Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་གྱི་དུམ་བུ་བཀའ་སྲུང་སྒྲུབ་པའི་སྐོར་གྱི་རྟགས་ཡིག
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་གྱི་དུམ་བུ་བཀའ་སྲུང་སྒྲུབ་པའི་སྐོར་གྱི་རྟགས་ཡིགnext

དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་གྱི་དུམ་བུ་བཀའ་སྲུང་སྒྲུབ་པའི་སྐོར་གྱི་རྟགས་ཡིག


CMR002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་གྱི་དུམ་བུ་བཀའ་སྲུང་སྒྲུབ་པའི་སྐོར་གྱི་རྟགས་ཡིག་བཞུགས་སོ། །


CMR002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་རཏྣ་སཾ་བྷ་ཡེ། སྔ་རབས་འདས་པའི་སངས་རྒྱས་རིན་ཆེན་མང་། །མ་འོངས་སངས་རྒྱས་བདེ་གཤེགས་རིན་ཆེན་གདུགས། །ད་ལྟ་རྣམ་པར་སྣང་མཛད་ཐུགས་ལས་སྤྲུལ། །གྲངས་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཀྱང་། །བསྟན་འགྲོའི་དོན་དུ་ས་བརྒྱད་སེམས་དཔའི་ཚུལ། །མདོ་རྒྱུད་ཀུན་ནས་རྒྱ་ཆེར་བསྔགས་པའི་ལྷ། །མགོན་ཆེན་སྡེ་བཞིའི་ནང་ནས་མཆོག་གྱུར་པ། །མགོན་པོ་རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཕྱི་ལྟར་གསེར་མདོག་རྒྱ་ཆེར་ཀུན་ལ་གྲགས། །ནང་ལྟར་ལྗང་ཆུང་ཀླུ་ཡི་དེད་དཔོན་མཆོག།གསང་བ་གོ་ཆས་མྱུར་མགྱོགས་དབང་གི་ལྷ། །


CMR002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་དམར་ཅན་དེས་བདག་དང་རྗེས་འཇུག་སྐྱོབས། །འདི་ཉིད་བསྙེན་དང་བསྒྲུབས་པ་བྱས་པའི་ཚུལ། །བཤད་པར་མི་རུང་དམ་ཚིག་ཡིན་ན་ཡང་། །རང་གི་རིགས་རྒྱུད་དང་ནི་ཆོས་ཀྱི་བརྒྱུད། །རང་གི་རྒྱུད་པ་ངེས་པར་འཛིན་པ་རྣམས། །རང་གི་བཀའ་བབ་ཆོས་སྐྱོང་གང་ཡིན་པ། །ངོ་ཤེས་དེ་ལ་གསོལ་མཆོད་རྩོན་བྱེད་ན། །རྗེས་འཇུག་བདེ་ལེགས་དཔལ་ལ་སྤྱོད་ཕྱིར་བརྗོད། །དེ་ཡང་བན་རྒན་རཱ་ག་ཨ་སྱ་བདག །སྔོན་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །སྲས་གསུམ་ཡོད་པའི་ཐ་ཆུང་སད་ན་ལེགས། །དེ་ཡི་སྤྲུལ་པ་ཡང་སྤྲུལ་ཆ་ཤས་ཙམ། །ཡིན་པར་བཤད་


CMR002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཡིན་པར་རློམ་པའི་ཕྱིར། །རྣམ་སྲས་འདི་ནི་ཚེ་རབས་ལས་ལྷར་སེམས། །ཅི་ཕྱིར་ཆོས་རྒྱལ་སད་ན་ལེགས་དེ་ཡིས། །ནག་པོ་རྒྱ་ཡི་ཡུལ་དུ་དམག་དྲངས་ཚེ། །རྒྱ་ནག་རྒྱལ་པོའི་དགྲ་བླ་རྣམ་ཐོས་སྲས། །ཡིན་ཕྱིར་བོད་ཀྱི་དམག་གིས་མི་ཐུབ་དགོངས། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་རྒྱལ་པོ་སད་ན་ལེགས་དེ་ཡི། །དགྲ་བླར་རྣམ་ཐོས་སྲས་འདི་བསྐོས་པར་མཛད། །དེ་ཚེ་བསམ་ཡས་རྒྱལ་པོའི་གླིང་དེ་རུ། །རྣམ་སྲས་སྐྱ་བརྒྱད་ལྡེར་སོ་བཞེངས་པ་ཡང་། །ད་ལྟའང་ལེགས་པོར་བཞུགས་པ་བདག་གིས་མཇལ། །དེ་དུས་བོད་ཀྱི་རྒྱལ་པོ་གཡུལ་ལས་རྒྱལ། །རྒྱ་ནག་ལས་སྒོ་ཟི་ལིང་མཁར་སྔོན་གྱི། །མཁར་སྒོ་སུམ་ཅུ་སོ་གཉིས་བོད་ཀྱིས་ཐོབ། །ལོ་མང་བར་དུ་བོད་ཀྱིས་དབང་བར་གྱུར། །དེ་ཚེ་ལོ་རྒྱུས་སྔོན་དུ་མི་ཤེས་ཀྱང་། །སྔོན་ལས་དབང་གི་གཞོན་ནུ་ཆུང་ངུ་ནས། །རྣམ་སྲས་འདི་ལ་མོས་འདུན་ཆེ་བར་བྱུང་། །དབང་ཕྱུག་རྒྱལ་མཚན་ཡན་ཆད་གནས་མདོ་པ། །བཙན་དྲག་ཆེ་ཞིང་ལོངས་སྤྱོད་ཕྱུག་པའི་ཕྱིར། །ལྷ་ཁང་གསུམ་དང་འབུམ་སོགས་བཞེངས་ཆོས་མང་། །དེ་ནས་བཟུང་སྟེ་མི་རབས་གཉིས་གསུམ་ལ། །ཇེ་ཇེ་རྒུད་ནས་དབུལ་ཞིང་


CMR002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་པར་གྱུར། །མཁར་གྱི་བདེ་དྲ་རྣམས་ནི་རྩིབ་རུས་འདྲ། །ལྷ་ཁང་སྟེང་དུ་ཀུ་ཤ་ངང་གཡིང་ངེ། །དེ་འདྲ་མཐོང་ཚེ་དོན་མེད་འགྲིམ་པས་ཀྱང་། །ཆ་སྒྲ་སྒྱེབ་ཅིང་རྟ་རྒྱུག་བཏང་བར་བྱེད། །རྟ་ཕྱུགས་མི་སོས་རེ་རེ་ཡོད་ཀྱང་ཤི། །བུ་ལོན་མི་དགོས་སར་ནི་ཁབ་ཙམ་མེད། །ཕ་ཞིང་ཕལ་ཆེར་རྣམས་ཀྱང་ཐ་བར་ལུས། །ཡབ་རྒན་ཨ་ནུ་པདྨ་དབང་དྲག་གིས། །གྲོང་ཆོག་བྱེད་པའི་དྲིན་ལས་དུད་བུག་ཙམ། །དེ་དུས་ཁོ་བོ་རཱ་ག་ཨ་སྱ་ནི། །ལོ་ནི་བཅུ་བཞི་བཅོ་ལྔ་ཙམ་ཡིན་ཏེ། །ན་སོ་གཞོན་ཡང་བསམ་མནོ་རྒན་ཟིན་པས། །ཡབ་གཅིག་སྔགས་རྒན་ཉིད་ལ་འདི་སྐད་ཞུས། །རཏྣའི་རྣམ་སྲས་མདུང་དམར་ཅན་འདི་ཡི། །དབང་ལུང་ཐོབ་ཅིང་ཡིག་ཆ་གསལ་འདུག་པས། །འདི་ཡི་བསྙེན་པ་ཅིས་ཀྱང་མཛད་དགོས་ཞུས། །ང་ཡི་ཁུ་བོ་བཀྲ་ཤིས་དབང་ཕྱུག་གིས། །དབང་ལུང་ཡོད་པས་འདི་ནི་སྒྲུབ་དགོངས་ནས། །སྲོག་འཁོར་ཐམས་ཅད་གཟབ་པར་བྲིས་ན་ཡང་། །སྒྲུབ་རྫས་གྲི་སྙིང་མ་རྙེད་སྒྲུབ་པ་བཤོལ། །ཉིན་གཅིག་ཛོ་ནག་སྲོག་གཟུངས་བཏོན་ཅིང་བསྡད། །རྒ་འུ་གཅིག་ལས་མེད་པ་རྟོད་བཞག་པས། །ཁོང་གིས་མ་གཟིགས་དེ་ཚེ་སྤྱང་ཀིས་བསད། །


