་ན། །རང་ཉིད་འདུག་ས་བྱས་གདའ་བ། །རང་གི་གོས་རུལ་གོས་ཆེན་ནི། །རྙིང་པ་འཐུག་པོ་སྒོ་བེ་ཅིག །གྲྭ་རོགས་གཤིན་པོའི་གྱོན་འདུག་བཤུས། །བཙོག་བསམ་བདག་གིས་མ་གྱོན་རྨིས། །ཟུར་མང་སྙན་བརྒྱུད་ཆག་མེད་དུ། །རྒྱུན་བསྙེན་ཡུན་རིང་བྱས་པའི་ཚེ། །བདུན་གཉིས་ཙམ་ཞིག་སོང་བའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །ཤར་ཕྱོགས་ཕ་ཟད་ཐག་རིང་དུ། །དྲུང་པའི་སྤྲུལ་སྐུ་བཞུགས་གདའ་བས། །མི་ནི་མང་པོ་འདུག་པ་ལ། །ང་རང་ཀརྨ་ཆགས་མེད་གཉིས། །ཁྱད་མེད་ཟེར་ནས་བསྟོད་བསྔགས་མཛད། །མི་རྣམས་བདག་ལ་གུས་པ་རྨིས། །ཟླ་གཅིག་ཙམ་ཞིག་སོང་བའི་དུས། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོ་མ་ནི་ཁོ་བོ་ཡིས། །བཀོད་ནི་དགོས་རྒྱུ་ཡིན་སྙམ་བྱེད། །འཇིམ་པ་ཕ་ཝ་ལང་རྡོ་ཙམ། །མང་པོ་ཚོམ་བུའི་ཚུལ་དུ་བཀོད། །སྐུ་མདོག་ཡིད་ལ་མ་ངེས་པས། །ཐམས་ཅད་དམར་སེར་བྱུག་པ་རྨིས། །དེ་ནས་གསེར་གྱི་མཆོད་རྟེན་


CMR002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཤིན་ཏུ་ཆེ་བ་བཞི་བསྒྲིགས་དཀྱིལ། །ཁྲི་ནི་ཆེན་པོ་ཞིག་གི་སྟེང་། །བདག་གིས་གོས་ཆེན་འགའ་རེ་གྱོན། །དྲུང་དེར་བླ་སྐུ་བྱིན་རླབས་ཅན། །གཅིག་འདུག་གཞན་ལ་བསྟན་པ་རྨིས། །དེ་ནས་ཞག་བདུན་འཇའ་ཚོན་ལུགས། །གནམ་ལྕགས་རྡོ་རྗེའི་ཕྱི་སྒྲུབ་བསྙེན། །ལུས་ཀྱང་མ་བདེ་ལག་མ་ཁོམ། །ཚེ་གཟུངས་མང་བཟླས་སྔགས་ཐུང་ནི། །གཅིག་འབུམ་ཉི་ཁྲི་སུམ་སྟོང་བཟླས། །དེ་ཡི་བཀའ་སྲུང་དམ་ཅན་བཏོན། །གཟུགས་མ་མཐོང་བར་དམ་ཅན་གྱིས། །རྟེན་འབྲེལ་ལེགས་སོ་དམ་ཚིག་ཡིན། །ཆོས་འདི་རང་གིས་ཉམས་སུ་ལོང་། །ཡང་ན་མ་སྤེལ་གཏེར་དུ་སྦོས། །ཤོག་བུར་མ་སྤེལ་ཟེར་བ་སོགས། །ཚིག་འགའ་ཟེར་ཏེ་ཕྱིར་ནངས་བརྗེད། །ཁང་ཆུང་སུམ་ཐོག་བརྩེགས་པ་ནི། །དམ་ཅན་གཏོར་མ་འདྲ་བའི་སྟེང་། །ཁྱེའུ་གོས་དཀར་གྱོན་པ་ཞིག །རྩེད་མོ་མང་པོ་རྩེ་བ་སོགས། །དམ་ཅན་རྟགས་དེ་ཤིན་ཏུ་གསལ། །ཆོས་འདི་ཉམས་སུ་བླངས་ན་ནི། །དམ་ཅན་ཤུགས་ཀྱིས་འཁོར་བར་འདུག །ཞག་བདུན་ཚར་རྒྱུ་ནུབ་པ་ལ། །ཉི་མའི་དཀྱིལ་འཁོར་ཅིག་ཤར་ཡང་། །དགོང་མོ་རེད་དེ་མདའ་འཕེན་ཙམ། །བྲག་ཕུག་བཙན་པོའི་ནང་


CMR002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྟེ། །ཕུག་དེར་བཀའ་བརྒྱུད་ལོགས་བྲིས་དང་། །རང་བྱོན་མང་དུ་གདའ་བ་མཐོང་། །སྒོ་དེར་སྨན་ལ་སྦྱར་རྒྱུ་ཡིན། །འོམ་བུའི་ལོ་མ་མང་པོ་སྤུངས། །ལྷ་བསང་གཏོང་གྲབས་མཆོད་བཤམས་བྱས། །ཞག་བདུན་ནུབ་པར་ཉམས་སྣང་ལ། །ཚེ་རིང་དུས་ལ་བབ་བོ་ས་མ་ཡ། །ཟེར་བའི་སྒྲ་ཞིག་གསལ་བར་གྲག་པ་ཐོས། །འདི་སྐབས་འཇའ་ཚོན་ལུགས་ཀྱི་བཀའ་བརྒྱད་ནི། །ཚར་རེ་སྔགས་ནི་ཕྲེང་སྐོར་གཉིས་གསུམ་བཟླས། །རང་གི་རྡོག་པའི་ཞབས་ནས་རྦབ་ཆེན་པོ། །འུར་སྒྲ་དང་བཅས་འདྲིལ་ནས་སོང་སྙམ་བྱེད། །དེ་ནས་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ནི། །ཞག་བདུན་བྱས་ཀྱང་འདོན་ཆ་གཞན་ནི་མང་། །སྔགས་ཐུན་གཅིག་འབུམ་ལྔ་སྟོང་ཙམ་ཞིག་སོང་། །སྤྲུལ་སྐུའི་ཕྱག་བྲིས་སྲུང་འཁོར་ཞིག་བསྐུར་ནས། །ཡེ་ཤེས་འཇིག་རྟེན་ཀུན་གྱི་སྲུང་འཁོར་ཡིན། །འདི་ལས་ཟབ་མེད་མགུལ་དུ་ཐོག་གསུངས་བསྐུར། །ཞོ་དང་ཞིམ་ཇ་ཞལ་བུ་རེ་གྲངས་འཐུང་། །གནས་རི་བཟང་པོ་ཡིན་པའི་བྲག་ཕུག་ཏུ། །མེ་ཏོག་བཟང་པོ་རྗེ་འབངས་ཞྭ་འདྲ་སྐྱེས། །ངོ་མཚར་སྐྱེས་ནས་རང་གི་ཞྭ་བྱས་གྱོན། །ཤིན་ཏུ་མཐོ་ཞིང་བཙན་ས་ཁང་པའི་སྟེང་། །ངོམ་རྒྱལ་རྩེ་དང་


CMR002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཉལ་ས་བྱས། །འདི་སྐབས་བཀའ་བརྒྱད་དགོངས་གཏེར་ཞོར་བསྙེན་ལ། །ཕྲེང་སྐོར་གསུམ་བཞི་ཙམ་ལ་སྤྱི་བསྐུལ་དང་། །སྒོས་བསྐུལ་ཞག་པོ་དགུ་རུ་མ་ཆག་ཚེ། །ཤ་ནི་མང་པོ་ཡང་ཡང་བྱུང་བ་དང་། །ཁྱི་གཅིག་བརྡུངས་དང་ཁྱི་གཅིག་ཤི་གདའ་རྨིས། །སྤྲུལ་སྐུས་ལྷ་གཅིག་ནུབ་གཅིག་ཞབས་དྲུང་གིས། །མཛད་པའི་དབང་ཆོག་དེ་བྱས་བཏོན་པའི་ནུབ། །དམ་སྲི་ངུར་འཛིན་གླེང་མོ་འགའ་བྱས་རྨིས། །ཕྱིར་ནངས་དེ་ཡི་བསྲུང་བ་བྱས་ན་ཡང་། །སྤྱང་ཀིས་འབྲི་བསད་གྲྭ་པ་ཁྲག་ཏུ་སྐྱུགས། །དེ་ནས་མི་འཁྲུགས་ཆོ་ག་བཙུགས་ནས་བཏོན། །ཉམས་ཀྱི་སྐབས་ལ་སྲུག་ཟན་ཞིམ་པོ་ཟོས། །དངུལ་ཆུ་རྐྱལ་པ་གང་ནི་རྙེད་པ་དང་། །རང་གིས་གོས་ཆེན་བཟང་པོ་ཡི། །སྣམ་སྦྱར་གྱོན་ཞིང་ཞྭ་ཁྲ་ནི། །མདའ་ཚད་ཙམ་ཞིག་གྱོན་པ་རྨིས། །སེམས་ལ་ངན་རྟོགས་སྐྱེས་པའི་ཚེ། །དེ་འདྲ་མི་རུང་ཟེར་བའི་སྒྲ། །ནམ་མཁའི་མཐོངས་ནས་གྲག་པ་ཐོས། །རང་ཚང་ཁང་པ་ཞིག་བཤིགས་ནས། །གཅིག་ནི་གསར་དུ་བཟོ་བཅུག་པ། །རྩིག་པ་རྩག་གཅིག་རྩམ་ཚར་འདུག །ཚར་བ་ངོས་དེར་ང་རང་བསྡད། །ཕྱིས་སུ་བསམ་པས་ཆོས་དབང་འདས། །ང་རང་


CMR002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆིའི་རྟགས་སུ་གོ །དེ་དུས་བདེ་མཆོག་སྙན་བརྒྱུད་ལ། །རྒྱུན་ཁྱེར་ཆག་མེད་བྱས་པའི་རྟགས། །རྒྱལ་བའི་དབང་པོ་ལྔ་པ་འམ། །རྨ་སེའི་དབུ་ཐད་ཡིན་ཡང་སྙམ། །ཐད་པ་རིང་བསྲེལ་མང་པོ་ཅན། །གཅིག་ལ་བྱིན་རླབས་ཞུས་པ་རྨིས། །ཨ་མཱ་ར་ཎིའི་ཁྲི་བདུན་དང་། །ཉིས་སྟོང་བཟླས་ཏེ་ཞག་བདུན་ནོ། །དེ་ནས་ཞག་དགུར་རཏྣའི་ལུགས། །ཁྱུང་དམར་བརྒྱད་ཁྲི་ཉིས་སྟོང་བཟླས། །བྲག་དམར་གསེབ་ཏུ་ཆུ་དཀར་པོ། །གཅིག་འབབ་གཟུགས་ནི་མ་མཐོང་བར། །དེ་ཡི་ཀླུ་དེའི་དངོས་གྲུབ་སྟེར། །ཟེར་ནས་ཡུད་ཙམ་སོང་བ་དང་། །མི་ནི་ན་སྟོད་རལ་པ་ཅན། །གཅིག་གིས་ཆུར་བ་འདྲ་བ་ཡི།།ཞིམ་པོ་ཚོད་མ་འདྲ་བ་དྲངས། །ཀླུ་ཡི་དངོས་གྲུབ་འོང་ཟེར་བ། །ཡོན་བདག་འདི་ཉིད་རེད་དོ་སྙམ། །རྟགས་ནི་མ་གསལ་རྒྱལ་རྟགས་ཆེ། །ལག་པ་ཐུ་བ་ཅིས་ཕན་བཏགས།།ཉམས་སྣང་རླུང་བཅོས་གྱིས་ཤིག་ཟེར། །སྣུམ་བྱུག་བྱས་པས་ཅུང་ཞིག་བདེ། །དེ་ནས་ཞག་བརྒྱད་ཡར་ངོ་ལ། །རྒྱལ་བ་རྒྱ་མཚོའི་ཚེ་སྒྲུབ་ནི། །དྲུག་ཁྲི་བདུན་སྟོང་ཙམ་བཟླས་ཀྱང་། །བརྟག་པ་བསྟབ་པ་མང་བས་བསྒྲིབས། །སྙེ་མ་ལེགས་པོ་མི་མགོ་ཙམ། །འགའ་ཟུང་རྙེད་པ་ལག་ཏུ་


CMR002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །ཆུ་རབ་ལ་རྒྱབ་ཐར་བ་རྨིས། །དེ་ནས་ཞག་བཞི་ཉི་མ་ལྔར། །སྒྲ་མི་སྙན་གྱི་ཚེ་སྒྲུབ་ནི། །བྷནྡྲ་ལ་སོགས་གཞུང་ལྟར་བྱས། །ཉི་ཁྲི་ཆིག་སྟོང་ཙམ་ཞིག་བཟླས། །དེ་ནས་ཆོས་དབང་སར་སོང་ནུབ། །ཟླ་བའི་དཀྱིལ་འཁོར་ཤར་བ་རྨིས། །གདུང་མ་གྲུམ་སོགས་རྩུབ་ཆ་ཆེ། །བཀའ་བརྒྱད་མདོས་ཆེན་གསར་བསྒྲིགས་བཅས། །བཅས་ནུབ་དང་ནི་འབུལ་ནུབ་ལ། །འབྲུག་སྒྲ་རྔམ་འཇིགས་སེར་བ་བརྒྱབས། །ནང་མཆོད་ཞད་ཙམ་ཁོལ་བ་བྱུང་། །རྨི་ལམ་གསལ་ཁ་མ་བྱུང་སྟེ། །ཕུལ་ཁ་ནམ་མཁར་ཉི་ཟླ་དང་། །སྐར་མ་འཛོམ་པར་འདུག་གོ་ཟེར། །ཆོས་དབང་ལོ་གཅིག་བར་དུ་བདེ། །དེ་ནས་གནམ་ལྕགས་རྡོ་རྗེ་ཡི། །ནང་སྒྲུབ་ཞག་བདུན་གཅིག་འབུམ་དང་། །སུམ་སྟོང་བཟླས་ཀྱང་རྟགས་མ་གསལ། །ལོ་ཐོག་མང་མཐོང་ཞོ་བཏུང་རྨིས། །ཚར་ནུབ་བཙུན་པ་མཛེས་ཆེན་རྨིས། །དེ་ནས་དགོངས་གཏེར་སོར་བཞག་གི །འོད་ཟེར་ཅན་མ་ཞག་བདུན་བཟླས། །གཅིག་འབུམ་ལྔ་སྟོང་ཉིས་བརྒྱ་ཐོན། །ཞག་ལྔ་ནུབ་པར་རྨི་ལམ་དུ། །མདའ་ནི་ཆག་པ་ཉེར་གཅིག་དང་། །གཞུ་ནི་དེ་ཡི་གྲངས་མཉམ་པ། །གཞུ་རྣམས་ཕབ་ནས་


CMR002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ཁྲིར་བཞག །གཞུ་གཅིག་ཁྲུགས་སེ་ཆག་ནས་ཐལ། །མདའ་ནི་ཆག་པ་རེ་རེ་བཞིན། །ཚོན་རྩི་འདུལ་བ་འཇམ་པོ་ནི། །ཆག་པ་རེད་གྱུར་སྐུད་པ་ཡིས། །སོ་སོར་བཅིངས་ནས་བཞག་པ་རྨིས། །འདི་སྐབས་ཉམས་ཀྱི་སྣང་བ་ལ། །ལུང་བསྟན་འདྲ་བ་འགའ་བྱུང་ཡང་། །དེ་ནི་བྲི་བར་མ་བྱས་སོ། །བུད་མེད་རྒྱན་ལྡན་མཛེས་མ་ཞིག །མདུན་དུ་ལངས་ནས་འདུག་པ་དང་། །བུད་མེད་རྒྱན་ལྡན་མཛེས་མ་འགའ། །ཕྲེང་བྱས་ཚུལ་ལ་གཤར་ནས་བྱུང་། །དེ་ནི་བྲི་བར་མ་བྱས་སོ། །ནམ་མཁར་ཉི་མའི་དཀྱིལ་འཁོར་ནི། །ཆུང་ཆུང་ཤར་ནས་བྱུང་བ་རྨིས། །ཚར་བའི་ཞོགས་པ་ཉམས་སྣང་ལ། །བུད་མེད་མཛེས་མ་ཞིག་མཐོང་སྙམ། །རང་གི་མཚམས་དང་སྒྲུབ་པ་ལ། །བར་ཆད་ཆེན་པོ་ཡོད་པའི་བལྟས། །རང་གི་མགུལ་དུ་སྲུང་བ་ཡི། །ཁྲོ་ཆུའི་ཕུར་ཆུང་བཏགས་པ་དེ། །ཕ་རོལ་གཞན་ལ་ཕུལ་རྨིས་པས། །དགོངས་གཏེར་སྒྲོལ་མ་སྣ་ཚོགས་ཡུམ། །ཞག་བདུན་བདུན་ཁྲི་བཞི་སྟོང་བཟླས། །ལྔ་ནུབ་དུང་ཕྲེང་ལེབ་མོ་ནི། །ཚང་མ་བདག་གིས་བསྒྲངས་བ་དང་། །ཉམས་ཀྱི་སྣང་བར་བདག་གི་མདུན། །གཡུ་ཡི་རྒྱན་ཅན་བུད་མེད་སྣང་། །ཚར་བའི་ཞོགས་པའི་


CMR002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྨིས་མཚམས། །ནམ་མཁའ་སྔོ་སངས་མཐོང་བ་ལ། །མི་དོགས་ཟེར་བའི་ཡི་གེ་གཅིག །ཡིད་ལ་ཤར་འདྲ་མཐོང་སྙམ་བྱེད། །སེང་གདོང་མ་དང་ཡང་བཟློག་གི །རྒྱུན་བསྙེན་གྱིས་དང་བྱད་ཁ་ཟློག །ཟེར་བ་ནམ་མཁར་དོད་སྣང་བྱུང་། །སྒྲུབ་ཆེན་བྱས་ནས་ཁྲོམ་ཆེན་ལ། །ཁྲོམ་དབང་ཆེན་པོ་བྱས་པ་རྨིས། །དེ་ཞོར་ཞལ་མཐོང་རབ་གནས་ལ། །དམིགས་ནས་ཐང་ལྷའི་སྔགས་སྟོང་རེ། །གཏོར་བསྔོས་ཚར་རེ་བྱས་པ་ཡིས། །དང་པོ་རེ་གོས་གྱོན་རྨིས་པ། །མི་སྙིང་ཟེར་བ་སྔགས་མ་དག །སྙམ་ནས་འབར་བ་རྩལ་དེ་བཏོན། །བྱིས་པ་མཛེས་པ་པང་བ་དང་། །མི་སྐྱ་ལྷ་རྗེ་རལ་པ་ཅན། །བདག་ལ་རྩ་ནི་ལྟ་བ་དང་། །མི་ཆེན་ལྷ་རྗེ་ཡང་ཡང་རྨིས། །སྔགས་ནི་བརྒྱ་སྟོང་ཙམ་སོང་ངོ། །ཏོག་ཙ་ཞག་བདུན་ལྔ་ཁྲི་ལྷག །དུར་ཁྲོད་བདག་པོའི་སྐུའི་རབ་གནས། །སྔགས་ནི་སྟོང་རེ་ཙམ་བཟླས་ཀྱང་། །རྣམ་གཡེང་ཆེ་བས་རྟགས་མ་གསལ། །རྡོ་རྗེ་ཞུན་མཛད་ཞག་བདུན་ལ། །དྲུག་ཁྲི་དྲུག་སྟོང་ལྷག་ཙམ་བཟླས། །དེ་ཚེ་གྲྭ་པ་མང་བ་ཡིས། །རྨུག་འཛིན་དམར་པོའི་སྒྲུབ་པ་ཞིག །བྱེད་ཅིང་ཡོད་པའི་རྟགས་ཡིན་ནོམ། །ངེད་རང་ཚང་གི་རག་དུང་


CMR002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །བུས་པས་སྐད་ནི་ཆེ་ཞིང་སྙན། །བླ་མ་རྒྱལ་མཚན་དཔོན་སློབ་ཀྱིས། །བརྟགས་པ་བྱས་ཚེ་ཉམས་རྨིས་ལ། །མོ་ལ་བབ་པ་ལྟར་ཡིན་ཟེར། །སྔར་ཉན་མ་བཏབ་ལེགས་པ་ཡིན། །ཞག་བདུན་ནུབ་པར་སྤྲུལ་སྐུ་ནི། །གནམ་ཆོས་དབང་ཕྱུག་མ་ཡི་རྒྱུད། །བྲི་རྒྱུ་ཡོད་གསུངས་བདག་གི་ས་བྲིས། །སྤྲུལ་སྐུའི་གསུང་རྒྱུ་མ་རྙེད་པས། །བདག་སེམས་རབ་ཏུ་མ་དགའ་རྨིས། །ཕྱིས་སུ་བསམ་པས་སྤྲུལ་སྐུ་ལ། །བར་ཆད་འབྱུང་བའི་རྟགས་སུ་གོ །དུང་སྣོད་འཁར་སྡེར་འདྲ་བའི་ནང་། །ཞིམ་ཇ་འདྲ་བའི་བདུད་རྩིས་གང་། །རང་གིས་ལྷག་མེད་འཐུང་སྣང་བྱུང་། །ཕྱིར་ནངས་ཡུད་ཙམ་འཐུམས་པའི་ཉམས། །ཁོ་བོའི་མཚམས་ནི་མ་གྲོལ་བས། །སྟབས་ཤིག་འགྲིགས་ན་ཕྲིན་ལས་ལ། །རིམ་གྲོ་ཞིག་ནི་བཅའ་འདོད་ཟེར། །ཆབ་མདོ་ཕྱོགས་ནས་སྨྲ་མཁན་ཞིག །གདའ་སྣང་བྱུང་བའི་རྟེན་འབྲེལ་གྱིས། །དེ་ཕྱིར་ཁོང་ལ་སྐྱོན་མ་བྱུང་། །འདི་སྐབས་མགར་ནག་ཞལ་ཐང་ལ། །རབ་གནས་གནམ་ཆོས་མགར་ནག་གི །སྔགས་ནི་ཕྲེང་སྐོར་གཉིས་གསུམ་རེ། །གསོལ་ཁ་དང་བཅས་བྱས་པ་ཡིས། །མདུན་གྱི་བར་སྣང་ཁྱེའུ་ནི། །ལོ་ནི་བཅུ་དྲུག་ལོན་པ་ཙམ། །སྐྱེ་ཡུ་གོས་ནི་སྐྱ་


