Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་གཉིས་པ་ཡེ་ཤེས་སྐོར།
   
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་གཉིས་པ་ཡེ་ཤེས་སྐོར།next

དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་གཉིས་པ་ཡེ་ཤེས་སྐོར།


CMR002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་གཉིས་པ་ཡེ་ཤེས་སྐོར་བཞུགས་པའི་དབུ་ཕྱོགས་ལགས་སོ།། །།


CMR002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་དྷརྨ་ཤྭ་ར་ཡེ། ཐམས་ཅད་ཀུན་མཁྱེན་དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་བརླབ་ཏུ་གསོལ། །སངས་རྒྱས་ཐམས་ཅད་མངོན་ཤེས་དྲུག་དང་ལྡན། །སེམས་དཔའ་ཕལ་ཆེར་མངོན་ཤེས་འགའ་ཟུང་མངའ། །དགྲ་བཅོམ་རྣམས་ཀྱི་མངོན་པར་ཤེས་པ་ནི། །ལྟ་བའི་འདུན་པ་བཏང་ཚེ་དོན་ཀུན་གཟིགས། །མ་བལྟས་ན་ནི་ཅི་ཡང་མི་ཤེས་སྐད། །དེ་དག་ཟག་མེད་མངོན་ཤེས་ཕྱག་གི་གནས། །ཕྱི་རོལ་པ་ཡི་དྲང་སྲོང་འགའ་རེ་ཡང་། །སྔ་ཕྱི་བསྐལ་པ་བརྒྱ་ཡི་མཐའི་ཚུན་ཤེས། །དེ་ནི་ཞི་གནས་ཁོ་ནའི་ཡོན་ཏན་ཏེ། །དེ་ལ་ཟག་བཅས་མངོན་


CMR002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཞེས་བྱའོ། །འཇིག་རྟེན་ལྷ་འདྲེ་འབྱུང་པོ་ཕལ་ཆེར་དང་། །གླང་པོ་ཆེ་དང་བྱ་རྒོད་བྱ་རོག་སོགས། །དུད་འགྲོ་འགའ་རེར་ལས་དབང་མངོན་ཤེས་ཡོད། །བྱང་ཆུབ་ཐོབ་ལ་ཕན་པ་མེད་པའི་ཕྱིར། །དེ་འདྲའི་མངོན་ཤེས་ངོ་མཚར་ཆེ་རྒྱུ་མེད། །དགོངས་འདུས་རྣར་སྒྲོགས་ཁྱེའུ་དཀར་པོ་དང་། །ཡེ་ཤེས་གྲགས་དང་སྟག་པའི་བུ་ཆུང་སོགས། །འཇིག་རྟེན་ཕྲ་བསྒྲུབས་བྱས་ནས་ལེགས་ཉེས་སོགས། །ལུང་བསྟན་བྱུང་རྣམས་མངོན་ཤེས་ཡིན་སྨྲ་བ། །དེ་འདྲའི་ཉེས་སྒྲིབ་ཤིན་ཏུ་ཆེ་བའི་ཕྱིར། །རྩ་རིགས་བཟང་ངམ་རྩ་རླུང་སྒོམ་མཁན་ལ། །ལས་ཀྱི་མཁའ་འགྲོས་


CMR002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཉམས་ལུང་བསྟན་བྱུང་། །དང་པོ་ཐིག་ཅིང་ཐམས་ཅད་ཐོག་ཏུ་འགྲོ། །དེ་ནས་རེས་འགའ་བདེན་ཞིང་རེས་འགའ་རྫུན། །དེ་ནས་གཅིག་ཀྱང་མི་ཐིག་ལོག་པར་འགྲོ། །མི་རྣམས་ཀུན་གྱིས་བརྫུན་ལབ་ཟེར་ཞིང་འབར། །དེ་ནས་རིང་ཡང་ལྷ་ལ་ལོག་ལྟ་སྐྱེ།། །དེ་ལ་མཁའ་འགྲོ་བདུད་བབ་ཞེས་བྱ་སྟེ། །འཇིག་རྟེན་མཁའ་འགྲོས་ཉམས་ཚད་བྱེད་པ་ཡིན། །ལུང་བསྟན་བཟང་ཞིང་ཐིག་པར་དགའ་བ་མེད། །ལུང་བསྟན་ངན་དང་མི་ཐིག་སྡུག་སྣང་མེད། །རོ་སྙོམས་ལྟ་བའི་ཀློང་དུ་བསྒྱུར་ནུས་ན། །བར་ཆད་མི་བྱུང་ཉམས་རྟོགས་བོགས་སྐྱེད་འབྱུང་། །གསལ་ཉམས་མིག་གིས་རྒྱང་རིང་གཟུགས་མཐོང་དང་། །རྣ་བས་ཐག་རིང་ཅི་སྨྲས་སྐད་ཐོས་དང་། །གཞན་གྱི་ཡིད་ལ་ཅི་བསམ་ཤེས་འདྲ་བ། །སྐབས་རེར་བྱུང་ཞིང་རྒྱུན་དུ་མི་འབྱུང་བ། །གསལ་ཉམས་ཡིན་གྱི་མངོན་ཤེས་ག་ལ་ཡིན། །མངོན་ཤེས་ཡིན་སྐད་སྨྲས་ན་ཇོ་བརྫུ་ཆེ། །དགེ་སློང་རཱ་ག་སྐྱ་བདག་ལ་ནི། །ཟག་མེད་མངོན་པར་ཤེས་པ་ག་ལ་ཞིག །ཟག་བཅས་མངོན་ཤེས་ཙམ་ཡང་ཡོད་རེ་ཀན། །མེད་པར་ཡོད་ཅེས་མི་ཆོས་བླ་མའི་རྫུན། །སྨྲས་ན་བསྙེན་རྫོགས་སྡོམ་པ་འཆོར་བས་སྐྲག །བསྙེན་རྫོགས་སྡོམ་པ་བདག་གི་


CMR002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནོར་ཡིན། །འོན་ཀྱང་མཆོག་དམན་སྐྱ་སེར་མང་པོ་ཡིས། །གསོན་པོའི་ལེགས་ཉེས་གཤིན་པོའི་སྐྱེ་གནས་སོགས། །བརྟག་པ་ཞུ་མཁན་ཤིན་ཏུ་མང་བ་ལ། །གལ་ཆེན་ངོ་ཆེན་འགའ་རེ་ངོ་མ་ཆོག །ཡི་དམ་ལྷ་ལ་གསོལ་བ་དྲག་བཏབ་ནས། །ཉམས་དང་རྨི་ལམ་གསལ་ཆ་བྱུང་བ་འགའ། །མི་སྨྲ་ཁ་མེད་བྱུང་བའི་གཏམ་འཆལ་རྣམས། །ལ་ལས་མངོན་ཤེས་ཡོད་པའི་བསྟོད་ར་སྨྲས། །ལ་ལས་བརྫུན་དང་ཇོ་བརྫུ་ཆེ་ཞེས་འབར། །དེ་དོན་རང་གི་མཆེད་གྲོགས་རབ་འབྱམས་པ། །རང་ལ་དབང་ལུང་ཞུས་པའི་སློབ་མ་ཞིག །རང་ལ་ཉམས་ཚད་ཅོ་འདྲས་འདི་སྐད་གསུངས། །མིག་དང་རྣ་བའི་མངོན་ཤེས་ནི། །ཡང་དག་ལམ་ལ་སྒྲིབ་བྱེད་ཡིན། །གསུངས་ཕྱིར་མིག་དང་རྣ་བའི་མངོན་ཤེས་དག །ཡོད་ན་མི་ལེགས་ཤིན་ཏུ་ངན་ནོ་གསུངས། །འོ་ན་སྤྱན་རས་གཟིགས་དབང་འབྲོམ་སྟོན་གྱིས། །ཇོ་བོ་ཨ་ཏི་ཤ་ལ་བསྟོད་པ་ལས། །མ་ག་ཏ་ན་སློབ་མ་གྲུབ་པ་ཡིས། །སིལ་སྙན་བཀྲོལ་ཞིང་གསོལ་བ་བཏབ་པའི་སྐད། །བོད་དུ་གསན་ནས་འབྲོམ་ལ་སྦྱིན་པ་ལས། །རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ཇོ་བསྟོད་མ་ཡིན་པ། །


CMR002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་རྗེ་ལ་སྐུར་འདེབས་ལགས་སམ་ཞུས། །དེ་ཡང་རང་ལ་མངོན་ཤེས་མེད་ཕྱིར་ཡིན། །ཡོད་ན་དེ་སྐད་སྨྲ་བའི་བབ་ཐོབ་མེད། །སྔར་དུས་ཁོ་བོའི་གྲོང་ཆོག་བྱེད་པའི་དུས། །དམ་ཅན་སྐྱེས་བུ་ཆེན་པོའི་ལས་ཚོགས་ཀྱིས། །ནད་པ་འཚོ་འཆི་བརྟག་པ་ལན་བདུན་བྱས། །རྗེས་ལ་རཏྣ་དྷ་ཛ་འདས་ཁའི་དུས། །ལན་མང་མ་གསལ་དེ་ནས་མི་དོགས་ཟེར། །ཕྱིར་ནུབ་རེད་ཛ་ད་ནི་མི་གདའ་ཟེར། །ནད་པས་ལྐོག་ཏུ་ཆང་བཏུང་ནད་ལོགས་ནས། །ཞག་གཉིས་ཙམ་ནས་ནད་པ་འཆི་སོང་ངོ། །བསམ་ཡས་ཆོས་སྐྱོང་ལ་སོགས་དབུས་གཙང་གི །ལུང་བསྟན་བྱེད་པའི་ལྷ་ནི་མང་ན་ཡང་། །ལ་མོ་ཚེར་གསེབ་ཙམ་ནི་མ་གཏོགས་པའི། །ཀུན་གྱིས་ཟེར་ཚད་ཐིག་ངེས་མེད་ཅེས་ཟེར། །འཇིག་རྟེན་ལྷ་ནི་མི་དང་འདྲ་བ་སྟེ། །ངོ་འཇོ་ངོས་དགའི་ཚིག་ཀྱང་འགའ་རེ་འབྱུང་། །སྡུག་དོགས་སེམས་གསོའི་ཚིག་ཀྱང་འགའ་རེ་འབྱུང་། །སྐུ་ཁོག་དེ་ལ་བཀའ་བཀྱོན་འབྱུང་དོགས་ནས། །བཙན་པོ་རྣམས་ལ་བསྟོད་པའི་ཚིག་ཀྱང་འབྱུང་། །ལ་མོ་ཆེར་གསེབ་ལུང་བསྟན་ཐིག་ན་ཡང་། །བརྡ་ཚིག་ཡིན་ཕྱིར་དོན་དེ་མ་བྱུང་བར། །མི་གོའི་ཕྱིར་ནི་དགོས་པ་མེད་པར་སྣང་། །དེ་ཕྱིར་འཇིག་རྟེན་ལྷ་ཡི་བརྟག་པ་