CMR002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ལ་མ་ཇོ་རྗེ་མོས་རབ་ཏུ་འབར། །དེ་ནས་ལོག་ལྟ་སྐྱེས་པ་འདྲ་ཞིག་གིས། །རྣམ་སྲས་འདོན་པའི་སྤྲོས་པ་མེད་དོ་སྐད། །འོན་ཀྱང་ཁྱོད་ཀྱིས་ང་ནི་འདུག་མི་བཅུག །ཡང་ཡང་བསྐུལ་བོ་རྣ་ཅོ་ཚ་འདུག་ཅིང་། །ཟླ་གཅིག་ཙམ་ཞིག་སྒྲུབ་པ་བྱེད་ཆོག་པས། །དམ་སྲི་མནོན་སོགས་དཀའ་ལས་ཆེ་འདུག་པས། །རོགས་ལྡན་མཆོད་གཡོག་ཁྱོད་རང་གྱིས་ཤིག་གསུངས། །རྣམ་སྲས་སྒབ་འདྲེ་པེ་དཀར་ཡིན་འདུག་པས། །འདི་ཉིད་མནན་པས་ནོན་དཀའ་སྐྲག་གོ་གསུངས། །ཁྱེད་ཀྱིས་གུར་དྲག་བསྙེན་སྒྲུབ་མཐར་ཕྱིན་པས། །འདི་ལ་མི་སྐྲག་མནན་གྲོགས་ངས་བྱེད་ཞུས། །དེ་ནས་པེ་དཀར་ཤེས་པ་དཀར་པོ་དང་། །འབི་ཙི་ཏྲེའུ་གཉིས་ཀའི་མནན་པ་ལ། །རྟགས་ཐོན་མཛད་ནས་བདག་གིས་མནན་རོགས་བྱས། །མདའ་མཁན་ཞིག་ནི་དགྲ་ཡིས་བསད་པ་ཡི། །སྙིང་དེ་བདག་ནི་ན་སོ་ཆུང་བ་དང་། །རོགས་ནི་གཅིག་ཀྱང་མེད་དེ་མ་སྐྱག་བླངས། །གྲི་སྙིང་བླངས་ནས་སྒྲུབ་པའི་རྫས་སུ་ཕུལ། །དེ་ནས་ཁོང་གིས་ཟླ་གཅིག་སྒྲུབ་པ་ཐེམ། །སྒྲུབ་པ་དེ་གྲོལ་མཚམས་ནི་གྲོལ་བའི་ཉིན། །ཉིད་ཀྱི་སྲས་པོ་རཏྣ་དྷ་ཛ་ལ། །བེ་རི་རྒྱལ་པོས་བསོད་ནམས་ཁ་བཏགས་དང་། །འུ་ཟི་འཁོར་


CMR002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གཞན་ཡང་ཇ་མང་པོ། །གནང་བ་སླེབས་པ་རྟེན་འབྲེལ་འགྲིགས་ཞེས་གསུངས། །ཁ་བཏགས་དེ་ལ་རྣམ་སྲས་སྐྱ་བརྒྱད་བྲིས། །བསང་རྣམས་བྱེད་ཚེ་དེ་ཉིད་བསང་དར་ཕྱར། །དེ་ཕྱིན་ཁོང་གིས་ལས་བྱང་ཆག་མེད་གསུངས། །དེ་ཕྱིར་སྒབ་ཟོས་ལོ་ལེགས་ཞིང་རྣམས་དུལ། །ཚ་བོ་ལྔ་པོ་ཉེ་ཞོ་མེད་པར་ཚར། །སྲས་པོ་ཆེ་བ་རྡོ་ཁར་སོང་བ་འཁོར། །དངུལ་སྲང་དྲུག་ཅུ་ལ་སོགས་རྒྱུ་ཟོག་གདའ། །དེ་ཕྱིར་ཚོད་ཀའི་མངའ་ཐང་ཇེ་ཆེར་འཕེལ། །ཁོང་གི་བུ་ཆེན་སྔགས་པ་གཉིས་ཡོད་པས། །ཁོང་གཉིས་ཀྱིས་ཀྱང་སྒྲུབ་པ་བྱེད་འདོད་ཟེར། །ཁོང་གཉིས་ཞོར་ལ་ངས་ཀྱང་དབང་ལུང་ཐོབ། །དེ་ནས་སྔགས་འཆང་ཚེ་དབང་བཀྲ་ཤིས་དེ། །གུ་རུ་ཞི་དྲག་རྟ་མགྲིན་ཕྱག་བཞི་པ། །ཚེ་དཔག་གསང་འདུས་ལ་སོགས་སྒྲུབ་པ་ཐེམ། །མི་ནོར་འཛོམས་ཤིང་ནད་མེད་སྐྱིད་པའི་སྐབས། །དང་པོ་རྣམ་སྲས་སྒབ་འདྲེ་ཞག་བདུན་མནན། །དེ་ནས་རྣམ་སྲས་མདུང་དམར་ཟླ་གཅིག་བསྒྲུབས། །བདུན་གསུམ་ཡོལ་ནས་མཚམས་ཀྱང་གྲོལ་ལ་ཁད། །བཙུན་གཟུགས་གོས་རོད་ངན་གཅིག་དེར་བྱུང་ནས། །རྣམ་སྲས་སྒྲུབ་གཏོར་མགོ་མཇུག་ཟློག་པ་རྨིས། །སྲིང་མོ་རྩིས་ཆེན་མི་ལ་


CMR002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་ཞིག །གློ་བུར་ནད་ཐེབས་འཆི་ཁ་ཐུག་ཤོག་ཟེར། །མཚམས་དེ་ཧར་འདོན་བྱེད་ནས་འགྲོ་དགོས་བྱུང་། །དེ་ནས་ཟླ་གཅིག་ཙམ་ལས་མ་འགོར་བར། །སྔགས་པའི་ཆུང་མ་གཞོན་མཛེས་བཟང་མོ་ཞིག །ཡོད་པ་གློ་བུར་ཞག་གསུམ་ནད་ཀྱིས་ཤི། །དེ་ནས་བུ་མོ་ཆུང་ངུ་ཞིག་ལས་མེད། །ནུ་མོ་བཞག་པ་རབས་ཆད་བུ་མ་བྱུང་། །སྔགས་པ་ཁོ་རང་ཞྭ་ནས་གདན་ལ་འབྱར། །སྔོན་དུས་དུད་ནི་ཕྱུག་པོ་བརྒྱག་པ་སྟེ། །ཕྱིས་ནི་མུ་གེའི་ནད་ཀྱིས་མ་གུམ་ཙམ། །སྒབ་འདྲེ་མནན་ཀྱང་མ་ནོན་སྐྱོན་རེད་ཟེར། །དེ་ནས་དེ་ཡི་མཆེད་གྲོགས་སྔགས་པ་དེས། །དེ་ལ་རྣམ་རྟོག་བྱས་ནས་སྒྲུབ་པ་བཤོལ། །དེ་དག་འདི་རུ་བཤད་དོན་ཅི་ཞེ་ན། །རྣམ་སྲས་སྒྲུབ་པ་འདོད་མཁན་མང་འདུག་སྟེ། །སྒབ་འདྲེ་བེ་གར་ཡིན་པས་འཇིགས་དྲག་པས། །སུ་མ་ཡིན་གྱིས་སྒྲུབ་པ་བྱེད་པ་ནི། །ཡག་ཉེས་ཆེ་བའི་ལག་བླངས་དེ་ལྟར་རོ། །དེ་དོན་གནོད་སྦྱིན་ལུས་ངན་པོ་ཡི་མདོར། །སྔོན་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས། །ནོར་བུ་སྦྱིན་པས་སྦྱིན་པ་རྒྱ་ཆེར་བཏང་། །དེ་ལ་མི་རྣམས་དགའ་ནས་བསྟོད་པ་བྱེད། །ཆུང་བ་མི་སྡུག་སྦྱིན་ནི་ཀུན་ལ་གནོད། །དེ་ལ་མི་རྣམས་མི་དགའ་ལྐོག་ཏུ་