CMR002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཅན། །མགར་གཡོག་འདྲ་བ་ནག་ཧྲེང་ངེ། །སྟངས་སྟབས་བྱེད་ཅིང་འདུག་སྙམ་བྱེད། །གྲྭ་པ་རྣམས་ལ་ཐང་ལྷ་ཡི། །གསོལ་ཀ་བརྒྱ་རྩ་འདོན་བཅུག་ཅིང་། །རང་གིས་ཅུང་ཟད་བསྙེན་པའི་ཚེ། །དབུ་མའི་མགོ་རས་སྤྱན་མང་པོ། །ཁྱིམ་དུ་འབྲེལ་དང་ཚུབས་ཚུབས་བྱེད། །ཐང་ལྷ་ཕེབས་ཤིང་ཡོད་དོ་ཟེར། །དེ་ནས་ཉམས་ཀྱི་སྣང་བ་ལ། །རང་གི་མདུན་དུ་མི་བོ་ཆེ། །ལུས་ཚད་ཁོང་ཚད་ཙམ་པ་ལ། །འཇིགས་རུང་ཁ་ངོ་སྤུས་གང་བ། །གཅིག་གིས་སྐྱིལ་ཀྲུང་བཅས་གདའ་བས། །ང་ཡི་ངོ་ལ་བལྟ་ཞིང་སྣང་། །ངོམ་ཆུའི་ཕུ་ནས་ཐང་ལྷ་ནི། །སྐྱ་མི་སྔོན་པོ་རི་ཙམ་ཞིག །ཆུ་ཡི་ཐད་ཀྱི་བར་སྣང་ནས། །ཕྱིར་ལ་ཕེབས་ནས་བྱུང་སྙམ་བྱེད། །དེ་ཚེ་རང་གི་སེམས་ལ་ཡང་། །ཐང་ལྷ་འགྲུབ་ཡོད་སྙམ་པ་བྱུང་། །སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ། །ས་བརྒྱད་ནོན་པའི་སེམས་དཔའ་ཆེ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ། །ཀླུ་རྗེ་ཐོད་དཀར་ཆེན་པོ་སྟེ། །ཇོ་བོ་གཉན་ཆེན་ཐང་ལྷ་ནི། །སྲིད་པའི་ལྷ་ཆེན་ཡིན་པའི་ཕྱིར། །སྔགས་ནི་ཅུང་ཟད་བཟླས་པ་དང་། །གསོལ་མཆོད་ཙམ་གྱིས་འགྲུབ་དཀའ་སྟེ། །རང་རེ་ཆོས་རྒྱལ་ཁྲི་སྲོང་གི །གདུང་རིགས་ཡིན་


CMR002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་རྒྱུས་ལྟར། །བོད་རྗེའི་གདུང་རིགས་མ་རྫོགས་བར། །སྲུང་མར་ཨོ་རྒྱན་ཆེན་པོས་བསྐོས། །དེ་ཡི་རྟེན་འབྲེལ་ཡིན་པར་སེམས། །ཤིང་མོ་སྦྲུལ་གྱི་དཔྱིད་ལོ་ལ། །རང་གི་གྲྭ་འཁོར་མང་པོ་ཞིག །སྲོག་རླུང་ནད་ཀྱིས་ཐེབས་བྱུང་བའི། །ཞག་གསུམ་མི་མགོ་བཅོ་ལྔ་ཡིས། །རཏྟའི་སྡིག་པ་ཁོལ་བསྒྲུབས་བྱས། །བདག་གིས་ཆིག་ཁྲི་ཆིག་སྟོང་སྟེ། །སྤྱི་ཡིས་འབུམ་ཕྲག་ལྷག་ཙམ་སོང་། །དང་པོར་ནུབ་པར་གྲྭ་པ་རྣམས། །གོས་རྙིང་བསམ་ཡས་དགོན་པ་ལ། །བདུད་བཟློག་བརྒྱབ་རྨིས་ནད་ཕན་རྟགས། །གྲོལ་ཁ་ཐོ་རངས་ཉམས་རྨིས་མཚམས། །པདྨའི་རྫོང་ནི་བཙན་པ་སྟེ། །ད་ནི་བརྡུངས་བརྡུངས་བརྒྱབས་བརྒྱབས་ནས། །འདྲེ་དེ་ཤི་ནས་ཡོད་ལེ་ཡོད། །ཟེར་བའི་སྒྲ་ཐོས་སྒྲུབ་པའང་གྲོལ། །དེ་ནས་སྤྲུལ་སྐུ་བསྙུང་བའང་ཐོས། །འོད་འབར་ཞི་བའི་ཕྲིན་ལས་ལ། །ཞག་བདུན་སྒྲུབ་པ་ཚར་བའི་ཞོགས། །སྤྲུལ་སྐུ་སྐུ་ཁམས་བདེ་བ་དང་། །རྒྱལ་མཚན་བར་ཆད་ཞི་ཟེར་བའི། །ཡི་གེ་མི་གསལ་ཙམ་ཞིག་དང་། །མཐུ་སྟོབས་བདག་པོ་རཱ་ག་ཨ། །ཟེར་བའི་ཡི་གེ་གསལ་པོར་མཐོང་། །མར་མེ་འཛིན་པ་འདྲ་བ་དང་། །ཉེ་ལོགས་འཇའ་ཡི་གུར་ཡང་བྱུང་། །སྔགས་


CMR002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲུག་ཁྲི་བཟླས་པ་སྟེ། །ཞག་གསུམ་ཕྲེང་བ་མ་བསྒྲང་ཡང་། །འབུམ་ཕྲག་ཙམ་ཞིག་སོང་བ་ཡོད། །དེ་ནས་ཞག་བཞི་མཚམས་བསྡམས་ཤིང་། །ཞག་ལྔ་ལྷོད་ཅིང་མ་ཆག་ཙམ། །འདི་སྐོར་ཤིན་ཏུ་རྩུབ་པ་བྱུང་། །ཁང་པ་ཞིག་ཏུ་བཅུ་གཅིག་ཞལ། །སྤར་སྐུ་གསར་པས་གང་འདུག་པ། །རང་གིས་བཞེངས་པ་ཡིན་སྙམ་རྨིས། །ཤིང་སྦྲུལ་སྤྲེལ་ཟླའི་བཅུ་དྲུག་ནས། །ཞག་བདུན་རྩ་བ་བཅུ་གཉིས་ཀྱི། །རྟ་མགྲིན་དམར་པོའི་སྒྲུབ་པ་ནི། །སྤྲུལ་སྐུ་དང་ནི་རྒྱལ་མཚན་གྱི། །བད་ཀན་སྨུག་པོ་ཞི་ཕྱིར་དམིགས། །སྔགས་ནི་འབུམ་ཕྲག་ཙམ་སོང་སྟེ། །རྨི་ལམ་བདག་གི་སྨན་བསྡུ་ཁ། །ནད་ཆེན་ཕན་ཕྱིར་ཐུམ་ཆེན་གཉིས། །ནད་ཆུང་ཕན་ཕྱིར་ཆུང་བ་གཉིས། །བསྡུས་ནས་ལྷ་རྗེ་འདྲ་བ་ཡིས། །མི་གཞོན་ཞིག་ལ་བཏུལ་བཅུགས་རྨིས། །ཚར་ནུབ་རྨི་ལམ་རྒྱབ་རིའི་རྩེར། །ཤུད་པ་འདྲ་བའི་རྦབ་འགའ་བྱུང་། །ང་རང་མ་སྐྱོན་ཁྱིམ་དུ་བསླེབས། །ཤུད་པ་མ་རེད་ཆུ་རྡོལ་ནས། །དང་པོ་ཆུ་ནི་དམར་པོ་ལ། །དེ་ནས་སྔོན་པོར་གྱུར་པ་ཡིས། །རང་གི་ཁྱིམ་དུ་ཝ་བཙུགས་དྲངས། །ངོ་མཚར་ཆེ་བའི་ཆུ་ཐག་ཉེ། །གྲུབ་ཆུ་ཡིན་སྨྲས་བཏང་ངམ་སྙམ། །ཆུ་དེ་ཆུང་རྒྱུ་


CMR002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རུ། །རྒྱབ་རི་ཡང་རི་ནས་བབ་སྙམ། །བྲག་གི་དཀྱིལ་ནས་ལྷང་ལྷང་བབ། །དེ་ལ་བལྟ་ཕྱིར་སོང་བ་ཡིས། །གནས་ཆེན་པ་འདྲའི་ཁྱིམ་དུ་བསླེབས། །གནས་པོ་བརྗེ་ཆས་བཟང་ལ། །བརྗེ་ལ་སོགས་འཁོར་མང་འདུག །བདག་ལ་བཀུར་སྟི་བཟའ་བཏུང་ཕུལ། །གནས་པོ་ཁ་ཉིན་དབུས་འབྱོན་ཤོམ། །རེ་ཞིག་བཤོལ་ཕྱིར་བཞུགས་པ་ཡིན། །ཁང་ཐོག་འདི་རུ་རྒན་མོ་ཡོད། །ཀརྨ་པ་ཡི་ཞབས་དྲུང་ནས། །གཡོ་རྫོང་ངོས་ནས་འགྲིམ་ཡོད་སོགས། །ལོ་རྒྱུས་མང་པོ་ཟེར་བ་བྱུང་། །རྒྱབ་རི་ཡང་རི་དབྱི་དོ་སྟེ། །ཡིན་པར་ཤེས་ནས་ངོ་ཤེས་ཏེ། །ཕྱུག་ཅིང་ལོངས་སྤྱོད་ཆེན་པོ་གདའ། །དུས་ཕྱིས་ཉམས་ཟེར་མི་བདེན་སྣང་། །དེ་ནས་སྒྲུབ་པ་ཚར་ཀ་དུས། །ཐོ་རངས་ཉི་མ་དྲོན་པོ་ཞིག །ཤར་ནས་རང་གི་ལུས་ལ་ཕོག །རང་མདུན་ཤུགས་དང་བཅས་པ་ཡིས། །དུང་དཀར་བཟང་པོ་བཞག་བྱུང་དང་། །ཡད་ཡུད་མི་གསལ་ཙམ་པ་ཡི། །ཨོ་རྒྱན་དང་ནི་རྟ་མགྲིན་ནི། །མང་པོ་ཡིད་ཀྱི་ཡུལ་དུ་མཇལ། །ཚིག་ཉུང་དོན་ཟབ་ཡིན་པར་རྟོགས། །བྱ་བྲལ་རྟོགས་ལྡན་བད་ཀན་གྱིས། །འཆི་ལ་ཁད་དུ་གྱུར་པ་ལ། །དབང་ལུང་བྱིན་ནས་བསྙེན་བཅུག་པས། །ནད་དེ་ཇེ་


CMR002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་ཕན་པར་གྱུར། །སྤྲེལ་ཟླའི་ཚེས་བཅུ་ནས་བཟུང་སྟེ། །སྤྲུལ་སྐུའི་སྐུ་རིམ་གཙོར་དམིགས་ནས། །རྡོ་རྗེ་ཆེན་པོ་ཞག་བདུན་བསྒྲུབས། །རྨིས་བལྟས་ལེགས་ཤིང་ཚར་བའི་ནུབ། །ང་རང་སྡོད་པའི་ཉེ་ལོགས་འདིར། །སྤྲུལ་སྐུའི་རྡོ་ལ་རང་བྱོན་སོགས། །གནས་ཕྲན་སྔར་ནས་ཕྱེས་ནས་གདའ། །ང་རང་འདུག་སའི་སྒྲུབ་གནས་འདི། །གནས་ཤིག་རེད་བསམ་དགའ་བ་སྐྱེས། །ངོམ་སྟོད་སྤྱི་པའི་ཡིན་པ་ནི། །ནང་རྟེན་ང་སར་བཞག་ནས་ནི། །ལོ་ནི་མང་ཞིག་སོང་འདུག་པ། །ཉོ་ནི་འདོད་ཀྱང་མི་བཙོང་ཟེར། །འོན་ཀྱང་ང་སར་བཞག་ཆོག་ཟེར། །ཐུབ་པའི་རིང་བསྲེལ་འཆུག་མེད་དང་། །ཤཱཀ་ཐུབ་ཕྱག་གཡས་དཔུང་པ་དེ། །ཆག་རྒྱུ་རུལ་རྒྱུ་སྐམ་རྒྱུ་མེད། །མི་གཞོན་གསུམ་གྱི་ལག་པ་ནི། །གཅིག་ཏུ་སྡོམ་པའི་ཕྲ་སྦོམ་ཙམ། །མདོག་ཀྱང་སེར་ཞིང་ཕྱག་མཐིལ་དམར་ཞད་ཅན། །ཕ་ཟོག་རེད་སྙམ་རང་གིས་ཕྱག་བྱས་རྨིས། །དེ་དུས་ཤིན་ཏུ་ལེགས་བསམ་དགའ་ན་ཡང་། །སྤྲུལ་སྐུ་འདས་ནས་ཐུགས་ལྗགས་གདུང་རྟེན་རྣམས། །རེ་ཞིག་འདིར་བཞག་དེ་ནས་ཁྱེར་སོང་བས། །དེ་ཡི་བལྟས་ནི་ཡིན་པ་ཕྱིས་ནས་གོ །དེ་སྐོར་ཞག་དགུར་གནམ་ཆོས་


CMR002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མ། །ཟླ་བ་དྲུག་གིས་ཚོགས་བདག་གཉིས་པོ་ནི། །ཐང་སྐུ་རབ་གནས་ཚུལ་དུ་རྒྱུན་བསྙེན་བྱས། །ཧོར་འདྲ་རྩེ་ཞྭ་ཅན་ཞིག་བྱུང་བ་ནི། །ཞྭ་ཕུད་མ་མཛད་བདག་ལ་ཕྱག་འཚལ་དང་། །ཤིང་རྒྱབ་སུམ་ཅུ་ཙམ་ཞིག་རང་ཁྱིམ་བྱུང་། །ཁྲོམ་ལ་རྩྭ་ཁྲལ་ཕུལ་བའི་ཁས་ལེན་བྱས། །གསེར་དངུལ་གཡུ་བོ་ཆེ་སོགས་ཕུལ་བྱུང་ཞིང་། །བུད་མེད་རྒྱན་ལྡན་འགའ་རེ་རྨི་ལམ་བྱུང་། །འདི་སྐབས་ཆར་འབོད་ཞིག་ཀྱང་དགོས་བྱུང་བས། །སྔགས་བདག་སྔགས་རིང་བརྒྱ་ཙམ་རྒྱུན་བསྙེན་བྱས། །ཆར་བབ་རྡོ་རྗེ་ཆེན་པོའི་སྔགས་དེ་ལ། །དྲུག་ཁྲི་གཅིག་སྟོང་ཙམ་ཞིག་ཚར་བ་ཡིན། །དེ་ནས་སྔོན་ཙམ་ཞིག་པོ་གསུམ་གྱི་བར། །རྡོ་རྗེ་སྒེག་པའི་ནད་འཇོམས་འབྲུ་གསུམ་ལ། །ལྔ་ཁྲི་བཟླས་ཚེ་འཁྲུལ་པའི་རྨི་ལམ་ལ། །ཐང་ནི་ཡངས་ཤིང་བདེ་བའི་མཐའ་བསྐོར་རྣམས། །པོ་ཏི་བརྩེགས་འདྲའི་བྲག་སྐོར་བཙན་པའི་སར། །འདི་རུ་དགོན་པ་ལྷ་ཁང་ཤོང་བར་འདུག །སྐྱིད་པར་འདུག་སྙམ་དགོན་པ་འདེབས་ཤོམ་རྨིས། །དེ་ནས་ཞག་གསུམ་ནད་ལས་རྒྱལ་བའི་སྔགས། །ཉི་ཁྲི་ལྔ་སྟོང་ལྷག་ཙམ་བཟླས་པའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམིས་ཤེད་དུ། །རང་མདུན་གསེར་གྱི་


CMR002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ལུས་ཚད་ཙམ། །གསལ་པོར་མཐོང་བས་ཟིལ་ཆེ་ཆོ་འཕྲུལ་སྣང་། །དགོངས་གཏེར་སྨན་ལྷའི་གནམ་ཆོས་སྦྲག་མའི་སྔགས། །སུམ་ཁྲི་དྲུག་སྟོང་བདུན་བརྒྱ་བཟླས་པའི་ཚེ། །འཕར་སྤྱང་མང་པོ་ཤི་ནས་འདུག་པ་དང་། །འགྲན་ཟླ་བྲལ་བའི་བླ་མ་ཆེན་པོ་ལ། །བདག་གི་ཆོས་བཤད་མང་པོ་བྱས་པ་རྨིས། །དེ་སྐོར་བརྟན་མའི་སྤྱི་སྒྲུབ་ཞག་དགུའི་བར། །སྔགས་ནི་སྟོང་ཕྲག་ཙམ་དུ་ཆག་མེད་དུས། །ཉམས་སྣང་རང་མདུན་བཙུན་མ་ཆོས་བཟང་འདུག །ཁྱོད་ནི་སངས་རྒྱས་འོད་སྲུང་བསྟན་པ་ནས། །ད་བར་ལུས་ནི་མང་པོ་བླང་ཚུལ་སོགས། །བདག་གིས་ཆོས་བཤད་མང་པོ་བྱས་པ་དང་། །བུད་མེད་རྒྱུན་ལྡན་གཉིས་ཙམ་རྒྱང་ནས་བྱུང་། །ཉམས་སྣང་དུང་དཀར་བུས་པའི་སྣང་བ་བྱུང་། །ཕྱག་རྡོར་ལས་ཚོགས་བད་ཀན་ཞི་བའི་སྔགས། །ར་ཆེན་ཁྲི་ཙམ་བཟླས་པའི་དུས་ཀྱི་ཚེ། །རྟོག་ངོར་བད་ཀན་ཞི་བའི་ཡི་གེ་མཐོང་། །སྐྱེས་ཕྲན་ཞིག་གིས་འཆམས་པོ་བྱེད་བཞིན་དུ། །དུང་དཀར་སྔོན་པོ་གནམ་ལ་གཏད་ནས་འབུད། །ཆུ་ཡི་ཕ་ཁར་གནས་རྡོ་གཉན་པོ་ཞིག །ཚུར་འཕྱོངས་ཚུར་རྒྱུག་རང་གི་དྲུང་དུ་བྱུང་། །གྲུ་བཞི་ཨཱ༔ཡིག་དཀར་པོ་རང་བྱོན་ཅན། །


CMR002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་རྨིས་ལས་ཚོགས་དེ་ཡང་ཟབ་པར་གོ །དེ་ནས་ཤིང་སྦྲུལ་སྤྲེལ་ཟླའི་ཡར་ངོ་ལ། །བྱད་ཁའི་རྟགས་ཀྱང་ཤིན་ཏུ་རྩུབ་བྱུང་བས། །ཞག་བདུན་ཡེ་ཤེས་འཇིགས་བྱེད་བསྙེན་པ་བྱས། །གྲངས་བཞག་ལྔ་ཁྲི་བཞི་སྟོང་དྲུག་བརྒྱ་སྟེ། །ཕྲེང་བ་མ་ཁོམ་གཅིག་འབུམ་སོང་ངེས་ཙམ། །ཟངས་ཆེན་ནང་དུ་ཤ་མང་བཙོ་དང་བསྲེག །བླ་མ་ཆེན་པོའི་བདག་ལ་བསྟོད་བྱེད་ཅིང་། །གོས་བཟང་གནང་བ་འཕྱོར་སྣང་དང་བཅས་གྱོན། །བྲག་རི་སྔོན་པོ་ཟངས་དབྱིབས་འཇིགས་པའང་མཐོང་། །འབྲུག་ལུགས་རྟོགས་ལྡན་ཞིག་གིས་ནི། །ཕྱུགས་ཤིག་གནང་དགོས་ཟེར་བ་ལ། །མ་བྱིན་ཆོས་གཏམ་ང་རང་རྒྱལ། །ཐོ་རངས་ཉམས་དང་རྨི་ལམ་མཚམས། །སྤྲུལ་སྐུ་ཡད་ཡུད་མཇལ་བ་ལ། །ཁོང་གིས་བཏོན་པའི་ཤོག་སེར་གྱི། །ཤོག་དྲིལ་གཉིས་ནི་ང་ལ་གནང་། །ཉམས་ཀྱི་སྣང་བ་གསལ་པོ་ལ། །ད་ནི་དེ་སྔ་དང་མི་འདྲ། །ཇེ་འཇིགས་ལ་འགྲོ་ཟེར་བའི་སྒྲ། །ཐོས་པས་རང་ཉིད་ནུས་པ་ནི། །ཇེ་ཆེར་འགྲོ་བའི་རྟགས་སུ་གོ །དེ་སྐོར་ལྷ་མོ་གཉིས་པོ་དང་། །མ་མགོན་ཞལ་སྦྱོར་སྔགས་རྣམས་ལ། །ཕྲེང་སྐོར་ཡ་ཟུང་རྒྱུན་བསྙེན་ནི། །བདུན་གཉིས་ཙམ་ཞིག་བྱས་པའི་སྐབས། །བུད་