CMR002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཁོ་བོས་ནམ་ཡང་བྱེད་པར་མ་མྱོང་ངོ། །ཡེ་ཤེས་ལྷ་ཡི་བརྟག་པ་གང་ཞེ་ན། །འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ཆེན་ལས། །རྨི་ལམ་ལ་བརྟེན་རང་གཞན་སྐྱེ་གནས་ནི། །ལེགས་ཉེས་བརྟག་པའི་ལས་ཚོགས་གསུངས་པའི་དོན། །གྲུབ་ཆེན་སོ་སོའི་བཞེད་པ་གསུམ་ཙམ་སྣང་། །རྡོར་ཕྲེང་ལ་སོགས་དབང་ཆོག་ཐམས་ཅད་ལ། །སློབ་མ་སྟ་གོན་རྨི་ལམ་བརྟག་ཐབས་གསུངས། །མི་ཏྲ་ཛཱ་ཀིས་ཁྲོ་ཕུ་ལོ་ཙཱ་ལ། །གནང་བའི་མི་ཏྲའི་གསང་སྒྲུབ་ལས་ཚོགས་ལ། །སྤྱན་རས་གཟིགས་ཀྱི་རྨི་ལམ་བརྟག་པའི་ཐབས། །སྒྲུབ་པའི་འཁོར་ལོ་སྔགས་དང་རྫས་མཆོག་གསུངས། །འཇམ་དཔལ་དཔའ་བོ་གཅིག་སྒྲུབ་རྒྱུད་ཆེན་ལས། །རྨི་ལམ་ལ་བརྟེན་རང་གཞན་ལེགས་ཉེས་དང་། །སྐྱེ་བ་བརྟག་ཐབས་ལན་གྲངས་མང་དུ་གསུངས། །དེ་བཞིན་ཇོ་བོ་དཔལ་ལྡན་ཏི་ཤས། །ཐུབ་པའི་སྒོ་ནས་སྐྱེ་བ་བརྟག་ཐབས་གསུངས། །སྒམ་པོ་སྤྲུལ་སྐུ་བཀྲ་ཤིས་རྣམ་རྒྱལ་བས། །སྒྲོལ་དཀར་སྒོ་ནས་སྐྱེ་བ་བརྟག་ཐབས་གསུངས། །དེ་དག་རྣམས་ནི་གསར་མའི་ལུགས་ཡིན་ཏེ། །རྙིང་མའི་བླ་མ་དགོངས་པ་འདུས་པ་ལས། །རྨི་ལམ་བརྟག་ཐབས་ཤིན་ཏུ་རྒྱས་པར་གསུངས། །ཐུགས་རྗེ་


CMR002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡང་གསང་བླ་མེད་དང་། །གསང་འདུས་ལ་སོགས་གཏེར་གཞུང་དུ་མ་ནས། །རྨི་ལམ་ལ་བརྟེན་རང་གཞན་ལེགས་ཉེས་དང་། །སྐྱེ་བ་བརྟག་པའི་ཐབས་ནི་མང་དུ་གསུངས། །དེ་དག་ཡི་དམ་སོ་སོའི་བསྙེན་སྒྲུབ་ཐེམ། །དབེན་པའི་གནས་སུ་གྲིབ་ལ་འཛེམ་པ་དང་། །གཙང་སྦྲ་ལྡན་ཞིང་ཤ་ཆང་སྒོག་བཙོང་སྤང་། །བྱིན་རླབས་ལྡན་པའི་རྟེན་བཤམས་མཆོད་གཏོར་འབུལ། །སེང་གེ་ཉལ་སྟབས་སེམས་གཞན་མ་ཡེངས་པར། །བརྟགས་པས་རབ་ནི་དངོས་སུ་སྨྲ་བ་དང་། །འབྲིང་ནི་ཉམས་སྣང་ཐ་ན་རྨི་ལམ་དུ། །ལུང་བསྟན་སྨྲའམ་ཡི་གེ་མཐོང་བ་དང་། །ཐ་མ་བརྡའ་རུ་བསྟན་པ་འབྱུང་བ་དང་། །དེ་ཡང་དོན་མང་དུས་གཅིག་མ་ཡིན་པར། །དོན་ནི་སྣ་རེ་བརྟགས་པས་གསལ་བར་བཤད། །ཁོ་བོའི་བརྟགས་པ་བྱས་པ་ཐམས་ཅད་ནི། །དེ་ལྟར་ཡིན་གྱི་ཐ་མར་རྨི་ལམ་མིན། །བདག་ལ་མངོན་པར་ཤེས་པ་མི་ལྡན་ཡང་། །ཡི་དམ་ལྷ་ནི་མངོན་ཤེས་ཡོད་པའི་ཕྱིར། །དེ་ལ་བརྫུན་སྨྲའི་ཉེས་པ་མི་འབྱུང་སྙམ། །མངོན་ཤེས་ཡོད་པའི་གྲུབ་ཆེན་རྣམས་ཀྱིས་ཀྱང་། །རྨི་ལམ་ལ་བརྟེན་ལུང་བསྟན་མཛད་སྲོལ་ཏེ། །ཀ་བཞི་སེང་ཆེན་རྨི་ལམ་ལ་བརྟེན་ཏེ། །མར་པས་


CMR002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆེན་བཞི་ལ་ལུང་བསྟན་མཛད། །མི་ལའི་ཞལ་ནས་རས་ཆུང་རྡོར་གྲགས་ལ། །ཁྱོད་འོང་ནུབ་མོ་སེང་གེ་གཅིག་ལ་ནི། །ཁྱི་ནི་མང་པོས་བསྐོར་བ་གཅིག་རྨིས་པ། །བུ་ཁྱོད་འཇིག་རྟེན་འདི་ན་གྲགས་པ་ཆེ། །ཐམས་ཅད་ཟིལ་གྱིས་གནོན་པ་ཞིག་འོང་ནས། །མཆོག་གི་དངོས་གྲུབ་ཐོབ་པར་གྱུར་པ་དང་། །ཁྱི་ནི་འདྲེས་ཤིང་གཞུང་བཟང་སྙིང་ཉེ་ལྟར། །འཁོར་ནི་བུད་མེད་ཚོགས་ཀྱིས་བསྐོར་བའོ། །རྗེས་སུ་རྣལ་འབྱོར་ཕོ་མོའི་བསྟན་པ་དར། །དྭགས་པོ་ལྷ་རྗེ་བ་ཁྱོད་ཕྱིན་པའི་ནུབ། །བྱ་རྒོད་གཅིག་ལ་ཕྲུ་གུ་དཔག་མེད་བསྐོར། །ཐམས་ཅད་ནམ་མཁར་ལྡིང་ཞིང་སོང་ཙ་ན། །དེ་ལ་བྱ་འུར་རིམ་པ་ཞིག་བྲུལ་བ། །ཐམས་ཅད་བྱ་རྒོད་གྱུར་ཏེ་འཕུར་ཏེ་སོང་། །དེ་ལྟར་རིམ་པར་ལྔ་རུ་གྱུར་སོང་རྨིས། །ཁྱོད་ཉིད་འཁོར་བཅས་མཆོག་གི་དངོས་གྲུབ་ཐོབ། །དེ་རྗེས་རིམ་དྲུག་མཆོག་གི་དངོས་གྲུབ་ཐོབ། །དེ་རྗེས་འཕྲོ་ནི་ཆད་དོགས་ཡོད་དོ་གསུངས། །ཡང་ནི་ལྷ་རྗེ་བ་ཁྱོད་འོང་བའི་ནུབ། །ས་གཞི་མེ་ཏོག་སེར་ཆེན་གྱིས་གང་བའི། །ནང་ན་ཁྱོད་ཉིད་བཞུགས་ནས་འདུག་པ་རྨིས། །ཁྱོད་ཉིད་རྗེས་ལ་སེར་ཆག་བསྟན་པ་རྒྱས། །དེ་ལྟར་རྨི་ལམ་ལུང་བསྟན་དུ་མ་


CMR002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ལན་གསུམ་བར་དུ་རྗེ་བཙུན་རྨི་ལམ་གསུངས། །དེ་བཞིན་གཏེར་སྟོན་གུ་རུ་ཆོས་དབང་དང་། །རཏྣ་གླིང་པ་རིན་ཆེན་ཕུན་ཚོགས་སོགས། །རྨི་ལམ་ཡུལ་དུ་ཨོ་རྒྱན་ཆེན་པོ་ཡིས། །ལུང་བསྟན་བྱུང་ཚུལ་དག་སྣང་སྐོར་རྣམས་གསལ། །བདག་ཀྱང་དེ་དག་རྣམས་ཀྱི་རྗེས་འཇུག་ཕྱིར། །ཉམས་དང་རྨི་ལམ་ལུང་བསྟན་ཟུར་ཙམ་འགའ། །བྱུང་བ་ཡི་གེར་བཀོད་པ་འཐད་དམ་སྙམ། །དེ་ཡང་ཡི་གེ་ཉུང་བར་བྱ་བའི་ཕྱིར། །ཐམས་ཅད་ཚིགས་སུ་བཅད་དེ་བཀོད་པར་བྱ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ངོས་འཛིན་ནི། །བྱས་ཚུར་རྒྱས་པར་དེ་ཡི་རྣམ་ཐར་གསལ། །སྒྲུང་མཁན་གཅིག་ལ་བྱིས་སྦ་ངོ་མཚར་ཅན། །གཅིག་ཡོད་དེ་ཡི་བརྟག་པ་བྱ་དགོས་ཟེར། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ས་རྡོ་རི་བྲག་རྣམས་ཀྱིས་མི་སྒྲིབ་པའི། །གཙང་དུ་པཎ་ཆེན་བཞུགས་པ་གསལ་པོར་མཐོང་། །དེ་མ་ཐག་ཏུ་པཎ་ཆེན་རང་མདུན་ཕེབས། །དེ་ནས་མི་སྣང་མདུན་གྱི་ནམ་མཁའ་ལ། །བླ་མ་པད་ཞྭ་སེར་པོ་ཆོས་གོས་ཅན། །སྐྱིལ་མོ་ཀྲུང་གིས་བཞུགས་པ་ལམ་མེར་མཐོང་། །དེ་ནས་མི་སྣང་སུ་ཡིན་མ་ཤེས་པས། །བ་སོ་བ་ཞེས་ཟེར་བའི་སྒྲ་ཞིག་གྲག །ཕ་དེས་བྱིས་སྦའི་བདག་པོ་


CMR002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཟེར་ཡང་། །འདི་ནི་དགེ་ལུགས་བླ་མ་གཅིག་འདྲ་བས། །བདག་གིས་བདག་པོ་མི་སྤོབས་སྨྲས་ནས་བསྒྱུར། །དགེ་ལུགས་སུ་ཡིན་སྨྲ་དགོས་ནན་ཏན་ཆེ། །བླ་ཆེན་རྣམས་ལ་སྐུ་སྐྱེ་མང་པོ་དར། །རྔ་་སོ་བ་ཡི་ཕྱོགས་གཅིག་འདྲ་དོ་སྟེ། །འདི་ལ་བདག་པོ་འོང་ཤས་ཆུང་ཞེས་སྨྲས། །སྨྲས་པ་བཞིན་དུ་སྐུ་སྐྱེ་གཞན་ཞིག་བསྐོས། །བ་སོ་གོང་མའི་སྔོན་ལ་བ་སོ་བའི། །གདན་ས་ནོན་པའི་རབ་འབྱམས་ཁམས་ཆེན་ནི། །གཅིག་བྱུང་དེ་ཡི་སྐུ་སྐྱེ་ཡིན་པར་ཟེར། །དགོན་པ་གཞན་འགས་བདག་པོ་བྱེད་འདོད་ཀྱང་། །ཕ་དེ་ངན་པས་སུ་དང་འང་མ་འཆམས་ནས། །ཕ་ཡིས་ཁྲིད་ནས་ཀུན་ཏུ་འཆམས་བྱེད་ཅིང་། །རྗེས་གནང་ཞུ་མཁན་མང་དུ་ཡོད་ཙམ་བྱུང་། །ས་སྐྱ་པ་ཡི་སྐུ་སྐྱེ་ཡིན་ཟེར་བའི། །སྤྲང་ཕྲུག་གཅིག་ནི་སྒོ་རྩར་ཁྱེར་བྱུང་བ། །སྐུ་སྐྱེ་རེད་སོགས་ཅི་ཡང་མ་སྨྲས་ཤིང་། །རྨིས་བལྟས་བཟང་ཕྱིར་མར་གྲོག་གཅིག་བྱིན་པས། །ང་ཡིས་ཟེར་སྨྲས་མ་དེས་ཀུན་ལ་བསྒྲགས། །འོན་ཀྱང་ས་སྐྱ་པ་ཡི་བླ་མ་ཞིག །ཡིན་པའི་རྟགས་མཚན་སྔ་ཕྱིར་གསལ་བྱུང་བས། །རང་གི་ཉེར་གནས་ཡུན་རིང་བྱེད་དུ་བཅོལ། །ཁོ་ཁྱིམ་སྐུ་སྐྱེ་པདྨ་འོད་ཟེར་དང་། །སྒར་རྗེ་ཆོས་སྐྱོང་