CMR002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །དེ་ཚེ་ནུ་བོས་ཕུ་བོར་ཕྲག་དོག་སྐྱེས། །ཁྱོད་ཀྱིས་སྦྱིན་པ་གཏོང་ནས་ཅི་འདོད་ཟེར། །བདག་ནི་མ་འོངས་ཤཱཀྱའི་བསྟན་པ་ལ། །གནོད་སྦྱིན་རྒྱལ་པོ་ནོར་ལྷར་གྱུར་ནས་ཀྱང་། །འགྲོ་བའི་དབུལ་ཕོངས་སེལ་བར་འདོད་དོ་གསུངས། །དེ་ཚེ་ནུ་བོས་གནོད་སྦྱིན་སྲོག་གི་བདག །ཤེས་པ་དཀར་པོ་ཞེས་བྱར་གྱུར་ནས་ཀྱང་། །རྣམ་སྲས་སྒྲུབ་མཁན་དེ་ཡི་ཚེ་སྲོག་དང་། །བསོད་ནམས་དབང་ཐང་བརླག་པའི་སྨོན་ལམ་བཏབ། །ནོར་བུ་སྦྱིན་ནི་རྒྱལ་ཆེན་རྣམ་ཐོས་སྲས། །སེར་དམར་ལྗང་གསུམ་ངོ་བོ་གཅིག་པ་ཡིན། །ཤེས་པ་དཀར་པོ་པེ་དཀར་ཡིན་པར་བཤད། །གཞན་ཡང་འབི་ཙི་དང་ནི་ཏྲེའུ་གཉིས། །གནོད་སྦྱིན་བསེ་གདོང་བཙན་དང་གསུམ་པོ་ནི། །ཁྱད་པར་མདུང་དམར་ཅན་གྱི་སྒབ་འདྲེ་ཡིན། །དེ་དག་མནན་ཐབས་བཀར་ཐབས་འགའ་གསུངས་ཀྱང་། །ཨོ་རྒྱན་ཆེན་པོས་མ་འོངས་ལུང་བསྟན་ལས། །དུས་ངན་སྙིགས་མ་འོངས་ཚུལ་ལུང་བསྟན་སྐབས། །ཁེ་གར་རྒྱལ་པོའི་བསྟན་པ་དར་གསུངས་ཕྱིར། །མནན་ཀྱང་དུས་ཀྱི་དབང་གིས་ནོན་པར་དཀའ། །དེ་དག་ཤིན་ཏུ་བཤད་དོན་ཅི་ཞེ་ན། །བསྙེན་སྒྲུབ་མ་ཐོན་གདེང་དང་མི་ལྡན་པས། །གསར་བུའི་


CMR002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་བས་ཉེས་ཆེ་བྱེད་དོགས་ཡིན། །སྒྲུབ་པ་མི་བྱེད་གསོལ་མཆོད་ཙམ་ལ་ནི། །ཧ་ཅང་སྒབ་འདྲེས་གནོད་པ་མ་ཡིན་ཕྱིར། །རྣམ་སྲས་གཏོར་ཆོག་སྒྲུབ་ཐབས་ཀུན་ལ་དར། །དེ་ནས་དབུས་སུ་སོང་སོགས་ལོ་གྲངས་མང་། །དབུས་ནས་ཕྱིར་ཕྱིན་བླ་མ་བྱས་ནས་ཀྱང་། །རང་ལོ་ཉི་ཤུ་རྩ་བདུན་ཙམ་གྱི་དུས། །རང་གི་སློབ་དཔོན་ཀརྨ་དོན་ཡོད་ལ། །སྔར་ནས་དམར་སེར་གཉིས་ཀའི་དབང་ལུང་ཐོབ། །རང་ཉིད་བུ་རུ་འཛིན་ཅིང་གྲྭ་པ་ཡིན། །མཎྜལ་ཕྱག་རྟེན་དགོས་རྒྱུ་མེད་པ་དང་། །དགོས་ཀྱང་རང་ནོར་ཅི་ཡང་མེད་པ་དེས། །སྟོང་ཞུས་བྱས་ན་རྟེན་འབྲེལ་མི་ལེགས་སྙམ། །ད་ནི་རང་ལ་ལྡོམ་བུ་གྲོང་ཆོག་ཡོད། །ནས་ནི་སྔོན་མོ་འབྲུ་བཟང་ཞོ་དྲུག་དང་། །དར་དང་རིན་ཆེན་རྟེན་འབྲེལ་འགའ་ཙམ་བཅས། །སེར་དམར་གཉིས་ཀྱི་དབང་ལུང་ཞུ་ཝིག་བྱས། །ཕྱི་རབས་ནོར་ལྷའི་དབང་ལུང་ཞུ་བ་ཀུན། །སྟོང་ཞུས་བྱས་ན་དངོས་གྲུབ་མི་འབྱུང་བ། །གནད་ཆེན་ཡིན་ནོ་འདི་ཡང་ཡིད་ལ་ཟུངས། །དང་པོ་རང་གིས་གང་ཕུལ་དངོས་པོ་དེ། །ཐོག་མར་འབྱུང་ཞེས་རྒྱུད་ནས་གསུངས་པ་ལྟར། །ཐོག་མར་བདག་ལ་ནས་ཀྱི་འབུལ་བ་ནི། །ཨ་ཟེད་བསམ་པ་ལན་གྲངས་དུ་མར་བྱུང་། །དང་


CMR002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤེས་པ་དཀར་པོའི་མནན་པ་ལ། །ཞག་གྲངས་བཅུ་གཉིས་ངག་མཚམས་བྱས་ཏེ་བཟླས། །དང་པོ་བཙུན་གཟུགས་ལྷ་ཆ་ལ་སོགས་པ། །རྒྱལ་འགོང་ཆོ་འཕྲུལ་ཤིན་ཏུ་ཆེ་བ་བྱུང་། །དེ་ནས་བྱི་ལ་ནག་པོ་གཅིག་བཟུང་ནས། །དོང་ནི་རིང་པོ་བྲུས་པའི་ནང་དུ་བཅུག །དོང་ཁ་གཡའ་མས་བཅད་དེ་བཞག་པ་རྨིས། །འབི་ཙི་ཏྲིའུ་མནན་པ་ཞག་དྲུག་བཟླས། །རང་གི་ལག་གཡས་བྱི་ལ་ནག་པོ་ཞིག །གཡོན་ན་བྱ་གླག་ནག་པོ་གཉིས་བཟུང་ནས། །སྐེ་ནས་བརྫིས་ཏེ་གཉིས་ཀ་བསྒྲལ་བ་རྨིས། །དེ་ནས་ལས་ཀྱི་མཐའ་སྡུད་མནན་པ་བྱས། །དེ་རྗེས་ཕྱིས་ཀྱང་ལན་གྲངས་གཉིས་གསུམ་ལ། །མནན་པའི་ཁ་གསོས་མནན་པ་ཡང་ཡང་ཝིག །ནུས་པ་ཅན་གྱི་མནན་པ་ལེགས་འགྲུབ་ནས། །རབ་ལ་མི་རབས་བཅུ་གསུམ་འབྲིང་ལ་བདུན། །ཐ་མའང་མི་རབས་གསུམ་ལ་མི་གནོད་པ། །ཡིན་པར་སྔགས་རྒན་རྣམས་ཀྱིས་གསུང་རྒྱུན་ཐོས། །དེ་ཕྱིར་བདག་གི་དངོས་སློབ་ཡིན་པ་རྣམས། །མནན་པ་མ་གྲུབ་ན་ཡང་སྐྱོན་ཆུང་ཞིང་། །མནན་ཀྱང་ལམ་དུ་མི་འགྲོ་དོགས་པ་མེད། །འདི་ཡང་གནད་ཆེན་ཡོད་ཕྱིར་བྲིས་པ་ཡིན། །དེ་ནས་དང་པོ་རྣམ་སྲས་སེར་ཆེན་གྱི། །སྙིང་


