Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
དགེ་སློང་རཱ་ག་ཨ་སྱའི་རང་ལོ་ལྔ་བཅུ་ནས་ང་དྲུག་བར་གྱི་ནང་གི་རྣམ་ཐར་ཐོར་བུ་འགའ་ཞིག
   
   
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ལྔ་བཅུ་ནས་ང་དྲུག་བར་གྱི་ནང་གི་རྣམ་ཐར་ཐོར་བུ་འགའ་ཞིགnext

དགེ་སློང་རཱ་ག་ཨ་སྱའི་རང་ལོ་ལྔ་བཅུ་ནས་ང་དྲུག་བར་གྱི་ནང་གི་རྣམ་ཐར་ཐོར་བུ་འགའ་ཞིག


CMR002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་རང་ལོ་ལྔ་བཅུ་ནས་ང་དྲུག་བར་གྱི་ནང་གི་རྣམ་ཐར་ཐོར་བུ་འགའ་ཞིག་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་དེ་བ་ཌཱཀྐི་ནི་ཧཱུྃ། བླ་མ་ཡི་དམ་དབྱེར་མེད་སྤྱན་རས་གཟིགས། །དྷརྨེ་ཤཱ་རིའི་ཞབས་ལ་ཕྱག་འཚལ་ལོ། །ངེས་པའི་དོན་ལ་རྨི་ལམ་འཁྲུལ་པ་སྟེ། །རྨི་ལམ་དག་སྣང་ཕྲན་བུ་རྨིས་པ་ལ། །མཆོག་ཏུ་འཛིན་དང་རློམ་སེམས་དགའ་ཚུལ་ནི། །བར་ཆད་འཇུག་པའི་སྔ་ལྟས་ཡིན་པ་སྟེ། །འོན་ཀྱང་ཁོ་བོས་རློམ་སེམས་དགའ་ཚུལ་མིན། །མེ་བུས་རྟགས་སུ་དུ་བ་འབྱུང་བའི་དཔེ། །གསང་སྔགས་རིག་སྔགས་ཟབ་མོ་སྒྲུབ་པའི་ཚེ། །དེ་ཡི་རྟགས་མཚན་རབ་དངོས་འབྲིང་དུ་ཉམས། །ཐ་མ་རྨི་ལམ་ཡུལ་དུ་འབྱུང་ངོ་གསུངས། །ཁོ་བོ་དབང་པོ་ཐ་མ་ཡིན་པའི་ཕྱིར། །


CMR002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ཡི་དམ་ལྷ་ཞལ་མཇལ་བ་མེད། །ཉམས་དང་རྨི་ལམ་འཁྲུལ་པའི་གནས་སྐབས་འགར། །སྒྲུབ་ཐབས་གཞུང་ནས་བཤད་དང་ཕྱོགས་མཐུན་ཙམ། །བྱུང་བ་ཡི་གེར་བྲི་དོན་མ་ལགས་ཀྱང་། །སྔོན་ཚེ་མི་འགྱུར་རྡོ་རྗེའི་བཀའ་མ་ཆོག །རང་གི་རྣམ་ཐར་བྲིས་པའི་མཇུག་དེ་ཡང་། །བྲི་དགོས་ཟེར་ནས་བླ་མ་ནམ་མཁས་བསྐུལ། །རྨི་ལམ་གང་རྨིས་ཡི་གེར་བཀོད་པ་ཡང་། །རྒྱུ་བ་ཚག་ཤིང་ཤོག་བུ་འཕང་ན་ཡང་། །མ་འོངས་རང་གི་རྗེས་སུ་འཇུག་རྣམས་ཀྱིས། །སྔགས་དང་བསྙེན་པ་ལ་སོགས་འབད་ན་ནི། །རྟགས་མཚན་འོང་རྒྱུ་ཡོད་སྙམ་སྤོབས་པ་སྐྱེ། །སྙིང་པོ་


CMR002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་རྨིས་བལྟས་བྱུང་ན་ཡང་། །དེ་ལ་འབྲས་བུ་ཡོད་དམ་མེད་སྙམ་ན། །བཅོམ་ལྡན་ཤཱཀྱའི་དབང་པོ་ཉིད་ཀྱིས་གསུངས། །དཔུང་པ་བཟང་པོའི་ཞུས་པའི་རྒྱུད་ཆེན་ལས། །དེ་ལྟར་བཟླས་པས་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་བའི་རྨི་ལམ་འདི་དག་མཐོང་། །ཁང་བཟང་ལྗོན་ཤིང་བྲམ་ཟེ་སེང་གེ་རྟ། །རི་བོང་ཤིང་རྟ་སྦར་ལྡན་སྤྲིན་དང་ཀླུ། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ན་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། །ཤིང་རྟ་གང་བའི་བ་ཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་གཡབ་ལྷམ་དང་རལ་གྲི་དང་། །ལྔ་ཡབ་གསེར་གཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཧྭ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱུན། །མལ་གཏན་དཀར་པོ་རྙེད་པ་བཏིང་བ་དང་། །ཐོ་རས་ཁ་ནི་ཆུ་བོ་ཆུ་རླུང་དང་། །འབབ་ཆུ་རྒྱ་མཚོ་དང་ནི་རྫིང་བུ་དང་། །ལུ་མ་དང་ནི་འཐུང་ངམ་རྒྱལ་རྨིས་དང་། །ཡང་ན་ཁྲིར་འདུག་ལུས་ཁྲུས་བྱེད་པ་དང་། །


CMR002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་མཆོད་རྟེན་ནས་བཟུང་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མའི། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་པའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་འཐུ་བ་དང་། །མེ་ལ་རྫི་ཤིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང་། །རྨི་ལམ་བཟང་པོ་དེ་དག་མཐོང་བ་གང་། །དེ་དག་རིང་པོར་མི་ཐོག་འགྲུབ་པར་འགྱུར། །ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱིར་ཕྱིར་ཉེ་བར་འགྱུར། །ཅེས་དང་། དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང་། །སེམས་ནི་སྡིག་ལ་ནམ་ཡང་མི་དགར་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངེལ་བ་དང་། །སྡུག་བསྔལ་དྲག་པོས་ཉན་པ་ཡང་མི་འགྱུར། །སྦྲང་བུ་ཤ་སྦྱང་སྲིན་བུ་གྲོག་སྦྱར་དང་། །སྡིག་སྤྲུལ་སྐང་བརྒྱ་པ་དང་སྦྲུལ་དང་འདྲེ། །ཤ་ཟ་སྲིན་པོ་དག་ཀྱང་དེ་དག་གིས། །ལུས་དང་


CMR002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མ་ལ་ཡང་མི་འགོང་ངོ། །ཚིག་ནི་བཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་ངག་དང་ནི་བྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་། །ལུས་ཀྱི་ནད་དང་དྲི་མ་མེད་པར་གྱུར། །སྐྱེ་བོའི་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མདངས་ཕོག་པ་རྣམས་ཀྱིས། །འདོད་པའི་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར། །གང་ཚེ་མཁའ་ལས་ལྷ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དག་པའི་ཡིད་ཀྱི་མཐོང་ཐོས་ནས། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །དེ་སྐད་གསུངས་ཤིང་གསང་སྔགས་རྙིང་མ་ཡི། །སྒྲུབ་གཞུང་རྣམས་ནས་སྒྲུབ་པ་བྱས་པའི་ཚེ། །སྒྲུབ་པ་ལམ་དུ་སོང་དང་མ་སོང་དང་། །འགྲུབ་དང་མ་འགྲུབ་རྨི་ལམ་བརྟག་པར་གསུངས། །ས་མོ་ཕག་ལོའི་ཆུ་སྟོད་ཟླ་བ་ནས། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །སྒྲུབ་ཆེན་བུམ་སྒྲུབ་ལ་སོགས་བཙུགས་པའི་ཚེ། །དེ་དག་རྣམས་ཀྱི་གེགས་སེལ་རིམ་གྲོ་ལ། །ཞག་གསུམ་དྲག་པོའི་རྒྱལ་འགོང་འདུལ་ཐབས་ལ། །དམ་སྲི་འདུལ་བའི་སྦྱིན་སྲེག་ལ་སོགས་བྱས། །དེ་ཚེ་རྨིས་ལྟས་རྩུབ་