CMR002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་སྐུ་སྐྱེ་གཉིས། །བརྟགས་པ་བྱས་ཚེ་ལུང་བསྟན་བྱུང་ཚུལ་སོགས། །ལོ་རྒྱུས་སོ་སོར་བྲིས་ནས་གཏད་པ་ཡིས། །ངེས་ཤེས་སྐྱེས་ཤིང་དོན་ལྡན་བསྟན་ལ་ཕན། །གོ་འཇོ་བླ་མ་ཉེ་མ་སེང་གེ་ཡི། །སྐུ་སྐྱེ་བདག་པོ་མ་བྱས་འབྲུག་པས་ཁྱེར། །མ་འཕྲག་ནད་མང་འདས་ལ་ཁད་ཟེར་བས། །ཡི་དམ་གསོལ་བཏབ་ཡིན་མིན་བརྟག་པའི་ཚེ། །ཉི་མ་སེང་གེའི་སྐུ་སྐྱེ་ཡིན་ཟེར་བའི། །ལུང་བསྟན་བྱུང་སྨྲས་གདན་དྲངས་གདན་སར་འཁོད། །བདག་གི་སློབ་མར་གྱུར་ཞིང་རྟེན་འབྲེལ་འགྲིགས། །གཞན་ཡང་ལྷ་སྟེང་འཇའ་མོ་སྐུ་སྐྱེ་དང་། །བརྒྱན་པ་སྐུ་སྐྱེ་ཚ་རུ་སྐུ་སྐྱེ་གཉིས། །ཁམ་སྨྱོན་པ་ཡི་དབོན་པོའི་སྐུ་སྐྱེ་དང་། །སེ་བོ་བླ་མ་ཚང་གི་སྐུ་སྐྱེ་དང་། །ཚེ་འབྲོམ་སྐུ་སྐྱེ་ལ་སོགས་སྐུ་སྐྱེ་འགའ། །སྔོན་ནས་སྐུ་སྐྱེ་ཡིན་པར་གྲགས་འདུག་པས། །སྐུ་སྐྱེ་ཡིན་མིན་བདག་གིས་བརྟག་དོན་མེད། །སོ་སོར་གང་ལ་གང་འདོད་དབང་ལུང་བྱས། །ལར་ནི་བདག་ལ་མངོན་ཤེས་མེད་པའི་ཕྱིར། །དབུས་ན་ཐམས་ཅད་མཁྱེན་པ་པཎ་ཆེན་གཉིས། །འཇིང་དུ་བཞུགས་པའི་རྒྱལ་བ་ཡབ་སྲས་རྣམས། །ད་ལྟ་བཞུགས་པའི་གཏེར་སྟོན་རྣམ་གཉིས་སོགས། །མངོན་ཤེས་ཡོད་ངེས་རྣམས་ལ་ཞུས་སྨྲས་


CMR002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དེ་དག་རྣམས་ལ་འབུལ་བ་མི་འབྱོར་ཞིང་། །ས་ཐག་རིང་དང་ཡུལ་མཐོ་ཞུ་སྟབས་དཀའ། །ཁྱོད་ཀྱིས་སྨྲ་དགོས་ཟེར་མཁན་མང་དུ་བྱུང་། །ངོས་དགའ་བྱས་ནས་མིན་ལ་ཡིན་སྨྲས་ན། །དཀོར་མང་བསྡུ་བས་སྦྱིན་བདག་ཐམས་ཅད་བསླུ། །དེ་ཡི་ཉེས་པ་ངོས་འཛིན་མཁན་ལ་འོང་། །སྐུ་སྐྱེ་ཡིན་ལ་མིན་ཞེས་སྐུར་བཏབ་ན། །བྱང་ཆུབ་སེམས་དཔའི་འགྲོ་དོན་སྒོ་འགགས་པས། །བྱང་ཆུབ་སེམས་དཔར་སྐུར་པ་བཏབ་པ་ན། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་གསུངས། །དེ་ཕྱིར་ངོས་འཛིན་ཡག་ཉེས་ཆེན་པོ་ཡིན། །ལར་ནི་མདོ་ཁམས་ཤར་གྱི་ཕྱོགས་འདི་ན། །སྐུ་སྐྱེའི་མིང་ནི་ཐོག་ཚད་ཐམས་ཅད་ལ། །ཀུན་གྱིས་དད་ཅིང་འབུལ་བ་མཛད་སྲོལ་དང་། །དེ་ཕྱིར་སྐུ་སྐྱེའི་མིང་ཐོག་ཤིན་ཏུ་མང་། །ལ་ལས་འདི་དག་ཕ་མའི་བརྫུན་སྨྲས་ཟེར། །ལ་ལས་འདི་དག་ཟ་འདྲེ་ཡིན་ནོ་ཟེར། །ལ་ལས་དུས་སྙིགས་བདུད་ཀྱི་ཆོ་འཕྲུལ་ཟེར། །ཀུན་ཀྱང་ཆུང་ངུའི་བྱིས་སྦ་ཡིན་ཟེར་དང་། །སེ་ར་གྲྭ་རིགས་ངོས་འཛིན་བྱེད་པ་སོགས། །རྟགས་མཚན་སྣ་རེ་ཀུན་ལ་བཤད་རྒྱུ་འདུག །ཁོ་བོའི་ལེགས་པར་དཔྱད་ན་འདི་ལྟ་སྟེ། །བསྟན་པ་སྤྱི་ཡི་བསྔོ་བ་ཐམས་ཅད་


CMR002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཞིང་ཁམས་སྐྱེ་བའི་བསྔོ་བ་མི་དར་བ། །དལ་འབྱོར་མི་ལུས་ཐོབ་པར་ཤོག་ཟེར་བ། །ཁོ་ན་འདུག་པ་བསྔོ་སྨོན་མཐའ་བཙན་ཕྱིར། །འདས་ཚད་སྐུ་སྐྱེ་འོང་བ་དེས་ལེན་སྙམ། །བདག་ནི་འཁོར་བའི་སྡུག་བསྔལ་འདི་ལ་སྐྱག །ལན་གྲངས་གྲངས་མེད་སྐྱེ་ཞིང་འཆི་ལ་འཚེར། །དེ་ཕྱིར་བདག་དང་བདག་གི་རྗེས་འཇུག་རྣམས། །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐོབ། །ད་རེས་ས་ཐོབ་མིན་པའི་དབང་གིས་ཡིན། །རབ་ཏུ་དགའ་བའི་ས་ཐོབ་ཡན་ཆོད་རྣམས། །ས་ཐོབ་འཇིགས་པ་ལྔ་དང་བྲལ་བའི་ཕྱིར། །འཁོར་བའི་སྡུག་བསྔལ་འདི་ལ་མི་སྐྲག་སྟེ། །འགྲོ་བའི་དོན་དུ་བསམ་བཞིན་སྐྱེ་བ་ལེན། །ཡུན་རིང་འགྲོ་དོན་མཛད་རྣམས་ཕྱག་གི་གནས། །དག་པའི་ཞིང་དུ་མངོན་པར་སངས་རྒྱས་ནས། །འགྲོ་བའི་དོན་དུ་ཆུ་ནང་ཟླ་བ་ལྟར། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་པ་རྣམས། །ཕལ་ཆེར་འགྲོ་བའི་སྐྱབས་གནས་དམ་པ་ལགས། །སྐྱེས་ཆེན་དམ་པའི་སྐུ་སྐྱེ་ཡིན་བརྫུས་ནས། །བསྟན་དང་འགྲོ་ལ་གནོད་ཚབས་ཆེན་པོ་རྣམས། །དེ་འདྲ་ལས་དབང་བདུད་ཀྱི་སྨོན་ལམ་སྟོབས། །གཅན་གཟན་རྒྱལ་པོ་སེང་གེ་ཤི་བའི་རོ། །བྱ་གཅན་སུས་ཀྱང་ཟ་བར་མི་འགྱུར་ཏེ། །རང་གི་


CMR002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ནས་འབུ་ཁོལ་ཕུང་པོ་ཞིག །དེ་བཞིན་ཤཱཀྱ་སེང་གེའི་བསྟན་པ་ལ། །བོན་དང་མུ་སྟེགས་སྐྱེ་བོ་ལ་སོགས་པ། །ཕྱི་རོལ་གཞན་གྱིས་བཤིགས་པར་མི་ནུས་ཏེ། །ཐུབ་པའི་ཉན་ཐོས་གཟུགས་ཀྱིས་བཤིགས་གསུངས་པ། །དེ་དོན་ཡིན་པར་ཀུན་གྱི་ཐུགས་ལ་གསལ། །གསལ་ཡང་བྱ་ཐབས་མེད་པར་ལས་ཀྱིས་དབང་། །དེ་ལྟར་སྐུ་སྐྱེའི་རིགས་ལ་བཟང་དང་ངན། །རྣམ་གྲངས་མང་ཕྱིར་དབྱེ་གསལ་དཀའ་ན་ཡང་། །ཡི་དམ་ལྷ་ནི་མངོན་ཤེས་དྲུག་དང་ལྡན། །དེ་ཡི་ལུང་བསྟན་བྱུང་ན་མི་བསླུ་བསམ། །དེ་ཕྱིར་བརྟག་པ་འགའ་རེ་བྱེད་དགོས་བྱུང་། །འཇང་གྲྭ་བླ་མ་ཀརྨ་དར་རྒྱས་ཀྱིས། །སྐུ་སྐྱེ་ཡིན་མིན་བརྟག་པ་གྱིས་གསུངས་ནས། །བཀའ་ཤོག་རྟེན་བཅས་ནན་ཏན་ཆེན་པོ་བྱུང་། །བརྟགས་པ་བྱས་ཚེ་ཉམས་ཀྱི་སྣང་བ་ལ། །འཇང་གྲ་ཀརྨ་དར་རྒྱས་སྐུ་སྐྱེ་ཡིན། །ཞེས་པའི་ལུང་བསྟན་བྱུང་ཞིང་དེ་རྗེས་ཀྱང་། །ཉམས་ཀྱི་སྣང་བར་ཡི་གེ་མཐོང་བ་ལ། །བླ་མ་དར་རྒྱས་ཀྱིས་ནི་སྐུ་སྐྱེ་དེ། །ཡིན་ངེས་ཟེར་བ་འདུག་པར་མཐོང་བ་དང་། །རྨི་ལམ་བཀའ་ཤོག་གཅིག་ནི་གཏད་བྱུང་བ། །སྐུ་སྐྱེ་དེ་ཡི་ཡེ་ཤེས་སྤྲུལ་བརྒྱུད་ཀྱི། །བསྟོད་པ་སྐྱེས་རབས་འདྲ་བ་འགའ་གདའ་


CMR002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དེ་ནུབ་གསལ་དེ་ཕྱིར་ནངས་བརྗེད་དེ་སོང་། །ཚིག་མཇུག་དོན་ཡོད་གྲུབ་པའི་སྤྲུལ་པ་ཡིན། །ཟེར་བ་གཅིག་ནི་གདའ་བ་དེ་ཡི་དོན། །སངས་རྒྱས་དོན་ཡོད་གྲུབ་པ་མ་ཡིན་ཏེ། །སྐུ་སྐྱེ་བྱོན་པའི་དོན་ནི་གྲུབ་པར་གོ །དེ་དོན་ཡི་གེ་གསལ་ཆ་རྒྱས་པར་བསྐུལ། །དེ་སྔོན་སྟག་ལུང་ཞབས་དྲུང་ལ་ཞུས་ཀྱང་། །གསལ་ཆ་ཅི་ཡང་མ་གསལ་ལུས་པར་སྣང་། །སྡེ་དགེ་གྲུབ་ཐོབ་པ་ཡི་སྐུ་སྐྱེ་ཞིག །ཡོད་ཀྱང་ཧ་ཅང་ངོས་འཛིན་གསལ་མ་བྱུང་། །རྒྱལ་བའི་དབང་པོའི་དྲུང་དུ་ཞུས་ན་ཡང་། །བདག་རྐྱེན་ཡག་པོ་གྱིས་ཤིག་གསུངས་ཙམ་ལས། །ཡིན་མིན་བཀའ་ཤོག་གསལ་པོ་མ་བྱུང་བས། །ཐེ་ཚོམ་ཁང་པ་ཞིག་ཏུ་བཀར་ནས་ཡོད། །ཡི་གེ་མི་འདོན་དཔེ་ཆ་བཀྲལ་བ་སོགས། །ཧ་ཅང་རྩུབ་དྲག་འཚོ་སྐྱོང་དཀའ་བར་ཡོད། །བརྟག་པ་གྱིས་ཟེར་ཁ་བཏགས་གསེར་ཐུམ་དང་། །རྟ་ཕོ་དང་བཅས་ཆ་འཕྲིན་གལ་ཆེན་བྱུང་། །ཉམས་ཀྱི་སྣང་བར་དགེ་སློང་གཞོན་ནུ་གཅིག །སྐུ་སྐྱེ་རེད་དེ་ཞེས་ཟེར་ཡང་ནི་ཐལ། །རྨི་ལམ་ས་སྐྱ་པ་ཡི་དགེ་སློང་འགས། །བླ་མ་གཞན་ལ་ཅུང་ཟད་གཤེ་ཞིང་གདའ། །ཨ་ཉོག་འདི་ལ་བལྟ་རོགས་གྱིས་དང་ཟེར། །བལྟས་པས་དུང་གི་མདོག་ཅན་གཅེར་བུ་ལ། །ངོ་