CMR002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་དང་བཞིན་མི་སྡུག །དེ་སོགས་ནད་རྟགས་འགའ་རེ་བྱུང་། །དེ་ནས་སྐྱེས་ཕྲན་ཞོ་དྲངས་བཏུང་། །གཡུ་བཟང་ཁུ་ཚུར་ཙམ་ཁྱེར་བྱུང་། །ཉམས་སྣང་བུམ་པ་འོ་མས་བཀང་། །བསྲུང་བྱ་རྣམས་ལ་གཏོར་བ་དང་། །རྒྱལ་མཚན་དྲག་ནས་སང་སང་ཡོད། །གྲྭ་པ་རྣམས་ཀྱང་དེ་དང་འདྲ། །ཟེར་བའི་ཡི་གེ་ཡིད་ཡུལ་མཐོང་། །ཕྱིས་སུ་དེ་ག་མངོན་དུ་གྱུར། །དེ་སྔོན་ཡེ་ཤེས་འཇིགས་བྱེད་དུས། །རང་ཉིད་གྱེན་དུ་འགྲོ་བ་དང་། །མཇལ་མིའི་ཁྲོམ་ཚོགས་འདུ་བ་དང་། །རྫོང་ཞིག་བརྩིག་གྲབས་བྱས་པ་དང་། །གནས་མདོའི་མཁར་དེ་སྔར་དུས་དང་། །མི་འདྲ་བཙན་ཆ་ཆེ་བའང་རྨིས། །དེ་སྐོར་གནམ་ཆོས་ནས་བྱུང་བའི། །བེར་ཆེན་སྐོར་གསུམ་རྒྱུན་བསྙེན་བྱས། །རང་ཕྱོགས་དཔོན་རིགས་འཇིགས་པ་འགས། །གོ་ཁྲབ་མང་པོ་སྤུང་བ་དང་། །དགྲ་བླའི་དཔའ་བསྟོད་བྱས་པ་དང་། །སིདྡྷཱ་སྤྲུལ་པའི་སྐུ་དང་མཇལ། །རང་ཉིད་ནམ་མཁར་ཐོགས་མེད་དུ། །འཕུར་འཛུམ་ལྡིང་གསུམ་བྱེད་བཞིན་དུ། །ཀིང་ཀང་བསྐྱེད་རིམ་གསལ་བ་རྨིས། །ཤིན་ཏུ་ཟབ་པའི་ངེས་ཤེས་ཐོབ། །ཤིང་སྦྲུལ་གྲོ་ཞུན་ཚེས་བརྒྱད་ནས། །ཞག་བདུན་བར་དུ་གནམ་ཆོས་ཀྱི། །


CMR002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཆེན་ཡིད་བཞིན་འཁོར་ལོ་ལ། །འབུམ་ཕྲག་གཅིག་ཙམ་བཟླས་པའི་ཚེ། །ནམ་མཁར་ཉི་མའི་དཀྱིལ་འཁོར་གསལ། །རང་ཐད་ནམ་མཁར་སྤྲིན་དཀར་པོ། །བྱ་ལྟར་ལིང་ངེ་ལྡིང་བ་དང་། །ནུབ་ངོས་ནམ་མཁར་ཉི་མ་ཡི། །དཀྱིལ་འཁོར་བཀྲག་མདངས་ཟེར་ཅན་ཤར། །ཕ་རོལ་གནོད་པ་མེད་ཟེར་བའི། །ཡི་གེ་གསལ་པོ་མིན་ཙམ་མཐོང་། །དེ་ཚེ་གནམ་ཆོས་ཞིང་སྐྱོང་ལ། །སུམ་བརྒྱ་ཙམ་རེ་རྒྱུན་བསྙེན་སྐབས། །སྐྱ་པ་ཆས་བཟང་བརྒྱ་ཙམ་གྱིས། །དྲེལ་ལ་སྒམ་ནི་ཁོ་ན་བཀལ། །འཁོར་གསུམ་དང་བཅས་གཤར་བྱུང་དང་། །ཁྱི་དམར་སྤྲེལ་འདྲ་ལངས་ཤེས་པ། །ལག་ན་བསྡུས་ཤིང་ཁྲིད་པ་དང་། །ཀརྨ་ཡིན་སྙམ་དགོན་པ་ཞིག །དགོན་མཐའ་བྲག་གིས་བསྐོར་གདའ་བས། །མི་བཙན་སྙམ་ཡང་བཙན་བསམ་རྨིས། །གྲོ་ཞུན་བཅོ་ལྔ་ནས་བཟུང་སྟེ། །གནམ་ཆོས་འཇིག་རྟེན་དབང་ཕྱུག་གི །ནད་ཞིའི་སྔགས་དམིགས་ཞག་བདུན་བྱས། །སྔགས་གྲངས་འབུམ་ཕྲག་ཙམ་ཚར་ཏེ། །རྨི་ལམ་གྱེན་འགྲོ་ཉི་མ་ཤར། །ཚར་དུས་ཐོ་རངས་ཉམས་སྣང་ལ། །ལས་ཚོགས་རབ་འབྱམས་འགྲུབ་དང་སྐལ་ལྡན་གྱི། །ནད་རྣམས་ཐམས་ཅད་ཞི་བར་བྱིན་གྱིས་


CMR002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །ཞེས་པའི་སྒྲ་ཞིག་གྲག་པ་གསལ་བར་ཐོས། །དེ་ཚེ་གནམ་ཆོས་མྱུར་མཛད་མགོན་དཀར་གཉིས། །ནུབ་མོ་ཐུན་རེ་བཟླས་པ་བྱས་པ་ཡིས། །སོག་པོའི་རྒྱལ་པོ་སྟོབས་ལྡན་འཇིགས་རུང་བ། །བོང་ཐུང་སྨུག་ནག་གཅིག་དང་མཇལ་བ་ཡིས། །དེ་ལ་བདག་གིས་ཕར་ལ་ཕྱག་འཚལ་ནས། །རྒྱལ་པོ་བཙུན་མོ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་གུས་ཚུལ་དབུ་ཐུག་བྱས་པ་རྨིས། །ཤིང་སྦྲུལ་གྲོ་ཞུན་ཉེར་གཉིས་ནས་བཟུང་སྟེ། །ཞག་དགུར་པདྨ་གཙུག་ཏོར་འབུམ་ཙམ་བཟླས། །རྨི་ལམ་ནམ་མཁར་ཚེས་བརྒྱད་ཟླ་བ་ཤར། །ཆོས་ཀྱི་དབང་ཕྱུག་དངོས་དེ་གསལ་བར་མཇལ། །རྗེ་ཉིད་ག་ཤད་བྱོན་ནས་སོང་བའི་ཚེ། །དེ་ཚེ་གཟིམས་གུར་ནང་ནས་བསྒུགས་ནས་བསྡད། །དེ་ནས་ཕེབས་བྱུང་ད་བར་ཁྱེད་བསྒྲིགས་པས། །གྲྭ་པ་འགའ་ལ་བསྙེན་རྫོགས་གནོང་ཞུས་ཤིང་། །བསྙེན་རྫོགས་གནང་ཤོམ་བྱེད་པ་རྨིས་པ་དང་། །དངུལ་གྱི་མཆོད་རྟེན་ཆེན་པོ་མཐོང་བ་དང་། །རྡོ་བརྩེགས་གཙུག་ལག་ཁང་ནི་ཆེན་པོ་ཡི། །ཕྱོགས་བཞིར་རང་གི་ཕྱག་རྗེས་གཉིས་རེ་བཞག །ལྷ་ཁང་དབུས་སུ་རྡོ་རིང་ཆེན་པོའི་ངོས། །མཛུབ་མོས་ཨོཾ་ཨཱཿཧཱུྃ་གསུམ་བྲིས་པ་


CMR002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས། །འདི་སྐབས་གནམ་ཆོས་སྲིན་མགོན་ཞལ་བཞི་དང་། །དབང་ཕྱུག་སེར་པོ་གཉིས་ཀ་རྒྱུན་བསྙེན་བྱས། །སྲིན་མགོན་བར་ཆད་བཟློག་པའི་ལས་ཚོགས་ཀྱི། །ཡུངས་ཀར་གཏོར་བའི་ནུབ་མོ་རྨི་ལམ་དུ། །བུད་མེད་རོ་གཅིག་ལངས་གྲབས་སྐྲག་འདུག་པས། །བདག་དང་བདག་གི་གྲོགས་པོ་གཉིས་ཀྱི་ལག །རལ་གྲི་ཤིན་ཏུ་རྣོ་བ་འདུག་པ་དེས། །རོ་ལངས་བསད་ཅིང་དུམ་བུར་དུམ་བུར་གཏུབ། །ལས་ཚོགས་དེ་ཡང་རྣོ་བའི་ངེས་པ་རྙེད། །ཨོ་ཡོ་རྒོད་པོ་གཅིག་ནི་བདག་གིས་བཟུང་། །འདི་ནི་སྔོན་དུས་ཨོ་རྒྱན་གཟིམས་ཁྱིའི་རྒྱུད། །ཚར་ན་རྒོད་པོ་འོང་སྙམ་ཁྲིད་རྨིས་པ། །བྲམ་གཟུགས་བསྙེན་པའི་རྟགས་ནི་ཡིན་ནམ་སེམས། །སྔོན་དུ་ཀརྨ་པཀྴི་ཡིན་སྙམ་པའི། །འཁར་རྔ་ཤིན་ཏུ་བཟང་པོ་ཞིག་རྙེད་པ། །འདི་བརྡུང་སྐད་ནི་དཔེ་མེད་ཡོད་སྙམ་ཞིང་། །ཅུང་ཟད་བརྡུངས་རྨིས་དེ་སྐོར་ཞག་བདུན་ལ། །གནམ་ཆོས་ཀུ་རུ་ཀུལླེ་བསྙེན་པའི་རྟགས། །བུད་མེད་སྨུག་མོ་ཤ་རྒྱས་མདངས་ལྡན་གཉིས། །རང་ཚང་བག་མ་ལ་ནི་བསུས་པ་དང་། །ཁྲོམ་ནི་འདུག་རྨིས་ཚར་བའི་ཐོ་རངས་ལ། །འོད་ནི་ཉི་མའི་དཀྱིལ་འཁོར་གཟུགས་འདྲ་བ། །ཟེར་དང་བཅས་པ་ལི་སྡེར་


CMR002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པ་ཞིག །རང་ཐད་ལྕམ་གསེབ་དེ་ན་དངོས་སུ་མཐོང་། །དེ་ཚེ་གནས་ཆོས་མ་ནིང་ཐུགས་མགོན་ལ། །སུམ་བརྒྱ་ཙམ་རེ་རྒྱུན་བསྙེན་བྱས་པ་ཡིས། །པདྨ་རིག་འཛིན་ཡིན་སྙམ་སྔགས་པ་ནི། །ཐོར་ཚུགས་ཅན་གྱིས་རྙིང་མའི་དཔེ་འགའ་ཀློག །བཙུན་པ་ཆས་བཟང་སྔགས་པ་ལ་སོགས་རྨིས། །ཤིང་སྦྲུལ་ཁྲུམས་ཟླའི་ཚེས་དགུ་ནས་བཟུང་སྟེ། །ཞག་བདུན་ཐུགས་ཆེན་སེང་གེ་སྒྲ་བསྙེན་པ། །སུམ་ཁྲི་དྲུག་སྟོང་ལྷག་ཙམ་བཟླས་པ་ཡི། །ཞབས་དྲུང་ཡིན་སྙམ་བཞེངས་པ་གཅིག་དང་མཇལ། །རང་ཉིད་གོས་དཀར་གྱོན་ཅིང་གྱེན་དུ་སོང་། །པཎ་ཞྭ་སེར་པོ་གྱོན་ཅིང་ཁང་པ་ནི། །བཙན་པོར་རང་ཞུགས་ཁྱི་གཉིས་བརྡུངས་ཤིང་ཕུད། །ཉུང་ཆོས་བཙུགས་ཤོམ་བྱས་པས་ནམ་ལངས་རྨིས། །རྩ་གསུམ་དྲིལ་སྒྲུབ་ཐུན་གཉིས་བཞི་བརྒྱ་རེ། །རྒྱུན་བསྙེན་བྱེད་ཚེ་ཆོས་དབྱིངས་རྡོ་རྗེ་ནི། །སྐུ་ཤ་རྒྱས་ཤིང་ཞལ་རས་དགྱེས་ཚུལ་བཅས། །འཛམ་བུ་གླིང་ན་བཟང་བ་ཡིན་ཟེར་བའི། །རྟ་ནི་སྔོན་པོ་ཆིབས་ནས་བྱོན་པ་མཇལ། །མཇལ་དར་ཁ་བཏགས་ཕུལ་ཞིང་བྱིན་རླབས་ཞུས། །སྐྱེ་བ་ཀུན་ཏུ་རྗེས་འཛིན་སྨོན་ལམ་བཏབ། །མི་བསྐྱོད་རྡོ་རྗེའི་བཀའ་འབུམ་པོ་ཏི་ནི། །བརྒྱ་དང་


CMR002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་ཙམ་ཞིག་ཡོད་པ་ཟེར། །དེ་ཚེས་དབུ་ལྡེབ་མང་པོ་ཤོག་སྦྱར་ཅན། །ཆོས་ཆེན་དབུ་ལྟར་འཐུག་པོ་བྱས་པ་ཡི། །དཔེ་བཅས་མེད་པ་མང་པོ་རྙེད་པ་རྨིས། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཚེས་གཅིག་ནས། །ཞག་བདུན་གསང་འདུས་ཟབ་པའི་མཐར་ཐུག་བསྙེན། །གཅིག་ཁྲི་གཅིག་འབུམ་ལྷག་ཙམ་འགྲུབ་པའོ། །ཉམས་སྣང་ནམ་མཁར་བཅུ་བདུན་ཟླ་བ་ཤར། །བར་སྣང་ཉི་མའི་དཀྱིལ་འཁོར་གསལ་བར་མཐོང་། །ལུས་སྦྱིན་དགོས་པ་མང་བས་མ་གསལ་ཏེ། །བུད་མེད་ཤིན་ཏུ་རྒན་མོ་གསལ་བར་རྨིས། །ཡིད་ཡུལ་ཡི་གེ་བཀོད་པ་གྱང་ལ་དོད། །བདེ་ཆེན་ཞིང་སྒྲུབ་རྒྱུན་བསྙེན་སྟོང་ཙམ་སྐབས། །ནམ་མཁར་སྤྲིན་ནང་ཟླ་བ་ཉ་རྒྱས་ཤར། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ནས། །ཚ་བ་དམར་ཐག་ཞག་བདུན་ཆིག་འབུམ་བཟླས། །བདག་ལུས་སྲུས་ཧུབ་འདྲ་བ་ཚན་ཆེར་འགྲིམ། །སྤྲུལ་སྐུ་མཇལ་བས་སྤྲུལ་སྐུའི་ཞལ་ནས་ནི། །སྤོས་ནི་ཕུལ་དང་མི་དོགས་གསུངས་བྱུང་བས། །ཁྲག་སྤོས་ཤིག་གིས་བདུག་པ་བྱས་པ་རྨིས། །ཉེར་གཉིས་ནས་བཟུང་རོ་ཟའི་བསྙེན་པ་བྱས། །སྤྲིན་མེད་ཤར་གྱི་རི་རྩེར་ཉི་མ་ཤར། །དེ་དག་མཉམ་དུ་ཚེས་གསུམ་ཟླ་བ་ཤར། །འདི་


CMR002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་ཡི་འདོན་ཆ་བསྒྲིགས་པ་སྟེ། །གཉེན་ཕྱིར་གོད་འཚགས་ཡང་ནི་ཅུང་ཟད་བྱུང་། །དཔོན་ཆེན་ཞྭ་ཐུལ་དཀར་པོ་གྱོན་པ་ཞིག །ཁྱི་འགའ་ཁྲིད་བྱུང་ང་ལ་བཅར་ནས་བཞུགས། །ཁྱི་ཚོས་ང་ལ་གནོད་དོགས་མཛད་འདུག་པ། །ཁྱི་ཚོ་ཐམས་ཅད་ཕྱིར་ལ་མཆོངས་ནས་སོང་། །དེ་ནི་སྡེ་བརྒྱད་བསྐུལ་བའི་རྟགས་སུ་གོ །སྐས་ནི་གཉིས་མཐུད་གཅིག་ལ་ཡར་འཛེགས་པས། །ཐར་བར་དཀའ་ཚེ་ཨ་མས་སྐྱོལ་ནས་ཐལ། །ད་རེས་མ་འགྱིལ་ཐར་སྨྲས་དགའ་བ་རྨིས། །ཞག་བདུན་གཅིག་འབུམ་བདུན་སྟོང་ཚར་བའོ། །དེ་ཚེ་མགོན་དམར་གློག་ཕྲེང་སྟོང་རེ་བཟླས། །རྨི་ལམ་རི་ནི་དམར་པོ་འཇིགས་རུང་བ། །བྱང་ཤར་ཕུག་པ་ཡོད་པའི་རྩ་དེར་བསྡད། །རང་ཕྱོགས་དཔོན་རིགས་ཆས་བཟང་འཇིགས་རུང་ཞིག །ཉམས་ཀྱི་སྐབས་ལ་རང་གི་མདུན་དུ་བྱུང་། །ཤིང་སྦྲུལ་མགོ་ཟླའི་ཚེས་གཅིག་ནས་བཟུང་སྟེ། །གནམ་ཆོས་ཚེ་དབང་རྒྱས་པའི་དབང་སྒྲུབ་བསྙེན། །སྔགས་གྲངས་འབུམ་ཕྲག་ཙམ་ཞིག་སོང་བ་སྟེ། །ཆུ་ཆེན་འགྲམ་ནས་གྲུ་གཅིག་བཅས་པ་དེ། །ཆུ་ལ་ཅུང་ཟད་བྱིངས་ཀྱང་ཐར་བ་དང་། །མ་ཕམ་ལ་སོགས་འགའ་རེ་སྔོན་དུ་བཏང་། །ང་རང་རྗེས་ནས་


CMR002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྒར་པ་བཀྱག་ཤོམ་ལ། །ཇ་ཞུས་ཡོད་ཟེར་བསྒུགས་ནས་མ་སོང་རྨིས། །འདི་སྐབས་རི་ཆོས་བརྩམས་པས་རྟགས་མ་གསལ། །མགོ་ཟླའི་ཚེས་བཅུ་ནས་བཟུང་ཞག་བདུན་ལ། །ཨུ་པ་ར་ཙ་དགུ་ཁྲི་ལྷག་སྟོང་བཟླས། །རང་ཉིད་མཁར་ནས་ཕྱི་རུ་འགྲོ་ཤོམ་བྱས། །རྒྱ་སྒོ་གཉིས་ནི་ཕྱེས་ནི་གདའ་བ་ལ། །བུད་མེད་གཅིག་གིས་ཕྱི་རུ་འགྲོ་མ་སྐྱོལ། །མཁར་ནང་ཁྲིད་པས་དཔོན་རིགས་ཤིག་གིས་ནི། །ང་ནི་སྡོད་སའི་ཁྲི་ནི་མཐོན་པོར་བརྩེགས། །དེ་སྟེང་གཡུང་དྲུང་དཀར་པོ་བཏིང་ནས་གདའ། །སྐུ་སྐྱེ་ཡིན་སྙམ་ཁྱེའུ་པང་བ་རྨིས། །འདི་སྐབས་རྩིས་སོགས་རྣམ་གཡེང་ཆེ་བ་དང་། །མངོན་རྟོགས་དཔེ་ཡང་དུས་སུ་མ་འཛོམས་པས། །རྟགས་ནི་ཧ་ཅང་གསལ་བར་མ་གྱུར་ཏོ། །མགོ་ཟླའི་བཅུ་བདུན་ནས་བཟུང་ཞག་བཅུ་ལ། །ཁྲོ་བོ་བསྙེན་ཚེ་བྱ་ནི་སྐེ་རིང་བ། །གཅིག་བཟུང་སྐེ་ནས་ཐག་པས་བཅིངས་བ་དང་། །སྦྲུལ་ནི་དཀར་པོ་སྐམ་གྱི་ཕྲ་སྦོམ་ཙམ། །ང་ཡི་ཉལ་སའི་ཐད་དེར་གདའ་བ་དང་། །ཕལ་ལོག་སྦྲུལ་ནི་བྱི་ལ་ཙམ་གཉིས་གདའ། །སྦྲུལ་དཀར་བདག་གིས་གྲིས་གཙགས་བསད་པ་དང་། །མི་ནག་རལ་པ་ཅན་ནི་གཅིག་གིས་ནི། །འོ་ན་ཟེར་ནས་མདུན་དུ་ཤ་མང་སྤུངས། །


CMR002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་སྙིང་རྗེ་དཔའ་སེམས་སྐྱེ་བ་བྱུང་། །དེ་ནས་ཞག་ལྔ་མི་མགོ་བཅོ་ལྔ་ཡིས། །སྒྲུབ་ཆེན་བྱས་པས་ཀུན་སྡོམ་ཞག་བཅུ་བཞི། །སྔགས་གྲངས་འབུམ་ཕྲག་གཉིས་ནི་ཚར་བ་ཡིན། །ཚར་ནུབ་ཤར་གྱི་ཕྱོགས་ཀྱི་ནམ་མཁའ་ལ། །ཚེས་ལྔའི་ཟླ་བ་ཙམ་ཞིག་དཀྱིལ་དཀྱིལ་འཁོར། །སྐར་མ་དམར་པོ་ཆེན་པོའང་གདའ་སྣང་བྱུང་། །ཐུན་པ་ཕལ་ཆེར་རྨིས་རྟགས་ཧ་ལམ་གསལ། །མེ་རྟའི་རྒྱལ་ཟླའི་ཚེས་གཅིག་ནས་བཟུང་སྟེ། །ཐུགས་རྗེ་ཆེན་པོ་ཁོ་ན་སྒྲུབ་པར་སེམས། །མ་ཎི་ཨཱ་ཡུ་ཞག་པོ་ཉེར་གཅིག་བསྙེན། །ཤར་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་ནི། །གསལ་པོ་ཤར་བ་ལན་གཉིས་བར་དུ་རྨིས། །བླ་མ་ཆོས་དབང་ཀུན་བཟང་ལ་དམིགས་ནས། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི། །སྔོན་འགྲོ་ནས་བཟུང་གཏོར་བྲོ་ཡན་ཆོད་ལ། །ཆག་མེད་ཞག་པོ་ཉེར་གཅིག་བར་དུ་བཏང་། །རྨི་ལམ་རང་གི་ཐད་ཀྱི་བར་སྣང་ལ། །སྤྲིན་ནི་དཀར་པོ་ལིང་ངེ་བ་ཞིག་གདའ། །དེ་ལས་འོད་ཟེར་ཆེན་པོ་འཕྲོ་བ་རྨིས། །དེ་རྗེས་ཞག་གསུམ་མངོན་རྟོགས་ཉུང་བ་དང་། །དེ་ཡི་སྔགས་བཟླས་དེ་དག་ཀུན་གྱི་ཚེ། །ཉིན་པར་ཕལ་ཆེར་གྲངས་ལ་མ་བཞག་པར། །གཟུངས་