CMR002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རབ་ཏུ་ཆེ། །དྲེད་ཀྱི་དེད་དང་རྦབ་ནི་གྱེན་དུ་བྱུང་། །རི་ཁྲོད་རྩིག་རྨིང་ཆུ་ཡིས་བསྐྱེལ་ལ་ཁད། །དེ་ནས་ཆུ་དེ་ཕར་ལ་བསྒྱུར་བ་དང་། །རྦབ་ལ་མགོ་དང་དྲིལ་བུ་བྱེད་བྱས་པས། །དེ་ནས་ཐབ་ཀྱང་མ་བྱུང་ཆག་གེར་བསྡད། །ཁྱི་གཅིག་ལ་ནི་གྲི་བརྒྱབ་བསད་པ་དང་། །མི་གསོད་ཁ་མེད་བྱུང་ཞེས་དཔའ་གཏམ་སྨྲས། །དེ་ལྟར་ཐུབ་རྟགས་ཙམ་ནི་བརྡའ་ཙམ་བྱུང་། །དེ་ནས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །གསང་སྒྲུབ་སྒྲུབ་ཆེན་ཞིག་བདུན་བྱས་པའི་ཚེ། །རང་གི་རྐང་ལག་མི་གཙང་བ་མང་པོ། །འགོས་ནས་གདའ་བ་དག་པར་བཀྲུས་པ་རྨིས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་ཤེད་དུ། །བདུད་རྩི་བྷན་གང་བ་འཐུང་སྣང་བྱུང་། །དེ་ནས་མཚམས་ཀློད་ལྡོག་མཚམས་ཞག་བདུན་ལ། །གསང་འདུས་ནང་སྒྲུབ་སྤྲོས་མེད་ལུགས་ལྟར་བྱས། །འདི་སྐབས་རང་གི་གྲྭ་རིགས་རྟོགས་ལྡན་ཞིག །ཞབས་རྗེས་གཏེར་བྱུང་ཞབས་རྗེས་བཞག་པར་ཐོས། །དེ་ཡང་ངན་པ་མ་ཡིན་བཟང་པོ་སྟེ། །སྦས་པའི་ཚུལ་ཅན་ཡིན་པའི་རྨིས་ལྟས་བྱུང་། །རྨི་ལམ་མི་འགྱུར་རྡོ་རྗེ་མཇལ་བའི་ཚེ། །གསོལ་བ་བཏབ་པས་དབུ་གུག་མཛད་པའང་བྱུང་། །དཀར་གསུམ་འབུལ་


CMR002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བ་མང་པོ་བྱེད་པའང་རྨིས། །དེ་ནས་མཚམས་གྲོལ་གསང་བ་འདུས་པ་ཡི། །རྒྱུན་བསྙེན་ཟླ་བ་གཅིག་ཏུ་བྱས་པའི་ཚེ། །སོག་ཟམ་བླ་མ་དཔུང་རེ་ནང་སོ་དང་། །འབྲི་གུང་ལྷོ་པ་སྤྲུལ་སྐུ་རྣམ་གཉིས་ཀྱིས། །རྟ་སོགས་གནང་སྦྱིན་བཀའ་ཤོག་དང་བཅས་ནས། །གསང་འདུས་སྒྲུབ་ཆེན་བུམ་སྒྲུབ་ལག་ལེན་དང་། །ཟིན་བྲིས་དབང་ལུང་རྫོགས་པར་ཞུ་ཕྱིར་བྱུང་། །དེ་ཕྱིར་གསང་འདུས་ཟིན་བྲིས་རྫོགས་པར་བརྩམས། །དབང་ལུང་རྣམས་ཀྱང་རྫོགས་པར་བྱས་པའི་ཚེ། །རྨི་ལམ་ཤེལ་དཀར་ཆེ་ལེགས་གྲུ་བཞི་དང་། །ཤེལ་དཀར་མཐོ་གང་ཙམ་ཞིག་རྙེད་པ་ནི། །ཟིན་བྲིས་རྣམས་ལ་འཁྲུལ་པ་མེད་པར་གོ །བཅོ་ལྔའི་ཟླ་བ་མཁའ་ལ་ཤར་བ་དང་། །ལྷ་ཁང་རྙིང་པ་ཞིག་གི་བར་སྣང་ལ། །འཇའ་གུར་ཆུང་ངུ་གསུམ་ནི་ཤར་བ་རྨིས། །སོག་ཟམ་དེ་རུ་བུམ་སྒྲུབ་གསུམ་ཚུགས་པའི། །རྟེན་འབྲེལ་ཡིན་པར་འདུག་སྙམ་དེ་སྐད་སྨྲས། །སྨྲས་བཞིན་དེ་རུ་དགེ་འདུན་བརྒྱ་ལྷག་གིས། །བུམ་སྒྲུབ་གཉིས་གསུམ་ཚུགས་པ་དེ་ཡི་ཚེ། །རིལ་བུ་འཕེལ་ཞིང་འཇའ་ཡི་ཀ་བ་ཟུག །བར་ཆད་མེད་ཅིང་འགྲོ་དོན་ཆེར་འཕེལ་བའི། །བླ་མ་ཆེན་པོ་དཔུང་རི་ནང་སོ་བས། །ཀརྨ་ཆགས་མེད་སྤྱན་


CMR002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཡིན་ཞེས། །གསུངས་ཤིང་ཐལ་སྦྱར་ཐུགས་འདུན་ཆེན་པོ་མཛད། །དེ་ཕྱོགས་སྐྱ་སེར་ཀུན་གྱིས་དེ་རྗེས་ཀྱང་། །དད་འདུན་ཆེ་ཞིང་འབུལ་བ་ལན་མང་བྱུང་། །ཟིན་བྲིས་དབང་ལུང་ཚར་ནས་བརྫངས་པའི་རྗེས། །རང་ཉིད་དཔོན་སློབ་བཅུ་གསུམ་མཚམས་བསྡམས་ནས། །གསང་འདུས་བུམོ་ཆུ་ཞག་གསུམ་སྒྲུབ་པའི་ཚེ། །དཀྱིལ་འཁོར་དྲུང་དུ་འཇའ་གུར་ཕུབ་འདུག་པ། །ཐུན་པ་ལ་ལ་ཞིག་གིས་མཐོང་བར་བྱུང་། །བདག་གི་རྨིས་བལྟས་བཀའ་སྲུང་རྣམས་ཀྱིས་རྟོགས། །བྱིས་སྦ་གོས་དཀར་གྱོན་གཉིས་མདུན་དུ་རྩེ། །མི་ཆེན་འཇིགས་པས་ཐུན་པའི་གཏམ་སྨྲས་ཤིང་། །ཟང་ཟིང་འབུལ་བ་དཔག་ཏུ་མེད་པ་བྱས། །བུ་མོ་རལ་པ་ཅན་གཉིས་མདུན་དུ་བྱུང་། །རྒྱ་གར་ཡུལ་དུ་རྣལ་འབྱོར་པ་ཞིག་གིས། །གཏོར་མ་བཅའ་རོགས་ངེད་གཉིས་ཀྱིས་བྱས་ནས། །འདི་རུ་གཏོར་མ་བཅའ་རོགས་ལ་འོང་ཟེར། །གཏོར་མ་བཅའ་རོགས་འགའ་རེ་བྱས་པ་དང་། །ཁྲོམ་ཆེན་ཡིག་དྲུག་བདག་གིས་བསྐུལ་བ་དང་། །བུད་མེད་མཛེས་མ་ཞིག་གིས་ཤིང་ཐོག་ནི། །ངོ་མི་ཤེས་པ་སྡེར་གང་བདག་ལ་ཕུལ། །ཟོས་པས་རོ་མཆོག་ཤིན་ཏུ་མངར་བ་སྣང་། །ཞོ་ནི་ཟོ་གང་