CMR002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེ་ལོང་ཆེན་པོ་བཀབ་ནས་གདའ། །མེ་ལོང་གསལ་བས་མཛེས་ཤིང་འཛུམ་པར་མཐོང་། །གཉིད་སད་རྨི་ལམ་སྐུ་སྐྱེ་དེ་ཡི་རྟགས། །དུང་མདོག་ཁ་སར་པཱ་ཎིའི་སྐུ་འདྲ་བ། །ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ཡིན་པའི་རྟགས། །མེ་ལོང་ཞལ་བཀབ་ངོས་འཛིན་མ་གསལ་རྟོགས། །རེད་དོ་བསམ་པ་ཡིད་ལ་གསལ་བར་ཤར། །དེ་ནས་གཉིད་པ་མ་ཡིན་ཡེངས་མི་སྐབས། །སྐུ་སྐྱེ་དེ་ཉིད་རང་མདུན་ཡོད་སྣང་བྱུང་། །ང་ཡི་མདུན་དུ་ཞོ་ནི་ཟོ་གང་དང་། །བཀྲ་ཤིས་རྫས་བརྒྱད་བཀྲམ་ནི་ཡོད་སྣང་ལ། །རིམ་བཞིན་སྐུ་སྐྱེ་དེ་ལ་འབུལ་རྒྱུ་ཡི། །བཀྲ་ཤིས་རྫས་བརྒྱད་ཚིགས་བཅད་ཡིན་སྣང་ལ། །བཀྲ་ཤིས་དང་པོའི་བཀྲ་ཤིས་པ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡིན། །ཟེར་བ་དེ་ལ་གྱེར་དབྱངས་རིང་བ་ཞིག །བྱེད་པ་འཁྲུལ་པའི་སྣང་བ་དེ་ཡར་ནས། །གཉིད་པ་མིན་ཀྱང་གཉིད་ལས་སད་ལྟར་གྱུར། །ཚེས་བཅུར་བརྟགས་པ་བྱས་པའི་ཕྱིར་ནངས་ལ། །མ་གཉིད་ཐུགས་དམ་བྱེད་ཅིང་ཡོད་པའི་ཚེ། །སྐུ་སྐྱེ་དེ་ཉིད་དྲུང་དུ་ཡོད་སྣང་ལ། །པད་ཞྭ་བཟང་པོ་གོས་ཆེན་ལ་བཟོ་ནས། །སྐུ་སྐྱེ་དེ་ལ་བཀོན་ནི་དགོས་གྱུར་འདུག །པད་ཞྭ་བཟོ་རྒྱུའི་གོས་ཆེན་བདག་གིས་


CMR002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གྲས། །དགེ་སློང་ཀརྨ་ཞེས་བྱར་གྲུབ་བཅུག་བསམ། །དེ་བ་མི་སྣང་འཇའ་ལྟར་ཡལ་བར་གྱུར། །དེ་དོན་ཡི་གེ་གསལ་བར་བྲིས་པ་དང་། །བླ་མ་ཀུན་བཟང་ཤེས་རབ་ཀྱིས་བསྐུལ་ནས། །སྐུ་སྐྱེ་དེ་ལ་བརྟན་བཞུགས་བྲིས་ནས་བསྐུར། །རྨི་ལམ་ལ་བརྟེན་སྐུ་སྐྱེ་ངོས་འཛིན་ནི། །བྱིས་པའི་ལོ་རྒྱུས་ཡོད་དམ་མེད་སྙམ་ན། །སྔོན་ཚེ་ཆོས་གྲགས་རྒྱ་མཚོའི་སྐུ་སྐྱེ་གཉིས། །གཅིག་ནི་ཀོང་པོ་གཅིག་ནི་ཁམས་སུ་འཁྲུངས། །སྒར་ཆེན་རྣམས་ཀྱིས་ཀོང་པོའི་དེ་དག་བདག །དེ་ཚེ་རྒྱལ་ཚབ་པ་ཡི་རྨི་ལམ་ལ། །ནུབ་ཀྱི་ཕྱོགས་སུ་སེང་གེ་གཅིག་འདུག་པ། །ཤར་གྱི་ཕྱོགས་ནས་འབྲུག་གཅིག་གྲག་པ་ཡིས། །ནུབ་ཀྱི་སེང་གེ་ཁྱི་རུ་གྱུར་པ་རྨིས། །དེ་ནས་ཁམས་ཀྱི་སྐུ་སྐྱེ་གདན་དྲངས་ནས། །ཁྲི་ལ་འཁོད་པ་མི་བསྐྱོད་རྡོ་རྗེ་ཡིན། །ཁོ་བོ་དེ་ལ་འགྲན་ཟླ་མ་མཆིས་ཀྱང་། །དེ་ཡི་རྗེས་འཇུག་ཡིན་པས་ཕྱོགས་མཐུན་ཙམ། །རྨི་ལམ་ལུང་བསྟན་འབྲས་བུ་ཡོད་དམ་མེད། །ཕྲན་ཚེགས་འགའ་རེ་རྣོ་ཚད་འདྲ་བས་གསལ། །སྔར་དུས་དུས་ནི་ཟང་ཟིང་ཆེ་སྐབས་སུ། །ལུང་པ་འདི་ལ་དགུ་གཏོར་སྒར་པ་ཡི། །གནོད་པ་འོང་དོགས་སྐྲག་འཇིགས་ཆེ་སྐབས་སུ། །ཀོང་པོ་མི་འོང་ཕར་ལོག་ངོས་


CMR002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོང་། །བསྡུ་གསོག་མི་ཐོན་བུད་མེད་གཅིག་གིས་ཟེར། །ཟེར་བ་བཞིན་དུ་དེ་དུས་མ་བྱུང་ངོ། །སྔར་དུས་སྒྲོལ་དཀར་བསྙེན་པའི་དུས་ཤིག་ལ། །ནུ་རས་སྐད་ཅིག་ཐམས་ཅད་དབང་བསྡུས་སོང་། །ཟེར་བའི་སྒྲ་ཞིག་ཐོས་པ་དེ་བཞིན་དུ། །རྒྱ་ནག་མཐའ་སོག་བཅས་པ་དབང་འདུས་སྐད། །བྱམས་པ་གླིང་གི་གུ་རུ་རྣམ་གཉིས་ལ། །རྒྱལ་པོ་ཡོན་མཆོད་བཀའ་བཀྱོན་བྱུང་བའི་དུས། །ཅིར་འགྱུར་བརྟག་པ་གྱིས་ཞེས་བརྟག་པའི་ཚེ། །ར་ཡ་མ་བཀོག་བར་དུ་ཁས་མི་ཉན། །ཟེར་བ་བྱུང་ལྟར་ཤནྟཾ་བྷ་དྲ་ནི། །རང་དབང་མེད་པར་དབུས་སུ་ཁྱེར་སོང་ངོ། །དེ་དུས་རང་གི་དབོན་པོ་རྩིས་ཆེན་སོགས། །མཉམ་དུ་འགྲོ་དགོས་མགོ་ནི་མི་ཐོན་དོགས། །བསྲུང་བའི་སྔགས་དམིགས་གཟབ་ཚེ་རྨི་ལམ་ལ། །ནུས་པའི་མཐུ་ཡིས་བར་ཆད་རྐྱེན་ངན་ཟློག །ཅེས་གསུངས་གསུངས་པ་བཞིན་དུ་མགོ་ཐོན་བྱུང་། །དེ་དུས་སརྦ་བེད་ཀྱི་སྐུ་ཆུས་བརྟག །ལྟ་ནི་ཕོད་པ་མེད་དོ་གསུངས་པ་ལྟར། །བཙན་དྲག་ཤིན་ཏུ་ཆེ་བ་ལོ་མང་སོང་། །རྨི་ལམ་རྣ་བས་ཐོས་ཤིང་ངག་གིས་སྨྲས། །བདུད་འདུལ་རྡོ་རྗེ་མི་འགྱུར་རྡོ་རྗེ་གཉིས། །ཨོ་རྒྱན་སྤྲུལ་པ་ཡིན་པར་ཁྱད་མེད་ཀྱང་། །དབང་དྲག་རྒྱ་


CMR002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་འདི། །རང་གི་བླ་མ་ཡིན་ཕྱིར་ཀཿཐོག་ངོས། །སྤྲུལ་སྐུ་འདི་ལ་ལྷག་པར་དད་པར་འདུག །ཅེས་སོགས་བཞིན་དུ་ཀ༔ཐོག་ངོས་དེ་རུ། །དད་པ་ཆེ་ཞིང་གནམ་ཆོས་ཉམས་ལེན་དར། །སྔོན་ཚེ་ས་མོ་ཡོས་ཀྱི་ལོ་འགོ་ནས། །མགོན་པོའི་སྤྱི་མདོས་བཅས་པའི་དུས་ཆེན་ཚེ། །ཉམས་ཀྱི་སྣང་བར་ཡི་གེ་གཅིག་མཐོང་བ། །བཛྲ་དྷརྨ་དྷརྟུའི་བསྟན་པ་ནི། །ད་ནས་བཟུང་སྟེ་དར་བར་མི་གྱུར་ཏེ། །ན་ར་ཀན་འདི་བེར་ནག་ཅན་གྱི་མནའ། །ཟེར་བ་འདུག་ཅིང་ཡང་ནི་ཉམས་སྣང་ལ། །ད་ལོ་ནས་བཟུང་ཀརྨའི་བསྟན་པ་དར། །སང་ཕོད་ནས་ནི་རབ་གཅིག་དར་བ་དང་། །གནང་ཕོད་ནས་ནི་དར་ཞིང་རྒྱས་གསུངས་ལྟར། །རྒྱས་དམ་ཕྱོགས་སུ་ལོ་ངོ་ཕྱེད་དྲུག་ཙམ། །ཡབ་སྲས་ཐམས་ཅད་ཞལ་རྒྱས་བསྟན་པ་དར། །དེ་ཚེ་རྒྱལ་བའི་དབང་པོ་ཉིད་ཀྱིས་ཀྱང་། །ཡབ་སྲས་ཐམས་ཅད་ཞལ་རྒྱས་སྐུ་ཁམས་བཟང་། །བསྟན་པ་དར་བ་འདི་ག་ཡིན་གསུངས་སྐད། །བདག་གི་སྐྱབས་གནས་ལྷོ་པ་སྤྲུལ་པའི་སྐུ། །གདུལ་བྱ་ལོངས་སྤྱོད་ཤིན་ཏུ་ཆེ་བ་དང་། །ཆོས་སྐྱོང་འབབ་པ་འདི་ལ་ཕལ་ཆེར་སྐྲག །དད་པ་ཅུང་ཞིག་ཆུང་དུ་འགྲོ་ཟེར་བའི། །ལུང་བསྟན་ཐོས་ལྟར་འབྲི་གུང་