CMR002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབྲུ་བཞི་རྒྱུན་བསྙེན་སྟོང་རེ་དང་། །ནོར་ལྷ་གསེར་གཟུངས་ཞག་བདུན་བཟླས་པའི་ཚེ། །དཔོན་རིགས་ཆས་བཟང་གཟི་བརྗིད་ལྡན་པ་ཡི། །ཟླ་ཁྲོམ་སྡེར་གཅིག་བདག་ལ་བྱིན་པ་རྨིས། །དེ་ནས་དམར་པོ་རྩ་བའི་སྒྲུབ་པ་ལ། །ཟླ་བ་གཅིག་དང་ཞག་བདུན་ངག་མཚམས་བྱས། །བདུན་གཉིས་སོང་དུས་གོས་ཆེན་འབྲུག་རིས་ཅན། །དེ་ལ་དྲུབ་པའི་རྒྱལ་མཚན་གཅིག་དང་ནི། །མདའ་དར་དམར་པོ་བརྟག་པའི་མདུང་དར་གཉིས། །ཆེ་ཆུང་རིང་ཐུང་མདའ་ཚད་རིང་ཤོས་ཙམ། །བུད་མེད་གཅིག་གིས་བདག་ལ་བྱིན་པ་དེ། །རང་གི་གཡས་ཕྱོགས་བླངས་ནས་བཞག་པ་རྨིས། །དབང་ལུང་ཞུ་སའི་རང་གི་སློབ་དཔོན་གྱིས། །སྣམ་བུ་ལས་བྱས་ཁྲི་ནི་མཐོན་པོ་བརྩེགས། །རྒྱབ་ཡོལ་དང་བཅས་བདག་ལ་གནང་བ་དང་། །བདག་གིས་ས་བསྐོས་ཟངས་ཀྱི་གཏེར་ཆེན་བུད། །སྟོང་ཕྲག་ཉི་ཤུའི་བར་དུ་ཟད་མེད་གཏེར། །དཔོན་ཆེན་ཕྲུ་གུ་གོས་སྔོན་གྱོན་པ་ཞིག །བདག་གི་དྲུང་དུ་དགའ་ཞིང་འདུག་པ་དང་། །རས་ཡུག་ལ་སོགས་འབུལ་ནོར་མང་བྱུང་རྨིས། །ཡང་ནི་ཞག་པོ་བཅུ་བདུན་ངག་མཚམས་བསྡམས། །གསང་བསྒྲུབས་བྱས་ཚེ་མི་ཆེན་སྐུ་ཕ་མང་། །བཙུན་ཆེན་གཅིག་གིས་


CMR002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནི་སྦྲ་ལོག་ཙམ། །འགའི་སྣང་བདག་ལ་ཀོ་འབོག་ཙམ་ཞིག་བྱིན། །དཔོན་རིགས་དར་མས་ཇ་བག་གཉིས་ཙམ་ཕུལ། །བུད་མེད་མཛེས་མས་གུས་འདུད་ཇ་ཞུས་དྲངས། །རང་ཉིད་ཁྲི་ལ་འདུག་དང་རྟ་ཞོན་རྨིས། །དང་པོ་སྒྲུབ་ལ་ཞུགས་པའི་ནུབ་མོ་ནས། །དངོས་སུ་དཀྱིལ་འཁོར་སྟེང་དུ་འོད་དམར་འཁྱུག །གསང་སྒྲུབ་བཞི་འབུམ་བརྒྱད་ཁྲིའི་བསྙེན་པ་བྱས། །དེ་རྗེས་སྒྲུབ་པ་ཡུན་རིང་བྱ་སྙམ་ཡང་། །སྒྲུབ་པ་གཅིག་ལ་ཡུན་ནི་རིང་བ་བས། །སྤོག་ཆོག་ལན་མང་ཝིག་ན་དགའ་སྙམ་པས། །དམར་པོ་རྩ་བའི་སྒྲུབ་པ་ཉིད་ལ་ཞུགས། །དཀྱིལ་འཁོར་ལྡིང་ཁྲི་འོག་ཏུ་འོད་དམར་པོ། །ཁྲུ་གང་ཙམ་ཞིག་ཁྱུག་ཁྱུག་བྱེད་པ་མཐོང་། །རྨི་ལམ་བཙུན་ཆེན་སྡེ་ཕ་རང་དྲུང་བྱུང་། །འོ་མ་དྲངས་དང་བདག་ཉིད་རྟ་ཞོན་རྒྱུག །རང་ཉིད་རྣམ་ཐོས་སྲས་དངོས་ཡིན་སྙམས་ཤིང་། །རང་གི་ཕྱོགས་མཚམས་བརྒྱད་ནས་གནོད་སྦྱིན་བརྒྱད། །ཡིན་སྙམ་མི་གཞོན་གོས་སྔོན་གྱོན་སྐྱ་ཅན། །བརྒྱད་ཀྱིས་རང་ལ་ཕྱག་ནི་འཚལ་བ་རྨིས། །ལོ་ལེགས་སྙེ་མ་བཏུས་དང་བཙུན་ཆེན་གྱིས། །དར་དམར་བྱིན་རྨིས་དེ་ནས་ཞག་པོ་གཅིག །ལས་སྔགས་གཅིག་ཁྲི་དྲུག་བརྒྱ་བཟླས་པ་བྱས། །དེ་


CMR002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངག་ནི་མ་བཏང་སྒྲུབ་པ་སྤོག །བཙུན་ཆེན་ཆོས་བཟང་རྣམ་སྲས་མིང་ཅན་གྱིས། །བདག་ལ་གུས་པས་བསྐོར་བ་བྱས་པ་དང་། །རྟ་སྔོན་ཞོན་ནས་གྱེན་ལ་རྒྱུག་པ་དང་། །དམག་དང་སོག་པོ་ཚོང་པ་ཁྲོམ་ཚོགས་འདུ། །བདག་གི་དྲུང་དུ་མི་གཞོན་ཤིན་ཏུ་མཛེས། །ཤ་རྒྱས་གསུས་ཆེ་མགོ་བོ་ཨ་བད་ཅན། །གཉིས་ཀྱིས་ཁྲོབ་གྱོན་ཕྱེད་དཀྱིལ་བྱས་འདུག་པ། །རེས་འགའ་ལྕགས་ཁྲབ་སྔོ་དང་ཙེར་ཙེར་བ། །རེས་འགའ་བསེ་ཀྲབ་སེར་དང་ཙེར་ཙེར་བ། །གཞན་ཡང་མི་ཆེན་བཙུན་ཆེན་མང་པོ་དང་། །ཇ་ནས་ཕུལ་དང་དབང་བསྐུར་བྱས་སོགས་རྨིས། །དེ་ལྟར་བདུན་གསུམ་རྫོགས་ནས་ཞག་གཅིག་ལ། །ལས་སྔགས་གཅིག་ཁྲི་གཅིག་སྟོང་བཟླས་པ་བྱས། །དེ་ནས་ངག་ནི་མ་བཏང་སྒྲུབ་པ་ཝིག །སོག་པོའི་རྒྱལ་པོས་རིན་ཆེན་ཟངས་ལྕགས་གནང་། །རང་ཉིད་སྟེགས་མཐོ་ཁར་འདུག་དབང་བསྐུར་བྱས། །མུ་ཏིག་མཛེས་དང་གཡུ་ཆུང་མཛེས་པ་གསུམ། །རང་གི་ལག་པ་གཡོན་པའི་སྲིན་ལག་ལ། །འདི་ཉིད་ཞུ་བའི་སློབ་དཔོན་དེ་ཡི་བརྟག །རང་གི་དུང་ནི་རང་གི་གྲོགས་པོས་བུས། །སྐད་བཟང་བྱུང་ཞིང་ཞོ་མར་ཁྱེར་ཤོག་འབོད། །རང་གིས་རྔ་བརྡུང་ཁྲོམ་ལ་ཕྱག་དབང་