CMR002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་འདུག་པ་དེ། །ལྷག་མེད་རང་གིས་བཏུང་སྣང་ཉམས་ལ་ཤར། །སྒྲུབ་ཡུན་ཐུང་བའི་རྟགས་ལ་ལེགས་པར་སེམས། །གསང་འདུས་ཚེ་སྒྲུབ་ཞག་འགའ་བསྙེན་པའི་ཚེ། །བྲག་ནི་འགའ་ཞིག་བསྐོས་པའི་ནང་དེ་ནས། །རྒྱ་ཡིག་རང་བྱོན་འགའ་ཞིག་བྱུང་བའི་རྗེས། །རྫི་ལུ་ཚེ་ཆུས་གང་བ་ཅིག་རྙེད་པས། །མདོག་ནི་དབྱིས་འདྲ་རོ་ནི་ཤིན་ཏུ་མངར། །རང་གིས་བཏུང་ཞིང་གཞན་ལ་བླུད་བྱས་པའི། །ཁ་བྱང་མེད་པའི་གཏེར་ཕྲན་ཅིག་ཡིན་སྙམ། །ཡང་ན་བཀའ་བརྒྱུད་གོང་མས་སྦས་པ་ཞིག །ཡིན་པར་ངེས་སྙམ་ཤིན་ཏུ་དགའ་བ་རྨིས། །ཞག་པོ་བཅུ་དྲུག་གསར་མའི་སྒྲོལ་དཀར་བསྙེན། །ཞྭ་དམར་བདུན་པ་ཉི་མ་རིང་ནས་ཕེབས། །ཡང་ནས་ཤོད་ནས་སྟེང་དུ་ཡར་ཕེབས་དང་། །རང་བྱུང་པ་ཡི་སྐུ་འདྲ་བྱིན་རླབས་ཅན། །སྐུ་མཚམས་རིང་བསྲེལ་མང་པོ་སྔར་བྱོན་པ། །ན་ཉིང་རྙིང་པ་འགའ་ཞིག་གོག་ཟིན་པས། །ད་ལོ་གསར་པ་ཞིག་ནི་བྱོན་པ་རྨིས། །མི་འགྱུར་རྡོ་རྗེ་རང་གིས་རུམ་པ་དང་། །སྤྲིན་གསེབ་ཤར་ཕྱོགས་ཉི་མ་ཤར་བ་དང་། །ནམ་མཁའི་དཀྱིལ་དུ་ཉི་མའི་དཀྱིལ་འཁོར་རྒྱས། །ཇ་ནི་ཞིམ་པོ་ནག་པོ་ལན་གཉིས་དྲངས། །དེ་ནས་ཞག་བདུན་ངག་མཚམས་སྒྲོལ་


CMR002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བཟླས། །བུད་མེད་དཀར་མོ་ཤ་རྒྱས་མཛེས་མ་ཞིག །ཞིམ་ཇ་བླུད་ཅིང་ཞོ་ནི་དཀར་ཡོལ་གང་། །བདག་ལ་དྲངས་རྨིས་མཁར་ནི་བཙན་པོའི་ནང་། །གོས་བཟང་མང་དུ་གྱོན་ནས་བདག་འདུག་ཚེ། །སྨྱོན་པ་འོང་དོགས་སྒོ་གཉིས་འདན་བུ་བརྒྱབས། །ས་བཙན་ཁང་པ་བཟང་པོ་ཉོ་ཤོམ་བྱས། །ཆུ་ཆེན་ལས་བརྒལ་ཚུར་ཁར་ཐར་བ་ཡིས། །ཐར་སྐད་ཀི་ཤར་བཏོན་ཞིང་རྒྱུག་པ་རྨིས། །གོང་འོག་བསྡོམས་པས་ཞག་པོ་ཉེར་ལྔ་སྟེ། །ཡིག་བཅུ་ཞི་བའི་ཤམ་བུ་བཏགས་པ་ལ། །འབུམ་ཕྲག་གཉིས་དང་གཅིག་ཁྲི་དྲུག་སྟོང་སོང་། །ཞག་བདུན་མཚམས་དང་ཞག་གསུམ་སྡོད་མཚམས་ལ། །འོད་ཟེར་ཅན་མའི་སྔགས་ཐུང་འབུམ་ཕྲག་གཅིག །ཉིན་གུང་སྔགས་རིང་གྲངས་ལ་མ་བཞག་བཟླས། །བུད་མེད་རྒྱུན་ལྡན་རབ་ཏུ་མཛེས་མ་ཡིས། །དངུལ་ལས་གྲུབ་པའི་མཆོད་རྟེན་གྲུ་གང་ཙམ། །དེ་ཡི་འཁོར་དུ་བདེ་གཤེགས་མཆོད་རྟེན་བརྒྱད། །དངུལ་ལས་གྲུབ་པའི་མཐོ་རེ་ཡོད་ཙམ་ཕུལ། །གུར་དཀར་གསར་མའི་ནང་དུ་རང་འདུག་ཚེ། །ཤར་ཕྱོགས་སྤྱིན་མེད་ཉི་མའི་དཀྱིལ་འཁོར་ཤར། །བུད་མེད་གཅིག་གིས་བདག་ལ་བསྐུར་བ་ཡིས། །དཀར་གསུམ་ཟས་


CMR002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་བྱས་པ་རྨིས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་ཤེད་ན། །རྒྱ་གར་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ །སྐུ་ཚད་མི་ལས་ཆེ་ཙམ་སྟག་ལ་ཆིབས། །སྣང་ལ་རང་བཞིན་མ་གྲུབ་འཇའ་ཚོན་ལྟར། །སྐུ་ཡི་རྣམ་པ་ཧ་ལམ་གསལ་བར་མཇལ། །བེར་ནག་ཅན་གྱི་དབང་ལུང་ཞུ་སྙམ་ཛ། །དེ་མ་ཐག་ཏུ་སད་ནས་མི་སྣང་གྱུར། །འགྱུར་མེད་རྡོ་རྗེས་ཞག་པོ་བརྒྱད་ཀྱི་བར། །གཅིག་འབུམ་ཉི་ཁྲི་བཞི་སྟོང་བཟླས་པའི་ཚེ། །སྤྲུལ་སྐུའི་གནས་སྒོ་མང་པོ་ཕྱེས་འདུག་ཀྱང་། །དཔེ་རྙིང་རིང་པོ་པར་མི་འདྲ་བ་དང་། །ཤོག་སེར་བམ་ཆག་འདྲ་བ་བཏོན་འདུག་པ། །སྟོད་ནི་ཅུང་ཞིག་དུས་ལ་བབ་པ་དང་། །སྨད་ཆ་མང་མ་དུས་ལ་མ་བབ་ཟེར། །ཕྱིས་སུ་བསམ་ཡས་གནམ་ཆོས་དུས་བབ་ཟིན། །ས་གཏེར་མི་ཐོན་པ་ཡི་རྟགས་སུ་གོ །སྤྲུལ་སྐུ་བདག་གི་རུམ་ན་བཞུགས་འདུག་ཅིང་། །ཉམས་ཀྱི་སྐབས་ལ་སྤྲུལ་སྐུས་བཏོན་སྙམ་པའི། །ཤོག་དྲིལ་དཀར་པོ་སྔོན་པོ་དམར་པོ་སོགས། །ཤོག་དྲིལ་རིང་པོ་མང་པོ་སྣང་བ་དེ། །མི་འགྱུར་རྡོ་རྗེ་ཉིད་ནི་ཡིན་སྙམ་ཞིང་། །སྐུ་ནི་ཁོང་རང་དངོས་ནི་མིན་པ་ཡི། །གཅིག་གིས་ཤོག་དྲིལ་དེ་རྣམས་ཀློག་འདུག་པས། །ཉམས་ཀྱི་སྐབས་ལ་གསལ་པོར་


CMR002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དེ། །ཕྱིས་སུ་བསམ་པས་སྐུ་སྐྱེ་ཕྱི་མ་ཡི། །གཏེར་ལ་སྤྱོད་པའི་རྟགས་མཚན་ཡིན་པར་གོ །བཅོ་ལྔའི་ནུབ་པར་སྤྱི་འབྱམས་གནས་བདག་ལ། །གཏོར་མ་ཕུལ་ཞིང་བཀའ་བསྒོ་བྱས་མ་ཐག །འབྲུག་སྒྲ་གློག་འོད་དྲག་པོ་གློ་བུར་བྱུང་། །གཏེར་སྲུང་ཤིན་ཏུ་གཉན་པའི་རྟགས་སུ་གོ །འོན་ཀྱང་སྤྲུལ་སྐུའི་གནས་སྒོ་ཐམས་ཅད་ཕྱེས། །པདྨ་རྒྱལ་པོའི་གཅིག་རྒྱུད་ཞག་གསུམ་བསྙེན། །སྐུ་ཡི་རྣམ་པ་གསལ་བར་མ་མཐོང་ཡང་། །མདུན་དུ་ཨོ་རྒྱན་དངོས་སུ་བཞུགས་པའི་དྲུང་། །རང་ཉིད་འདུག་སྟེ་གུ་རུ་རིན་པོ་ཆེ། །ཞེས་ཞུས་ཞུ་གནང་མང་པོ་བྱས་པ་རྨིས། །རང་ལ་རྒྱལ་པོའི་ལ་ཐོད་བཅིང་ཤོམ་དང་། །རང་ལ་གསོལ་ཞལ་བཞི་ནི་འདུག་པའི་ནང་། །དཀར་གསུམ་ཟས་ཀྱིས་བཀང་ནས་དྲངས་བྱུང་ཞིང་། །གཞན་ཡང་འདྲེན་མི་མང་དུ་ཡོད་པའི་ཕྱིར། །གསོལ་ཞལ་དལ་དུས་མེད་དོ་སྙམ་པ་དང་། །ཕ་རོལ་སྟོབས་འབྱོར་ལྡན་པའི་ནོར་མ་ནས། །གསོལ་ཞོ་འོང་ལེ་ཡོད་ཅེས་ཟེར་བ་ཐོས། །རྔ་རྡུང་གྱེར་དབྱངས་མགོན་པོ་བཏོན་པ་དང་། །རང་ལ་དྲིན་ཆེན་རྡོ་རྗེ་སློབ་དཔོན་དེ། །སྒྲུབ་ཐབས་རྒྱ་མཚོའི་དབང་རྣམས་རང་གཞན་ལ། །བསྐུར་ཤོམ་མཛད་ཅིང་འདི་