CMR002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་གི །སྤྲུལ་སྐུ་རིགས་ཀྱི་བདག་པོར་གྱུར་པ་དང་། །བཀའ་འགྱུར་བཞེངས་སོགས་གདུལ་བྱ་ཕྲིན་ལས་ཆེ། །འགའ་ཞིག་ཆོས་སྐྱོང་བསྟན་ལ་གཤེ་བའང་ཐོས། །ཡང་ནི་དཔོན་རིགས་བཙན་དྲག་གཏུམ་པོ་ཞིག །རང་ལ་མ་དགའ་འདུག་ཟེར་སྐྲག་པའི་ཚེ། །ཉམས་སྣང་མི་དོགས་ཟེར་བའི་སྒྲ་གྲག་པ། །གནོད་པ་མ་བྱུང་དེ་ཡང་ཐོག་ཏུ་བབ། །མ་ཧཱ་རཱ་ཛར་ཆེན་པོར་ཐམས་ཅད་ཞད། །རང་ལ་གནོད་དོགས་བརྟགས་པ་བྱས་པའི་ཚེ། །པདྨ་འབྱུང་གནས་བྱིན་རླབས་རྟེན། །འཇའ་ལྟར་ཤར་ཡང་སྐྱོན་མི་འོང་། །ཞེས་པའི་སྒྲ་ཐོས་བཞིན་དུ་ལོ་བརྒྱད་གྱུར། །དེ་ཡི་གནོད་པ་ཅུང་ཟད་མ་བྱུང་ངོ། །དེ་མོ་བ་ལ་རྒྱབ་ནས་ཐལ་ཟེར་བས། །སྒྲ་ཞིག་ཐོས་ནས་ལོ་ནི་འགའ་ཟུང་ནས། །དེ་མོ་སྤྲུལ་སྐུ་གློ་བུར་རྐྱེན་གྱིས་གཤེགས། །བཀའ་ཐང་སྡེ་ལྔ་ནང་ནས་ལུང་བསྟན་པའི། །སྤྱན་བཞི་རྒྱལ་པོ་ཟེར་བའི་རྒྱལ་པོ་དེ། །ནུ་རའི་རྒྱལ་རྒྱུད་རྒྱ་ནག་རྒྱལ་པོ་འདི། །ཡིན་མིན་བརྟག་ཚེ་ཉམས་རྨི་འདྲེས་པའི་སྐབས། །མི་རྩུབ་ཟེར་བའི་སྒྲ་ཞིག་ཐོས་པ་དང་། །དང་པོ་ཐང་སྐུ་འདྲ་བ་ཡིན་པ་ལ། །དེ་ནས་ཐང་སྐུ་མ་ཡིན་ཨོ་རྒྱན་དངོས། །ཆེ་ཆུང་ཁང་རྩག་ཙམ་པ་ཤིན་ཏུ་


CMR002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །འཇའ་ཤར་ལྟ་བུ་དང་བ་འདྲེན་པ་མཇལ། །སྤ་སྐྱ་ཁ་རུ་དགེ་ཁང་བྱེད་བཅོལ་ན། །ཆགས་སམ་མི་ཆགས་བརྟགས་པ་བྱས་པའི་ཚེ། །དགོན་ཆགས་ཟེར་བ་ཉམས་ཀྱི་སྐབས་ལ་ཐས། །ཨཱརྱ་དེ་ཝ་ལོ་ནི་འགའ་ཟུང་ལ། །ཇི་ལྟར་འགྱུར་ཞེས་བརྟགས་པ་བྱས་པའི་ཚེ། །བསྟན་པ་ཉི་མ་ཤར་ལྟར་འོང་ཟེར་དང་། །རང་གི་བསྲུང་བྱ་དམིགས་ཡུལ་གཅིག་ཡོད་པ། །གཙོ་ཆེ་རྩེ་མ་འོང་ཞེས་ཟེར་བ་ཡང་། །ལོ་འགའི་བར་དུ་དེ་ག་མངོན་དུ་གྱུར། །དེ་སོགས་ཕྲན་ཚེགས་བྲི་བར་མི་ལོང་སྟེ། །འདི་འདྲ་བྲི་བའི་དོན་ཆེན་མ་མཆིས་ཏེ། །སྔ་བཏང་དེ་དག་ཐོག་ཏུ་ཕེབས་པའི་ཕྱིར། །ཕྱི་བཏང་གཞན་ཡང་སྟེང་དུ་འགྲོའམ་སྙམ། །དེ་ལྟར་ཚད་ཕུ་དགོས་དོན་ཅི་ཞེ་ན། །སྔོན་བྱོན་གཏེར་ཁ་གསར་རྙིང་མང་པོ་ཡང་། །ཨོ་རྒྱན་བཀའ་ལ་འཁྲུལ་པ་མེད་མོད་ཀྱང་། །ལུང་བསྟན་བཟང་པོ་ཡོད་པ་འགའ་ཞིག་ཀྱང་། །རྟེན་འབྲེལ་མ་འགྲིགས་ངན་པར་གྱུར་པ་དང་། །ལུང་བསྟན་ངན་པ་འོང་རྒྱུ་འགའ་ཞིག་ཀྱང་། །རིམ་གྲོས་འགྱུར་ནས་སྐྱོན་མེད་བྱུང་བ་མང་། །དེ་ཕྱིར་འགའ་ཞིག་ཁྲིག་གེར་མ་བྱུང་ཡང་། །ཐམས་ཅད་བརྫུན་སྙམ་ལོག་ལྟ་བྱ་མི་རུང་། །སྔགས་པ་ཞིག་གི་བུ་གཅིག་ཚེ་


CMR002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བྱས། །དེ་ཉིད་གར་སྐྱེས་ནན་ཏན་ཆེན་པོས་དྲིས། །མི་ཤེས་ཤི་ལོག་པ་ལ་དྲིས་བྱས་ཀྱང་། །ཁྱོད་ཀྱི་སྨྲ་དགོས་ཟེར་ནས་ཨུ་ཚུག་ཆེ། །བུ་དེ་ཚེ་སྔོན་ལས་སྒྲིབ་ཤིན་ཏུ་ཆེ། །གླང་བུ་དམར་པོ་རྐང་ལག་ཁྲ་རིས་ཅན། །དེ་འདྲ་གཅིག་ཏུ་སྐྱེ་བར་འདུག་གོ་སྨྲས། །དེ་ནས་འཕོས་ནས་སྐྱེ་གནས་ཇེ་མཐོའི་ཕྱིར། །དགེ་བསྐུལ་དགེ་བ་འགའ་རེ་ལུང་བསྟན་བྱས། །སྔགས་པའི་མ་ཇོ་བླ་མའི་མ་ཡུམ་ཞིག །ཤི་བས་བདག་ལ་འབུལ་བ་ཚན་ཆེན་བྱས། །འཕོ་བ་རྒྱང་འདེབས་གྱིས་ལ་ལུང་བསྟན་ཟེར། །ཕྱི་དབུགས་ཆད་མ་ཐག་ནས་འོག་སྒོར་འཕོས། །རེ་ཞིག་དམྱལ་བའི་གནས་སུ་སྐྱེ་ལྟས་མཐོང་། །ངན་སོང་སྦྱང་ཐབས་འགའ་རེ་ལུང་བསྟན་བྱས། །ལོ་གཉིས་ཙམ་ཞིག་སོང་ནས་ཡི་གེ་བརྒྱུད། །སྒྲིབ་སྦྱོང་དེ་དག་ཐམས་ཅད་ཚར་ཡོད་པས། །ད་ནི་གར་སྐྱེས་སྨྲ་དགོས་ནན་གྱིས་ཟེར། །ད་ནི་དམྱལ་བའི་གནས་ནས་ཡར་ཐར་ཏེ། །མི་རུ་སྐྱེ་དབང་ཡོད་དེ་སྐྱེ་འཚེར་ནས། །ཕག་མོའི་ཡང་འཁོར་མཁའ་འགྲོའི་གྲལ་དུ་ཡོད། །གསོན་པོ་རྣམས་ལ་སྲུང་སྐྱོབ་ནུས་པར་འདུག །ཐོག་མ་ཉིད་ནས་རིགས་བཟང་ཡིན་པར་གདའ། །ཅེས་སྨྲས་དེ་སྔོན་བླ་རྒན་གཅིག་གིས་


CMR002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །མ་ཡུམ་འདས་ཁར་ཆོས་བཀའ་དགེ་ལས་ཆེ། །ཁྱད་པར་ཀུན་རིག་ཚན་ཆེན་དེ་ལ་བསྔོས། །དེ་ཉིད་གར་སྐྱེས་བརྟག་ཅེས་བཀའ་ཤོག་བྱུང་། །དེ་ནི་ཉེ་དུ་རྣམས་ལ་སེམས་ཆགས་ནས། །རང་གི་ཉེ་དུ་གཅིག་གི་བུ་མོར་སྐྱེས། །དེ་ནས་འཕོས་ནས་དགེ་བའི་ར་མདའ་བསླེབས།།དེ་ནས་ཡུལ་དེར་དཔོན་ཕྲན་གཅིག་གི་བུར། །སྐྱེ་བའི་ལྟས་མཐོང་སྨྲས་ནས་ཡི་གེར་བསྐུར། །ཡང་ནི་བླ་བརྒྱུད་ཡོད་པའི་བླ་མ་ཞིག །འདས་པ་གར་སྐྱེས་བརྟག་པ་བྱེད་དགོས་ཟེར། །བླ་མ་དེ་ཉིད་མི་རུ་སྐྱེས་ནས་ཀྱང་། །ད་ལྟའི་དད་པ་སྨོན་ལམ་རྟེན་འབྲེལ་གྱིས། །ཡབ་སྲས་ཞིག་གི་དྲུང་སྐོར་སྐྱེ་ལྟས་མཐོང་། །དཔོན་རྒན་ཡིག་དྲུག་མང་དུ་ཐོན་པ་ཡང་། །གདུང་རྒྱུད་བཟང་ཕྱིར་དག་པའི་ཞིང་ཁམས་སུ། །སྐྱེས་སོ་སྙམ་ནས་གར་སྐྱེས་ལུང་བསྟན་ཟེར། །ད་རུང་ཉོན་མོངས་སྒྲིབ་པ་ཆེ་ཟེར་བའི། །ལུང་བསྟན་བྱུང་ཕྱིར་སྨྲ་རྒྱུ་མ་རྙེད་ལུས། །དེ་བཞིན་སྐྱེ་གནས་བརྟག་པ་ཞུ་མི་མང་། །ལ་ལ་མ་གསལ་ལ་ལ་གསལ་ན་ཡང་། །བཤད་ཉན་མ་བྱུང་སྐྱུར་ནས་བཞག་དགོས་བྱུང་། །བླ་མ་དགེ་བཤེས་བགྲེས་པོ་ཞིག་འདས་པར། །བརྟག་པ་གྱིས་ཟེར་བརྟགས་པས་ཉམས་སྣང་ལ། །ནུབ་


CMR002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནམ་མཁའི་མཐའ་ནི་ཕོ་ཟད་ན། །འཇའ་ཡི་གུར་ཁང་ཟླུམ་པོ་ཞིག་འདུག་པའི། །དབུས་ན་ཐིག་ལེ་དམར་པོ་ཆེན་པོ་ཞིག །མཐོང་བ་ཙམ་གྱིས་སེམས་ལ་དགའ་བདེ་སྐྱེས། །ལོ་འགའི་བར་དུ་བླ་མ་དེ་ཉིད་ལ། །བདེ་བ་ཅན་དུ་སྐྱེ་བའི་གདམས་ངག་བྱིན། །ཁོང་གི་ཉམས་ལེན་རྩེ་གཅིག་བྱས་པའི་རྟགས། །འདས་ཁ་ང་ཡི་ཆོས་གོས་འདི་ལ་སོགས། །འབུལ་བ་ཀརྨ་ཆགས་མེད་དྲུང་དུ་སྐྱོལ། །ང་ལ་ཁོང་ནི་བཀའ་དྲིན་ཆེ་གསུངས་སྐད། །ཁོང་གིས་བདེ་ཆེན་ཞིང་ཁམས་ཐོབ་བམ་སྙམ། །རང་ལོ་རེ་གཉིས་ལོན་པ་ལྕགས་ཁྱི་ལོར། །ཨ་མོ་གྱ་བརྒྱད་ལོན་པ་ཚེ་དུས་བྱས། །འཕོ་བ་ཐེབས་ཀྱང་ཐེབས་རྟགས་མ་གསལ་བས། །སྣ་བུག་ཆུ་སེར་འདྲ་ཞིག་ཐིགས་བྱུང་ཟེར། །ད་རུང་མི་ཡི་སྐྱེ་བ་ལེན་དགོས་པའི། །ལས་འཕྲོ་ཡོད་པ་འདྲ་སྙམ་བློ་མ་བདེ། །དང་པོ་ནུབ་པར་ཉམས་དང་རྨི་ལམ་མཚམས། །ད་རུང་བུ་མོ་མཛེས་མ་རིགས་བཟང་དུ། །སྐྱེ་དགོས་ཟེར་བའི་ལུང་བསྟན་གཅིག་ཀྱང་བྱུང་། །ཕྱིར་ནུབ་གཟུགས་ནི་གསལ་པོར་མ་མཐོང་བར། །སྐད་ངོ་ཤེས་པ་གྲྭ་ཁྲིའི་རྩ་རུ་བྱུང་། །ང་ལ་ཕྱག་དབང་གནོང་ཞེས་ཟེར་བ་ལས། །མོ་རང་ཤི་བ་ཡིན་པར་ངོ་