CMR002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཉིད་ལ་ཚན་ཆེར་བཟླས་པ་སྟེ། །ཡིག་དྲུག་ཀྱང་ནི་འབུམ་ཕྲག་བཞི་ལྷག་སོང་། །འཇའ་ཚོན་ལུགས་ཀྱི་བསྙེན་པ་ཐེམ་པ་ཡིན། །ཆོས་དབང་ཀུན་བཟང་འདས་པས་ཡིད་སྐྱོ་ནས། །ཉ་མཚམས་བརྒྱད་གསུམ་དམ་ཅན་ལ་སོགས་ཀྱི། །གསོལ་ཁ་རྒྱས་པར་བྱེད་པ་དགོས་པ་ཆུང་། །ད་ནི་དེ་ཚོར་ཉུང་ངུར་བསྡུས་བྱས་ཏེ། །གནས་ཆོག་འདྲ་ཞིག་རྒྱས་པར་བྱ་སྙམ་ནུབ། །རང་གི་བསོད་ནམས་ཀྱིས་མ་ཕེར་བ་ཡིན། །བཀའ་སྲུང་གིས་མ་ཕེལ་བ་སྤུ་ཙམ་མེད། །ཟེར་བའི་སྒྲ་ཞིག་གསལ་བར་ཐོས་པའི་ཚེ། །དུས་མཆོད་གསོལ་ཀ་རྣམས་ཀྱང་མ་སྐྱུར་རོ། །བདག་གི་རྩོམ་དང་བསྒྲིགས་ཆོག་མང་པོ་བྱས། །དེ་དག་མ་འཕྲག་པ་ཡང་ཡིན་སྲིད་དམ། །ད་ལོ་བླ་མ་འདས་སོགས་ན་ཚ་བཏུད། །ད་ནི་རྩོམ་དང་བསྒྲིགས་ཆོག་ལ་སོགས་པ། །ད་ནི་ཅིག་ཀྱང་མི་བྱེད་བསམས་ཤིང་ཉལ། །རྨི་ལམ་མཆོད་ཁང་ཞིག་གི་ནང་དུ་ཕྱིན། །མཆོད་བཏེག་སྟེང་དུ་རྟེན་བཤམས་མང་པོ་གདའ། །རང་གི་གཏེར་ནས་བཏོན་པ་ཡིན་སྙམ་པའི། །དཔེ་ཆ་འགའ་རེ་རང་གི་ལག་ཏུ་གདའ། །ད་རུང་མཆོད་བཤམས་གསེར་སྐུའི་བར་རྣམས་ནས། །གཏེར་ནས་འདོན་རྒྱུ་ཕྱེད་ཙམ་ཡོད་འདུག་ཀྱང་། །ང་ལ་


CMR002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཐོན་ཟེར་བའི་ལུང་བསྟན་མེད། །ད་ནི་གཏེར་འདོན་མི་ཕོད་སྙམ་ཙ་ན། །ད་ནི་ཁྱེད་རང་འདོན་འཕྲོའི་གཏེར་འདི་རྣམས། །ཐོན་ཞིག་ཟེར་བའི་སྒྲ་ནི་ཐོས་པ་རྨིས། །དེ་ཕྱིར་རྩོམ་འཕྲོ་རྣམས་ཀྱང་མ་བསྐྱུར་རོ། །དེ་ནས་རྒྱལ་ཟླའི་ནས་བཟུང་ནག་ཟླའི་བར། །སྒྲུབ་པ་བྱས་པའི་རྟགས་ནི་འགའ་ཡོད་ཀྱང་། །བརྗེད་ཐོ་མ་བྲིས་བརྗེད་ནས་བཀོད་མ་ཐུབ། །མེ་ཕོ་རྟ་ལོ་ནག་ཟླའི་ཉེར་གསུམ་ལ། །འགྲུབ་སྦྱོར་ཉིན་པར་རབ་གནས་ལེགས་པར་བྱས། །དེ་ནུབ་ནས་བཟུང་ཉི་ཟླ་ཁ་སྦྱོར་གྱི། །ཕལ་ཆེར་སྒྲུབ་པ་རྩེ་གཅིག་བྱས་པའི་སྐབས། །ཉམས་དང་རྨི་ལམ་འདྲེས་པའི་སྣང་བ་ལ། །མདུན་གྱི་ནམ་མཁར་སྲོང་བཙན་སྒམ་པོ་ཉིད། །སྐུ་ཚད་ཆེ་ཆུང་ཁང་བརྩེགས་གསུམ་ཙམ་སར། །དབུ་ལ་དར་ཡུག་དམར་པོའི་ལ་ཐོད་བཅིངས། །སྐུ་ལ་གོས་ཆེན་ལྗང་ཁུའི་རལ་གུ་གསོལ། །དེ་ཡི་རྒྱབ་ཏུ་བེར་ཕྱམ་དམར་པོ་གསོལ། །སྐྱིལ་མོ་ཀྲུང་གིས་ལམ་མེར་གསལ་བ་ཅིག །མངོན་སུམ་ལྟ་བུར་ཤིན་ཏུ་གསལ་བར་མཇལ། །ཞག་བདུན་ཚར་ནུབ་སྤེལ་ལོ་སྤྲེལ་ཟླ་ཡི། །ཚེས་བཅུར་རང་གི་ཨཱ་ཡུ་བཏགས་པའི་ཚེ། །འཆི་སྲིད་ད་ནས་སྐྱེ་བ་མི་ལེན་ཞེས། །ཟེར་བའི་སྒྲ་ནི་


CMR002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་མིན་ཙམ་ཐོས། །ཕྱིར་ནངས་ཞོགས་པ་ཅུང་ཙམ་འཐུམ་པའི་ཚེ། །རྗེ་བཙུན་སངས་རྒྱས་དབོན་པོ་རིན་པོ་ཆེ། །དབུ་ལ་ཞྭ་དམར་དྭགས་ཞུ་འདྲ་བ་མནབས། །དགེ་སློང་ཆ་ལུགས་སྐྱིལ་ཀྲུང་གིས་བཞུགས་པ། །སྐུ་ཡི་རྣམ་པ་ཧ་ལམ་གསལ་བ་ཡི། །རྩ་རླུང་སོགས་ཀྱི་ཟབ་ཆོས་མང་པོ་ཞིག །གནང་བ་ཕྱིར་ནངས་བརྗེད་ནས་མ་དྲན་ནོ། །ནུབ་གཅིག་རང་ལུས་རྒྱལ་བ་རྒྱ་མཚོ་ཡི། །གནས་ལྔར་རྒྱུད་སྡེའི་ལྷ་རྣམས་ཁ་དོག་ལྔར། །སྒོམ་ནི་གཏུམ་མོ་སྦྱར་བའི་དམིགས་པ་ཞིག །རང་གི་ཡིད་ལ་ཤར་ཞིང་བསྒོམས་བྱས་པས། །ཡ་མཚན་ཟེར་བའི་སྒྲ་ཞིག་གྲག་པ་ཐོས། །གསང་འདུས་ཟབ་པའི་མཐར་ཐུག་ཞིག་བདུན་བསྙེན། །ཤར་ནས་ཉི་མ་མོག་གེ་བ་གཅིག་ཤར། །ཅུར་བ་ཡོག་ཙེ་གང་ཙམ་ཕུལ་བྱུང་དང་། །ནག་པོ་བཀོལ་བའི་ང་རྒོད་དམར་པོ་ལ། །འོ་མས་བྲན་པ་ཞིག་ནི་དྲངས་བྱུང་རྨིས། །འཐུམ་པའི་ཉམས་ལ་གྱ་གཅིག་ཡི་གེ་ཤར། །སྤར་ཁ་བརྩིས་པས་དོན་གཅིག་ཡིན་པར་བརྩིས། །གནམ་ཆོས་གསང་འདུས་འཇིག་རྟེན་དབང་ཕྱུག་དང་། །རྡོར་ཕྲེང་གསང་འདུས་ཟུང་འཇུག་དམིགས་པ་ཡིས། །ཡི་གེ་དྲུག་པ་འབུམ་ཕྲག་བཟླས་པའི་ཚེ། །ཞག་དྲུག་ནུབ་པར་གསང་


CMR002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡིན་སྙམ་པའི། །དམར་པོ་ཞལ་གསུམ་ཕྱག་དྲུག་མང་པོ་ཡིས། །ནམ་མཁའ་བར་སྣང་གང་བ་ཧ་ལམ་པར། །གསལ་པོ་མིན་ཙམ་ཉམས་རྨིས་མཚམས་སུ་མཐོང་། །ཞག་བདུན་ནངས་པར་རྒྱལ་བའི་དབང་པོའི་གསུང་། །རིན་པོ་ཆེ་པས་བྲིས་ནས་བསྐུར་བ་ཡིས། །ཡི་དམ་ཀུན་ལ་ཐུགས་དམ་བྱ་ཚུལ་དང་། །ཡང་ན་རྒྱལ་བའི་དབང་པོ་ཁོ་རང་ལ། །བློ་གཏད་ལིང་སྐྱུར་བྱས་ནས་གསོལ་འདེབས་ཚུལ། །གདམས་པ་ཟབ་མོ་འགའ་གདའ་ཡིད་དགའ་སྟེ། །ཚིག་རྣམས་དེ་ནུབ་གསལ་ཏེ་ཕྱིར་ནངས་བརྗེད། །རྒྱལ་བའི་དབང་པོས་བསྐུར་བའི་བྱིན་རླབས་རྟེན། །ཤོག་ཐུམ་ཞིག་གདའ་དེ་ཡི་ཁ་ཡིག་ལ། །ཕོ་བྱས་གོ་བཅད་ཟེར་བ་གསལ་པོར་མཐོང་། །ད་རུང་ལོ་གྲངས་སུམ་ཅུར་འགྲོ་དོན་གྱིས། །གསུངས་ཞེས་ཟེར་བ་ཆ་འཕྲིན་རྣ་བས་ཐོས། །རང་གི་གོས་ངན་གྱོན་ནས་གདའ་བ་ཕུད། །གོས་བཟང་རང་གིས་གྱོན་ཤོམ་བྱས་པ་དང་། །བླ་མ་འདྲ་བས་མི་ནི་མང་པོ་ཡིས། །གོས་ཡུག་དར་ཡུག་བཟང་པོ་གདོང་ལ་གཟར། །བདུན་ཚན་ལ་སོགས་བདག་ལ་འབུལ་ཤོམ་དང་། །ཕྱིར་ནངས་ཤར་རིའི་རྩེ་ནས་ཉི་མའི་དཀྱིལ་འཁོར་ནི། །ཆུང་ངུ་མོག་གེ་བ་གཅིག་ཤར་


CMR002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །དེ་རྒྱབ་ཉི་མ་ཆེན་པོ་ཤར་བ་མཐོང་། །དེ་ནས་དུས་འཁོར་འཇིག་རྟེན་དབང་ཕྱུག་བསྒོམས། །ཡིག་དྲུག་འབུམ་ཕྲག་ཕྱེད་གསུམ་བཟླས་པ་ཡིས། །ཞག་བདུན་ཐོ་རངས་ཉམས་ཀྱི་སྣང་བ་ལ། །བདེ་བ་ཅན་དུ་ཕྱིན་པའི་སྣང་བ་བྱུང་། །བཀོད་པ་ཇི་འདུག་ཡིད་ལ་མ་གསལ་ལོ། །དེ་ནས་སྣོན་ཟླའི་ཚེས་གཅིག་ནས་བཟུང་སྟེ། །གནམ་ཆོས་མ་ཎི་ཨཱ་ཡུ་ཞག་བདུན་ལ། །འབུམ་ཕྲག་ཕྱེད་དང་གསུམ་ཙམ་བཟླས་པའི་ཚེ། །ཉིན་གུང་འཐུམ་པར་ནམ་མཁའི་སྤྲིན་གྱི་དཀྱིལ། །ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བ་ལ། །གསལ་བར་ཤར་བ་ལན་གཉིས་བར་དུ་རྨིས། །ཞག་བདུན་ཕྱིར་ནངས་གཉིད་དུ་སོང་བ་ལ། །མེ་ཏོག་པདྨ་དཀར་པོ་ཟངས་ཙམ་པ། །ཁ་ནི་བྱེ་མ་ཐག་པ་ཟེའུ་འབྲུའི་སྟེང་། །རང་ཉིད་ཕྱིན་ནས་བསྡད་པའི་སྣང་བ་བྱུང་། །འདི་སྐབས་བདེ་ཆེན་ཞིང་གི་ཟིན་བྲིས་བརྩམས། །དེ་ཡི་ཉམས་ལེན་རྒྱུན་ཁྱེར་བྱས་པའི་ཚེ། །བཀོད་པ་ལ་སོགས་ཞིབ་ཆ་མི་གསལ་ཡང་། །བདེ་བ་ཅན་དུ་ཕྱིན་སྣང་རྨི་ལམ་གསལ། །ཚེས་བརྒྱད་ནས་བཟུང་ཞག་པོ་བདུན་གྱི་བར། །གནམ་ཆོས་མ་ཎི་ཨཱ་ཡུ་ཚེ་ཧཱུྃ་བསྙེན། །རང་ཉིད་གོས་བཟང་བཙུན་མའི་ཁྲོམ་ཆེན་འདུས། །ཉམས་


CMR002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཉི་མའི་དཀྱིལ་འཁོར་འདྲ་བ་ཡི། །འོད་ཀྱི་དཀྱིལ་འཁོར་མཐོང་སྙམ་འདྲ་བ་བྱུང་། །ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔ་ལྡན་ནི། །དབོན་གྱི་ལུགས་ལ་གཏེར་མའི་དམིགས་པའང་སབ། །ཞག་དགུར་བཟླས་ཚེ་ཉིན་དགུང་ཅུང་ཞིག་འཐུམ། །ནམ་མཁའ་ཐམས་ཅད་འཇའ་ཚོན་ཁ་དོག་ལྔ། །སྐར་རྩིས་བཀབ་པ་ལྟ་བུར་བར་མཚམས་མེད། །འཇའ་འོད་ཁྲུག་ཁྲུག་བྱེད་པ་གསལ་པོར་མཐོང་། །ཤར་ཕྱོགས་ནམ་མཁར་ཉི་མའི་དཀྱིལ་འཁོར་ནི། །འོད་ཟེར་མེད་པ་ཟླ་བ་འདྲ་བ་ཤར། །དེ་རྗེས་ཤར་ལྷོ་མཚམས་ནས་དེ་འདྲ་ཤར། །ཁང་བཟང་གསར་པའི་ནང་དུ་འདུག་པ་སོགས། །འདི་སྐབས་རྨིས་ལྟས་མང་ཞིང་གསལ་བ་བྱུང་། །དེ་ནས་ཐུགས་རྗེ་ཆེན་པོ་དམར་ཁྲིད་ལུགས། །སངས་རྒྱས་དབོན་གྱིས་མཛད་པའི་སྒོམ་བཟླས་བྱས། །ཆར་པ་བབ་དོ་ཡུད་ཙམ་འཐུམ་པ་ལ། །རང་མདུན་ཉི་མ་དྲོན་པོ་སེར་ལྷག་ཤར། །སྤྲེལ་ཟླའི་ཚེས་གཅིག་ནས་བཟུང་ཞག་བདུན་ལ། །རྒྱལ་བ་རྒྱ་མཚོའི་ཚེ་སྒབ་སྨག་རྒོད་ཅན། །བསེན་ཚེ་དང་པོ་སོག་པོ་ཞིག་ཁྲོས་ནས། །ང་ལ་མ་རེད་གཞན་འགའ་གསོད་གྲབས་བྱེད། །ང་རང་སྐག་ནས་འཕུར་ཏེ་སོང་བ་ཡིས། །བྲག་ཕུག་


CMR002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོ་རས་དཀར་ཡོལ་བའི་ནང་། །སྤྲུལ་སྐུའི་དཔེ་གཅིག་གཟིགས་པའི་མདུན་དུ་ཕྱིན། །བདག་ལ་ཐུགས་ནི་དགྱེས་པར་མཛད་པ་དང་། །དགྲ་ཡིས་མཐོང་དོགས་ད་རུང་བཙན་ས་རུ། །དེ་བས་མཐོ་བ་གཅིག་ཏུ་བྱོན་ཤོམ་དང་། །ཕྱིས་སུ་བསམ་པས་དེ་ཡང་གཤེགས་པའི་ལྟས། །ང་རང་འབོལ་རྟེན་བརྩེགས་པའི་ཁྲི་ལ་བཞུགས། །རོ་བཅུད་ཕུན་སུམ་ཚོགས་པའི་ཇ་བཏུང་རྨིས། །དེ་ནས་ཞག་བདུན་ཉི་ཟླ་ཁ་སྦྱོར་བསྙེན། །རང་གི་ལོ་གྲངས་དྲུག་ཅུའི་བར་དུ་ནི། །གསལ་པོར་རྩིས་རྨིས་དེ་ནས་ཐོག་ཏུ་སོང་། །དེ་ནས་སྤྲུལ་སྐུ་བསྙུང་བ་ཐོས་པ་ཡིས། །འཇིག་རྟེན་དབང་ཕྱུག་ནད་ཞིའི་སྔགས་དམིགས་བྱས། །ཟིན་བྲིས་མང་བས་བརྟག་ནི་མ་བྱུང་སྟེ། །འདི་སྐབས་སྒམ་པོ་སྤྲུལ་སྐུའི་སྐུ་ཆོས་བྱུང་། །སྔས་སུ་བཞག་ནས་སྐྱིད་སྡུག་བརྟགས་པ་བྱས། །སྲོད་ལ་ངན་ལོང་མ་འགྲོ་གྱ་ཐོག་ལོག །ཟེར་བའི་སྒྲ་གྲག་ན་ཚ་འོང་བར་གོ །སྤྲུལ་སྐུ་འདས་སོགས་ཚིག་དེ་མཐུན་པར་གྱུར། །ནམ་ཕྱེད་གྲུབ་ཐོབ་ཡིན་སྙམ་བླ་མ་ནི། །དྲུག་བདུན་ཙམ་གྱི་གྲལ་དུ་རང་ཉིད་བསྡད། །ཐོ་རངས་རྒྱལ་བའི་དབང་པོ་དངོས་ལྟར་དུ། །གསལ་བར་མཇལ་བར་ངོ་ལ་སྐུ་རྩེད་མཛད། །ང་རང་ཁོང་གི་


CMR002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དེར་ཞྭ་གོས་གཟབ། །གྱེན་དུ་སོང་བ་ཁང་བཟང་ནང་སླེབས་རྨིས། །ཐོ་རངས་དུས་སུ་ཉམས་ཀྱི་སྣང་བ་ལ། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཟེར་བ་ཡི། །སྒྲ་ཞིག་རྣ་བའི་ཡུལ་དུ་གསལ་བར་ཐོས། །བྱ་ཟླའི་ཚེས་གཅིག་ནས་བཟུང་ཞག་བདུན་ལ། །རྩ་བ་དྲུག་གི་དང་པོ་སྒྲུབ་པ་བྱས། །རི་ནི་མཐོན་པོ་ཞིག་གི་སྐེད་པ་ནས། །གྱེན་དུ་སོང་བ་ངོ་མཚར་ཅན་གྱི་ཆུ། །སྐྱ་དང་ཆོལ་ཆལ་མང་པོ་འབབ་དོ་བའི། །བྱིན་རླབས་ཆུ་རྒྱུན་འཐུང་དགོས་བསམས་ཤིང་སོང་། །རབ་གནས་རྒྱས་པར་བྱས་ཤིང་བརྟགས་པའི་ནུབ། །དགོངས་འདུས་པོ་ཏི་བཅུ་གཉིས་གཞན་པོ་ཏི། །དེ་བས་མང་མང་དཔེ་བཅས་ལེགས་པ་འགའ། །བདག་ལ་གཞན་གྱིས་ཕུལ་ནས་བྱུང་བ་རྨིས། །ལྷ་ཁང་ཡིན་སྙམ་ཁང་བཟང་ཞིག་གི་ནང་། །སྐུ་སྐྱེ་འགའ་རེ་མཇལ་རྒྱུ་ཡོད་སྙམ་སོང་། །ཁྲི་ལྔའི་སྟེང་དུ་སྒྲོལ་མ་དཀར་མོ་ལྔ། །ཤིན་ཏུ་གསལ་བ་མངོན་སུམ་ལྟ་བུར་བཞུགས། །གཅིག་གིས་སྤྱན་ནི་ཅུང་ཟད་བསྒྲད་པར་བཞུགས། །ལྔ་ཀ་འཛུམ་ཞིང་བཞད་པ་མཇལ་བ་རྨིས། །དེ་ཉིད་སྤྱིར་སྐུ་མང་པོ་རབ་གནས་བྱས། །སྤར་སྐུ་སྟེང་ནས་ཤོད་དུ་སྤྱན་དྲངས་ཀྱང་། །རབ་གནས་འཛིན་པའི་ནས་