CMR002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གསུངས་པ་རྨིས། །བདག་གིས་རང་དང་གཞན་ནི་ཐམས་ཅད་ལ། །ཕན་ནི་ཐོགས་པ་ཞིག་ནི་བྱེད་དོ་གསུངས། །ཕྱིས་སུ་བསམ་པས་བདག་གི་དབང་ཆོག་ནས། །རྒྱས་བསྡུས་མང་པོ་བསྒྲིགས་པར་བྱས་པ་ཀུན། །གཞན་རྣམས་ཀུན་ལ་ཕན་ཐོགས་འོང་བར་གོ །ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ལ། །བཏུག་ནས་ཞིག་གསུམ་མཚམས་ནི་བསྡོམས་པ་དང་། །གནམ་ཆོས་མ་ཎི་རིལ་བུ་བསྒྲུབས་བྱས་ཤིང་། །རྗེས་ནས་རྒྱུན་བསྙེན་ཟླ་བ་ཕྱེད་གཉིས་བྱས། །དག་སྣང་འགའ་རེ་བྱུང་སྟེ་ཕལ་ཆེར་བརྗེད། །མཁའ་ལ་སྤྲིན་མེད་ཉི་མའི་དཀྱིལ་འཁོར་ཤར། །ཁྲོམ་ཆེན་ཞིག་ལ་བདག་གིས་ཡིག་དྲུག་བསྐུལ། །ཀུན་གྱིས་འུར་འདོན་ཡུན་རིང་བྱས་སོང་རྨིས། །གནས་གཅིག་མཇལ་བ་ཨོ་རྒྱན་རང་བྱོན་སྐུ། །གསལ་པོ་མཇལ་བས་ངོ་མཚར་སྐྱེས་པ་རྨིས། །ལྡོག་མཚམས་ཞག་ལྔར་རྒྱུད་བདག་ཞི་བ་ལ། །གཅིག་འབུམ་གཅིག་ཁྲི་ཉིས་སྟོང་བསྙེན་ན་ཡང་། །རྩོམ་དང་བསྟབས་པ་མང་བས་རྟགས་མ་གསལ། །སྤྲུལ་སྐུའི་ཕྱག་ན་རྟེན་ཁེབས་གཅིག་བསྣམས་ནས། །གནས་ཆེན་ཁ་བྱང་འདྲ་བ་གལ་ཆེན་ཡིན། །ད་ལམ་སྤྲུལ་སྐུ་སྟོད་དུ་ཕེབས་པ་ལ། །སྟབས་ལེགས་ལྷོ་པ་མཇལ་


CMR002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལེགས་པོ་འོང་། །ཟེར་སྣང་ཡིད་ལ་ཤར་བ་དངོས་ལྟར་བྱུང་། །ཞག་ལྔའི་ཕྱིར་ནངས་ཉམས་དང་རྨི་ལམ་སྐབས། །རང་ཉིད་གུ་རུ་པདྨ་རྒྱལ་པོ་ནི། །དམར་པོ་བེར་དམར་ལ་ཐོད་དམར་པོ་ཅན། །དངོས་སུ་གྱུར་ནས་གདའ་སྣང་ཧ་ལམ་གསལ། །གླ་བ་སྐྱེ་རུ་བདུད་འདུལ་རྡོ་རྗེ་མཇལ། །ཞག་ལྔར་དབང་ལུང་གནང་ཞིང་ཐུགས་བཏགས་བཟང་། །འོང་ཀ་ནང་པར་གོས་ཆེན་ལྗང་གུ་ཡིས། །ཕོད་ཀ་ཤིན་ཏུ་ལེགས་པ་བདག་གིས་གྱོན། །མགོ་ལ་སྔགས་ཞྭ་ནག་པོ་གཏེར་སྟོན་གྱིས། །མནབས་པ་དེ་འདྲ་བདག་གིས་གྱོན་རྨིས་པས། །ཕྱིར་ནངས་བདག་གིས་ལུང་བསྟན་དམ་རྫ་ས་གནང་། །ཚུལ་འོང་རྨ་ཚ་ལ་ལྐོག་ཞག་པའི་ནུབ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །བདུད་འདུལ་རྡོ་རྗེས་བདག་ལ་གནང་བ་ཡི། །མཁར་བའི་བུམ་ཆུང་ཚེ་ཆུའི་གང་བ་ཅིག །བདག་ལ་འདུག་པའི་ཕུད་དེ་སྤྲུལ་སྐུ་ལ། །འདྲེན་དགོས་བསམས་ཀྱང་སྤྲུལ་སྐུ་ཐག་རིང་ཡང་། །བདག་གི་ལག་པ་བསྐྱང་བས་སླེབས་འདུག་པས། །སྤྲུལ་སྐུ་མཁར་ན་བཞུགས་པ་ཞལ་གདངས་པའི། །ནང་དུ་བླུགས་པས་སྐུ་ལུས་ལྟེམས་སེ་གང་། །དེ་ནས་ང་རང་ཁ་ལ་བླུགས་པ་ཡིས། །བདག་


CMR002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུས་ཀྱང་ཚེ་ཆུས་ལྟེམས་སེ་གང་། །དེ་ནས་ཆོས་དབང་ཀུན་བཟང་ཐག་རིང་ཡང་། །བདག་གིས་ལག་པ་བསྐྱངས་བས་བསླེབས་འདུག་པས། །ཁ་ནི་ཡར་ལ་གདང་བྱུང་ནང་དུ་བླུགས། །ཆོས་དབང་ལུས་ཀྱང་ཆེ་ཤོས་ལྡེམས་སེ་གང་། །ད་རུང་ཚེ་ཆུ་ཟད་པར་མ་གྱུར་ཏོ། །རྫུ་འཕྲུལ་འདྲ་བའི་འཁྲུལ་སྣང་ངོ་མཚར་ཆེ། །དེ་རྗེས་སྤོམ་ནེ་བྲག་གི་གནས་ཆེན་དུ། །གཏེར་སྟོན་གཉིས་པོ་ཞལ་འཛོམ་བདག་གིས་འགྲུབ། །གནམ་ཆོས་ས་གཏེར་དབང་ལུང་གསན་རེས་མཛད། །དང་པོ་ཉི་མ་ཤར་ཞིང་དེ་མ་ཐག །ཟླ་བ་ཞིག་ཀྱང་ཤར་ནས་བྱུང་མ་ཐག །ནམ་མཁའི་དཀྱིལ་དུ་ཟླ་བ་རྒྱས་པ་རྨིས། །དེ་ནས་ཚུར་འོང་ལམ་དུ་ཞུགས་པའི་ནུབ། །བུད་མེད་རས་སྔོན་འདུང་མ་གྱོན་པ་དང་། །དབུས་ལུགས་མུ་ཏིག་ཀོ་ཟོའི་མགོ་རྒྱན་ཅན། །སྙན་གོང་ཨུཏྤལ་སྔོན་པོའི་ཅོད་པན་ཅན། །སྐུ་ཡི་ཚད་ནི་ཐང་ཤིང་ཆེ་ཤོས་ཙམ། །ཉམས་ཀྱི་སྐབས་ལ་གསལ་པོར་མཇལ་བ་ནི། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ཡིན་ནམ་སྙམ། །གཞན་ཡང་བལྟ་བས་མི་ངོམ་མཛེས་པ་ཡི། །བུད་མེད་རྒྱན་ལྡན་མདུན་དུ་འདུག་པར་སྙམ། །དེ་ནས་ཚ་བ་དམར་ཐག་ལས་བྱང་དེ། །ཞག་པོ་བཅུ་དྲུག་མ་ཆག་