CMR002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཤར། །རི་ལ་མེ་ཆེན་མཆེད་དང་དམག་ཚོགས་གཤར། །གོས་ཡུག་དམར་པོ་ཆེ་ཞིང་ལེགས་པ་ལ། །རྣམ་སྲས་སྐྱ་བརྒྱད་སྐུ་ནི་ཐག་གྲུབ་སྟེ། །གཙོ་འཁོར་དགུ་པོ་གོས་ཆེན་གསེར་ཀྱུ་མ། །བདག་གིས་རྙེད་པས་དགའ་ཞིང་བཤམས་པ་དང་། །ཚོང་དཔོན་ཆས་བཟང་གོས་སྔོན་གྱོན་པ་ཞིག །བྱུང་བའི་རྟ་ཁ་བདག་གིས་བླངས་པ་རྨིས། །དེ་ལྟར་ཞག་པོ་ཉེར་གཅིག་སྒྲུབ་པ་རྫོགས། །ཞིག་གཅིག་ལས་སྔགས་གཅིག་ཁྲི་བཞི་སྟོང་ལྷག །ཕྱིར་ནངས་གསང་རྟེན་ཀློག་ནས་ནང་གཞུག་གཟབ། །གསང་རྟེན་གཉིས་པོ་གཅིག་ཏུ་བྱིན་གྱིས་བརླབས། །ངག་ནི་མ་བཏང་ལྟར་ཡང་སྒྲུབ་པ་སྤོག །དཔོན་ཕྲན་ཞིག་དང་ཁྲོམ་ནི་མང་པོ་འགས། །དར་དང་ནས་སོགས་མང་དུ་ཕུལ་བ་དང་། །དཔོན་ཆེན་ཕྱུག་པོ་ཆས་བཟང་རང་དྲུང་འདུག །གསང་རྟེན་ཀློག་པ་ཅུང་ཞིག་མ་ལེགས་རྟོགས། །དགེ་བསྙེན་ཆེན་པོས་ཕར་ལ་ཕྱག་འཚལ་དང་། །རྟ་ཡི་ཕྲ་སོགས་མི་ཆུན་རྟགས་ཀྱང་བྱུང་། །དེ་ནས་བསྐང་བཤགས་ཀྱང་ནི་ཚར་རེ་སྦྱར། །རང་ལ་རྒྱལ་མཚན་མང་པོ་འདུག་པ་དང་། །དཔོན་ཕྲན་ཞིག་གིས་རྒྱལ་མཚན་བརྒྱ་ཁྱེར་བྱུང་། །ཉེར་གཅིག་སྒྲུབ་པ་རྫོགས་ནས་ཞག་གཅིག་ལ། །


CMR002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྔགས་གཅིག་ཁྲི་གཅིག་སྟོང་བཟླས་པ་བྱས། །ངག་ནི་མ་བཏང་སླར་ཡང་སྒྲུབ་པ་སྤོག །ཚོང་དཔོན་ཆས་བཟང་གོས་སྔོན་ཅན་བྱུང་དང་། །ལུང་པའི་སྨད་ནས་འདི་ཡན་བླ་མ་ནི། །ཆེ་ཤོས་ཡིན་ཟེར་བདག་མིང་གླེང་བ་ཐོས། །ཚོང་དཔོན་ཆོས་བཟང་བྱུང་ནས་ཕྱག་འཚལ་དང་། །གྲོང་ཁྱེར་ཕྱུག་པོའི་དཀྱིལ་ན་བདག་འདུག་ཅིང་། །རི་ངོས་ཐམས་ཅད་ནོར་གྱིས་གང་བ་དང་། །དྲེལ་ནི་དྲུག་ཅུ་ཙམ་ཞིག་ཡོད་པའི་ཁྱུ། །ཚོང་དཔོན་བཅས་པ་བདག་གི་དྲུང་དུ་བྱུང་། །དབུས་ཀོང་གཉིས་པོ་བསྡོམ་པ་ཡིན་སྙམ་པའི། །དྲེལ་དཀར་སྐྱ་སྐང་འདྲེས་པ་ཚོགས་པའི་ཚོགས། །ཇོ་དར་མང་པོས་མདུང་དར་བྱས་པ་ཡི། །ཤོ་སྣ་བོང་བུར་བཀལ་ནས་ཁལ་མང་པོ། །བདག་ཉིད་གཟུར་ཀྱང་ང་ཡི་ཕྱི་བཞིན་བྱུང་། །རང་གི་བླ་མས་ཇ་ནི་མང་པོ་གནང་། །སྐྱེས་ཕྲན་ཞིག་གིས་གུས་པར་ཇ་བག་ཕུལ། །སྐྱེས་ཕྲན་ཞིག་གིས་ཇ་ཁག་གོར་མོ་ནི། །ཙོ་ཆུང་ཙམ་ཞིག་བདག་ལ་ཕུལ་བ་དང་། །རྒྱལ་བའི་དབང་པོ་བདག་གི་ཡུལ་དུ་ཕེབས། །སྡེ་ལ་བདག་གིས་རྩྭ་ཤིང་བསྡུས་སྨྲས་པས། །ཐང་ཆེན་གང་བའི་རྩྭ་ཤིང་བསྡུས་བྱུང་ཡང་། །ད་རུང་མི་ཆོག་བདག་གིས་བསྡུ་དགོས་སྨྲས། །ཇ་ཞུས་བྱས་པའི་


CMR002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འཕྲོ་བདག་ལ་གནང་། །ནམ་ལངས་ཉི་མ་ཤར་ཞིང་རྟ་སྔོན་པོ། །བཟང་པོ་ཞོན་ཞིང་མེ་ཤེལ་བཟང་བ་རྣམས། །བདག་གི་ཡོབ་དོ་ལ་ནི་བརྒྱབ་བྱེད་ཅིང་། །གཡག་དང་མཛོ་མོ་འདྲེས་པའི་སུམ་བརྒྱ་ཙམ། །རང་གི་ཡིན་སྙམ་འཚོ་སྐྱོང་བྱེད་པ་རྨིས། །འཚོ་རོགས་རྡོ་རྗེ་ཕག་མོ་ཡོད་སྙམ་བྱེད། །རྡོ་རྗེ་ཕག་མོས་མཛོ་མོ་དེ་རྣམས་ཀུན། །ཚུར་ལ་རྒྱབ་ཤོག་ཟེར་ནས་འབོད་པ་བྱས། །སྐུ་ཡི་སྤྲུལ་པ་མཛོ་མོ་དཀར་མོ་འབུམ། །གསུང་གི་སྤྲུལ་པ་མཛོ་མོ་དམར་མོ་འབུམ། །ཐུགས་ཀྱི་སྤྲུལ་པ་མཛོ་མོ་སྨུག་མོ་འབུམ། །སྨྲས་ཤིང་རང་ལ་དེ་རྣམས་ཡོད་སྙམ་བྱེད། །རང་གི་ཕྲེང་བའི་དཀྱིལ་དུ་མེ་ཤེལ་སྣང་། །མིག་ལ་གཟར་ནས་ཉི་མར་བལྟས་པ་ཡིས། །ཉི་མ་ཤར་དྲོས་ཙམ་གྱི་ཉི་རེད་སྣང་། །དྲེལ་ནི་ཕྲ་དང་ཕར་ལ་ཕྱག་འཚལ་སོགས། །བཀའ་གཉན་མི་ཆུན་ལྟས་ཀྱང་འགའ་རེ་བྱུང་། །རང་གི་ཡིན་སྙམ་ཁང་བཟང་ཉམས་དགར་བཞུགས། །རྒྱལ་རིགས་མི་ཆེན་གོས་སྔོན་ཅན་དང་ནི། །དགེ་བཤེས་བཙུན་ཆེན་སྐྱ་སྒང་མང་པོ་འདུག །དྲེལ་བདུན་རང་གི་ཡིན་སྙམ་སྒ་སྟན་བྱས། །ནས་ཡ་གཉིས་དང་རྩྭ་སྒྲོ་གཤིབ་པའི་ཁྲི། །དེ་ཡི་སྟེང་དུ་ཁོ་བོ་འདུག་པའི་ཚེ། །ཁྲི་ནི་