CMR002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མ་བྲུལ་བ། །ཞག་འགའི་བར་དུ་འཛིན་པ་འདུག་གོ་ཟེར། །སྔར་ནས་སྒྲོལ་དཀར་ལན་མང་བསྒྲུབས་ན་ཡང་། །རྟགས་ནི་འདི་ཙམ་གསལ་བར་མ་བྱུང་སྟེ། །འདི་སྐབས་ཐུགས་རྗེ་ཆེན་པོ་སྒྲུབ་པའི་སྐབས། །སྒྲོལ་དཀར་རིགས་ལྔ་རྨི་ལམ་ཞལ་གཟིགས་པ། །རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་ཞེས་པ། །དེ་ཡི་དོན་ནི་ངེས་པ་ཡིན་འདུག་སྙམ། །མེ་རྟ་བྱ་ཟླའི་ཚེས་བརྒྱད་ནས་བཟུང་སྟེ། །ཞག་བདུན་རྩ་བ་བཅུ་གཉིས་ཐུགས་ཆེན་ནི། །ཕྱག་བཞིའི་ཐུགས་དཀར་ཚེ་དཔག་ཧྲིཅན་བཟླས། །འདི་སྐབས་དབང་ཞིག་བྱས་པས་རྟགས་མ་གསལ། །གྱེན་དུ་ཡར་ལ་སྒར་བཀྱག་སོང་བྱས་པས། །ལོ་ཏོག་ལེགས་མཐོང་བྱང་ཕྱོགས་སོང་བའང་རྨིས། །བདེ་བ་ཅན་དུ་སྐྱེ་བའི་སྒྲ་ཡང་ཐོས། །ཕྱིར་ནངས་ཉམས་སྣང་ཡི་གེ་མཐོང་བ་འམ། །རང་གི་ཡིད་ལ་དྲན་པ་འདྲ་བ་ཡི། །རབ་ལ་གྱ་དགུ་ཐོབ་སྟེ་དེ་རེད་ན། །གྲྭ་སློབ་ཕལ་ཆེར་སྔོན་ལ་འགྲོ་བས་སྡུག །འབྲིང་ལ་དོན་བདུན་ཐ་མ་རེ་ལྔ་ངེས། །སྙམ་པ་ཡིད་ཀྱི་ཡུལ་དུ་གསལ་བར་བྱུང་། །དེ་ནས་ཚེས་པ་བཅོ་ལྔ་ནས་བཟུང་སྟེ། །ཐུགས་རྗེ་ཆེན་པོ་འབུ་སུ་ཀུ་བསྙེན་ཏེ། །དབུ་མཛད་སེང་གེ་ཡིན་སྙམ་དགེ་བཤེས་ཤིག །བདག་ལ་


CMR002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གུས་འདུད་ཚུལ་གྱིས་དབུ་ཐུག་ཞུས། །ཆོས་ཀྱི་དབང་ཕྱུག་འདས་སྙམ་ངུས་པ་དང་། །དབུས་ལ་སོང་བ་འབྲིང་ལས་མ་བྱུང་སྟེ། །ད་ནི་འབྲི་གུང་གདན་ཞིང་སྟག་ལུང་གྲུབ། །སྐུ་ཚེ་བསྟན་ཅིང་དབུ་མཛད་དེས་ཟེར་རྨིས། །དེ་སྔོན་ཁོ་བོ་སྔར་དུས་དབུས་སོང་དུས། །རབ་འབྱམས་མིང་ཐོབ་མ་བྱུང་འབྲིང་ཙམ་སྟེ། །འབྲིང་གུང་པ་ལྟར་རྙིང་མའི་དབང་ལུང་ཕྱུག །སྟག་ལུང་པ་ལྟར་ཁྲིད་སོགས་སྡོམ་རྒྱུན་འཕེལ། །ཚེ་ཡང་ཅུང་ཟད་རིང་བའི་རྟགས་སུ་གོ །མཚམས་ཁང་ནང་དུ་མར་གྲོ་མང་པོ་ཞིག །སྤུང་ནས་གདའ་མཐོང་གདུལ་བྱའི་རྟགས་སུ་གོ །དེ་ནས་ཞག་བདུན་གསར་རྙིང་ཐུན་མོང་གི །འཇིག་རྟེན་དབང་ཕྱུག་བསྙེན་པ་བྱས་པའི་ཚེ། །ཉིན་གུང་ཉམས་སྣང་ཤར་ནས་ཉི་མ་ཤར། །དེ་མན་ཟློག་པ་རྒྱུན་བསྙེན་གཞན་མང་ཕྱིར། །རྟགས་རྣམས་འདྲེས་ནས་གསལ་ཆ་མ་བྱུང་ངོ། །ཁྲུམས་ཀྱི་ཚེས་བཅུ་ནས་བཟུང་ཟླ་བ་དྲུག །ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། །རྣམ་བཅུ་དབང་ལྡན་ཅན་དེ་བཟླས་ན་ཡང་། །ཆོས་ཐུན་རྗེས་གནང་ལ་སོགས་རྣམ་གཡེང་ཆེ། །སྔགས་གྲངས་ཉུང་བས་རྟགས་ནི་མ་གསལ་ཏེ། །ཆོས་ཀྱི་དབང་ཕྱུག་མངོན་སུམ་ལྟ་བུར་


CMR002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ། །ཐུགས་ནི་རབ་ཏུ་དགྱེས་ཤིང་གསུང་གླེང་མཛད། །དེ་སྐོར་སྒྲོ་བྲག་བླ་མ་ཕེབས་བྱུང་བས། །ང་ཡི་སྒེས་དཀར་ནང་དུ་དཀྱིལ་འཁོར་གཟིགས། །ནུབ་མོ་འོད་གསལ་ངང་ལ་འགྲོ་བ་དང་། །གཟིམས་ཁང་འདི་ལ་མེ་དཔུང་འབར་བ་སོགས། །ཁོང་ལ་དག་སྣང་མང་པོར་བྱུང་བ་སྣང་། །མ་ཎི་ཨཱ་ཡུ་ཟླ་བ་ཕྱེད་གཉིས་བསྙེན། །སྦྱིན་སྲེག་ལ་སོགས་རྣམ་གཡེང་ཆེ་བ་དེས། །དེ་རྣམས་མ་གསལ་རང་ཚང་གདོན་རྟགས་ཆེ། །ཐོ་རངས་རྒས་པ་ཚེ་དང་བསོད་ནམས་འཕེལ། །ཟེར་བ་རང་ལ་སྐྱོན་ནི་མེད་པར་གོ །དེ་རྒྱབ་སྤྱི་ལ་ངན་ཏེ་རང་ཚེ་རིང་། །ཟེར་བ་ཐོས་པས་དེ་ག་དངོས་སུ་གྱུར། །དེ་ནས་སྨིན་དྲུག་ཚེས་གཅིག་ནས་བཟུང་སྟེ། །སྤྲུལ་སྐུའི་གཙོར་བྱས་སྤྱི་ཡི་རིམ་གྲོ་ལ། །རྒྱལ་བ་རྒྱ་མཚོ་ལྷ་དགུ་རྒྱས་པ་བདུན། །ཕལ་ཆེར་ལོ་མ་ཅན་མ་མང་པོ་དང་། །ཞི་བའི་སྦྱིན་སྲེག་བརྒྱ་དང་རྩ་བརྒྱད་བླུགས། །ཨ་མ་ཡིན་སྙམ་བུད་མེད་རྒྱན་ལྡན་ནི། །ཤ་རྒྱས་བཙོ་མ་གསེར་གྱི་ཁ་དོག་ནི། །ནུ་མ་བདག་གིས་ནུས་པ་རྨིས་པ་དེས། །གཞན་ལ་བཤད་པས་དེ་ནས་རྨི་ལམ་འགག །ཉམས་སྣང་བུད་མེད་ཤུ་རེ་མ་གཅིག་བྱུང་། །རྒྱས་པའི་སྦྱིན་སྲེག་བརྒྱ་ཚར་ཚར་བའི་ནུབ། །


CMR002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་མཐོའི་སྟེང་དུ་རང་ཉིད་བེར་གྱོན་འདུག །རང་ལ་རལ་པ་ལེགས་ཤིང་རིང་བ་སྐྱེས། །རལ་པའི་རྩེ་མོ་ཆད་པའང་ལག་ཏུ་གདའ། །དེ་ཚེ་ཞག་བདུན་ཐུགས་རྗེ་ཆེན་པོ་དང་། །རྣམ་སྲས་སྦྲག་སྒྲུབ་དམིགས་པ་བྱས་པའོ། །དེ་ནས་དབང་གི་སྦྱིན་སྲེག་བརྒྱ་རྩ་བྱས། །སྔོན་ཚེ་རྒྱ་ནག་རྒྱལ་པོས་དྲག་ནག་ལ། །ལས་ཅན་ཤེལ་གྱི་ཐམ་ཀ་གནང་བ་དེ། །ཡིན་སྙམ་ཤེལ་ནི་ཅུང་ཟད་དམར་ཞད་ཅན། །གྲུ་གང་ཙམ་ཞིག་རང་གི་ལག་ཏུ་སྣང་། །གཞུ་ནི་དམར་ཞད་ཡོད་པ་བདག་གིས་བཀང་། །མདའ་ནི་འགའ་རེ་འཕེན་ཤོམ་བྱེད་པ་དང་། །བེར་ནག་ཅན་གྱི་རི་ཞིག་ཡིན་སྙམ་པའི། །ཆུ་མིག་ཁྲོན་པ་ཞིག་གི་གཉའ་དེ་རུ། །གྲུབ་ཐོབ་རྡོ་སྐུ་རང་བྱོན་གསལ་པོར་མཐོང་། །རང་གི་མདུང་རྣོན་ཐོགས་སོགས་རྨིས་ལྟས་བྱུང་། །འདི་སྐབས་ཐུགས་རྗེ་ཆེན་པོ་མགོན་དཀར་གཉིས། །སྦྲག་སྒྲུབ་དམིགས་པ་རྒྱུན་ཁྱེར་བྱས་པའོ། །དེ་ནས་དྲག་པོའི་སྦྱིན་སྲེག་བརྒྱ་རྩ་སྐབས། །རང་མདུན་མེ་ར་ཆེན་པོ་འདུག་པའི་ནང་། །ཁྲག་གི་རྒྱུ་མ་ལོང་ཀ་འདྲ་བ་ནི། །ཚན་ཆེན་བསྲེགས་དང་འགའ་རེ་ཟ་བསམ་ཛ། །ཐམས་ཅད་ཚིགས་ནས་འཇའ་ལྟར་ཡར་སོང་ངོ། །དྲེལ་ལ་ནས་མང་བཀལ་


CMR002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟབ་ཤོམ་པས། །བདག་གིས་བཅོས་ཐུབ་དེ་ནས་མ་དོགས་དང་། །འབྲོག་ཁང་འདྲ་བ་མང་པོ་མེ་ཡིས་ཚིག །ཁང་པ་ཆེན་པོ་འགྱེལ་ལ་ཁད་ཀྱི་ནང་། །སྔགས་པ་ཞིག་ཀྱང་འདུག་པའི་ཁྱིམ་དེ་རུ། །དུད་པ་ཆེན་པོ་འཚུབ་ཅིང་འཕྱུར་བ་རྨིས། །འདི་སྐབས་བེར་ནག་ཅན་གྱི་སྲུང་འཁོར་དང་། །ཐུགས་རྗེ་ཆེན་པོ་སྦྲག་སྒྲུབ་རྒྱུན་ཁྱེར་ཡིན།།དེ་ནས་མགོ་ཉའི་ཚེས་གཅིག་ནས་བཟུང་སྟེ། །ཤངས་པའི་བཀའ་བསྒོ་བདེན་ཚིག་འཁོར་ལོ་དང་། །ཕྱག་དྲུག་པ་ཡི་སྲུང་འཁོར་སྦུག་མར་བསྒོམས། །རང་གི་ཁང་སར་བཙན་པོ་གཅིག་བཟོས་དང་། །སྔོན་ཚེ་རང་ཉིད་བཙས་པའི་མལ་དེ་རུ། །ཁང་པ་ཆེན་པོ་གཉིས་ནི་གདའ་བ་ལ། །རྒྱ་ཡི་ཡོལ་བ་མང་པོ་བྲིས་པ་དང་། །འབུ་སྲིན་འཐབ་ཐག་མང་པོ་གདའ་བ་གསལ། །ཞག་ནི་བདུན་ཡིན་རྨི་ལམ་བརྡའ་ཙམ་མོ། །དེ་ནས་ལྷ་རྗེ་གཅིག་གི་ངོ་ཆེན་བསྐུལ། །གཡུ་ཐོག་པ་ཡི་བླ་སྒྲུབ་ཟིན་བྲིས་བྲིས། །བླ་སྒྲུབ་དེ་ཡི་དབང་ལུང་མ་ཐོབ་ཀྱང་། །གསར་རྙིང་སྨན་ལྷའི་དབང་ལུང་མང་དུ་ཐོབ། །སྒྲུབ་པའི་འབྲེལ་བ་བཞག་ན་མི་འགལ་སྙམ། །བླ་སྒྲུབ་དཀྱིལ་འཁོར་རྒྱས་པ་བཅས་པའི་ནུབ། །རང་གི་ལག་པ་ཡིན་སྙམ་སྦྲུལ་ནག་པོ། །ཐུར་དུ་


CMR002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ནས་གདའ་བའི་ཁ་དེ་ནས།།ནད་ཡིན་སྙམ་པའི་སྤྲུལ་ཕྲུག་གཉིས་བུད་སོང་། །ད་རུང་གཅིག་ནི་འབུད་རྒྱུ་ཡོད་སྙམ་བྱེད། །ཐོ་རངས་མི་ནག་གདོང་ཉག་མིག་འབུར་བ། །ཁ་ཆེ་བོང་ཐུང་སྐུ་ནི་གཟིངས་བ་གཅིག །བྱུང་ནས་ང་དང་དཀྱིལ་འཁོར་གཉིས་ལ་བལྟ། །ལས་མཁན་ཧོབ་སེ་ཡིན་པར་ངོ་ཤེས་བྱུང་། །མཆེད་གྲོགས་བྱང་ཆུབ་སེམས་དཔའ་ཆོས་འཕགས་དེ། །མངོན་སུམ་འདྲ་བར་བདག་གི་དྲུང་དུ་བྱུང་། །དྲུང་པ་རྒྱལ་ཚབ་པ་ཡི་དབང་བསྒྲུབས་ནས། །ཁྱེད་རང་ཤོག་དང་དབང་ལ་ཚུད་གསུངས་ཟེར། །ཤིན་ཏུ་དགའ་ཞིང་སོང་བས་དངོས་ལྟར་མཇལ། །ཐུགས་ནི་དགྱེས་དགྱེས་མཛད་ཅིང་ཁོ་བོ་ལ། །ནཱ་ག་པཱ་ཎིའི་ཕྲེང་བ་ཡོད་གསུངས་ཀྱང་། །རང་གི་སྒྲུབ་ཕྲེང་ཕུལ་ཀྱང་མི་རུང་སྙམ། །ཐོ་རངས་བུ་ཆུང་སྐད་འདྲ་ཕྲའུ་ཡིས། །བླ་སྒྲུབ་མ་མཛད་ཟེར་བའི་སྒྲ་ཞིག་ཐོས། །ཤིན་ཏུ་བཀའ་ནི་གཉན་པའི་རྟགས་སུ་གོ །ཞག་པོ་བཞི་ནས་རིམས་ནད་ཐུ་མོ་ན། །ཙོག་པུ་མ་ནུས་ཉལ་ནས་སྔགས་དམིགས་བྱས། །བཅུ་གཅིག་ཞལ་ནི་དབུ་སྟོང་ཕྱག་སྟོང་དང་། །སྤྱན་སྟོང་ཡིན་ནོ་ཟེར་བའི་སྒྲ་དང་བཅས། །སྐུ་དང་ཕྱག་སྟོང་ཅི་ཡང་མ་མཐོང་སྟེ། །ཞི་བའི་ཞལ་


CMR002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དཀར་པོ་མཛེས་འཛུམ་ཅན། །ཞལ་གྱི་ཚད་ཀྱང་ཆེ་ཆུང་གུར་ཙམ་པ། །རྩ་ཞལ་གཡས་གཡོན་ཞལ་དང་སུམ་སྦྲེལ་ནི། །བར་སྣང་ཐམས་ཅད་དེ་འདྲ་མང་པོས་གང་། །ཤིན་ཏུ་གསལ་བ་མངོན་སུམ་ལྟ་བུར་མཐོང་། །ནད་ནི་ཐུ་ནུབ་གསོལ་བ་དྲག་ཏུ་བཏབ། །ཉམས་སྣང་ཨ་རུ་གསེར་མདོག་རློན་པ་ནི། །མི་མགོ་ཙམ་པ་ལོ་མ་དང་བཅས་པ། །རང་གི་ལག་ཏུ་གཏད་ནས་བྱུང་བར་སྣང་། །ཞག་བདུན་སྒྲུབ་པ་ཚར་ནུབ་ཐོ་རངས་ལ། །མི་ནི་དུང་མདོག་གོས་སྔོན་མགོ་རས་ཅན། །གཅིག་གིས་སྨན་དང་སྤོས་ནི་ཁམས་ཆེན་ཡིན། །ཟེར་ནས་ཨ་ག་རུ་ཡི་རྟ་ཁམས་ཕུལ། །ད་རུང་རྗེས་སོར་ཡང་ནི་འབུལ་ལོ་ཟེར། །བདག་གི་ཁྱེད་ཉིད་སུ་ཡིན་སྨྲས་པ་ཡིས། །ང་ནི་འདི་ཡིན་དེ་ཡིན་མེད་དོ་ཟེར། །སྒྲ་ཡི་ནང་དུ་དཔོན་ཆེན་སྣ་རིང་པོ། །བུད་མེད་རྒྱན་ལྡན་མང་པོ་བདག་ལ་གུས། །རྒྱལ་རྟགས་ཆེ་ཞིང་མཛེ་སྤྲང་མང་པོའང་རྨིས། །བཀའ་སྲུང་དམ་ཅན་སྡེ་དགུ་རྩུབ་པར་གོ །གཡུ་ཐོག་མགོན་པོའི་རྣམ་ཐར་འདི་ཉིད་ན། །གཞན་ལ་ལོ་གཅིག་གསོལ་བ་བཏབ་པ་བས། །ཁོང་ལ་ཞག་གཅིག་གསོལ་བ་བཏབ་པ་ན། །བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་གསུངས་པ། །ཨེ་བདེན་


CMR002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དུ་ཡིན་པས་བདེན་པར་རྟོགས། །དེ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དང་། །ཐུགས་རྗེ་ཆེན་པོའི་སྦྲག་སྒྲུབ་ཡིག་དྲུག་བཟླས། །འོན་ཀྱང་མདོས་ཆེན་བཅས་དང་ཟློག་པ་དང་། །སེང་གདོང་མ་ཡི་རྫས་གཅིག་སྦྱིན་སྲེག་སོགས། །རྣམ་གྲངས་མང་བས་རྟགས་མཚན་མ་གསལ་བས། །རྟགས་ནི་རྗེས་སྐྱེལ་རྒྱལ་ཟླའི་ཚེས་བདུན་ནུབ། །རྒྱལ་འགོང་བནེ་གོས་སེར་ཅན་ཞིག་གི །སྙིང་ཁར་མདུང་རྒྱབ་བདག་གིས་བསྒྲལ་བྱས་པས། །དུར་རྡོ་ཡིན་སྙམ་རྡོ་ལེབ་གཅིག་ཏུ་གྱུར། །རྡོ་ལེབ་དེ་ཡང་བཅགས་ནས་དུམ་བུར་བྱས། །ཚེས་གཅིག་ནས་བཟུང་ཟླ་བ་བཅུ་གཉིས་ཀྱི། །རྒྱལ་བ་རྒྱ་མཚོའི་ཚེ་སྒྲུབ་བྱས་ན་ཡང་། །འདི་སྐབས་བརྟག་པ་གཞན་སོགས་བྱ་རྒྱུ་མང་། །རྨི་ལམ་ཇ་དང་འོ་མ་བཏུང་སོགས་བྱུང་། །བརྟག་པའི་དོན་ཀུན་འདི་རུ་བྲི་མི་འཚལ། །དེ་སྐབས་སྤྲུལ་སྐུ་ཀཐོག་བླ་མ་ནི། །འགའ་ལ་དབང་ལུང་གསན་པའི་ལྟས་ཀྱང་བྱུང་། །དེ་ནས་ལུག་ལོ་དཔྱིད་ཀྱི་དུས་ཡིན་ཏེ། །སྔར་ནས་བསྙེན་པ་བྱས་པ་ཐམས་ཅད་ལ། །དུང་གཉིས་ཁ་ནི་གང་ལ་ཁད་ཀྱི་དུས། །གཉེར་པས་དུང་ནི་རྒྱབ་ཤོམ་བྱེད་པའང་རྨིས། །དུང་གཉིས་ཁ་གང་ཉིན་ལ་གཉིད་ཡུལ་བས། །


CMR002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཐད་ནམ་མཁའི་དཀྱིལ་དུ་ཉི་མ་ཡི། །དཀྱིལ་འཁོར་འོད་ཟེར་མང་པོ་འཕྲོ་བ་ཅན། །ལན་གསུམ་བར་དུ་གསལ་བར་མཐོང་སྣང་བྱུང་། །རང་གི་གྲྭ་པ་འགའ་ཡིས་འབག་འཆམས་ནི། །བྱེད་ཅིང་ཡོད་སྙམ་བལྟས་པས་དེ་མ་རེད། །རང་གི་མདུན་གྱི་གཡོན་ཕྱོགས་དེ་ཉིད་ལ། །མགོན་པོ་ཕྱག་བཞི་པ་དེ་མངོན་སུམ་གྱུར། །བཞུགས་ནས་གདའ་བ་ཉམས་རྨིས་མཚམས་སུ་མཐོང་། །ལུག་ལོ་མཆུ་ཟླའི་ཚེས་པ་བདུན་གྱི་ཉིན། །དུང་གཉིས་ཚར་ལ་བསྔོ་བ་བརྒྱ་རྩ་དང་། །བསྔོ་བ་སྨོན་ལམ་རྒྱས་པར་བྲིས་པའི་ནུབ། །ང་ལ་དངུལ་ནི་མང་པོ་སྣང་བ་དེ། །ཐམས་ཅད་བཞུས་ནས་ལིང་གཅིག་བྱས་པ་དང་། །ཐུད་དཀར་ཞིམ་ཇ་བཟང་པོ་དྲངས་བྱུང་རྨིས། །ཚེས་བརྒྱད་ཉིན་པར་དུང་ཐོན་ཚོགས་འཁོར་ནུབ། །བཛྲ་དྷརྨ་དྷཱ་ཏུ་མངོན་སུམ་ལྟར། །བདག་ལ་ཤིན་ཏུ་དགྱེས་པའི་ཚུལ་མཛད་ནས། །བདག་གི་ཁ་དང་དཔུང་པ་གཡོན་རྣམས་ལ། །ཞལ་གྱིས་འོ་བསྐྱལ་འདྲ་བར་མཚར་བར་བྱུང་། །དྲུང་སྐྱིད་སྤྲུལ་སྐུའི་བདག་ལ་ཐུགས་དགྱེས་པའི། །གསུང་འགའ་བྱོན་ཞིང་ལྡོམ་བུའི་ཞལ་བཀོད་མཛད། །དེ་ནས་གནམ་ཆོས་རྒྱལ་བ་རྒྱ་མཚོ་ནི། །ལྷ་ལྔ་སོ་སོའི་སྒྲུབ་པ་ཞག་བདུན་ཏེ། །དེ་ཚེ་