CMR002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསྙེན་བྱས། །དེ་ནས་དཀྱིལ་འཁོར་ལ་སོགས་རྒྱས་པར་བཤམས། །ཞག་བཅུར་མཚམས་བསྡམས་སྔགས་ནི་གསུམ་ཀ་ལ། །གཅིག་འབུམ་བཟླས་ཀྱང་རྟགས་ནི་མ་གསལ་ཞིང་། །བཀའ་སྲུང་རྒྱལ་པོའི་རྟགས་ཀྱིས་ཤེས་རྒྱུད་རྩུབ། །རྨི་ལམ་རང་གི་བྲང་ནི་བརྡུངས་རྨིས་པས། །ཕྱིས་སུ་སྤྲུལ་སྐུ་མི་དབང་རྟགས་སུ་གོ །ཚར་ནུབ་ཉམས་དང་རྨི་ལམ་མཚམས་ཤེད་ན། །ཚེ་ཚད་དགུ་བཅུ་གོ་དགུ་ཡིན་ཟེར་ཡང་། །བཀའ་སྲུང་རྒྱལ་པོའི་མགོ་གཡོག་ཡིན་ནམ་སེམས། །གནམ་ཆོས་མ་ཎི་ཨཱ་ཡུ་ཞག་བདུན་བསྙེན། །ཤར་ཕྱོགས་མངོན་དགར་ཚེས་བརྒྱད་ཟླ་ཤར་རྨིས། །དེ་ནས་འོད་ཟེར་ཅན་མ་ཞག་བདུན་ལ། །རྩོམ་པ་མང་ཞིང་ཞོར་ལ་བསྙེན་པའི་ཚེ། །བུ་མོ་གཞོན་ནུའི་རྩེ་དང་བུད་མེད་ནི། །རྒྱན་ལྡན་མཛེས་མ་རྒྱུན་དུ་བྱུང་བ་དང་། །གཟིག་ལ་སྐྲག་ནས་བྲོས་ཏེ་རྫོང་ནང་བསླེབས། །སྟག་ལ་སྐྲག་ནས་དཀྲོག་ཕྱིར་རྡོ་འཕངས་པས། །སྟག་དེ་མཐུར་དུ་རྒྱང་རིང་ལ་རྒྱབ་སོང་། །འཇིགས་སྐྲག་བྲལ་བའི་དགའ་སེམས་ཆེར་སྐྱེས་ནས། །ཉི་ཟླ་ཤར་སོགས་རྨིས་ལྟས་གཞུང་དང་མཚུངས། །དགོངས་གཏེར་བྱམས་པ་ཞག་གསུམ་བསྙེན་པའི་ཚེ། །ཁྲོམ་ལ་ཁྲིད་


CMR002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ཞོ་ནི་བཀྱེ་ཤོམ་རྨིས། །ཞག་གསུམ་རྡོ་རྗེ་མེ་འབར་གཅིག་འབུམ་དང་། །གཅིག་ཁྲི་ལས་སྔགས་ཁྲི་ནི་བཟླས་པ་དང་། །དང་པོའི་ནུབ་པར་ཉམས་སྣང་རང་གི་མདུན། །སྐྱེས་ཕྲན་དར་མ་ཞིག་ནི་འདུག་སྣང་བྱུང་། །ཞག་གཉིས་ནུབ་པར་དགྲ་བཟློག་ལས་ཚོགས་ཤིག །མི་གསལ་ཡད་ཡུད་སྣང་བས་ཐོས་པ་སྙམ། །མི་གཞོན་གོས་སྔོན་བཟང་པོ་གྱོན་པ་ཞིག །རང་གི་མདུན་དུ་བྱུང་བའི་སྣང་བ་བྱུང་། །ལྷ་འདི་རང་རྒྱུད་པ་ཞིག་ཡིན་པར་གོ །བསྒྲུབས་ནས་གཏོར་མ་ཕུལ་གལ་ཆེ་བར་གདའ། །ཞག་གསུམ་ནུབ་པར་རྟ་ཞོན་རྒྱུག་པ་དང་། །བྲག་ཕུག་ཤིན་ཏུ་མཐོ་ཞིང་བཙན་པའི་ནང་། །རང་དང་ལྷོ་པ་སྤྲུལ་སྐུ་རྣམ་པ་གཉིས། །སྐྱིལ་ཀྲུང་བཅས་ཏེ་བཞུགས་པའི་རྨི་ལམ་བྱུང་། །ཞག་གསུམ་དགྲ་ལས་རྒྱལ་བའི་སྔགས་དེ་ཉིད། །ལྔ་ཁྲི་གཅིག་སྟོང་བཟླ་ཚེ་རྨི་ལམ་དུ།། །སྦྲུལ་དང་བྱི་ལ་སྤུང་པའི་ཕུང་པོ་ནི། །སྦྲུལ་མགོ་ང་ལ་བསྐྱངས་ནས་ལྟ་འདུག་པ། །དེ་ནས་ཐམས་ཅད་ང་ལ་བྲོས་ནས་སོང་། །ནས་མང་བསྡུས་ནས་རང་གིས་བང་བ་བཀང་། །སྤྲུལ་སྐུའི་རྣམ་ཐར་ཡིན་སྙམ་ལོ་རྒྱུས་བཤད། །དེ་ནས་ཕྱག་རྡོར་དངོས་སུ་གྱུར་སྨྲས་པས། །ཕྱག་རྡོར་དངོས་སུ་གྱུར་སྙམ་


CMR002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བྱུང་། །ཞག་པོ་སུམ་ཅུ་སོ་དྲུག་མཚམས་བསྡམས་ནས། །རྡོར་ཕྲེང་ནང་གི་འོད་ཟེར་ཅན་མ་བསྙེན། །ཞག་གསུམ་དུས་སུ་བུད་མེད་རྒྱན་མེད་གཅིག །ད་རུང་ང་ནི་མི་འོང་ཟེར་བ་རྨིས། །ཞག་བཅུའི་དུས་ཙམ་ཉི་མ་ནུབ་ནས་ཤར། །བུད་མེད་མཛེས་སྡུག་རྒྱན་གྱིས་བརྒྱན་པ་ཞིག །ཡིན་པར་སྙམ་ཡང་གཟུགས་ནི་མི་གསལ་ཞིང་། །མར་དཀར་པུ་ལུའི་གཟུགས་བྱས་གཉིས་ཕུལ་དང་། །ལྷོ་པའི་དྲུང་ན་ཆོས་དབྱིངས་མཚན་ཅན་ནི། །དུང་མདོག་རས་གོས་དཀར་པོ་མནབས་པ་མཇལ། །བྱང་ཤར་མཚམས་ནས་ཉི་མའི་དཀྱིལ་འཁོར་ཤར། །བུད་མེད་རྒྱན་ལྡན་འདུག་པ་མང་པོ་རྨིས། །སྔགས་གྲངས་བྱེ་བ་ལྷག་ཙམ་བཟླས་པ་ཡིས། །གནམ་ཆོས་བསྙེན་པ་འབུམ་ཙམ་བཟླས་པ་གཉིས། །རྟགས་མཚན་གནམ་ཆོས་གསལ་བས་ངོ་མཚར་སྐྱེས། །གནམ་ཆོས་རྒྱལ་བ་རྒྱ་མཚོ་སྦ་ལྕག་མ། །ཞག་བདུན་ཆིག་འབུམ་གཅིག་སྟོང་བཟླས་པ་ཡིས། །སྤྲེལ་ཟླའི་ཚེས་བཅུར་དང་པོར་དབུ་བཙུགས་ནུབ། །ཌཱ་ཀྐི་མཛེས་སྡུག་རྒྱུན་གྱིས་ཕྱུག་པ་དང་། །བདག་གིས་རྡོ་རྗེ་ཕྲེང་བའི་དབང་བཙུགས་ཤོམ། །དབང་ཞུ་རྣམས་ཀྱིས་འབུལ་ཁང་མང་པོ་བཟོས། །རང་ལུས་ཡོན་