CMR002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་ཨོ་རྒྱན་པ་ཡི་ཁྲི། །ཡིན་པས་རྩྭ་ཕོན་ཅིག་གི་མཐོ་དམན་མེད། །སྨྲས་ཤིང་དེ་ལྟར་ཡིན་སྙམ་བྱེད་པ་དང་། །རང་ཁྱིམ་ཁང་བཟང་བཙན་པོའི་ནང་ཞུགས་རྨིས། །དེ་ལྟར་སྒྲུབ་པ་ཞག་གྲངས་ཉེར་གཅིག་རྫོ་གས། །ཞག་གཅིག་ལས་སྔགས་གཅིག་ཁྲི་གཅིག་སྟོང་བཟླས། །དེ་ནས་ངག་ནི་མ་བཏང་སྒྲུབ་པ་སྤོག །རྟ་སྔོན་ཁྱུ་གཅིག་བདག་གི་དྲུང་དུ་འདུག །ཞག་བདུན་བར་དུ་གཅུན་པའི་དམིགས་པ་བྱས། །སྔགས་པ་ལ་སོགས་འགའ་རེ་གྲལ་འགྲིགས་པའི། །ང་རང་ཡུལ་བུད་གྲལ་མགོར་བསྡད་པ་རྨིས། །དེ་ནས་མཁུ་ལྡོག་རྟགས་ནི་ཆུང་སོང་ཡང་། །སྒྲུབ་པ་ཞུད་རྟགས་རྟ་ཤི་ཆུས་ཁྱེར་རྨིས། །དེ་ནས་བསྐང་གསོལ་མང་དུ་བྱས་པ་དང་། །ནོར་ཕྱུགས་མང་པོ་འཚོ་སྐྱོང་བདག་གིས་བྱས། །སྡེ་དཔོན་བུག་སྒོར་བྱུང་ནས་ཆོས་བཤད་བྱས། །ཆུ་བོ་ཡ་མུ་ན་ཡི་གླིང་དེར་ནི། །དང་པོ་བྲིས་པའི་བཀོད་པ་འདྲ་བ་ལ། །ཕྱིས་ནས་བྲིས་པ་མ་ཡིན་མངོན་སུམ་ཉིད། །ཐ་མ་ཆུ་དང་ལྕགས་རིས་བསྐོར་བ་ཡི། །གྲོང་ཁྱེར་བརྗོད་ཀྱི་མི་ལང་པ་ཞིག་མཐོང་། །བལ་པོའི་ཡུལ་ཕྱིན་སྙམ་པའི་གྲོང་ཁྱེར་ནི། །དཔག་ཏུ་མེད་པའི་དབུས་ན་རྒྱལ་པོ་འདས། །རྒྱལ་བུ་སྐྱེས་མ་ཐག་ནས་ཁྲི་མནན་འདུག །


CMR002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བཙུན་མོས་བསྙེན་བཀུར་བཟང་པོ་དང་། །དེ་ཡི་བུ་མོ་ཤི་བའི་གོས་ཡིན་སྙམ། །སྦྱར་མ་རྩེས་ཞྭ་བཟང་པོ་བདག་ལ་ཕུལ། །བདག་གི་ནོར་ཁང་ཁང་པར་རྒྱ་ཆེན་ཚར། །ད་ནི་དགོན་པ་རྒྱ་ཆེན་བྱེད་དགོས་སྙམ། །དང་པོ་ཟ་དམ་ཙམ་གྱི་རི་ཞིག་སྣང་། །རི་རབ་ཡིན་སྙམ་དེ་ཡི་རྩེ་ལ་འཛེགས། །དེ་སྟེང་མཁར་ནི་འདྲ་བ་ཞིག་འདུག་པ། །སུམ་བརྩེགས་ཡིན་སྙམ་དེ་ཡི་སྟེང་དུ་སོང་། །གླང་ཆེན་ཡིན་སྙམ་མི་གསལ་ཙམ་ཞིག་ཞོན། །ལག་ཏུ་དཀར་པོ་གཅིག་བཟུང་ནམ་མཁར་གཡུགས། །འདི་ཡན་འཐབ་བྲལ་ལྷ་ཡི་གནས་ཡིན་ཏེ། །འཐབ་བྲལ་མན་ཆད་འཇིག་རྟེན་ཐམས་ཅད་ཀྱིས། །རྒྱལ་པོ་ང་རང་ཡིན་སྨྲས་ཡིན་སྣང་ཤར། །གཞན་ཡང་དགེ་བཤེས་རིན་ཆེན་ཁྲི་མདུན་དུ། །རྐང་དང་ཐིག་ལེ་ཡིན་སྙམ་ཞོ་ཕོར་བཏུང་། །མི་མང་ཚོགས་དང་ཇ་དར་འབུལ་བ་དང་། །ཇ་ཞུས་བྱེད་པའི་རྨི་ལམ་ལན་འགའ་རྨིས། །དེ་ལྟར་བསྙེན་སྔགས་ཉི་ཤུ་རྩ་ལྔ་པ། །ངག་བཅད་འཁོར་ཡུག་གདན་དྲོད་མ་བྲལ་བ། །འབུམ་ཕྲག་ཉེར་དྲུག་ཐོན་པའི་ནུབ་པར་ལ། །བསྐང་གསོ་ཚར་ནི་བཅུ་གསུམ་བཏོན་བྱས་ཏེ། །གཟུགས་ནི་ཅི་ལྟར་འདུག་པ་མ་མཐོང་བར། །ངེད་རྣམས་འགའ་ལ་


CMR002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པའི་ཚིག་སྤྱོད་ནས། །རྒྱལ་ཆེན་འཁོར་བཅས་མཆོད་པའི་བྱིན་རླབས་ཀྱིས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་པའི་ཚིག་དེ་བསླབས་ནས་བྱུང་བར་རྨིས། །ཞག་གཅིག་ལས་སྔགས་གཅིག་ཁྲི་བརྒྱད་བརྒྱ་བཟླས། །དེ་ནུབ་དཔོན་ཆེན་གོས་དམར་ཅན་ཞིག་ལ། །སྐྱ་པ་མང་པོས་བསྐོར་ནས་བྱུང་བར་རྨིས། །དེ་ནས་ངག་ནི་མ་བཏང་ཞག་བཅུ་བཞིར། །བསྙེན་སྔགས་མ་དྲག་དངོས་གྲུབ་སྔགས་གསུམ་སྦྲེལ། །གཅིག་འབུམ་གཅིག་ཁྲི་སུམ་སྟོང་དྲུག་བརྒྱ་བཟླས། །བཙུན་ཆེན་སྐྱེས་ཕྲན་སྐྱ་པ་མདུན་དུ་བྱུང་། །རྣམ་སྲས་སེར་ཆེན་སེང་གེ་ལ་ཆིབས་པ། །ཕྱག་ན་རྒྱལ་མཚན་ཐོགས་པ་ཅི་ལྟར་ཞིག །མཇལ་སྣང་མཇལ་བ་ཡིན་ནོ་བསམས་ཤིང་འདུག །མཇལ་ལུགས་ཅི་འདྲ་ཡིན་སོགས་མ་གསལ་ལོ། །ཁྲོམ་དང་སློབ་དཔོན་སོགས་ལ་དབང་བསྐུར་བྱས། །བམ་པོ་འགའ་རྙེད་རྟ་ཞོན་གྱེན་རྒྱུག་རྨིས། །རྒྱལ་བའི་དབང་པོ་དངོས་ཉིད་ཡིན་སྙམ་པའི། །བེར་མནབས་པད་ཞྭ་གསོལ་བའི་བླ་ཆེན་ཞིག །ང་ཡི་ལུས་ལ་ཁྱོད་ཀྱིས་རྩིས་ཆེན་འདུག །ང་ཡི་ལུས་