CMR002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཞིང་སྐྱོང་སྟོང་རེ་བཟླས། །ཀོང་པོའི་ཚོང་དཔོན་ཆས་བཟང་འཇིགས་པ་དང་། །ཀོང་མོ་མཛེས་མ་རྒྱན་ལྡན་དབང་ཞུ་བྱུང་། །དེ་ལ་འཁོར་ནི་མང་པོ་འགའ་འདུག་པ། །དབང་ལ་མི་ཚུད་སྨྲས་ནས་ཕྱིར་བུད་རྨིས། །གནམ་ཆོས་ཞིང་སྐྱོང་འཁོར་གཞན་མེད་ལྟས་ལགས། །དེ་ནས་མཆུ་ཟླའི་ཚེས་བརྒྱད་ནས་བཟུང་སྟེ། །ཞག་བདུན་གསང་འདུས་ཟབ་པའི་མཐར་ཐུག་བསྙེན། །བར་སྣང་ཉི་མའི་དཀྱིལ་འཁོར་གསལ་བར་མཐོང་། །བཅོ་ལྔ་ནས་བཟུང་སྦྱོང་རྒྱུད་གསུང་དཀྱིལ་བསྙེན། །མཆུ་ཟླའི་བཅོ་ལྔ་ཉིན་པར་ཚེ་དཔག་མེད། །ཧ་ལམ་པ་ཞིག་མཇལ་བའི་སྣང་བ་དང་། །གཏེར་ཞིག་འདོན་རྒྱུ་ཡིན་སྙམ་བྱེད་པའང་རྨིས། །འདི་སྐབས་ཉིན་གུང་ཉམས་ཀྱི་སྣང་བ་ལ། །རང་གི་མདུན་དུ་མགོན་པོ་ཕྱག་བཞི་པ། །མངོན་སུམ་ཉིད་དུ་བཞུགས་པ་མཇལ་སྣང་བྱུང་། །འདི་སྐབས་དུས་འཁོར་འོད་དཔག་མེད་པ་དེ། །ཞག་བདུན་ཙམ་ཞིག་བསྙེན་ཏེ་རྟགས་མ་གསལ། །དེ་ནས་ཚ་བ་དམར་ཐག་བསྙེན་པའི་ཚེ། །ཉིན་གུང་འཐུམ་པར་གནམ་དཀྱིལ་ནུབ་ཉེ་བར། །ཉི་མའི་དཀྱིལ་འཁོར་འོད་ཟེར་འཕྲོ་བར་མཐོང་། །དེ་མེད་དེ་རྗེས་ཟླ་བའི་དཀྱིལ་འཁོར་ནི། །ཉ་


CMR002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ཞིག་གསལ་བར་མཐོང་བ་དང་། །ཐོ་རངས་སྒེས་དཀར་ནང་ནས་ཞོ་ཞལ་གང་། །གཏད་བྱུང་ཞོ་ཤང་ཡིན་སྙམ་བླངས་པ་ནི། །འཐུང་པས་ཤིན་ཏུ་ཞིམ་པར་གདའ་བར་རྨིས། །ཚེ་དཔག་ལྷ་དགུ་དྲན་རྫོགས་ཞག་བདུན་བཟླས། །ས་ཡི་འོག་ནས་གཟུགས་མེད་སྒྲ་གྲག་པ། །རྒྱུན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཟེར་བ་འདིས། །ང་ལ་གནོད་དོ་ཟེར་བའི་སྒྲ་ཞིག་ཐོས། །བཀའ་བསྒོ་ཞུ་མཁན་རྒྱུན་དུ་འོང་བ་ལ། །ནཱ་ག་ཀླུ་འདུལ་སྔགས་རིང་དམིགས་པ་བཅས། །བྱས་པས་ཡུལ་བདག་ཀླུ་ལ་གནོད་པར་གོ །དེ་ཕྱིན་དེ་ཡི་བཀའ་བསྒོ་མ་བྱས་སོ། །དགྱེས་རྡོར་པདྨ་མཁའ་འགྲོ་ཞག་པོ་བདུན། །བདེ་མཆོག་པདྨ་མཁའ་འགྲོ་ཞག་པོ་བདུན། །དེ་དག་རྣམས་ལ་རྟགས་མཚན་ཆེར་མ་བྱུང་། །གཞན་གྱི་བརྟག་པ་མང་པོ་དགོས་པས་ལེན། །གནམ་ཆོས་ཚེ་དཔག་གསང་སྒྲུབ་ཞག་འགའ་བསྙེན། །ཉམས་སྣང་རང་གི་ཐད་ཀྱི་བར་སྣང་ལ། །ཉི་མའི་དཀྱིལ་འཁོར་འོད་ཟེར་འཕྲོ་བ་མཐོང་། །དེ་ནས་བདེ་ཆེན་ཞིང་སྒྲུབ་ཞག་བདུན་ཚེ། །ཉིན་གུང་ཉམས་དང་རྨི་ལམ་འདྲེས་པའི་མཚམས། །རང་མདུན་སྒོ་ལ་མཚལ་བྱུག་སྤྲ་རྩི་ལེགས། །གསེར་ལ་རང་བརྡུང་སྒོ་ཤན་ཕོ་གུ་ཅན། །ངོ་མཚར་


CMR002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཅིག་བཙུགས་ནས་ཟླ་བ་མཐོང་། །འདི་སྐབས་སྤྲུལ་སྐུས་བརྟགས་པ་བྱས་པ་ལ། །རང་གི་ཡིད་ཡུལ་སྐྱོན་མེད་བསམ་ན་ཡང་། །རྨི་ལམ་དུར་ཞིག་འདེབས་ཤོམ་བྱེད་པ་དང་། །ཆོས་ལུགས་གཞན་པའི་བཙུན་གཟུགས་གཅིག་གིས་ནི། །སྤྲུལ་སྐུ་ལ་ནི་སྨྲ་འདོད་བྱེད་པའང་རྨིས། །གཞན་ཡང་བཙུན་པ་ལ་སོགས་རྒྱལ་རྟགས་ཆེ། །གསང་འདུས་འོད་དཔག་མེད་པ་ཞག་བདུན་ཏེ། །འདི་དག་སྐབས་སུ་ཉིན་གུང་བརྩོམ་ཆོས་མང་། །དབང་དང་བྱིན་རླབས་བཀའ་བསྒོ་དགོས་པ་མང་། །དེ་སྐོར་གནམ་ཆོས་འཇིགས་བྱེད་རྒྱུན་བསྙེན་བྱས། །གལ་ཆེན་དཔེ་ཆ་བཙལ་བས་མ་རྙེད་རྨིས། །ཉམས་སྣང་ཤར་ནས་འོད་ཟེར་འཕྲོ་བ་ཡི། །ཉི་མ་ཤར་བྱུང་སྙམ་པ་དེ་མ་ཐག །སྤྲུལ་སྐུ་བསྙུང་བའི་བང་ཆེན་བསླེབས་ནས་བྱུང་། །དེ་ནུབ་རྟ་དཀར་ལ་ཞོན་གྱེན་དུ་སོང་། །རི་ཡི་རྩེ་མོ་སྤང་ཐིག་བདེ་མོ་ན། །རྟ་ཡི་འཕོངས་ནས་ཤུད་ནས་དེར་བསྡད་དང་། །བཙུན་ལོག་དམ་ཚིག་ཉམས་པའི་སྔགས་པ་ཡིས། །སྤྲུལ་སྐུ་ལ་ནི་གསོལ་སྨན་ཞིག་བསྐུར་བས། །བསྙུང་བ་ཕན་ན་སྨན་ཡོན་རྩོད་ཟེར་བའི། །ཁ་མཆུ་བྱེད་པའི་གཏམ་འགའ་སྨྲ་བའང་རྨིས། །ཉམས་སྣང་བྱ་བ་དེ་


CMR002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཟེར་བ་ཡི། །སྒྲ་ཞིག་ཐོས་པས་སྐྲག་དངངས་ཆེན་པོ་བྱུང་། །གཉིད་ཀྱང་བྱ་ཡར་སྙིང་ཡང་འདར་ལྷབ་བེ། །ཉམས་སྣང་སྐྱོན་མེད་ཙམ་ཞིག་ཟེར་བ་བྱུང་། །བྱ་བ་ཐོན་ཟེར་སྤྲུལ་སྐུ་ཞིང་བརྗེས་རྟགས། །དེ་ལ་བདག་གིས་སྡུག་བསྔལ་ཚད་མེད་པས། །སྐྱོན་མེད་ཟེར་བ་ལྷ་ཡིས་བྲིད་པར་སྣང་། །རྨི་ལམ་དྲུང་པ་གོང་མའི་ཞལ་ནས་ནི། །སྔོན་ཚེ་མཁའ་སྤྱོད་དབང་པོས་གཅོད་པ་ལ། །བཀའ་བཀྱོན་སྐུར་འདེབས་བྱེད་པར་འགའ་གསུངས་པ། །སྤྲུལ་སྐུ་ལ་ཡང་གདོན་དེས་གདོན་རྟགས་ལགས། །ནུབ་གཅིག་ཉམས་དང་རྨི་ལམ་མ་ཡིན་པར། །དངོས་སུ་ཟིལ་ནི་ཆེན་པོ་འཇིགས་རུང་བ། །གྲིབ་ནོན་འདྲ་བའི་སྐྲག་དངངས་ཆེན་པོ་ནི། །སྙིང་ཡང་བུད་ནས་གཞན་གྱིས་ཁྱེར་འདྲ་བ། །སྔོན་ཆད་འོང་མ་མྱོང་བ་ཅིག་བྱུང་བ། །དེ་དུས་སྤྲུལ་སྐུ་ཞིང་ནི་བརྗེས་པར་འདུག །དེ་ནི་མ་ཚོར་སྐུ་རིམ་བསྲེ་བ་དང་། །ལུས་སྦྱིན་ལ་སོགས་ཤེས་ཚད་བྱས་པ་ཡིས། །ཉི་ཤུའི་ནུབ་མོ་རང་གིས་གྲ་ཁྲིའི་མདུན། །རྨི་ལམ་མ་ཡིན་ཉམས་སྣང་མངོན་སུམ་འདྲ། །ལོ་ནི་བཅུ་གསུམ་བཅུ་བཞིའི་ན་ཚོད་ཙམ། །ཞལ་རས་སྔོ་ཞིང་རལ་པས་སྐུ་སྟོད་ཁེབས། །སྐུ་ནི་བཙུན་པའི་ཆ་ལུགས་པད་ཞྭ་


CMR002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མནབས། །ཕྱག་གཉིས་ཐལ་མོ་སྦྱར་ནས་པུས་མོ་བཙུགས། །ཤིན་ཏུ་གུས་པའི་ཚུལ་གྱིས་ཁོ་བོ་ལ། །ངོ་ལ་རྩེ་གཅིག་བལྟ་ཞིང་འདུག་པ་མཐོང་། །དེ་དུས་ཅི་ཡིན་ཤེས་པར་མ་གྱུར་ཏེ། །སྤྲུལ་སྐུ་ཁོ་རང་དངོས་སུ་ཕེབས་པར་སྣང་། །དེ་ཕྱིན་སྐུ་ནི་གསལ་པོར་མ་མཇལ་ཏེ། །ཉེར་བདུན་ཉིན་པར་གཤེགས་པའི་བང་ཆེན་བསླེབས། །དགོངས་ཞག་ཚེ་ན་ཞི་ཁྲོའི་གསུང་དཀྱིལ་དང་། །ཐུགས་སྒྲུབ་བླ་མ་ལོངས་སྐུའི་སྒྲུབ་པ་དང་། །དྲག་པོའི་རིགས་བདག་སྒྲུབ་པོ་རྣམས་བསྙེན་ཞིང་། །ཞག་བདུན་བར་དུ་ཕྱིར་ལྡོག་ཕུལ་བྱས་པས། །དེ་འདྲའི་བབ་ཐོབ་མེད་པའི་རྟགས་ཤིག་བྱུང་། །དེ་ནས་ཕྱིར་ལྡོག་ལ་སོགས་མ་བྱས་པར། །མདུན་བསྐྱེད་སྤྲུལ་སྐུ་ཉིད་དང་དབྱེར་མེད་དུ། །བསྒོམས་ཤིང་བླ་མ་མཆོད་སོགས་ཆོ་ག་ནི། །དགོངས་ཞག་མ་རྫོགས་བར་དུ་མ་ཆག་བྱས། །རྨི་ལམ་ཁང་པ་གཅིག་ནང་སྤྲུལ་སྐུ་ནི། །བཞུགས་མོལ་ན་བཟའ་དང་བཅས་ཁྲིག་གེར་འདུག །མདུན་དུ་ཕྱག་རྔ་ཞིག་ཀྱང་བཏགས་ནས་འདུག །སྤྲུལ་སྐུ་མི་བཞུགས་གང་དུ་བྱོན་སྨྲས་པས། །མེ་ཏོག་བཀྲམ་པ་ཞེས་བྱའི་ཞིང་ཁམས་ན། །རྒྱལ་བ་མེ་ཏོག་ཞེས་བྱ་མྱ་ངན་འདས། །དེ་ཡི་སྐུ་ཚབ་


CMR002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་ཕེབས་དགོས་བྱུང་། །ཟེར་བའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །དེ་ཚེ་ཞིང་འདིར་སྤྲུལ་སྐུ་མི་བཞུགས་སྙམ། །སེམས་ཀྱང་སྡུག་པར་གྱུར་ཚེ་སྒྲ་གྲག་པ། །ཞིང་ཁམས་འདིར་ཡང་སྤྲུལ་པ་གཅིག་བཞུགས་ཟེར། །དེ་རྗེས་སྤྲུལ་སྐུ་སྐུ་སྐྱེ་འབྱོན་མི་འབྱོན། །བརྟགས་པ་བྱས་ཚེ་ཉམས་དང་རྨི་ལམ་སྐབས། །སྤྲུལ་སྐུ་ཉེར་གཅིག་འབྱོན་ཞེས་ཟེར་བ་ཐོས། །དུས་གཅིག་ཉེར་གཅིག་འབྱོན་ནི་མི་སྲིད་པས། །མཆོག་གི་སྤྲུལ་སྐུ་དཔའ་བོ་སི་ཏུ་སོགས། །སྐྱེ་བའི་ཕྲེང་བ་ཉེར་གཅིག་འབྱོན་པ་ནི། །ལ་ལ་སོ་སོའི་རྣམ་ཐར་ནང་གསལ་ཞིང་། །ལ་ལ་རྣམ་ཐར་ན་ནི་མི་གསལ་ཞིང་། །ཁ་ངག་ལ་ནི་ཉེར་གཅིག་སྨྲ་སྲོལ་ལྟར། །ད་ལམ་རྟེན་འབྲེལ་མ་འགྲིགས་བར་ཆད་བྱུང་། །ས་གཏེར་བརྒྱ་རྩ་ཡང་ནི་མ་ཐོན་པས། །དུས་གཅིག་འགྲོ་དོན་རླབས་ཆེན་མ་འགྲུབ་ཀྱང་། །སྤྲུལ་པ་སྐྱེ་བ་ཉི་ཤུ་རྩ་གཅིག་ནི། །སྐབས་རེ་སྐབས་རེར་འགྲོ་དོན་ཁོལ་བུ་འགྲུབ། །ས་ཐོབ་སྐྱེས་བུ་སྐྱེ་འཆི་མི་འཚེར་ཕྱིར། །དུས་གཅིག་འགྲོ་དོན་རླབས་ཆེན་འགྲུབ་པ་བས། །ཡུན་རིང་སྐྱེ་རྒྱུད་འགྲོ་དོན་རྒྱུན་རིང་ནི། །མ་འོངས་བསྟན་དང་འགྲོ་ལ་ཕན་ཆེ་བ། །དོན་གྱི་དགོངས་པ་དེ་ལ་གཏད་པའི་ཕྱིར། །འཕྲལ་དུ་ད་


CMR002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བར་ཆད་ཆེ་འདྲ་ཡང་། །དོན་ལ་བར་ཆད་ཡིན་ལས་ཆུང་ངམ་སྙམ། །ཅི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །འཁོར་བ་རང་བཞིན་མེད་པ་གཟིགས་པའི་ཕྱིར། །སྐྱེ་འཆི་ལ་སོགས་འཁོར་བའི་སྡུགས་བསྔལ་ལ། །སྐྱག་པ་མེད་ཅིང་སེམས་ཅན་གཅིག་གིས་ཕྱིར། །དམྱལ་བའི་གནས་སུ་འབྱོན་ལ་ཡ་མི་ང་། །ཐུགས་བཞེད་གཙོ་བོ་འགྲོ་དོན་ཡིན་པའི་ཕྱིར། །མ་འོངས་དུས་ཀྱང་སེམས་ཅན་ཇེ་ངན་ཡང་། །སྡུག་བསྔལ་ཇེ་ཆེ་བསྟན་པ་ཇེ་དམའ་བས། །སྐྱེ་རྒྱུད་ཕྲེང་བ་རིམ་པར་འབྱོན་མཛད་པ། །བསྟན་དང་འགྲོ་ལ་ཕན་ཐོགས་ཆེ་བར་སྙམ། །དེ་ནས་བཟུང་སྟེ་སྤྲེལ་གྱི་ལོ་དེ་ལ། །རི་ཆོས་ལ་སོགས་རྩོམ་ཡང་མང་བ་དང་། །ཀཐོགས་ཕྱོགས་ནས་གནམ་ཆོས་ཞུ་མཁན་དང་། །དབང་ལུང་ཁྲིད་སོགས་རྒྱུན་ཆད་མེད་འདྲ་བས། །རྨིས་བལྟོས་ལ་སོགས་འགའ་རེ་བྱུང་བ་རྣམས། །བརྗེད་ཐོར་བྲི་ལོང་མ་བྱུང་ཐམས་ཅད་བརྗོད། །བརྩམ་ཆོས་ཀུན་ལ་དང་པོ་རུང་མི་རུང་། །གསོལ་བ་བཏབ་ཅིང་བརྟགས་པ་བྱས་པའི་ཚེ། །བཀའ་རྒྱ་གྲོལ་ཞིང་གནང་བ་བྱུང་ཚུལ་དང་། །རྩོམ་ཚེ་ངོ་མཚར་རྟོགས་མཚན་བྱུང་ཚུལ་དང་། །བརྩམས་ཚར་འགྲོ་དོན་འབྱུང་ཚུལ་


CMR002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་སོགས། །བྱུང་ཚུལ་བརྩམས་པ་སོ་སོའི་མཇུག་ཏུ་གསལ། །ཤིན་ཏུ་མང་བས་འདི་རུ་བྲི་མི་ལོང་། །གནམ་ཆོས་དང་པོའི་དཔེ་ཆ་རྙིང་པ་འདི། །ཆོས་བདག་ལུང་བསྟན་ཟིན་པ་མ་གཏོགས་པའི། །གཞན་གྱི་མི་ལག་འགྲིམ་དུ་མི་རུང་གསུངས། །སྔོན་ཚེ་འབྲུག་ལོར་ཁོ་བོ་སྒར་བྱེད་སྐབས། །ཁོ་བོས་ཆོས་ཁྲི་ཁ་རུ་ཆོས་བཤད་ཚེ། །གཟིམས་གུར་སྲུང་མི་ཕྱི་མི་བན་ཆུང་ཞིག །བཞག་པས་གནམ་ཆོས་ཀློག་ནས་བལྟས་ཟིན་པས། །ཕྱིར་ནངས་དེ་ཚོད་ཁོ་ཉིད་སྨྱོ་རྒོད་གྱུར། །ཕྱིས་ཀྱང་མ་ཕན་སྨྱོ་རྒོད་གྱུར་རོ་སྐད། །སྔགས་པ་ཞིག་གིས་གནམ་ཆོས་དབང་ལུང་གི །འབྲེལ་པ་ཅུང་ཟད་ཙམ་ཡང་མ་ཐོབ་པ། །གནམ་ཆོས་བུ་དཔེ་གཅིག་གི་ངོས་ནས་ནི། །རྟ་མགྲིན་ནག་པོའི་སྒྲུབ་ཐབས་དེ་བྲིས་པས། །དེ་མ་ཐག་ཏུ་བརྒྱལ་བར་གྱུར་རོ་སྐད། །དེ་ལྟར་གནམ་ཆོས་དཔེ་རྙིང་ཤིན་ཏུ་གཉན། །གཡར་རྒྱུ་བུ་དཔེ་སོགས་ཀྱང་བཤུ་མ་གཏུབ། །སྤྲེལ་ལོ་སྤྲེལ་ཟླའི་ཡར་ཚེས་དགུ་ནས་ནི། །ཕྱག་དང་བསྐོར་བ་མཎྜལ་བསྐང་བཤགས་རྣམས། །བརྒྱ་རྩ་རེ་དང་གཏོར་འབུལ་ཚོགས་འཁོར་བསྐོར། །དད་ལྡན་གནམ་ཆོས་དབང་ལུང་ཐོབ་པ་ཡི། །དཔེ་རྙིང་ལག་འགྲིམ་བཤུ་སོགས་ཆོག་