CMR002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྒྱ་ཡིས་བརྒྱན་སྙམ་བྱས། །ཚར་ནུབ་མར་མེ་འཛིན་སོགས་ལྟས་བཟང་བྱུང་། །དེ་ཕན་གླང་ལོ་ཕན་ཆོད་ཡིན་པར་སྣང་། །དེ་ནས་ཆུ་སྟག་རང་ལོ་ང་བཞི་བར། །ཡང་ཟབ་གསང་བ་སྙིང་བྱང་འོད་དཔག་མེད། །ཞག་བདུན་གཉིས་འབུམ་ལྷག་ཙམ་སོང་བ་སྟེ། །རྨི་ལམ་ཨོ་རྒྱན་སྐུ་ཚབ་གཅིག་རྙེད་པས། །དད་པས་དགའ་བ་ཚད་མེད་སྐྱེས་པ་དང་། །བསེ་ཁྲབ་བསེ་རྨོག་རྟ་དམར་ཅན་གྱི་སྐུ། །ཆུང་དུ་བཀྲག་མདངས་ཅན་ཞིག་འདུག་པ་ནི། །དེ་ཡི་བཀའ་སྲུང་ཆོས་སྐྱོང་ཡིན་པར་སེམས། །ཁྲབ་བཟང་སྤྲུལ་སྐུའི་ཡིན་སྙམ་བདག་དྲུང་བཞག །བུད་མེད་རྒྱན་ཅན་མང་པོས་དབང་ཞུ་ཤོམ། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པའི། །བཀའ་བརྒྱུད་བླ་མ་མང་པོ་ན་བུན་ལྟར། །ལང་ལོང་རི་ངོས་ཁྱབ་པར་མཇལ་སྙམ་བྱུང་། །གནས་རི་འདྲ་བ་ཞིག་ནི་མཇལ་ཟིན་པས། །སྒྲོལ་མ་བཞེངས་པའི་སྐུ་ནི་གསལ་པོ་དང་། །ཕྱག་རྗེས་ལ་སོགས་འདྲ་བ་མང་པོ་འདུག །ཕྱག་རྗེས་མཛུབ་རྗེས་གསལ་བ་གྲུ་གང་ཙམ། །རྙེད་པ་རང་གི་རྗེས་ནི་ཡིན་སྙམ་བྱེད། །གསེར་རྒྱན་ལེགས་པོ་ཀ་བའི་ངོས་ལ་བཅིངས། །དེ་གཉིས་ལོ་ཡི་གྲངས་ཀ་ཡིན་ནམ་སེམས། །ཁྲོམ་ཆེན་ཞིག་ལ་


CMR002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་དབང་བྱེད་ཤོམ་ཚེ། །ཉི་མ་ཕྱི་བས་བསྐུར་ལོང་མེད་དམ་ཟེར། །སྤྲིན་དེ་ཡར་ནས་ཉི་མ་དགོང་ཆེན་རེད། །བསྐུར་ལོང་ཡོད་ལེ་གདའ་སྨྲས་དགའ་བ་རྨིས། །ད་རུང་ཚེ་ནི་ཅུང་ཞིག་ཡོད་པར་གོ །དེ་སྐབས་རྟོགས་པའི་བོགས་ཀྱང་ཅུང་ཞིག་ཐོན། །ཡང་ནི་མ་ཎི་ཨཱ་ཡུ་ཞག་ལྔ་བསྙེན། །ཤར་ཕྱོགས་ནམ་མཁར་ཉི་མའི་དཀྱིལ་འཁོར་ནི། །འོད་ཟེར་ཆེན་པོ་འཕྲོ་བ་ཤར་བ་དང་། །མར་རྡོག་གསུམ་དང་ཞོ་ནི་ཅ་ནེ་གང་། །བྱི་ལ་གཅིག་གིས་འཐུང་གྲབས་འདུག་པ་ལ། །མ་ཤོར་ཐམས་ཅད་རང་གིས་བཏུང་བ་རྨིས། །ཞག་འགར་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ལ། །གཅིག་ཁྲི་བཞི་སྟོང་ཙམ་ཞིག་སྔ་དྲོ་བསྙེན། །ཉམས་སྣང་སྤྲུལ་སྐུའི་མཁར་ལ་དཀར་རྩི་གསོལ། །དཀོན་མཆོག་ཐུགས་རྗེ་སྨྲས་ཤིང་དགའ་བ་དང་། །འོད་གསལ་ཟིན་སོགས་རྟགས་བཟང་ལེགས་པར་བྱུང་། །ཞག་བདུན་བླ་མ་དགོངས་པ་འདུས་པ་ཡི། །རང་སེམས་དབང་དུ་བྱ་ཐབས་དྲུག་ཁྲི་བསྙེན། །བྱིན་རླབས་ཅན་གྱི་བྷན་ཚང་གིས་བཀང་། །ཕྱེད་དེ་མར་ཐང་ཁྲི་པའི་ཞལ་དུ་བླུགས། །ཕྱེད་དེ་རང་གིས་བཏུང་ཡང་ཟད་མེད་རྨིས། །དེ་ནས་སྒྲུབ་རྫས་དཀྱིལ་འཁོར་ཧ་ལམ་འཛོམས། །ཞག་དགུའི་


CMR002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བདུན་ཁྲི་ལྔ་སྟོང་བཟླས། །སརྦ་པ་ཤོ་ཡིན་ཏེ་རྨིས་ལྟས་བཟང་། །མཛེས་མ་གཉིས་ཀྱིས་དགའ་ཞིང་ཇ་ཞུས་འདྲེན། །དེ་ཡི་གཟུགས་ནི་གསལ་བར་མ་མཐོང་ཡང་། །ལས་ཀུན་གྲུབ་མཛད་ཡེ་ཤེས་མཁའ་འགྲོ་མ། །ཁོ་བོ་སྙོམས་པར་འཇུག་ཅིང་མཆོད་པའི་རྫས། །བྱང་སེམས་དཀར་པོས་མོ་ཡི་ལུས་ཁེངས་རྒྱས། །ལུས་ཕྱིར་ལུད་པ་དམ་ཚིག་ཡིན་པའི་ཕྱིར། །རང་གི་བཏུང་དགོས་སྙམ་ཙ་མི་དགོས་ཟེར། །ད་ནི་དུས་ནི་ནམ་ནི་ནམ་དུ་ཡང་། །ཁོ་མོ་དྲན་པར་གྱིས་དང་དེས་ཆོག་ཟེར། །དེ་ཚེ་ལུས་སེམས་བདེ་བའི་སྣང་བ་སྐྱེས། །ས་སྐྱ་བདག་ཆེན་ཡིན་སྙམ་སྔགས་པ་ཞིག །གུས་འདུད་ནས་ཕུལ་ནས་འབྲུ་བདག་ལ་འཐོར། །རྔ་མོང་འགའ་དང་གླང་པོ་ཆེ་གསོད་ནས། །དེ་དག་ང་ལ་འབུལ་བའི་གྲབས་བྱེད་ཅིང་། །བུད་མེད་ཕྲུག་རིས་གྱོན་པ་ལྔ་བཅུ་ལྷག །འདུས་ཤིང་དཔོན་རིགས་གཅིག་དང་བཅས་པ་ཡི། །མི་ཤ་འདྲ་བ་ཤ་ཁོག་ཅིག་ཀྱང་འབུལ། །བུད་མེད་རྒྱན་ལྡན་ཞིག་ལ་ཆོས་འགའ་བཤད། །དེ་ནས་ཞག་འགར་ནོར་དབང་གཅིག་འབུམ་དང་། །གཅིག་ཁྲི་ལས་སྔགས་གཅིག་ཁྲི་ཐམ་པར་བཟླས། །རྨི་ལམ་འོད་གསལ་རང་ངོ་ཟིན་པ་དང་། །ངོ་མ་ཤེས་པའི་