CMR002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞིན་ཕྱག་དབང་ཞུ་བའི་བག་ཆགས་རེད། །བསམ་ཞིང་ལག་པ་བསྐྱངས་ནས་ཕྱག་དབང་བྱས། །ཞག་བཅུ་ནུབ་པར་གསོན་དུས་དངོས་ལྟར་དུ། །ཨ་མ་མདུན་དུ་བྱུང་བ་ཤེ་བར་ངེས། །ཁྱོད་རང་བདེ་བ་ཅན་དུ་སོང་ཞིག་སྨྲས། །ཚེས་བཅུ་བླ་གླུད་ཟས་བསྔོ་རྒྱས་པའི་ནུབ། །ཨ་མ་སྔར་དུས་གཞོན་ནུའི་ལུས་དེ་ལ། །རྒྱན་དང་གོས་ཡང་གཞོན་ནུའི་དེ་དང་མཚུངས། །སྟེགས་ནི་མཐོན་པོའི་ཁ་ན་འདུག་པ་སྟེ། །དགའ་ཞིང་ཡར་ལ་ཡུད་དེ་སོང་བ་རྨིས། །བླ་གླུད་ཟས་བསྔོས་བླ་དེ་ཤིན་ཏུ་དགའ། །རང་གི་བསྒྲིགས་པའི་བླ་གླུད་ཟས་བསྔོ་དེར། །ཕན་ཡོན་ཆེན་པོ་གདའ་བའི་ངེས་ཤེས་ཐོབ། །བདུན་ཕྲག་ལྔ་ཙམ་འགྲོ་ལ་ཁད་ཀྱིས་དུས། །ཆོས་དབང་ཀུན་བཟང་སྐུ་ནི་པད་དབོང་འདྲ། །གསུང་ནི་སྐད་ངོ་ཤེས་པར་ཆོས་དབང་ཉིད། །ཨ་མ་ཨ་མ་ཟེར་ཞིང་ཚོར་ཞིང་རྒྱུག །བདག་གིས་ཅི་ཡིན་ཅི་ཡིན་སྨྲས་ན་ཡང་། །ཁ་ལེན་མི་བྱེད་ང་ལ་གཡུལ་དོ་བས། །ཆོས་དབང་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཨ་མ་འདྲེན་ཕྱིར་འོང་བ་ཡིན་པར་ཤེས། །དེ་སྔོན་ནུབ་གཅིག་ལུང་བསྟན་སྒྲ་གྲག་པ། །བདེ་བ་ཅན་ནི་སྐྱེ་བར་ཐེ་ཚོམ་མེད། །ཟེར་བ་བྱུང་ཡང་ད་རུང་བར་ཆད་


CMR002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །དེ་རྒྱབ་ཨ་མའི་གཟུགས་ནི་མ་མཐོང་ཡང་། །སྐད་ངོ་ཤེས་པར་ངུ་སྐད་ཨ་ཁ་ཁ། །བདེ་བ་ཅན་ན་སྐྱེ་ཁེས་ཉན་ལེ་མེད། །ཟེར་བ་སྐད་ཅིག་རྣ་བའི་ཡུལ་དུ་ཐོས། །བདུན་ཕྲག་དྲུག་ནུབ་བརྟགས་པ་བྱས་པའི་ནུབ། །རྒྱལ་བའི་དབང་པོའི་ཡུམ་དང་ལྕམ་སྲིང་གཉིས། །མ་ཇོ་ཡིན་སྙམ་རྒྱན་ལྡན་ཌཱཀྐི་མཇལ། །དེ་རྗེས་བུད་མེད་དཀར་མོ་ཤིན་ཏུ་མཛེས། །བལྟ་བས་ཆོག་མི་ཤེས་པ་ཞིག་དང་ནི། །མཁའ་འགྲོའི་རྟགས་མཚན་ཤིན་ཏུ་མང་བར་བྱུང་། །ནུབ་གཅིག་དགོན་པ་རྣམས་ནི་ཕལ་ཆེར་ལ། །ལྷ་མོ་ཟེར་བ་རེ་རེ་གདའ་ལེ་ཞེས། །ལྷ་མོའི་རིགས་གཅིག་ལ་ནི་སྐྱེ་སྐད་ཟེར། །མོ་རང་སྔོན་ནས་རིགས་བཟང་ཡིན་འདུག་པས། །གྲོགས་མོ་ཀུན་གྱིས་མི་བཏང་བཤོལ་བ་འདྲ། །དེ་ལྟར་དགོངས་ཞག་ནང་དུ་སྐྱེ་མ་ཐུབ། །ཨ་མ་དེ་ཡིས་ཡིག་དྲུག་དུང་ཕྱུར་ཐོན། །དཀོར་ཟོས་མ་གཏོགས་སྡིག་པ་ཅི་ཡང་མེད། །གསར་རྙིང་དབང་ནི་བརྒྱ་སྟོང་དུ་མ་ཐོབ། །བདག་གི་དགོངས་ཞག་བཟུང་ཞིང་བསྔོ་སྨོན་གཟབ། །ཨ་མ་བདེ་བ་ཅན་དུ་མ་ཕྱིན་ན། །བན་རྒན་ཆགས་མེད་བདག་གིས་སྐྱག་པ་ཟོས། །སྙམ་ནས་སེམས་ཡང་རབ་ཏུ་སྡུག་པར་གྱུར། །སླར་ཡང་


CMR002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་དམིགས་པ་རྩེ་གཅིག་གཟབ། །ཤི་ནས་ཞག་གྲངས་བདུན་ཅུ་དོན་དྲུག་ལ། །བཅོ་ལྔ་ལྷ་ལས་བབ་པའི་དུས་ཆེན་ནུབ། །འགྲིམ་པ་མེད་ཅིང་ཐུགས་དམ་འཕེལ་བའི་སྐབས། །བརྟག་པ་བྱས་ཚེ་དེ་ནུབ་རྨི་ལམ་ལ། །བདེ་བ་ཅན་དུ་སྐྱེ་ངེས་ཟེར་བ་དང་། །ཐོ་རངས་རྨི་ལམ་མ་ཡིན་ཉམས་སྣང་ལ། །ཨ་མ་བདེ་བ་ཅན་དུ་ཕྱིན་ཚར་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །སྐོར་བ་མང་པོ་བསགས་ནས་ཡོད་ཟེར་བའི། །ལུང་བསྟན་བྱུང་ཡང་ད་རུང་ཞིང་ཁམས་དེར། །ལུས་ནི་བླང་ནི་ཚར་བ་ཡིན་ནམ་སྙམ། །དེ་ནས་ལྕགས་ཕག་ཟླ་བའི་ཚེས་ཁ་གསལ། །ཨ་མས་སྐྱེ་བ་བླངས་སམ་བརྟགས་པ་བྱས། །བདེ་ཆེན་ཞིང་གི་སྒྲུབ་ཐབས་དཔེ་ཆ་ཞིག །རང་གི་ལག་ཏུ་གདའ་བའི་རྨི་ལམ་མཐོང་། །སླར་ཡང་ཚེས་བདུན་ནུབ་པར་བརྟགས་པ་བྱས། །རྨི་ལམ་མ་ཡིན་ཉམས་ཀྱི་སྣང་བ་ལ། །བར་སྣང་མིག་ལམ་ཡི་གེ་མང་པོ་དོད། །གཞན་ཚོ་ཡིད་ལ་ཅི་ཡང་མ་ཟིན་ཏེ། །ཨ་མ་བདེ་བ་ཅན་དུ་སྐྱེས་ཚར་ནས། །ཞག་གསུམ་རེད་ཅེས་ཟེར་བ་གསལ་པོར་གདའ། །དེ་རུ་ལུས་བླང་ཚར་ནས་ཕྱིར་མི་ལྡོག །དེ་ཕྱིར་དེ་ཕྱིས་བློ་སེམས་བདེ་བ་བྱུང་། །


CMR002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བུ་ཆེན་ཡིན་པའི་ལྷ་རྗེ་ཞིག །གཅོང་ནད་ཅི་བྱས་མ་དྲག་འདུག་པ་ལ། །ད་ནི་ཅི་བྱ་དགོངས་པ་གནང་དགོས་ཟེར། །ད་ནི་ཕན་ཅིང་བདེ་བའི་རེ་བ་བསྐྱུར། །གཏོང་ལེན་དམིགས་པ་སྒོམ་ཞིང་ངོ་བོ་ལྟོས། །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཐོབ། །དེ་སྐད་སྨྲས་པས་དེ་འདྲ་ལོ་འགའ་བྱས། །ཤི་ཁ་ཐུགས་དམ་འདུག་ཤོམ་བྱས་འདུག་པ། །ཤི་ཁ་སྔས་མགོར་བླ་མ་ཞིག་ཕེབས་པས། །སྐྱེ་བོ་ཐུགས་དམ་འདུག་རྒྱུ་མེད་གསུངས་ནས། །ཁོ་ཡང་ཐེ་ཚོམ་ངང་དུ་ཚེ་དུས་བྱས། །དེ་ནས་ཐུགས་དམ་ཡང་ནི་མ་ཟིན་ཅིང་། །དེ་ཉིད་གར་སྐྱེས་བརྟག་པ་བྱེད་དགོས་ཟེར། །ཟླ་བ་དྲུག་བདུན་ཙམ་ལ་མ་གསལ་ཏེ། །ཡུན་རིང་བསྔོ་བ་སྨོན་ལམ་བྱས་པའི་མཐར། །ད་ནི་བདེ་བ་ཅན་དུ་སྐྱེས་ཡོད་དེ། །ད་རུང་མེ་ཏོག་ཁ་ནི་མ་བྱེ་ཞེས། །ལུང་བསྟན་བྱུང་བ་ཐེ་ཚོམ་སྐྱོན་དུ་གོ །མེ་ཏོག་ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་པར་གྱུར་ན་ཡང་། །ལོ་གྲངས་ལྔ་བརྒྱར་སངས་རྒྱས་ཞལ་མི་མཐོང་། །དེ་ཕྱིར་ཞིང་དེར་སྐྱེ་བར་འདོད་པ་ཀུན། །སྐྱེའམ་མི་སྐྱེ་ཐེ་རྩོམ་སྤང་གལ་ཆེ། །མདོ་ནས་གསུངས་དང་ལུང་བསྟན་འདི་གཉིས་