CMR002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །བཀའ་རྒྱ་གྲོལ་བར་གསོལ་བ་བཏབ་པའི་ཚེ། །གནམ་ཆོས་ཞུ་མི་མང་པོ་འོང་བ་དང་། །འབུལ་བ་མང་པོ་འོང་ངོ་ཟེར་བ་ཡི། །ལུང་བསྟན་རྨི་ལམ་ཡུལ་དུ་གསལ་བར་བྱུང་། །ཕྱིར་ནངས་གཉིད་སད་ཉམས་ཀྱི་སྣང་བ་ལ། །བཀའ་རྒྱ་གྲོལ་ལོ་ཟེར་བའི་སྒྲ་ཞིག་ཐོས། །སླར་ཡང་ཕྱིར་ནངས་ཚེས་བཅུའི་ནུབ་མོ་ལ། །གནམ་ཆོས་འདི་དག་སྤེལ་དུ་རུང་མི་རུང་། །ཇི་ལྟར་བྱ་ཞེས་བརྟགས་པ་བྱས་པའི་ནུབ། །སྤེལ་དང་མི་སྤེལ་སྤྲུལ་སྐུ་རང་ཉིད་ཀྱིས། །ཐུགས་ཀྱི་དགོངས་པ་མཛད་པ་དེ་ལྟར་ཡིན། །སྟོན་ནི་རུང་དང་མི་རུང་ཁྱེད་རང་གི །ཤེས་པ་དེ་ལྟར་ཡིན་ནོ་ཟེར་བ་ཡི། །ལུང་བསྟན་ཉམས་ཀྱི་སྐབས་ལ་གསལ་བར་བྱུང་། །དེ་ནས་སྤྲུལ་སྐུའི་གནམ་ཆོས་རྫོགས་ཆེན་དང་། །རླུང་ཁྲིད་གཏེར་འབྱུང་སྐྱེས་རབས་ལ་སོགས་པ། །རྩོམ་དགོས་གསུངས་ནས་མང་དུ་བརྩམས་པ་དང་། །གཞན་ཡང་གནམ་ཆོས་འདི་དག་འགྲིགས་ཆོག་སོགས། །གང་དགོས་ཁྱོད་ཀྱིས་ལེགས་པར་རྩོམས་མཛོད་དང་། །ངེད་རང་གཉིས་ལ་ཁྱད་མེད་གསུངས་པ་ཡི། །བཀའ་བཀོད་ལན་གྲངས་མང་པོ་གནང་བའི་ཕྱིར། །གནམ་ཆོས་འགྲིགས་ཆོག་མང་པོ་རིམ་བཞིན་བྱས། །ཁྱད་པར་


CMR002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་སངས་རྒྱས་རྡོ་རྗེ་བས། །གནམ་ཆོས་དབང་རྣམས་བྱིན་རླབས་ཆེ་འདུག་ཀྱང་། །བླ་ཕྲན་གསར་བུ་རྣམས་ཀྱིས་གབ་མི་འཕྲོད། །ཅི་བྱ་གཏོལ་མེད་མགོ་རྐང་མི་ཚང་བའི། །བྱུང་ཚུལ་ལོ་རྒྱུས་མང་པོ་དང་བཅས་ནས། །འདི་དག་བསྒྲིགས་དགོས་གསུངས་ནས་བསྐུལ་བའི་ཕྱིར། །ཁྱུང་དམར་ལ་སོགས་མང་པོའི་དབང་བསྐུར་བསྒྲིགས། །དེ་དག་ཀཿཐོག་ཕྱོགས་དང་འབྲི་ཆུའི་རྒྱུད། །གོ་འཇོའི་ཕྱོགས་སུ་དར་སྲོལ་ཆེ་བར་གྱུར། །ནད་པ་སོགས་ལ་ཕན་ཐོགས་ཆེ་བའི་ཕྱིར། །ཡོན་བདག་རྣམས་ཀྱིས་འདོད་ཞུས་བྱེད་དོ་སྐད། །ཉེར་བཞིའི་ནུབ་པར་ཀཿཐོག་ཕྱོགས་ངོས་ནས། །དབང་དྲག་རྒྱ་མཚོའི་ནང་རྟེན་བྱིན་རླབས་ཅན། །ཡིན་སྙམ་སྐུ་འདྲ་ཆུང་ཆུང་སེན་མོ་ཙམ། །མང་པོ་རྙེད་པས་དགའ་བ་ཆེན་པོ་སྐྱེས། །གནམ་ཆོས་བསྒྲིགས་ཆོག་ལེགས་པའི་རྨིས་ལྟས་ལགས། །གནས་མདོར་སྔར་ནས་ཡོད་པའི་མགོན་པོ་དང་། །དམ་ཅན་སྐུ་འདྲ་གཉིས་པོ་ཡར་བླངས་ནས། །ཞིག་གསོས་རབ་གནས་བྱས་ནུབ་རྨི་ལམ་དུ། །གནས་མདོའི་ལྷ་ཁང་ནང་དུ་སྔར་མེད་པའི། །མི་ལའི་དངུལ་སྐུ་ལེགས་པོ་ལ་སོགས་པ། །སྐུ་འདྲ་གསར་པ་མང་པོ་འདུག་པ་རྨིས། །ཕྱིར་ནངས་


CMR002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ལངས་ནམ་མཁའ་དྭངས་པ་ལ། །བྱང་ངོས་འབྲུག་ནི་ཆེན་པོ་གྲག་པའང་ཐོས། །རང་ཁྱིམ་ཉི་མ་དྲོན་པོ་གསལ་བར་ཤར། །རང་ལོ་ང་དགུའི་ལོ་མཇུག་ལ། །དྲུག་ཅུ་ཚེ་ཡི་འཕྲང་དམ་པས། །དྲུང་སྐྱིད་སྤྱན་འདྲེན་དབང་ཞུ་འདོད། །ཕེབས་སམ་མི་ཕེབས་བརྟགས་པའི་ཚེ། །ཐོག་པ་མེད་པར་ཕེབས་གྱུར་ཐོས། །སླར་ཡང་ཅུང་ཟད་འགོར་བྱུང་བས། །ཡི་དམ་ཆོས་སྐྱོང་གསོལ་བཏབ་པས། །འདི་བས་མགྱོགས་པ་ཅི་བྱེད་ཟེར། །མྱུར་དུ་ཕེབས་པའི་བཀའ་ཤོག་བྱུང་། །དབང་ལུང་འཕེལ་ལམ་བརྟགས་པའི་ཚེ། །སྦྱོང་རྒྱུད་གསུང་དཀྱིལ་དབང་བསྐུར་རྨིས། །དེ་མཐུན་ཕར་ལའང་མང་ཞིག་ཕུལ། །ཚེ་དབང་བརྒྱ་རྩ་གནང་གྲུབ་ནུབ། །ནམ་ཟླ་དགུན་ཀ་ཡིན་པ་ལ། །གློ་བུར་ཤིང་ནི་ཐམས་ཅད་ལ། །མེ་ཏོག་དཀར་པོ་ཁོ་ན་སྐྱེས། །བསྙག་ལོ་འགད་པ་འདྲ་ཞིག་བྱུང་། །གློ་བུར་འདི་འདྲ་ངོ་མཚར་ཆེ། །སྨྲས་ཤིང་མེ་ཏོག་མང་པོ་འགའ། །བཏུས་ཤིང་རང་གིས་ཟོས་པ་རྨིས། །འབྱོན་ཁ་ཀརྨ་ཚེ་རིང་གིས། །མོ་བཏབ་ལྷ་ས་གསུམ་བབ་བཟང་། །མོ་ལ་དེ་བས་བཟང་རྒྱུ་མེད། །དེ་བས་འདེབས་ནི་མི་དགོས་ཟེར། །དེ་འདྲ་སུ་ལ་ལྟ་སྙམ་པས། །


CMR002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་ཀྱིས་ནི་མོ་བཟང་སྟེ། །བླ་མ་ཚང་ལ་ལྟ་ངེས་ཟེར། །དེ་འདྲ་རྨིས་པ་ལེགས་ཞེས་གསུངས། །འབྱོན་ཁ་ད་རུང་མཚམས་སྡོམས་ལ། །རྟགས་ཤིག་མ་བྱུང་བར་དུ་ནི། །ད་རུང་དམ་བཅའ་གྱིས་ཞེས་གསུངས་པ་ཡིས། །ཉིད་ཀྱིས་གནང་བའི་གྲུབ་རྒྱལ་མ། །ཟླ་བ་གཅིག་ཙམ་བསྙེན་པ་ཡི། །དྲུང་སྐྱིད་ཉིད་ཀྱི་གསོལ་འཕྲོ་ཡི། །ཇ་གཅིག་ང་ལ་གནང་ནས་བྱུང་། །ཇ་ཞིམ་མང་ཉུང་རྫ་མ་ཡི། །གང་ཙམ་མིག་གིས་མཐོང་སྙམ་སྟེ། །ཤཱཀྱ་ཐུབ་པ་དངོས་ཡིན་སྙམ། །སྐུ་ནི་དྲུང་སྐྱིད་ཉིད་རེད་པས། །སྐུ་ཆོས་ང་ལ་གནང་བྱུང་བ། །རྫོགས་སངས་རྒྱས་ཀྱི་སྐུ་ཆོས་ཉིད། །ང་ཡིས་གྱོན་ནི་རུང་མི་རུང་། །སྙམས་ཤིང་གྱོན་ཤོམ་བྱས་ནས་བལྟས། །ནང་ནི་ཕྲུག་གཟན་དམར་པོ་ལ། །ཕྱི་ནི་ཆོས་གོས་ངུར་སྨྲིག་ལ། །སྐུ་དྲེག་ཅུང་ཟད་ཕོག་གདའ་རྨིས། །རང་གི་ཨཱ་ཡུ་བརྟགས་པ་ཡིས། །གྱ་བརྒྱད་ཟེར་བའི་སྒྲ་ཞིག་ཐོས། །ཕལ་ལ་དབང་ལུང་འགའ་རེ་ཕུལ། །མཚམས་ཁང་ཞིག་ཏུ་ཟླ་གཅིག་བཞུགས། །ཐུགས་དགྱེས་གསུང་གླེང་ལ་སོགས་འཕེལ། །སྤྲུལ་སྐུ་བླ་མ་འདས་པ་སོགས། །མྱ་ངན་རྣམས་ཀྱང་དེ་ཡིས་སངས། །སེམས་དགའ་བློ་ཁ་རྫོགས་པ་དང་། །རེ་གཅིག་


CMR002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་ཀྱང་དེ་ཡིས་བསལ། །སྔོན་ཚེ་དྲུང་པ་གོང་མ་ལ། །བདེ་མཆོག་ནཱ་རོ་ལྷ་ལྔ་ཡི། །རྒྱ་གཞུང་ཡོངས་རྫོགས་ལུང་ཞུས་ཚེ། །བདེ་མཆོག་ཚིགས་བཅད་བྱིན་རླབས་ཅན། །རྒྱལ་དབང་བརྒྱད་པས་མཛད་པ་དེས། །དབང་ནི་དབུས་ནས་ཞྭ་དམར་པས། །ཆོས་ཀྱི་ཆར་འབེབས་ཐོབ་ནས་འོང་། །ལུང་ནི་རྟེན་འབྲེལ་འགྲིགས་དུས་ཤིག །བྱའོ་གསུངས་ཤིང་ཁོ་བོ་ཡི། །ངོ་ལ་གཟིགས་ཤིང་བཞད་མོ་མཛད། །གསུངས་ལྟར་དབུས་ནས་ལུང་ཐོབ་ཅིང་། །དྲུང་པའི་སྤྲུལ་སྐུ་འདི་ཉིད་ལས། །ལན་གཉིས་བར་དུ་ཐོབ་པ་ཡི། །དེ་དུས་གསུངས་ཤིང་བཞད་པ་དེ། །ལུང་བསྟན་ཡིན་པའི་ངེས་ཤེས་ཐོབ། །དེ་ནས་གཉེར་པ་ཆོས་འཕེལ་ཡང་། །ཇེ་ཆེར་ཐུ་ཞིང་ཚེ་དུས་བྱས། །དབང་ལུང་ཁྲིད་སོགས་རྣམ་གཡེང་ཆེ། །རྟགས་ཡིག་བརྗེད་ཐོ་བྲི་མ་ཁོམ། །དེ་ཕྱིར་བརྗེད་དེ་བཀོད་མ་ཐུབ། །དེ་ནས་ལྡོག་མཚམས་དེ་ཡི་ངང་། །ཚེ་སྒྲུབ་གསང་བ་འདུས་པ་ཡི། །ཟབ་པའི་མཐར་ཐུག་ཟླ་གཅིག་བསྙེན། །ནས་སར་ཙམ་པ་འཁྱོར་གང་ཙམ། །སུ་ཟོས་ནད་ཀུན་ཞི་བ་ཡིན། །ཟེར་ནས་ཕོར་པའི་ནང་དུ་བླུགས། །བ་མན་རྒོད་ཀྱི་ཞོ་ཡིན་ཟེར། །ཞོ་ལོག་བྱིས་སྦའི་ལག་མགོ་


CMR002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཕོར་བའི་ནང་དེར་བཞག་བྱུང་བ། །དང་པོ་ཉུང་འདུག་བསམ་ན་ཡང་། །ཞོ་སྐྱོ་བྱས་ནས་བཏུང་བ་ཡིས། །བརྒྱག་ཚད་ངོམ་ཚད་བྱུང་བ་རྨིས། །མགོ་ཟླ་དེ་ཡི་བཅོ་བརྒྱད་ནས། །ཁོ་བཏགས་བྲིས་སྐུ་བཞེངས་ནས་ཀྱང་། །མགོན་དཀར་ཡིད་བཞིན་རྒྱུན་བསྙེན་ལ། །སྟོང་ཕྲག་ཙམ་རེ་ཆག་མེད་བྱས། །བུད་མེད་ཤིན་ཏུ་མཛེས་མ་ཡིས། །དངོས་གྲུབ་གཏེར་རྒྱུ་ཡོད་ཟེར་ནས། །ལུང་པའི་ཕུ་རུ་ཁྲིད་པ་དང་། །བལྟ་བས་མི་ངོམ་བུད་མེད་གཅིག །འཛུམ་ཞིང་མདུན་དེར་འགྲོ་བ་དང་། །མང་པོ་འགའ་ལ་དབང་བསྐུར་རྨིས། །ས་མོ་བྱ་ལོ་སྨིན་དྲུག་ཟླ་བ་ཡི། །ཚེས་གཅིག་ནས་བཟུང་སྐུ་རིམ་ཆོས་ཡོན་བརྒྱབ། །བཅོ་ལྔའི་ནུབ་པར་རང་གི་ཨཱ་ཡུ་ནི། །ད་ཚོད་བར་དུ་ཅིར་འགྱུར་བརྟགས་པའི་ཚེ། །སྐྱོན་ནི་ཅི་ཡོད་ཟེར་བྱུང་ཐོག་ཏུ་བབ། །བཅུ་བདུན་འགྲུབ་སྦྱོར་ཉིན་པར་སྦྱིན་སྲེག་དང་། །བཀའ་སྲུང་རྣམས་ཀྱི་གསོལ་ཁ་གཟབ་བྱས་པས། །བརྟགས་པ་བྱས་ནུབ་རྒྱལ་བའི་བཀའ་ཤོག་ནི། །ཁམས་ཆེན་གནང་ཡོད་ཟེར་བ་ཀློག་བལྟས་པས། །ཁྱུང་དམར་ཐང་སྐུ་འདྲ་བ་ལེགས་པོ་སྣང་། །མྱུར་དུ་དེ་དང་མཚུངས་པའི་བཀའ་ཤོག་ཕེབས། །བྱ་ལོ་མགོ་ཟླའི་ཚེས་གཅིག་ནས་


CMR002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། །ཐུགས་རྗེ་ཆེན་པོའི་འདོན་འགྲིགས་བསྙེན་པ་དང་། །དེ་ཡི་བཀའ་སྲུང་མགོན་པོའི་རྒྱུན་བསྙེན་བྱས། །བདུན་གཉིས་སོང་ཚེ་ཉམས་ཀྱི་སྣང་བ་ལ། །དར་ལྕོག་རྙིང་པ་དར་ཡུ་ལ་དཀྲིས་པ། །དྲུག་བདུན་ཙམ་ཞིག་གནས་འདིར་བཙུགས་སྣང་བྱུང་། །མགོན་པོས་མཁུ་ལྡོག་རྟགས་དེས་སོ་ན་བས། །གཞུང་ལྟར་གཏོར་དབང་བདག་འཇུག་བརྒྱ་རྩ་བླངས། །དེ་ཡི་འཇམ་ཞིང་བདེ་བའི་སྣང་བ་བྱུང་། །དེ་སྔོན་ཐ་སྐར་ནང་དུ་ཟླ་གཅིག་ལ། །བླ་མ་ཡང་ཏིག་ནང་གི་ཚེ་སྒྲུབ་བསྙེན། །ཆང་ནི་ཤིན་ཏུ་གང་ཞིང་དགའ་བ་ཡི། །ཞལ་བུ་གང་ཙམ་མངོན་སུམ་ལྟར་དུ་འཐུང་། །དེ་ཡང་ཟབ་བོ་སྙམ་པའི་ངེས་ཤེས་ཐོབ། །དོན་དཀྲིགས་རྒྱུན་བསྙེན་ཟླ་གཅིག་སོང་བའི་ནུབ། །ཕྱིར་ནངས་ཉམས་སྣང་རང་མདུན་ཕ་ཀི་སོགས། །གསེར་སྐུ་འདྲ་བའི་ལྷ་ནི་ཞི་བའི་ཞལ། །སྐུ་སྟོད་གསལ་ཡང་ལྷ་ངོ་མ་ཤེས་ཏེ། །དབུ་རྒྱན་ཨུཏྲ་ལ་ཡི་གདེངས་ཀ་སོགས། །སྐུ་གཟུགས་མི་འདྲ་ལྷ་དངོས་འདྲ་བ་མཐོང་། །ཕྱག་དྲུག་པ་ཡི་ལྡེར་སོ་ལེགས་པོ་ནི། །ལོ་བརྒྱད་ཁྱེའུས་ན་ཚོད་ཙམ་ཞིག་མཐོང་། །ཟང་ཟིང་འབུལ་བ་མང་པོ་རང་ཉིད་ལ། །ཕུལ་བྱུང་རང་ཉིད་སེམས་ཀྱང་དགའ་


CMR002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བའང་རྨིས། །དེ་སྔོན་དྲུང་པར་དབང་བརྒྱ་ཞུས་པའི་ནུབ། །ཉམས་སྣང་ཉི་མའི་དཀྱིལ་འཁོར་གསལ་བར་མཐོང་། །བེར་གྱི་སྒྲུབ་ཐབས་བདེ་དབང་མ་ལ་སོགས། །ཟིན་བྲིས་ཉུང་ངུར་བྲི་རུང་མི་རུང་བརྟགས། །དེ་བྱས་ཕན་རྒྱུ་གནོད་རྒྱུ་ཅི་ཡང་མེད། །གཞན་ལ་ཅུང་ཟད་ཕན་ནོ་ཟེར་བ་ཐོས། །དེ་ཕྱིར་ཟིན་བྲིས་མདོར་བསྡུས་བྲིས་པ་ཡིན། །དེ་ཡི་མཆོག་སྒྲུབ་སྐོར་དང་དབྱུག་བརྡུང་མ། །ཞག་པོ་ཉེར་གཅིག་བར་དུ་རྒྱུན་བསྙེན་བྱས། །ཆོས་དབྱིངས་རྡོ་རྗེ་དངོས་ལྟར་རང་དྲུང་ཕེབས། །དྲུང་སྐྱིད་ང་དང་བསྒྲིགས་ནས་བཞུགས་པ་རྨིས། །དེ་ཚེ་ཉམས་ཀྱི་སྣང་བར་ལུང་བསྟན་ཚིག །དམ་ཚིག་ཅན་གྱིས་སྲུང་སྐྱོབ་བྱེད། །དམ་ཚིག་མེད་པའི་ཞེས་ཟེར་ཚིག་གི་མཇུག །མེད་པའི་སྒྲ་དེ་རྣ་བས་ཐོས་པ་བྱུང་། །ཐིག་ལེ་བཅུ་དྲུག་ཟིན་བྲིས་བསྡུས་པ་བྲིས། །བདུན་གསུམ་ཙམ་ལ་དེ་ཉིད་བདུན་རེ་བཏོན། །ཡ་མཚན་ཆེ་ཞེས་ཟེར་བའི་སྒྲ་ཞིག་གྲག །གནམ་ཆོས་ས་སྙིང་བརྟན་མའི་སྦྲག་སྒྲུབ་ལ། །ཞག་པོ་བཅུ་བདུན་རྒྱུན་བསྙེན་སྟོང་རེ་བྱས། །དེ་ཡི་ཆོ་ག་དེ་ཡང་ཚར་རེ་བཏོན། །ཞག་བདུན་སོང་དུས་ཉམས་ཀྱི་སྣང་བ་ལ། །དྲེལ་ནི་བརྒྱ་བས་འདི་དགའ་ཟེར་བ་ཡི། །སྒྲ་ཞིག་བར་སྣང་


CMR002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནས་གྲག་པ་ཐོས། །བཅོ་ལྔའི་ནུབ་པར་དཔེ་ཆ་ཞིག་བལྟས་པས། །ཆེ་མཆོག་རྟ་མགྲིན་བསྟོད་པ་ཤོ་ལོ་ཀ །རེ་རེ་འདུག་པའི་མཇུག་ཏུ་ཚིག་འདི་གདའ། །ཐམས་ཅད་འདུས་པ་གཙོ་ཆེ་བས། །རྟེན་འབྲེལ་ཕུན་སུམ་ཚོགས་པའི་བུམ་གཏེར་འདི། །རིན་པོ་ཆེ་ཡི་གཏེར་ཁ་བྱེ་བས་བརྒྱན། །ཟེར་བའི་ཡི་གེ་འདུག་པ་མཐོང་སྣང་བྱུང་། །རང་གི་མདུན་དེར་བལ་པོའི་ཡུལ་གྱི་མི། །གཞོན་ནུ་ཆས་བཟང་ཞིག་ནི་གདའ་བ་དེ། །ང་ཡིས་གང་སྨྲས་ཁོ་ཡིས་གོ་འདུག་པས། །བལ་ཚ་ར་ཡི་སྐད་གོ་མཚར་རམ་སྙམ། །རང་གི་དབོན་པོའི་མར་ཤེ་དུམ་གཅིག་གཏད། །བསྙུང་དུས་མར་ཁུ་བྱེད་ནས་འདྲེན་ནོ་ཟེར། །སྒྲུབ་པ་ཚར་ནུབ་བླ་མ་ཞིང་བརྗེས་པས། །ཆར་འབོད་བྱེད་ཅིང་ཡོད་པ་ཡིན་སྙམ་པའི། །ནམ་མཁའ་ཐམས་ཅད་རྒྱ་མཚོ་འཁྲུགས་འདྲ་བའི། །ཆར་སྤྲིན་འཐུག་པོའི་སྐབས་ནས་བྱུང་བའི་ཕྱིར། །ནུས་པ་ཆེན་པོ་གདའ་སྙམ་ཡིད་སེམས་དགའ། །དེ་ཚེ་རང་མདུན་ཀླུ་ཡི་བུ་ཡིན་སྙམ། །དགེ་བཤེས་གཞོན་ནུ་མཛེས་པ་ཞིག་འདུག་རྨིས། །དེ་ནས་བུམ་གཏེར་སྦས་པའི་ཕྱོགས་རྣམས་སུ། །ཆར་པ་འབེབས་སླ་ལོ་ནི་ལེགས་པ་སོགས། །རྟེན་འབྲེལ་ལེགས་ཞེས་