CMR002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ལ་ཆོས་ར་ནི། །འཛུགས་རྒྱུ་ཡིན་སྙམ་བགྱིད་པ་དངོས་ལྟར་གྱུར། །གནམ་ཆོས་ཁྱུང་དམར་ཞག་པོ་ལྔ་ཡི་བར། །ལྡོག་མཚམས་གཅིག་འབུམ་གཅིག་ཁྲི་གཅིག་སྟོང་བཟླས། །བྱིས་སྦ་བརྡུངས་དང་བུད་མེད་གཅིག་གིས་ནི། །སྤྱིར་བོར་མེ་བཙས་བསྲེགས་རྨིས་ཐུལ་རྟགས་ཏེ། །དེ་བཞིན་བུད་མེད་མང་པོས་དཀར་གསུམ་ཕུལ། །ཉམས་ཀྱི་སྣང་བར་རང་གི་ལུས་འདི་ནི། །དྲག་པོ་རྡོ་རྗེ་སྔོན་པོ་རྩེ་ལྔར་གྱུར། །དགོངས་གཏེར་བྱམས་པ་ཞིག་གསུམ་བསྙེན་པ་ནི། །གཅིག་འབུམ་སུམ་སྟོང་དགུ་བརྒྱ་བཟླས་པའི་ཚེ། །གནོད་བྱེད་ཐམས་ཅད་མནན་ཅིང་བཅིང་བ་ཡིན། །སྙམ་ནས་མདུད་པ་དམ་པོ་ཞིག་བརྒྱབ་སྟེ། །རཀྟའི་ཐིག་གཅིག་རྒྱབ་པའི་སྣང་བ་བྱུང་། །དགོངས་གཏེར་ཟབ་པའི་ངེས་ཤེས་ཆེན་པོ་སྐྱེས། །དེ་ནས་ཆུ་མོ་ཡོས་ཀྱི་ལོ་ལ་ནི། །ཚེས་བཅུ་ནས་བཟུང་ཞག་དྲུག་མཚམས་བསྡམས་ནས། །འོད་ཟེར་ཅན་མའི་སྲུང་སྔགས་གཅིག་འབུམ་དང་། །ཉིས་སྟོང་བཟླས་ཚེ་ཉམས་ཀྱི་སྣང་བ་ལ། །སངས་རྒྱས་ཀུན་གྱི་ཞིང་ནས་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་ཀྱིས་ཕྱག་ནི་བསྐྱངས་པ་ཡིན། །སྙམ་པའི་སངས་རྒྱས་ཕྱག་གཡས་སྐྱབས་སྦྱིན་ཞིག །རང་གི་


CMR002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་བཞག་ནས་སྣང་བ་བྱུང་། །སྔ་ཕྱིར་ཕྱག་སྟོང་སྤྱན་སྟོང་བསྙེན་པ་དང་། །ར་ཛའི་སྲུང་སྔགས་བཏགས་པ་གཅིག་འབུམ་དང་། །གཉིས་ཁྲི་བཟླས་ཚེ་རྟ་ཞོན་གྱེན་རྒྱུག་རྨིས། །སྒྲོལ་མའི་སྤྲུལ་པ་བུ་མོ་སྔོ་བསངས་མ། །ཐལ་སྦྱར་ཕྱག་འཚལ་ཉེར་གཅིག་བཏོན་པ་དང་། །ང་ལ་ཁྲི་ནི་མཐོན་པོ་ཞིག་འདུག་པའི། །སྟེང་དུ་ང་ཡི་གདིང་བ་བཏིང་འདུག་རྨིས། །གནམ་ཆོས་ནཱ་ག་རཀ་ཞག་བཞི་བསྙེན། །གཅིག་འབུམ་ཉི་ཁྲི་གཅིག་སྟོང་ཙམ་ཞིག་བཟླས། །ཉམས་སྣང་རྒྱ་མཚོ་ཆེན་པོའི་ནང་ཉིད་དུ། །རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་སྙམ་དང་། །བར་སྣང་ཉི་མའི་དཀྱིལ་འཁོར་ཚད་མེད་ཤར། །ལུས་ཀྱང་རབ་ཏུ་བདེ་བས་ངེས་ཤེས་སྐྱེས། །དེ་ནས་མ་ཎི་ཨཱ་ཡུ་ཞག་གསུམ་བསྒྲུབས། །གཅིག་འབུམ་བརྒྱད་སྟོང་བཟླས་ཚེ་ཉམས་སྣང་ལ། །ཚེ་ནི་ང་བརྒྱད་བསྲིང་ཞེས་ལུས་ལ་ནི། །གནོད་པའི་ནད་གདོན་སེལ་ཞེས་ཟེར་བ་ཐོས། །ཐོས་པ་བཞིན་དུ་ལུས་ཀྱང་དེ་བར་བདེ། །ཞག་བདུན་གསང་འདུས་ཟབ་པའི་མཐར་ཐུག་བསྒྲུབས། །གཅིག་འབུམ་བཞི་ཁྲི་དྲུག་སྟོང་ལྔ་བརྒྱ་བཟླས། །ཤར་ཕྱོགས་ནམ་མཁར་ཉ་རྒྱས་ཟླ་བ་ཤར། །བྱང་ཤར་སྤྲིན་མེད་ཉི་མའི་དཀྱིལ་འཁོར་ཤར། །ལོ་མ་ཅན་


CMR002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞག་གསུམ་གཅིག་འབུམ་དང་། །གཉིས་སྟོང་བཟླས་ཚེ་རྨི་ལམ་རྟགས་མཚན་ནི། །སྔ་དྲོ་རང་གི་སྒར་པས་ཐབ་བསང་བཏང་། །གཟུངས་ཀྱི་མིང་ཅན་བུད་མེད་རྒྱན་ལྡན་གྱིས། །བྷོ་དྷི་ཙིཏྟའི་ཕྲེང་བ་ལེགས་པོ་དང་། །ཕྱག་མདུད་མང་པོ་ཟངས་ཀྱི་གའུ་དང་། །སྲུང་བའི་འཁོར་ལོ་ཆེན་པོ་བྱིན་པ་རྨིས། །དེ་ནས་འུར་ལེན་གཅིག་འབུམ་ཞག་གསུམ་བསྙེན། །སངས་རྒྱས་བསྟན་དར་དགེ་འདུན་ཆེ་བ་སྟོན། །ད་རེས་ཕོ་བྱས་གོ་བཅད་ཟེར་བ་ཡི། །ཡི་གེ་གཅིག་ནི་བདག་ལ་གཏད་བྱུང་རྨིས། །རྡོ་རྗེ་སྒེག་པ་བསྔོ་བ་ཞག་ལྔ་དང་། །རྗེས་མ་ཟླ་གཅིག་རྒྱུན་བསྙེན་བྱས་པ་དང་། །ཤར་ཕྱོགས་སྤྲིན་གསེབ་ཟླ་བའི་དཀྱིལ་འཁོར་ཤར། །གོས་དཀར་གསར་པ་གྱོན་ནས་གྱེན་ལ་སོང་། །རྟ་ཞོན་གྱེན་རྒྱུག་རྫོང་བཙན་ནང་འདུག་རྨིས། །ཞག་གསུམ་མ་ཎི་ཨཱ་ཡུ་གཅིག་འབུམ་དང་། །གཅིག་ཁྲི་བཟླས་ཤིང་གྲྭ་པ་མང་མ་ཡིས། །བདག་གི་རིམ་གྲོར་ཚེ་གཟུངས་འབུམ་གཏེར་ཐོན། །དེ་ཚེ་རྨི་ལམ་ཇོ་བོའི་སྐུ་ཚད་ཀྱིས། །ཤཱཀྱ་མུ་ནེ་རང་ལ་ཕ་ཟོག་ཡོད། །ཇོ་བོ་བླུག་ཕུད་ཇོ་བོ་གྲུ་གང་ཙམ། །རང་ལ་ཕུལ་མི་བྱུང་བས་སེམས་རབ་དགའ། །ཚེ་ཚད་བརྟགས་པས་རང་གི་གྲིབ་


CMR002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ། །བལྟས་པས་ཉི་མ་ཕྱེད་ཙམ་རེད་པ་གསལ། །ནས་ནི་འབྲུ་བཟང་གཙང་མ་ཞིམ་པ་ཡི། །ཁལ་གཅིག་བདག་གིས་ཟ་རྒྱུར་ཕུལ་བྱུང་རྨིས། །རྡོ་རྗེ་སྒེག་པའི་སྔགས་ཐུང་འབུམ་བཟླས་པས། །ནམ་མཁའི་དབྱིངས་ནས་བྱ་ནག་གཅིག་བྱུང་བ། །སྣ་བུག་གཉིས་སུ་མིག་ནི་ཆེན་པོ་གདའ། །མི་རྣམས་དེ་ལ་ཐེ་ཚོམ་སྐྱེས་འདུག་པས། །འདི་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡིན། །རྣལ་འབྱོར་པ་ཞིག་ཡིན་གྱི་ངན་པ་མིན། །སྨྲས་པ་དེ་མ་ཐག་ཏུ་བྱ་དེ་ཉིད། །གྲུབ་ཐོབ་ཆ་ལུགས་ཐོར་ཅོག་ཅན་དུ་གྱུར། །བདག་གི་ལག་ཏུ་དུས་ཀྱི་འཁོར་ལོ་ཡི། །དགྲ་ཟློག་དགྲ་ལས་རྒྱལ་ཐབས་ལིང་ཙེ་ཅན། །དཔེ་གཅིག་འདུག་པ་དེ་དོན་ངས་མ་ཤེས། །ཁོང་ལ་དྲིས་པས་ཁྱེད་ཚང་འདི་འདྲ་ལ། །མཁས་ཟེར་གསུངས་ཤིང་བདག་གི་བསླབས་པས་ཤེས། །མི་འགྱུར་རྡོ་རྗེ་བདུད་འདུལ་རྡོ་རྗེ་གཉིས། །ཨོ་རྒྱན་སྤྲུལ་པ་ཡིན་པ་ཁྱད་མེད་ཀྱང་། །སྤྲུལ་སྐུ་དབང་དྲག་རྒྱ་མཚོ་ཡིན་པ་དེས། །ཀཿཐོག་པ་རྣམས་རང་གི་བླ་མ་ཟེར། །ཁྱད་ཆེ་སྤྲུལ་སྐུ་ལ་ནི་དད་དོ་སྨྲས། །དེ་འདྲའི་སྐད་ཆ་རང་གི་ཐོས་སྙམ་བྱེད། །ཕྱིས་སུ་ལོ་མང་དེ་འདྲ་དངོས་སུ་གྱུར། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ནམ་