CMR002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རིན་པོ་ཆེ་ཡིན་ཞེས། །ཁྱོད་ཀྱིས་ཟེར་བ་རྟེན་འབྲེལ་བཟང་ངོ་གསུངས། །དེ་ལ་བདག་ཡིད་དགའ་བས་བགྲོ་གླེང་ཕུལ། །འགྲོ་ལ་ཕན་བདེའི་རྩ་བ་སངས་རྒྱས་བསྟན་པ་ཡིན། །བསྟན་པའི་རྩ་བ་ཉམས་ལེན་སྒྲུབ་པ་ཡིན། །སྒྲུབ་པ་དེ་ཉིད་ཤེས་ཕྱིར་ཐོས་བསམ་དགོས། །དེ་ཕྱིར་རྟེན་འབྲེལ་ཁྱོད་ལ་འབྲེལ་བ་བྱ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ལ་སོགས་པ། །ཕར་ཕྱིན་བགྲོ་གླེང་བདག་གིས་བྱས་པ་རྨིས། །དེ་ནས་ངག་ནི་མ་བཏང་ཞག་བདུན་བར། །བསྙེན་སྔགས་མ་བཏགས་དངོས་གྲུབ་ལས་སྦྱོར་སྔགས། །བཞི་འབྲེལ་གཅིག་འབུམ་གཅིག་ཁྲི་ཉིས་སྟོང་བཟླས། །མཆེད་གྲོགས་གཟི་བརྗིད་རབ་འབར་དགའ་ཞིང་བྱུང་། །ཤིན་ཏུ་བཀྲག་བཟང་མཆོད་ཁང་ཞིག་གི་ནང་། །ཁྲི་བཟང་སྟེང་དུ་བླ་མ་ཆེན་པོ་ནི། །དབུ་ལ་དར་གདུགས་ངུར་སྨྲིག་གསོལ་བ་མཇལ། །རྒྱལ་འགོང་ཡིན་དོགས་རལ་གྲི་ཕྱར་ནས་སྡིག །སླར་ཡང་སྣུམ་བག་ཆགས་ཤིང་གཟི་བརྗིད་ལྡན། །གཡོན་དུ་ཨོ་རྒྱན་གསེར་ཐང་ལྔ་སྒྲིག་སྣང་། །འགོང་པོ་མིན་པ་ཐག་ཆོད་བླ་མ་དེས། །ཤངས་ནས་འཇུས་ཏེ་དངོས་གྲུབ་བྱིན་ཅིག་སྨྲས། །ཚེས་བརྒྱད་ལས་བཞིའི་སྦྱིན་བསྲེགས་བྱས་ནས་


CMR002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དེ་ནས་ངག་བཏང་ཟླ་ལྔ་ཞག་ལྔ་སོང་། །ངག་མཚམས་བསྡམས་པར་མིན་ཀྱང་དགེ་བར་བྱུང་། །ཡང་ན་ཞག་པོ་བཅུ་བཞི་ངག་མཚམས་བསྡམས། །གསང་སྒྲུབ་བཞི་འབུམ་བཟླས་ནས་གློ་བུར་གྲོལ། །ལས་སྦྱོར་འཐོར་བསྙེན་སུམ་ཁྲི་ཐེམ་པར་བསྙེན། །ཡང་ནི་ཞག་བདུན་ངག་མཚམས་བསྡམས་ནས་ཀྱང་། །ན་ན་ཁ་དེའི་ཤམ་བུ་བཏགས་པ་ལ། །བདུན་ཁྲི་དྲུག་སྟོང་བཟླས་ཚེ་རྨི་ལྟས་ནི། །ཆོས་གོས་བཟང་ཞིང་རྟ་བཟང་ཞོན་ནས་རྒྱུག །ནས་རྡུང་བྱེད་པར་སྟན་བཟང་སྟེང་དུ་འདུག །རིན་པོ་ཆེ་སོགས་གྲྭ་ཚང་ཐམས་ཅད་ནི། །ཆོས་གོས་བཟང་ནང་རང་འདུག་དགའི་བ་རྨིས། །གནས་ཆེན་པ་དང་ཚོང་དཔོན་ཆས་བཟང་དང་། །ཁྱིམ་བདག་ཕྱུག་པོའི་ད་ལོ་ལོ་ཉེས་ཀྱང་། །སྐྱོན་མེད་རྒྱ་ཤོད་ཁ་ལུང་གཉིས་པོ་ཡི། །ས་བོན་འཕེལ་འགྲིབ་ཙམ་ཞིག་ཡིན་ནོ་ཟེར། །བླ་ཆེན་འགའ་དང་དགེ་སློང་མང་པོ་འགས། །རང་དང་མཉམ་དུ་གུང་ཚིགས་མཛད་འདུག་པ། །ཁོང་རྣམས་གསོལ་རྒྱུ་མེད་ཅིང་བཀྲེས་འདུག་པས། །ང་ལ་མང་པོ་འདུག་པས་འབབ་ཀྱང་བྱིན། །རྒྱ་དངུལ་སྲང་བཞི་འདུག་པ་ཚགས་བྱས་རྨིས། །ཡང་ནི་ཞིག་པོ་བཅུ་བཞི་ངག་མཚམས་བསྡམས། །གསང་


CMR002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཉིས་འབུམ་ཉི་ཁྲི་ལྷག་ཙམ་བཟླས། །སྡེ་པ་ཆས་བཟང་བདག་ལ་བཀུར་སྟི་བྱས། །ཁྱིམ་བདག་ཚོང་དཔོན་ཆས་བཟང་ཕྱུག་པོ་ཡི། །ཇ་ཁག་གཉིས་དང་ནས་ཡ་གསུམ་ཙམ་ཕུལ། །བུད་མེད་གཅིག་གིས་འོ་མ་ཟོ་གང་དང་། །མལ་སྐྱལ་ཅིག་སོགས་མར་འགའ་ཕུལ་བ་རྨིས། །དངོས་དང་རྟོག་ངོར་གང་ཡིན་མི་འབྱེད་པའི། །འོད་དམར་འཁྱུག་དང་གུ་གུལ་དྲི་མ་འཚུབས། །ཡང་ནི་ཞག་བཞིར་ངག་མཚམས་བསྡམས་ནས་ནི། །བཱ་སུའི་ཤམ་བུ་ལྔ་ཁྲི་བསྙེན་པའི་ཚེ། །སྨྱུག་མའི་ནགས་ཚལ་ཆེན་པོ་ཞིག་འདུག་པ། །ཕལ་ཆེར་དར་དམར་ཁ་འབྲེལ་ཙམ་རེ་བཏགས། །དམར་དང་སྤུང་སྤུང་མཛེས་པར་འདུག་པ་མཐོང་། །ཁང་བཟང་ནང་དུ་གོས་ཆེན་རྒྱལ་མཚན་དང་། །ཀ་རྒྱན་ལ་སོགས་མཆོད་བཤམས་ཡོད་པའི་སར། །བདག་གིས་མགོན་པོའི་མདོས་ཆེན་བཅས་པ་དང་། །གོས་ཡུག་དམར་པོའི་ཀ་རྒྱན་བཟོ་ཤོམ་དང་། །ཁྲོམ་ཚོགས་དཔག་ཏུ་མེད་པ་འདུ་བ་རྨིས། །ཡང་ནི་ཞག་བདུན་སྔགས་དེ་ངག་མཚམས་བྱས། །བརྒྱད་ཁྲི་བཞི་སྟོང་ལྷག་ཙམ་བསྙེན་པའི་ཚེ། །སྡེ་པ་ཆེན་པོ་ཇ་གནང་ཁྲོམ་ཚོགས་ལ། །བུམ་ཆུ་སྐྱུར་སིལ་ཁུ་བས་དབང་བསྐུར་བྱས། །རང་གི་འཐུ་