CMR002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་མཁན་མང་དུ་བྱུང་། །དེ་ནས་རིག་འཛིན་སྲོག་སྒྲུབ་གཅིག་རྒྱུད་མ། །ཞག་བདུན་བསྙེན་ཚེ་རྟགས་མཚན་ཆེར་མེད་པས། །དེ་སྔོན་ལྕེ་རྩེ་མ་མཐོང་འཆི་རྟགས་མཐོང་། །འདི་ཡི་སྐབས་སུ་བལྟ་ལུགས་ཅིག་གིས་མཐོང་། །སྔར་ཤི་བུད་མེད་མཛེས་མ་རྒྱུན་ལྡན་གྱིས། །གྲོགས་བྱས་གནས་ཕུག་རང་བྱོན་མང་པོ་མཇལ། །ལོ་ཐོག་གསེབ་བསྡད་སྦྲུལ་གྱིས་སྐྲག་སྣང་བྱུང་། །མཚན་མོ་རེད་དེ་གནས་མདོའི་ས་སྟེང་འདི། །ས་དཔལ་འདི་བས་བཟང་བ་མེད་དོ་སྙམ། །ས་རིས་བལྟས་པས་སྐར་གནས་ཡི་གེ་བཞི། །ཆུ་ཚོད་ཡི་གེ་ལྔ་བཅུ་ང་ལྔ་མཐོང་། །གོང་མ་ལོ་དང་འོག་མ་ཟླ་བ་སྟེ། །དྲུག་ཅུ་རེ་བདུན་ཙམ་ཞིག་ཡིན་པ་འདྲ། །དགོངས་འདུས་རྒྱུན་ཁྱེར་ཞག་བདུན་སུམ་འབུམ་སོགས། །ཆུ་ཆེན་རབ་བརྒྱབ་ཚུར་ལ་འོང་བ་དང་། །རང་ལ་བག་མ་ཞིག་ནི་བསུ་ཤོམ་གདའ། །དེ་ཉིད་མི་བསུ་བ་རུ་ཐག་བཅད་རྨིས། །ཆོ་འཕྲུལ་ཚེས་གཅིག་ནས་བཟུང་ཞིག་པོ་བདུན། །སྦྱོང་རྒྱུད་གསུང་དཀྱིལ་ཉིས་འབུམ་བརྒྱད་ཁྲི་བཟླས། །ཆོས་སྒོ་པའམ་ལྷོ་པས་གནང་བ་ཡི། །སྐུ་གཟན་ངུར་སྨྲིག་བཟང་པོ་བདག་གིས་གྱོན། །ཉིན་གུང་འཐུམ་པས་ནམ་མཁའི་དཀྱིལ་དེ་ན། །ཉི་མའི་དཀྱིལ་


CMR002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འོད་ཟེར་འཕྲོ་བ་མཐོང་། །གྱེན་དུ་རྟ་ཁྲིད་ལམ་ངན་བྱོལ་ཞིང་སོང་། །ཞྭ་གོས་ཤིན་ཏུ་བཟང་པོ་གྱོན་ཤོམ་ཞིང་། །རྫོང་བཙན་ནང་དུ་ཞུགས་པའི་རྨི་ལམ་བྱུང་། །ཚར་ནུབ་ལྷམ་ནི་ཆེན་པོ་གཉིས་གདའ་བ། །ཚེ་དབང་བཀྲ་ཤིས་ཞེས་པའི་སྔགས་རྒན་ནི། །བརྒྱད་ཅུ་ཐུབ་པའི་ལྷམ་དེ་གྱོན་པ་རྨིས། །དད་པའི་སྟོབས་ཀྱིས་སྦྱོང་རྒྱུད་རྟགས་འདི་གསལ། །ཞག་བདུན་བདེ་ཆེན་ཞིང་སྒྲུབ་བྱས་པའི་སྐབས། །དེ་ཡི་དབང་གཉིས་དགོས་བྱུང་རྟགས་མ་གསལ། །ངོམ་ཆུ་གཤེས་ནས་ཤིན་ཏུ་ཆེ་བ་ལ། །བདག་གིས་འབོགས་པས་ཆུ་དེ་བདེ་བར་ཆོད། །སྐེ་མན་ནུབ་ཀྱང་སྐྱོན་ནི་མི་གདའ་ཞེས། །མི་ཀུན་ཧ་ལས་མཚར་སྣང་བྱེད་པ་རྨིས། །བཅུ་དྲུག་ནས་བཟུང་ཞག་པོ་དགུ་ཙམ་ལ། །སྒྲུབ་ཐབས་རྒྱ་མཚོ་གསུང་གི་རྡོ་རྗེ་བཟླས། །བླ་མ་སངས་རྒྱས་རྡོ་རྗེའི་ཆང་གསོལ་བ། །བདག་ལ་གཏད་པར་བྱས་ནི་བྱུང་བ་ལ། །བདག་གིས་ཁམ་འབུ་གསུམ་ནི་བཏུང་བ་རྨིས། །ཉེར་བཞི་ནས་བཟུང་ཞི་ཁྲོའི་གསུང་དཀྱིལ་བསྙེན། །ཁྲི་མཐོའི་སྟེང་དུ་ཨ་ནུ་བཞུགས་འདུག་པ། །རྔ་ནི་བཟང་པོ་བསྣམས་ཤིང་པད་ཞྭ་གསོལ། །ཕར་གློ་དེ་ན་གཞན་ཕྱོགས་བླ་ཆེན་གྱིས། །


CMR002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཞིག་གོས་ཆེན་གྱིས་ནི་བཏུམ་ནས་འདུག །རོ་དེ་ལངས་དོགས་ཨ་ནུའི་རྔ་ཤང་གིས། །འོད་དེ་རོ་ལ་ཕོག་ནི་བཅུག་ཅིང་འདུག །བདག་གི་ལག་ན་རྔ་ཤང་བཟང་པོ་གདའ། །ཁྱེད་རང་བྲོས་པར་སོང་གསུངས་རྩྭ་འཆང་ཕྱིན། །སྒྲུབ་པ་ཚར་ནུབ་ཉམས་ཀྱི་སྣང་བ་ལ། །དུས་གསུམ་སངས་རྒྱས་དགོངས་པ་རྟོགས་ཟེར་བའི། །ལུང་བསྟན་བྱུང་བ་འདི་ནི་ཨེ་མ་ཧོ། །དེ་ནས་སྦོ་ཟླའི་ཚེས་གཅིག་ནས་བཟུང་སྟེ། །གསང་བ་འདུས་པའི་གསང་སྒྲུབ་བསྙེན་པ་བྱས། །འདི་སྐབས་བརྟགས་པ་འགའ་བྱས་གསལ་ན་ཡང་། །དངོས་བསྟན་སྒྲུབ་པའི་རྟགས་ནི་མ་བྱུང་སྟེ། །སྦོ་ཟླའི་ཚེས་བརྒྱད་ནས་བཟུང་ཞག་བརྒྱད་ལ། །གནམ་ཆོས་ཚེ་སྒྲུབ་གསང་སྒྲུབ་བསྙེན་ན་ཡང་། །རྣམ་གཡེང་ཆེ་བས་རྟགས་མཚན་མ་གསལ་ཞིང་། །སང་ཕོད་ད་ཚོད་བར་གྱི་ཨཱ་ཡུ་རྟགས། །སྐད་ནི་ཆུང་ཆུང་མི་གསལ་ཙམ་ཞིག་གིས། །འ་འབུ་འཆི་ཟེར་བྱུང་བས་ཡིད་མ་བདེ། །དེ་ནས་ཉམས་སྣང་སྐད་ནི་ཆེ་ཞིང་གསལ། །འཆི་མེད་ཚེ་ཡི་རིག་འཛིན་འགྲུབ་ཟེར་བའི། །ལུང་བསྟན་བྱུང་བ་ཡིད་ཀྱང་བདེ་བ་བྱུང་། །དེ་ནི་ལྕགས་མོ་ཕག་གི་ལོ་ཡིན་ནོ། །འདི་སྐབས་མགོན་པོ་ཐུབ་བདག་གློག་ཕྲེང་ཅན། །ཕྲེང་སྐོར་ཡ་


CMR002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་རྒྱུན་བསྙེན་བྱས་པ་ཡིས། །རྨི་ལམ་སློབ་དཔོན་པདྨ་དབང་དྲག་མཇལ། །ཕྱག་ན་འོད་ལས་གྲུབ་པའི་ཤ་ཆེན་བསྣམས། །ཁྲག་ཚོད་འདྲ་བ་ཞིམ་པོ་གསོལ་བ་མཐོང་། །ཟླ་བ་གཟས་འཛིན་བྱུང་བའི་དུས་ཉིད་ལ། །ཆོས་ཀྱི་དུང་གི་ཏིང་འཛིན་འཇམ་དཔལ་སྔགས། །ར་ཆེན་ཁྲི་ཙམ་བསྙེན་པའི་རྨི་ལམ་ལ། །རང་ཉིད་གོས་བཟང་མང་པོ་གྱོན་པའི་བར། །རས་གཟན་དཀར་པོའི་དཀྱིལ་ནས་ཅུང་ཟད་རལ། །དེ་འདྲ་གཉིས་བརྩེགས་གྱོན་པའི་རྨི་ལམ་དང་། །རིན་པོ་ཆེ་པ་དཀོན་མཆོག་དཔལ་འབྱོར་དང་། །དགེ་བའི་བཤེས་གཉེན་ཀརྨ་རྣམ་དག་ལ། །ཆོས་ཀྱི་གསུང་གླེང་འགའ་རེ་བྱས་པ་རྨིས། །དེ་སྐབས་གྲྭ་མང་ཐོར་པ་གཉན་ཚད་འདྲེས། །སྡེ་ལ་ན་ཚ་རྒོད་པས་ཐམས་ཅད་སྐྲག །སྦོ་ཟླའི་མར་ངོ་ནག་ཟླའི་ཡར་ངོ་རྣམས། །གུར་དྲག་དྲན་རྫོ་གས་བསྒོམས་ནས་རིགས་བདག་བསྙེན། །ཡར་ངོའི་རིང་ལ་གསང་འདུས་ཟབ་མཐར་བསྙེན། །དེ་ཚེ་གྲྭ་མང་སྤྱི་ཡི་སྐུ་རིམ་ལ། །གནམ་ཆོས་ལྷ་མོའི་ནད་རིམས་བཟློག་མདོས་དང་། །ཞི་བ་དཀར་བླུག་ལོ་གྱོན་མདོས་ཆུང་སོགས། །སྐུ་རིམ་སྔགས་དམིགས་ཁོ་ན་གཟབ་པ་དེས། །སྒྲུབ་པའི་རྟགས་མཚན་ཅི་ཡང་མ་


CMR002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཏེ། །གྲྭ་པ་རྣམས་ཀྱང་རིམ་པར་བདེ་ཞིང་ཐལ། །དེ་ནས་ནག་ཟླའི་བཅུ་དྲུག་ནས་བཟུང་སྟེ། །གནམ་ཆོས་ཚེ་དབང་རྒྱས་པ་སྤྲོས་བཅས་བྱས། །ཞལ་བདུན་སྤྲུལ་སྐུ་ཡད་ཡུད་མཇལ་བ་རྨིས། །དེ་ནས་ཚེ་སྒྲུབ་ཕྱི་སྒྲུབ་ཞག་བདུན་ཏེ། །ནུབ་བྱང་ནམ་མཁར་ཉི་མའི་དཀྱིལ་འཁོར་རྒྱས། །ནག་ཟླའི་ཉེར་གཉིས་ནས་བཟུང་གནམ་གང་བར། །གནམ་ཆོས་ཚེ་དཔག་ནང་གི་སྒྲུབ་པ་བསྙེན། །རྨི་ལམ་མན་ཇི་བཟང་པོ་གཟན་གོས་གྱོན། །ངེད་ཚང་རང་གི་བཞེངས་པ་ཡིན་སྙམ་པའི། །ལྡེར་སོ་འདྲ་ཡང་ལྡེར་སོ་མ་ཡིན་པའི། །ཚེ་དཔག་སྐུ་འདྲ་ཐོག་ཚད་ལྷག་ཙམ་པ། །དམར་དང་ལྷམ་མེ་བ་ཞིག་གསལ་བར་མཐོང་། །ས་གའི་ཚེས་གཅིག་ནས་བཟུང་གསང་སྒྲུབ་བསྙེན། །ཞག་བདུན་ནུབ་པར་ཚེ་དཔག་མེད་པའི་སྐུ། །ཐོག་ཚད་གསེར་གྱིས་བྱུག་པ་རང་གིས་བཞེངས། །སླར་ཡང་དེ་ལ་གསེར་གསོལ་བྱེད་ཤོམ་གྱིས། །གསེར་ཕྱེ་ཐུམ་པོ་གང་ཡང་གདའ་བ་རྨིས། །དེ་ནས་ཞག་བརྒྱད་གནམ་ཆོས་ཡང་གསང་བསྙེན། །ཞག་བདུན་ནུབ་པར་རང་གི་མདུན་དུ་ནི། །ཆང་བཟང་ཟོ་བ་གང་ནི་བཞག་བྱུང་བ། །སྐད་ཅིག་གཅིག་ལ་ལྷག་མེད་བཏུང་བ་རྨིས། །དེ་ཡིས་གནམ་ཆོས་ནས་བྱུང་ཚེ་སྒྲུབ་


CMR002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར། །ཡོངས་སུ་རྫོགས་པའི་བསྙེན་པ་ཐེམ་པའོ། །དེ་སྔོན་ལྕགས་ཕག་ནག་ཟླའི་མར་ངོ་ལ། །ནམ་མཁའི་དཔོན་སློབ་གསུམ་གྱི་ཞག་པོ་བདུན། །དེ་རྗེས་སྦྱིན་པས་ཞག་པོ་བཅུ་གཉིས་ལ། །ཐང་ལྷའི་བསྙེན་པ་འབུམ་ཕྲག་གཉིས་ཙམ་ཐེམ། །དེ་དག་ཚེ་ལ་བདག་གི་རྒྱུན་བསྙེན་དང་། །དམིགས་པ་གཏད་ཅིང་གཏོར་བསྔོས་མ་ཆག་ཚེ། །དཔོན་རིགས་ཆུ་བ་དཀར་པོ་གྱོན་པ་ཞིག །བུག་དཀར་ནང་ནས་ང་ལ་བལྟ་བ་དང་། །དབོན་རིགས་བུ་ཆུང་བཅུ་དྲུག་ན་ཚོད་ཅན། །རལ་པ་འབྲོང་རྔ་ལས་ཆེ་སྣུམ་བག་ཅན། །དེ་འདྲ་བྲོ་འཁྲབ་ལ་སོགས་འདུ་ལོང་ཆེ། །བཙུན་པ་ཆས་བཟང་གཉིས་ཙམ་བྱུང་བ་ལ། །དྲག་སྔགས་ཐུན་གྱིས་བྲབ་པས་ཇེ་ཆུང་སོང་། །རྡོ་ལ་རྒྱལ་པོའི་སྐུ་གཅིག་བྱོན་གདའ་བས། །རང་བྱོན་རེད་པས་ཤི་རྒྱུ་མེད་ན་ཡང་། །དེ་ལ་བྱེ་མ་ལེབ་གཅིག་འབྱར་གདའ་བས། །ཁོ་རང་ཡིན་སྙམ་དེ་ལ་ཐུན་གྱིས་བྲབ། །འཇའ་ཚོན་སྙིང་པོས་གནང་བ་ཡིན་སྙམ་པའི། །རྒྱལ་པོ་ཐུབ་པའི་རྡེལ་དཀར་མང་པོ་འགའ། །རང་གི་ཐུ་བར་བླུགས་ནས་ཚགས་བྱས་རྨིས། །དེ་རྗེས་དྲག་པོའི་དམིགས་པ་དང་བཅས་ནས། །ཞག་གཉིས་འདུལ་སྔགས་སྟོང་ཕྲག་རེ་ཙམ་


CMR002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །དབུས་ནས་ཡིན་ཟེར་དགེ་སློང་ཆོས་གོས་ཅན། །བཅུ་ཙམ་བྱུང་བ་ཁྱེད་ཚོ་སུ་ཡིན་སྨྲས། །ཚིག་ལེན་མི་སྨྲ་རྒྱལ་འགོང་ཡིན་པར་ཤེས། །རང་གི་ལག་ཏུ་གྲི་མནོན་མཐོ་གང་ཙམ། །སྤུ་གྲི་ལྟ་བུར་ཤིན་ཏུ་རྣོ་བར་འདུག །དེ་ཡིས་ཐམས་ཅད་བསྒྲལ་ཤོམ་བྱས་པ་ལ། །སྙིང་རྗེ་ཆེན་པོ་སྐྱེས་ནས་མ་བསྒྲལ་བས། །ད་ནི་ཕྱིན་ཆད་ངེད་ཚང་ཐམས་ཅད་ལ། །གནོད་པ་བྱེད་རེའི་མནའ་སྐྱོལ་སྨྲས་ནས་ཀྱང་། །སྙིང་ཁར་གྲི་དེ་འཛུགས་ལ་ཁད་ཁད་བྱས། །ཀུན་གྱི་གནོད་པ་བྱེད་རེའི་མནའ་རེ་བསྐྱལ། །བུད་མེད་གཟུགས་ནི་མི་སྡུག་པ་ཞིག་དང་། །གཞན་ཡང་མང་པོ་འགའ་ལ་གྲི་ཚད་ཅིང་། །ང་ཡི་བསྟན་པ་སྲུང་ངམ་མི་སྲུང་སྨྲས། །བསྟན་པ་སྲུང་ཞེས་བྱ་བའི་ཁས་བླངས་བྱས། །དེ་ནས་རང་གི་བཀའ་སྲུང་གསུམ་པོ་དང་། །སྔགས་བདག་གཏོར་མ་ཆེན་པོ་བཅས་གདའ་བ། །གཏོར་མ་ཀུན་ལ་གྲི་དེ་གདེངས་བྱས་ཤིང་། །ང་ཡི་བསྟན་པ་སྲུང་ངམ་མི་སྲུང་སྨྲས། །གཟུགས་ནི་མེད་ཅིང་སྒྲ་ནི་མ་ཐོས་ཀྱང་། །བཀའ་སྲུང་གསུམ་དང་ཇོ་བོ་སྔགས་བདག་གི །བསྟན་པ་སྲུང་བའི་ཁས་ལེན་བྱས་པ་ནི། །རང་གི་ཡིད་ལ་ཤེས་པ་ཞིག་བྱུང་ངོ། །ནག་པ་ཟླ་བའི་ཉེར་དགུ་དབུ་བཙུགས་


CMR002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །མགོན་པོ་དམག་གི་རྒྱལ་མོ་སྒྲུབ་པ་ཡི། །སྟ་གོན་ཐམས་ཅད་གཞུང་ལྟར་ཚང་བར་བྱས། །དོན་དཀྲིགས་ཐུགས་རྗེས་ལས་བྱང་བསྡུས་པ་དང་། །མགོན་པོ་དེ་ཡི་ལས་བྱང་ཚར་རེ་དང་། །བསྙེན་པ་ཕྲེང་སྐོར་རེ་ཟུང་རྒྱུན་བསྙེན་བྱས། །ཞག་བདུན་ནུབ་པར་རང་གི་དྲུང་དེ་རུ། །སྐུ་ཡི་རྣམ་པ་གསལ་པོར་མ་མཐོང་ཡང་། །སྤོས་ཀྱི་ཙནྡན་མགོན་པོ་རང་བྱོན་དེ། །དེ་རུ་བཞག་ནས་ཡོད་སྙམ་བྱེད་པ་དང་། །དེ་ཡི་དྲུང་དུ་ཕྱག་བཞི་པ་ཡི་སྐུ། །ལྡེར་སོ་མདའ་ཚད་ཙམ་ཞིག་གདའ་བ་རྨིས། །བདུན་གཉིས་ཉམས་སྣང་རང་གི་མདུན་དེ་རུ། །ཕོ་རོག་ཅིག་ནི་འདུག་པའི་སྣང་བ་བྱུང་། །དེ་སྐོར་གཟའ་དབང་བསྐུར་དགོས་བྱུང་བའི་དུས། །ཡི་དམ་མགོན་པོས་འཁུ་ལྡོག་མ་འབྱེད་པར། །ཞག་གཉིས་སྟོད་འཚང་ན་ཞིང་དེ་ནས་བདེ། །ལྕགས་ཕག་ས་ག་ཟླ་བའི་བཅོ་ལྔ་ནས། །སྣོན་གྱི་ཟླ་བའི་ཚེས་བཅུའི་བར་དུ་ནི། །ཀློང་ཆེན་རབ་འབྱམས་པ་ཡིས་མཛད་པ་ཡི། །ཡི་དམ་ཡིད་བཞིན་ནོར་བུའི་རྒྱུན་བསྙེན་བྱས། །རྣམ་གཡེང་ཆེ་བས་རྟགས་ནི་མ་གསལ་ཡང་། །ཚར་ནུབ་ཨཱ་ཡུ་བརྟགས་པའི་ཕྱིར་ནང་གིས། །ཉམས་ཀྱི་སྣང་བར་ལོ་གསུམ་ཟེར་སྣང་ནི། །མི་གསལ་


CMR002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་ཚེ་རིལ་བཟའ་བསམ་ཛཿ། །ཚེ་རིལ་འབྲུ་གསུམ་ལག་ཏུ་ཕྱིན་གདའ་བས། །གསལ་པོར་གདའ་བས་གདམ་པར་ངེས་ཤེས་སྐྱེས། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ང་དྲུག་ནས་རེ་གསུམ་བར་གྱི་ནང་གི་རྣམ་ཐར་ཕལ་ཆེར་གསལ་བ།next