CMR002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དཀྱིལ་དུ་སྤྲིན་གྱིའང་མི་སྒྲིབ་ཅིང་། །ཉི་མའི་དཀྱིལ་འཁོར་ཟེར་མང་ལྡན་པའང་མཐོང་། །གསང་འདུས་ཟབ་པའི་མཐར་ཐུག་ཞག་བདུན་བསྙེན། །ཁྲི་མཐོའི་སྟེང་དུ་སྤྲུལ་སྐུའི་ན་བཟའ་བཟང་། །རྣལ་འབྱོར་པ་ཡི་ཆ་ལུགས་ལྡན་པ་ལ། །པད་ཞྭ་དམར་པོ་གཡས་སུ་བཞག་པ་མཇལ། །ལོ་ལེགས་ནས་བརྡུང་འབྲུ་རྣམས་སྤྱང་པ་དང་། །ནས་ནི་དམར་པོ་ཤ་སྟག་ནས་ཕུང་ནི། །ཤིན་ཏུ་ཆེ་བ་མཐོང་བས་ཡིད་སེམས་དགའ། །དེ་དུས་སྔགས་ནི་གཅིག་འབུམ་བཟླས་པ་དེ། །དེ་རྗེས་ཞག་བཅུ་གསང་འདུས་ཟབ་མཐར་བསྙེན། །གཅིག་འབུམ་བཞི་ཁྲི་གཅིག་སྟོང་སོང་བ་སྟེ། །རྨི་ལམ་ངོམ་ཆུ་ཁག་གཉིས་རྒྱས་འདུག་པ། །གཞན་མ་རྣམས་ཀྱིས་མི་ཆོད་དཀའ་འདུག་སྟེ། །རང་གིས་འབོགས་པས་ཚེགས་མེད་ཚུར་ཁར་ཐར། །རྒྱལ་བའི་དབང་པོའི་ཆིབས་པ་སྒྲོལ་དཀར་མའི། །འོ་མ་ཡིན་སྙམ་རང་གི་ལག་མཐིལ་དུ། །ཐིགས་ཙམ་འདུག་པ་བདག་གིས་ལྡག་པ་རྨིས། །ཉམས་ཀྱི་སྣང་བར་དྲུག་ཅུ་རེ་ལྔ་བར། །ཁག་ཁུར་ཟེར་བ་ཡད་ཡུད་ཐོས་སྣང་བྱུང་། །དེ་ལྟར་ལོ་བདུན་སྒར་པ་བྱས་ནས་ཀྱང་། །ཕྱོགས་ཀུན་སོང་ཚེ་བར་སྐབས་བར་སྐབས་སུ། །སྒྲུབ་


CMR002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཐོར་བུ་ཐོར་བུ་མང་དུ་བྱས། །ཕལ་ཆེར་ཡི་གེར་མ་བཀོད་བརྗེད་དེ་སོང་། །འགའ་ཞིག་ཤོག་རས་འགའ་ལ་བྲིས་འདུག་པ། །བླ་མ་ནམ་མཁས་བསྐུལ་ཕྱིར་ཕྱོགས་གཅིག་བསྒྲིགས། །རྨི་ལམ་འཁྲུལ་སྣང་ཡིན་སྙམ་བདེན་པ་མེད། །དེ་ཕྱིར་ཡི་གེར་བྲི་ལ་དགོས་པ་ཆུང་། །འོན་ཀྱང་མེ་བུས་རྟགས་ལ་དུ་བའི་དཔེ། །རབས་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །སྒྲུབ་པ་བྱས་པའི་རྟགས་མཚན་འབྱུང་གསུངས་ཀྱང་། །ཁོ་བོ་དབང་པོ་རབ་ཏུ་མ་གྱུར་པས། །དངོས་ཀྱི་རྟགས་མཚན་ཅི་ཡང་མ་ཐོན་ཏེ། །ཉམས་དང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །རྟགས་ཡིག་རྣམས་དང་ཕྱོགས་མཐུན་ཅུང་ཟད་ཙམ། །བྱུང་ཚུལ་ཡི་གེར་བྲི་བ་འདི་ཉིད་ནི། །མཆོག་འཛིན་རློམ་སེམས་སྐྱེས་པ་མ་ལགས་ཀྱང་། །ཅུང་ཟད་འདི་ལ་རློམ་སེམས་སྐྱེས་དྲན་ནས། །མཁས་པ་རྣམས་ཀྱིས་མཐོང་ན་ངོ་ཡང་ཚ།།འོན་ཀྱང་དེང་སང་ཐ་མར་རྨོངས་པ་འགས། །ད་ནི་དུས་སྙིགས་སེམས་ཅན་སྒྲིབ་པ་འཐུག །ལྷ་བསྒོམས་སྔགས་བཟླས་ཡུན་རིང་འབད་བྱས་ཀྱང་། །དངོས་སུ་རྟགས་མཚན་འོང་བ་ལྟ་ཅི་སྨོས། །གཞུང་ནས་བཤད་པའི་རྨི་ལམ་རྟགས་ཙམ་ཡང་། །འོང་རྒྱུ་མེད་ཕྱིར་འདི་དང་ཕྱི་མ་དང་། །སྔགས་


CMR002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ཡི་ཕན་ཡོན་གསུངས་པ་རྣམས། །ཐོབ་བམ་མི་ཐོབ་སྙམ་དུ་སེམས་ཞུམས་ནས། །སྒྱིད་ལུག་པ་རྣམས་དཔེ་ཆ་འདི་མཐོང་ནས། །སྙིགས་དུས་ཞག་འགའ་བསྙེན་པ་བྱས་པས་ཀྱང་། །རྨི་ལམ་རྟགས་མཚན་དེ་ལྟར་འོང་ཐུབ་ན། །བདག་གི་ཟླ་ཤས་ལྷ་བསྒོམས་སྔགས་བཟླས་ན། །ཅི་ཕྱིར་མི་འགྲུབ་སྙམ་དུ་སྤོབས་པ་སྐྱེ། །འདི་ཉིད་བྲིས་པའི་དགོས་པ་དེ་ཉིད་ཡིན། །རྟགས་མཚན་ལ་སོགས་གཞན་ལ་བསྒྲགས་པ་ན། །དེ་ཕྱིར་རྟགས་མཚན་མི་འོང་འགག་གསུངས་ཀྱང་། །ད་ནི་བདག་ལ་རྟགས་མཚན་འདོད་པ་མེད། །བྱུང་ནའང་རུང་ལ་མ་བྱུང་ན་ཡང་རུང་། །ཚེ་དང་སྒྲུབ་པ་མཉམ་པ་སེམས་ལ་བཅང་། །དག་སྣང་ཕྲན་བུ་ཙམ་གྱིས་བློ་མི་ཚིམ།།ངོ་བོ་རྗེན་པར་སྐྱོང་ལ་བློ་རྩེ་གཏད། །གོང་གི་ནང་གི་རྣམ་ཐར་དེ་ཡི་མཇུག །སྒྲུབ་པ་ཕྲན་ཚེགས་སྐོར་ཏེ་གཉིས་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་རང་ལོ་ལྔ་བཅུ་ནས་ང་དྲུག་བར་གྱི་ནང་གི་རྣམ་ཐར་ཐོར་བུ་འགའ་ཞིགnext