CMR002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །རང་ཉིད་འདུག་པའི་ཡུལ་ཕྱོགས་འདི་ཉིད་ཀྱི། །དཔོན་པོ་ལོངས་སྤྱོད་ཆེན་པོ་ལྡན་པ་ཞིག །རང་ལ་དད་འདུན་ལྡན་ཞིང་དབང་ཡང་ཞུས། །པདྨ་འོད་འབར་ཐུགས་དམ་ཚག་མེད་དང་། །ཨོ་རྒྱན་སྟོང་སྐུ་ལ་སོགས་ལྷ་ཁང་བཞེངས། །དེ་ཉིད་གཞོན་ནུར་གློ་བུར་ནད་ཀྱིས་འདས། །བདག་ལ་འབུལ་བ་བཟང་པོ་ཚན་ཆེན་དང་། །བུམ་སྒྲུབ་པ་ལའང་ལོ་ཕོག་ཙམ་ཞིག་རྒྱབ། །གཞན་ཡང་རི་བཤུ་ལ་སོགས་དགེ་སྟོབས་ཆེ། །དེ་ཉིད་སྐྱེ་གནས་ལུང་བསྟན་བྱ་དགོས་ཟེར། །ང་ལ་མངོན་ཤེས་མེད་པས་ལུང་བསྟན་མེད། །འཇམ་དབྱངས་གསུངས་པའི་རྒྱ་ནག་རྩིས་གཞུང་ལས། །སྐྱེ་གནས་བཟང་ངན་སྐྱེ་སྒོ་ཆོད་ཐབས་སོགས། །འདི་ལྟར་འདུག་ཅེས་ཡི་གེ་བསྐུར་བ་ལ། །སྐྱེ་སྒོ་ཆོད་ན་ཐམས་ཅད་ཚར་ནས་ཡོད། །ད་ནི་གར་སྐྱེ་བརྟག་པ་བྱ་དགོས་ཟེར། །ཟླ་བ་དྲུག་བདུན་ཙམ་ལ་ཐག་མ་ཆོད། །དེ་ནས་ཡི་གེ་བསྐུར་བའི་དོན་རྩ་ནི། །དཔོན་པོའི་གདུང་རུས་འདི་ན་བསྐུར་བྱུང་དུས། །དཔོན་ཉིད་འདི་རུ་ཕེབས་ནས་བྱུང་གྱུར་ཏེ། །ང་ཡི་གཡས་ངོས་ཕུག་པ་འདི་ཡི་ནང་། །ཞག་གསུམ་ཙམ་ཞིག་བཞུགས་པའི་འཁྲུལ་སྣང་ཤར། །དེ་ཚེ་བསྔོ་སྨོན་དམིགས་པ་ཤིན་ཏུ་གཟབ། །


CMR002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ན་བདེ་བ་ཅན་གྱི་ཞིང་ཁམས་སམ། །དེ་ལྟར་མིན་ཀྱང་ཟངས་མདོག་དཔལ་རི་རུ། །ཨོ་རྒྱན་དྲུང་དུ་ལུང་བསྟན་ཡང་ཡང་བྱས། །ཁོ་རང་བྱོན་ན་རང་དབང་ཆེ་འདུག་སྟེ། །ས་ཕྱོགས་འདི་ཡི་སྡེ་ལ་ཆགས་ཞེན་ཆེ། །ཞིང་ཁམས་དེ་དག་ས་ཐག་རིང་བ་སྟེ། །ཇི་ལྟར་བྱས་ཀྱང་འབྱོན་ཤེས་མི་ནུས་སྙམ། །ས་ཕྱོགས་འདི་རུ་འཁོར་ཞིང་སྒོ་རོ་རོ། །རྟ་ཡི་ལུང་པའི་སྨད་ཀྱི་ས་ཕྱོགས་སུ། །དུད་སྙོམས་ཤིག་གི་བུ་ལ་སྐྱེ་ཤོམ་བྱས། །འོན་ཀྱང་རྟེན་འབྲེལ་མ་འགྲིགས་ག་དལ་བོར། །ལོ་ངོ་ཙམ་ན་ལུས་ནི་མ་བླངས་པས། །ད་བར་ཡི་གེ་བསྐུར་རྒྱུ་མ་རྙེད་དོ། །ད་ནི་དབུས་གཙང་སྐྱི་ཤོད་སྡེ་ཕ་ཡི། །སྲས་སུ་འཁྲུངས་ནས་ཚེ་ལ་བར་ཆད་མེད། །སྦྱིན་པ་གཏོང་མཁན་ཡོན་བདག་ཕྱུག་པོར་གྱུར། །ཞེས་པའི་དོན་དེ་ཡི་གེ་བསྐུར་བྱས་པའི། །མ་དེས་སེམས་བདེ་མྱ་ངན་སང་ཞེས་ཐོས། །སྔ་ཕྱིས་དགེ་རྩ་རླབས་ཆེན་འགྲུབ་བོ་སྐད། །སྔོན་ཞིག་དགེ་སློང་སྔགས་འཆང་གཅིག་གིས་ནི། །ཁོང་གི་གཉེན་འདུན་ཚེ་འདས་གླེ་ཞིག །དགེ་རྩ་ཆེར་བྱས་ཆོ་ག་དཔག་མེད་བཏོན། །ད་རེས་ཁྱོད་ལ་འབུལ་བ་བྱང་ཞུས་ཡིན། །ཁོང་གིས་སྙིང་ལས་གཅེས་ཤིང་མི་བཟོད་པས། །དེ་ཉིད་


CMR002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གར་སྐྱེས་བརྟག་པ་བྱེད་དགོས་ཟེར། །དེ་ཉིད་མི་ལུས་གཙང་མ་ཐོབ་གྱུར་ཏེ། །ང་ཡི་སློབ་མ་ཞིག་དང་འཕྲད་ནས་ཀྱང་། །ང་ཡི་ཆོས་ལུགས་སྔགས་ཆོས་ཉམས་ལེན་འགྱུར། །དེ་སྐད་སྔ་མོའི་དུས་ཤིག་སྨྲས་པ་དྲན། །ཐག་རིང་ཞིག་ནས་རང་ལ་དབང་ལུང་འགའ། །ཞུས་པའི་བླ་ཆེན་ཞིག་གིས་རྩ་བ་བྱས། །འདི་གཉིས་གར་སྐྱེ་བརྟགས་པ་བྱས་པ་དང་། །སྐྱེ་སྒོ་ཆོད་སོགས་ཡི་གེ་བསྐུར་ཞེས་ཟེར། །གཅིག་དེ་མ་གསལ་ནག་རྩིས་གཞུང་ལྟར་དུ། །སྐྱེ་སྒོ་ཆོད་པའི་དགེ་བསྐུལ་ཡི་གེ་དང་། །གཅིག་དེ་སྔོན་ཚེ་ལས་འཕྲོ་བཟང་པོ་སྟེ། །ད་རེས་ཚེ་འདིར་དགེ་མེད་སྡིག་མེད་རེད། །བདག་གི་བསྔོ་བ་སྨོན་ལམ་མཚམས་སྦྱར་ནས། །དག་པའི་ཞིང་ཁམས་ཐོབ་པར་འགྱུར་རམ་སྨྲས། །པདྨ་བཀའ་ཡི་ཐང་ཡིག་ཆེན་མོ་ལས། །ཚེ་ལོ་བཞི་བཅུ་པ་ལ་དགྲ་ཡི་བསྐལ་པ་འབྱུང་། །ཁྲིམས་ཞིག་གཡུལ་འཁྲུག་གནམ་ས་གོ་ལོག་འབྱུང་། །གསུངས་ལྟར་བཞི་བཅུ་ཁ་རལ་སུམ་ཅུར་ཉེ། །རྒྱལ་བ་ཡབ་སྲས་རྣམས་ཀྱང་འོ་བརྒྱལ་ཆེ། །བོད་ཀྱི་རྒྱལ་པོ་རྣམས་ཀྱང་མགོ་མཇུག་ལྡོག །སངས་རྒྱས་བསྟན་པ་ནང་འཁྲུག་དགྲ་གཤེད་འགྱུར། །འཇིག་རྟེན་བྱ་བ་སྤང་བའི་རི་ཁྲོད་པ། །གཉོམ་ཆུང་རྣམས་ཀྱང་


CMR002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་འདུག་སྟབས་དཀའ། །ཟས་ནོར་ཡོད་ན་དགྲ་བོའི་གཡབ་མོར་ཆེ། །དཔོན་པོ་རྣམས་ཀྱང་མགོ་ཡི་ལུས་པོ་ཟ། །རྫུན་ཚིག་ཕྲ་མས་ཉེས་མེད་སྲོག་དང་ཕྲལ། །ཆགས་སྡང་ཕྲག་དོག་མཐོ་ནོན་རླུང་ལྟར་འཚུབ། །དབང་ལུང་ཞུས་ཀྱང་དམ་ཚིག་བསྲུང་མཁན་དཀོན། །མནའ་ཆད་མི་སྤངས་བསླུ་དང་མགོ་གཡོག་དར། །ཆེ་བཙུན་བཟང་དགུ་རྣམས་ནི་དུག་གིས་གསོད། །ཁས་ཉེན་དབང་ཆུང་རྣམས་ནི་ཏིལ་བཞིན་བཙིར། །ཕ་བུ་སྤུན་ཟླ་ཡིན་ཀྱང་བློ་གཏད་མེད། །འདི་འདྲའི་དུས་སུ་དཀོན་མཆོག་མ་གཏོགས་པ། །བློ་གཏད་ཕེར་བའི་སྐྱབས་གཞན་མི་འདུག་པས། །སྔ་ཕྱིར་ལྷ་མོ་འོད་ཟེར་ཅན་མ་ཡི། །བསྙེན་པ་ཡང་ནི་ལན་གྲངས་མང་ཞིག་བྱས། །གནམ་ཆོས་འོད་ཟེར་ཅན་མ་ལ་སོགས་པའི། །དགྲ་འཇིགས་ཞི་བའི་སྔགས་དམིགས་འབད་པའི་ཚེ། །རང་ཉིད་གན་རྐྱལ་ཉལ་བའི་ཉམས་སྣང་ལ། །ཕྱོགས་བཅུའི་ཞིང་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས། །ཕྱག་གཡས་བསྐྱངས་བའི་ཕྱག་ཀུན་ཡིན་སྙམ་པའི། །གསེར་མདོག་ཕྱག་གཡས་སྐྱབས་སྦྱིན་མཛད་པ་ཞིག །བདག་གི་སྙིང་ཁར་བཞག་པའི་སྣང་བ་བྱུང་། །མཁས་པ་ཟུར་མཁར་ཨ་བོ་


CMR002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེའི་ལུགས། །འཇམ་དཔལ་ཕ་རོལ་རྒོལ་འཇོམས་སྒྲུབ་པ་དང་། །ཞང་ཁྲོམ་ལུགས་ཀྱི་དམར་ཆུང་སྒྲུབ་པ་དང་། །གནམ་ཆོས་ལུགས་ཀྱི་ཀིང་ཀང་རིགས་བཅུ་གསུམ། །དགྲ་བཟློག་རྣམ་དགུ་ལ་སོགས་ལན་མང་བསྒྲུབས། །རྒྱབ་རེས་ནག་པོའི་སྒྲུབ་པ་བདུན་ཕྲག་བཞི། །དེ་དག་རྣམས་སུ་རྨིས་ལྟས་བྱུང་བ་རྣམས། །ཤིན་ཏུ་མང་ཕྱིར་བྲི་བར་མི་ལོང་སྟེ། །དངོས་སུ་གནམ་ངོ་འཐིབ་ཅིང་ཁ་ཆར་འབབ། །ས་ཡི་འོག་ནས་ས་འབྲུག་འདྲ་བ་ཡིས། །འུར་སྒྲ་དེར་སྒྲ་ཆེན་པོ་གྲག་པ་དང་། །རིག་པ་ཧུར་ཞིང་རང་ཉིད་ཉམས་འབར་ནས། །ཐུན་བརྡེགས་མཚོན་ཆ་འཐོར་ཞིང་མཆོངས་གྲབས་ཤོར། །ཉམས་སྣང་དགྲ་མེད་ཟེར་བའི་ལུང་བསྟན་དང་། །ཉམས་སྣང་ཡིད་ཀྱི་ཡུལ་དུ་ཤར་བ་ལས། །ལོ་གསུམ་དགྲ་མེད་ལོ་ནི་བཅུ་གསུམ་ལ། །དགྲ་ནི་མི་འོང་ལོ་ནི་ཉེར་ལྔ་ལའང་། །དགྲ་ནི་མི་འོང་མི་རབས་བཅུ་གསུམ་ལ། །དགྲ་ཆེན་མི་འོང་ཟེར་བ་གསལ་བར་བྱུང་། །རིག་སྔགས་བཟླས་པའི་ནུས་པ་བདེན་མཆིས་ནི། །བདག་གི་རིགས་རྒྱུད་དང་ནི་སློབ་མའི་བརྒྱུད། །བདག་གི་བརྒྱུད་པ་ངེས་པར་འཛིན་རྣམས་ལ། །གསོད་དང་བཅིང་དང་ཡན་ལག་བཅད་པ་དང་། །ཉེས་མེད་ཁྲིམས་


CMR002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏུགས་དང་བཅོམ་པ་སོགས། །དགྲ་ཆེན་དག་ནི་འབྱུང་བར་མི་འགྱུར་སྙམ། །ཤོར་གོ་ཙམ་དག་ཅུང་ཟད་ཁ་སྨྲས་ནི། །ངེས་པ་མེད་དེ་དེ་ནི་མ་གཏོགས་སོ། །འདི་དོན་འཇམ་དཔལ་ཕ་རོལ་རྒོམ་འཇོམས་ཀྱི། །ཕན་ཡོན་ཉིད་དང་ལུང་བསྟན་མཐུན་པའི་ཕྱིར། །འདི་ལ་བདེན་པ་ཅུང་ཟད་ཡོད་དམ་སྙམ། །རྗེས་འཇུག་རྣམས་ལ་དབུགས་འབྱིན་འགྱུར་སྙམ་བྲིས། །ཡང་ན་རང་གིས་བརྩམས་ཆོས་བསྒྲིགས་ཆོག་སོགས། །སྔ་ཕྱིར་ཤིན་ཏུ་མང་བར་བྱས་པ་རྣམས། །རང་ཉིད་ཡོངས་གྲགས་དགེ་བཤེས་མ་ཡིན་པས། །དར་སྲོལ་གཞན་ཕན་ལ་སོགས་འབྱུང་བར་དཀོའ། །དར་སྲོལ་གཞན་ཕན་ཅུང་ཟད་མ་བྱུང་ན། །ཡིག་དྲུག་ཆག་པའི་རྒྱུ་ཡིན་དགོས་པ་མེད། །དར་སྲོལ་གཞན་ཕན་ཅུང་ཞིག་བྱུང་སྲིད་ན། །བསྟན་དང་འགྲོ་ལ་ཕན་ཕྱིར་དོན་དང་ལྡན། །དེ་ཕྱིར་རང་གི་ཆོས་རྒྱུད་བརྩམས་ཆོས་སོགས། །དར་ནུབ་ཅི་འགྱུར་བརྟགས་པ་བྱས་པའི་ཚེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ལྡན་པས་བྲིས། །ཐ་མལ་སེམས་ཅན་སུས་ཀྱང་འདི་མི་ཐོན། །ཟེར་བའི་ལུང་བསྟན་ཚིག་དེ་གསལ་བར་ཐོས། །དེ་རྗེས་གཉིད་པ་མ་ཡིན་ཉམས་སྣང་ལ། །འདི་རྣམས་འགྲོ་དོན་རྒྱ་མཚོ་


CMR002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་འབྱུང་། །གྲུབ་མཐའ་ཕྱོགས་རིས་མེད་པ་ཀུན་ལ་དར། །ཞེས་པའི་ཡི་གེ་མིག་གིས་གསལ་བར་མཐོང་། །དེ་ཕྱིར་རྩོམ་དང་བསྒྲིགས་ཆོག་ལ་སོགས་པ། །མ་བསྒྱུར་རིམ་བཞན་ཅི་འགྲུབ་བྱས་པ་ཡིན། །གནམ་ཆོས་རྒྱལ་བ་རྒྱ་མཚོ་སྦ་ལྕག་མ། །ཞག་བདུན་ཙམ་ཞིག་སྒྲུབ་པ་བྱས་པའི་སྐབས། །རང་ལུས་ཡོན་ཏན་བརྒྱ་ཡིས་བརྒྱན་སྙམ་བྱེད། །རྡོ་རྗེ་ཕྲེང་བའི་དབང་བསྐུར་བཙུགས་ཤོམ་དང་། །ཊཱཀྐི་མཛེས་སྡུག་རྒྱན་གྱིས་བརྒྱན་པ་དང་། །ཁྲོམ་ཚོགས་མང་པོ་འདུ་ཞིང་འཚོགས་པའི་ཚེ། །རང་ཉིད་ལུས་ནི་གཅེར་བུར་འདུག་པ་ལ། །ལྷོ་པ་སྤྲུལ་སྐུ་རཱ་ག་ཨ་སྱ་གཉིས། །རྗེ་འབངས་རེ་རེའི་སྤྲུལ་པ་ཡིན་འདུག་པས། །གནས་མདོ་མཁར་ནི་བྱིན་རླབས་ཆེ་ཟེར་ནས། །མི་ཀུན་བསྟོད་ར་ཆེན་པོ་བྱེད་པ་རྨིས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་ཤེད་ན། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ཡིན་པ་ལ། །ཡེ་ཤེས་སྙིང་པོ་ཡིན་རྒྱུ་འདྲ་ཞིག་གིས། །ལུང་བསྟན་དཔེ་ཆ་གཅིག་ནི་གནང་བ་ལ། །བདག་གི་བརྒྱུད་པ་བླ་རབས་བཅུ་གསུམ་འོང་། །དེ་ཡི་མིང་ཚོ་གསལ་བར་གདའ་ན་ཡང་། །མིང་ཚོ་བདག་གི་ཡིད་ལ་མ་ཟིན་ཏེ། །དེ་ནི་ཞལ་ནས་གསུངས་པ་ཡིན་བསམ་ཡང་། །


CMR002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཡིད་ཀྱི་ཡུལ་ལ་གསལ་བ་འདྲ། །འདི་རྣམས་དྲག་རིམ་རྣམས་ཀྱི་མིང་ཡིན་ཏེ། །འདི་ཡི་བར་མཚམས་བར་མཚམས་རྣམས་སུ་ནི། །མང་པོ་འོང་བ་རྣམས་ནི་མ་ངེས་ཟེར། །དཔེ་ཆ་དེ་ནི་ང་ཡིས་ཁྱེར་འོང་ཛ། །རང་གི་སློབ་བུ་འགའ་ཞིག་འདུག་པ་དེས། །དཔེ་ཆ་དེ་ནི་ང་ལ་སྟོན་དང་ཟེར། །ཁྱེད་རྣམས་ལ་ནི་བསྟན་པས་ཕན་པ་མེད། །འདི་ནི་ང་ཡི་དབོན་རྒྱུད་ཁོ་ན་ལ། །འོང་རྒྱུ་ཡིན་པར་འདུག་གོ་སྨྲས་པ་དང་། །བླ་བརྒྱུད་ཡིན་ཞེས་དཀོར་ནག་དཔག་མེད་བསྡུ། །ཚུལ་ཁྲིམས་མི་གཙང་རིམ་གཉིས་རྣལ་འབྱོར་མེད། །འཆི་བ་མི་དྲན་ཚེ་འདི་ཁོ་ན་བསྒྲུབས། །དཀོར་སྒྲིབ་མི་དྲན་ཅི་བྱུང་འཁང་ཞིང་འཁུ། །དཀོར་མང་སྡུད་པས་དགྲ་འདུལ་གཉེན་སྐྱོང་བྱེད། །དགེ་བའི་ཕྱོགས་ནི་ཅི་ཡང་ཐོན་པ་མེད། །ཐབ་ཁ་མགྲོན་འབོད་ཤ་ལྷུས་གཟུགས་དྲུད་མཁས། །དེ་འདྲ་བླ་བརྒྱུད་མང་བས་དགའ་རྒྱུ་མེད། །འོན་ཀྱང་འབྲི་སྟག་ས་སྐྱ་ལ་སོགས་པ། །བསྟན་པའི་གཞུང་ཆེན་དབོན་རྒྱུད་རྣམས་ཀྱིས་བཟུང་། །དེ་འདྲ་འོང་བའི་རེ་བ་མ་མཆིས་ཀྱང་། །དུས་ཀྱང་ཇེ་སྙིགས་བསྟན་པ་ཇེ་ཆེར་ཉམས། །རྒྱལ་བསྟན་ཉི་མ་ནུབ་རེའི་རྩེ་ལ་སོང་། །མི་དགེ་དར་བའི་གྲིབ་སོ་ཚུར་ཚུར་


CMR002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ། །དེ་འདྲའི་སྐབས་སུ་དགེ་སློང་རྩ་བ་སྲུང་། །བསྐྱེད་རྫོགས་ཧ་གོ་བསྙེན་སྒྲུབ་མང་དུ་ཐེམ། །རྔ་ཡི་ཕྱི་དང་དྲིལ་བུའི་ནང་བརྡུང་མཁན། །བརྒྱུད་པ་མ་ཆད་རིམ་པར་མང་བྱོན་ན། །དུས་ལ་བབ་པའི་འགྲོ་དོན་ཆེན་པོར་རློམས། །ཅི་ཕྱིར་སྟོན་པས་གསུངས་པའི་མདོ་རྣམས་ལས། །བསྐལ་པ་བཟང་དུས་དགྲ་བཅོམ་ཐོབ་པ་ལས། །དུས་ངན་སྙིགས་མར་ཆོས་གོས་གྱོན་ཙམ་ཡང་། །ཕན་ཡོན་ཆེ་ཞིང་ངོ་མཚར་ཆེ་བར་བཤད། །བསྐལ་པ་བཟང་དུས་གྲུབ་པ་ཐོབ་པ་ལས། །དུས་ངན་སྙིགས་མར་གནས་འགྱུ་སྐྱོང་ཙམ་དགའ། །བྱུང་ན་འགྱུར་ཆེ་ངོ་མཚར་ཆེ་བར་བཤད། །དེ་ཕྱིར་འདི་རུ་ཉམས་མཚར་བྲིས་པ་སྟེ། །དེང་སང་བྲིས་ལ་ངོ་མཚར་མི་བྱེད་ཀྱང་། །མ་འོངས་དུས་ན་ངོ་མཚར་བྱེད་ཀྱང་སྲིད། །གནམ་ཆོས་འུར་ལེན་ཞག་གསུམ་སྒྲུབ་པའི་ཚེ། །ཉམས་ཀྱི་སྣང་བར་སངས་རྒྱས་བསྟན་པ་དང་། །དགེ་འདུན་རྣམས་ཀྱི་ཆེ་བ་འདོན་པ་དང་། །ད་རིས་ཕོ་བྱས་གོ་བཅད་ཟེར་བ་ཡིས། །ཡི་གེ་གསལ་པོར་མཐོང་བའི་སྣང་བ་བྱུང་། །ལྕགས་ཕོ་ཁྱི་ལོ་ས་གའི་བཅོ་ལྔའི་ཉིན། །དཔོན་སློབ་ཀུན་གྱིས་གསོ་སྦྱོང་རྒྱས་པར་བྱས། །ཐང་སྐུ་མཆོད་རྟེན་ཙཀ་ལི་ལ་སོགས་པ། །བཞེངས་པ་རྣམས་


CMR002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྔོ་སྨོན་རྒྱ་ཡིས་གདབ། །བཅོ་ལྔའི་དུས་མཆོད་མཆོད་གཏོར་གཟབ་པར་བྱས། །རང་གི་རྗེས་འཇུག་རིགས་རྒྱུད་སློབ་བརྒྱུད་རྣམས། །ཅི་འདྲ་འོང་ཞེས་བརྟགས་པ་བྱས་པའི་ཚེ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །གང་གཱའི་ཉི་མ་ཤར་བ་ལྟ་བུའོ། །དྷཱ་ཛ་འདི་ནི་དབང་ཐང་ཅན་ཞིག་འོང་། །སུ་ཡིན་མི་ཤེས་མིང་ནི་མི་གསལ་བ། །ཟླ་བ་ཤར་བ་འདྲ་ཞིག་འོང་བ་དང་། །མཐར་གྱི་རྒྱུད་འཛིན་ཁྲི་ཕྲག་ཙམ་ཞིག་འོང་། །ཡིག་དྲུག་དུང་ཕྱུར་ཐོན་པ་བརྒྱ་ལྷག་འོང་། །ཟེར་བའི་ལུང་བསྟན་རྣ་བས་གསལ་བར་ཐོས། །དེ་སྔོན་གཞན་སྐྱོན་དོགས་པ་འགའ་ཞིག་གིས། །རང་ཉིད་ཚེ་མཇུག་འདི་ལ་ཅི་འགྱུར་བརྟག །དེ་ཚེ་གཉིད་པ་མ་ཡིན་ཉམས་སྣང་ལ། །ཡི་དམ་ཞལ་གཟིགས་སྐུ་གསུམ་འགྲུབ་ཟེར་བའི། །ལུང་བསྟན་ཚིག་དེ་གསལ་བར་ཐོས་པ་བྱུང་། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་གཉིས་པ་ཡེ་ཤེས་སྐོར།next