CMR002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྒུན་འབྲུམ་སྡེར་དོ་བླུགས། །གཟན་ཤམ་དམར་པོ་བཞི་ཙམ་གྱོན་ཤོམ་དང་། །རང་ནོར་དྲུག་ཅུ་ཙམ་ཞིག་གྱེན་དེད་དང་། །ཤིན་ཏུ་བསྙེན་སྐབས་ན་ན་ཁ་དེའི་ཕུལ། །ཡར་ངོའི་རིང་ལ་སྦྱིན་སྲེག་བཅུ་ཚར་ཞིང་། །བཅོ་ལྔ་ནུབ་པར་རིལ་བུ་སུམ་བརྒྱ་བསྲེགས། །གོང་འོག་བསྡོམས་པས་སུམ་འབུམ་བཞི་ཁྲི་ལྷག །ཡང་ནི་བཅུ་བཞི་ངག་མཚམས་བསྡམས་བྱས་ཏེ། །བཱ་སུའི་ཤམ་བུ་སྦྱར་བ་དེ་བསྙེན་པས། །དཔོན་ཆེན་བཙུན་པས་ཆོས་ཀྱི་དོས་གཅིག་གཟོབ། །རྨི་ལམ་ཉམས་སྣང་གང་ཡིན་མི་འབྱེད་པར། །ཚོང་དཔོན་ཆས་བཟང་རང་གི་དྲུང་དུ་བྱུང་། །ནུབ་གཅིག་དཀྱིལ་འཁོར་དེ་ལ་ཕྱག་འཚལ་ནས། །གཙང་སྟོད་རྒྱལ་པོ་ཡིན་སྙམ་དཔོན་ཆེན་ཞིག །དཔོན་རིགས་ཆས་བཟང་བརྒྱ་ཕྲག་བསྐོར་འདུག་པ། །དེ་ལ་བདག་གིས་དཔོན་ཕྱག་གཅིག་འཚལ་ནས། །འཁོར་རྣམས་དཔོན་ཕྱག་མི་ཤེས་འདུག་ཟེར་འཕྱ། །དཔོན་དེས་འདི་ཡིས་ང་ལ་དཔོན་ཕྱག་སོགས། །དགོས་ལེ་མིན་ཞེས་བདག་ལ་བསྟོད་པ་བྱས། །ལོ་ཐོག་ཤིན་ཏུ་ལེགས་པ་བརྔ་འདུག་པས། །ཕ་རི་དེ་ནས་དཔོན་རིགས་བུ་ཆུང་ཞིག །བམ་སྤྱང་མགྱོགས་ཆུག་ཟེར་ནས་འབོད་དོ་བས། །བདག་གིས་བམ་སྤུང་


CMR002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་མྱུར་བར་བྱས། །རང་གི་ཡིན་སྙམ་ཅང་ཤེས་ལྔ་དྲུག་བསྡུས། །རྩྭ་སྔོ་བཟང་སར་ནོར་ཁྱུའི་དཀྱིལ་དུ་ཕྱིན། །མཛོ་ལ་རྩི་དཀར་བཀལ་ནས་རང་ཁྱིམ་ཕྱིན། །གཉེར་ཁང་འཇིགས་པར་གཉེར་ཆེན་པས། །ཞིམ་ཇེ་དྲངས་ཚེ་རང་ཉིད་ནི། །མི་སྣ་ཁམས་ཆེ་ཡིན་སྣང་བྱས། །དཔོན་རིགས་དག་ལ་དབང་བསྐུར་ཞིང་། །བུད་མེད་སོགས་ཀྱི་ཇ་འདྲེན་མང་། །མཛོ་འུ་སྣ་དག་བཅས་པ་དང་། །གཞན་ནས་འཕྲོག་པའི་ཀ་ཆ་འགའ། །རང་ལ་འབུལ་གྲབས་བྱེད་པ་རྨིས། །གཅིག་འབུམ་གཅིག་ཁྲི་ལྷག་ཙམ་སོང་། །གོང་འོག་བསྡོམས་པའི་སྔགས་དེ་ལ། །གཉིས་འབུམ་ལྔ་ཁྲི་ལྔ་སྟོང་ལྷག །མར་ངོ་ཆུ་སྦྱིན་གཉིས་རེ་དང་། །གནམ་གང་རིལ་བུ་བདུན་བརྒྱ་བསྲེགས། །ཉེར་གཅིག་སྦྱིན་བསྲེགས་རྒྱས་པར་བྱས། །ཡང་ནི་ཞག་བརྒྱད་གསང་སྒྲུབ་ལ། །བསྙེན་པ་གཅིག་འབུམ་གཅིག་སྟོང་དང་། །ལས་སྦྱོར་གཅིག་ཁྲི་ངག་མཚམས་ཚེ། །ཁྲི་ནི་རིང་ཞིང་མཐོ་བའི་སྟེང་། །རང་ལ་ཆོས་འབྲེལ་ཡོད་པ་ཡི། །སློབ་དཔོན་ཆོས་བཟང་མང་པོ་བཞུགས། །བདག་ཀྱང་ཁྲི་ཟུར་དེར་བསྡད་པས། །མ་བཅག་བདག་ནི་ཐང་ལ་བྲུལ། །བདག་གིས་འཁང་ར་འགའ་བྱས་


CMR002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཁོང་རྣམས་མ་ཟད་དེར་ནུབ་ནས། །ང་ལ་ཁྲི་ནི་ཡག་མོ་གཡར། །རང་ཉིད་ཁྲི་ཁ་དེ་རུ་བསྡད། །མི་ཆེན་མང་པོ་རང་དྲུང་འདུག།ངོ་མི་ཤེས་པ་དཔོན་ཆེན་ཞིག །རྟ་ཁྲིད་ཐབ་ཁར་བསྐོར་བ་བྱེད། །ཁྲབ་ཆེན་འདྲ་བའི་སྐྱ་ཕ་ཞིག །དེ་རྗེས་རང་ཡང་རྟ་ཞོན་རྒྱུག །བཙུན་པས་ཞིམ་ཇ་མར་ཁུ་བསྲེས། །རང་གི་ཕོར་པར་མ་ཤོང་བྱོས། །ཕྱུག་པོའི་སྐྲ་ཕུད་ཇ་ཞུས་དང་། །འབྲི་ཁྲབ་ལ་སོགས་འབུལ་ལོ་ཟེར། །ཅ་ནེ་གསར་པ་ཆེན་པོ་བཏང་། །བཙུན་ཆུང་མཛེས་པས་ཇ་ཞུས་མིང་། །ཁང་བཟང་ནང་ཕྱིན་ནས་མང་སྤྱོད། །ལྷ་ཁང་ལོགས་བྲིས་གསེར་འོད་འབར། །དངོས་སུ་ན་ན་ཁ་དྷེ་འདུག །དེ་ནས་ངག་ནི་མི་བཏང་བར། །ཁ་དྷེའི་ཤམ་བུ་བཏགས་པར་བྱས། །གནས་ཆེན་ཁང་ཐོག་ཁྲོམ་ཆེན་འདུས། །རྡོར་དྲིལ་ཐོགས་ནས་དབང་ཆེན་བགྱིས། །དབང་སྒྲུབ་དབང་ནི་བསྐུར་ཤོམ་དང་། །རྩི་བཅུད་སྙིང་པོ་ཀོ་འབོགས་ཙམ། །སྐྱེས་ཕྲན་བཙན་པོའི་འབུལ་ཤོམ་བྱེད། །བོད་རྗེའི་གདུང་རིགས་དགའ་ཞིང་གུས། །བྱི་རུའི་རྒྱན་ཆ་ཆས་བཟང་དང་། །སྦྱར་ལེན་ཆེན་པོའི་ཞགས་པ་དང་། །གཡུ་དང་མུ་མེན་འགའ་རེ་ཕུལ། །གཟན་གསར་དཀར་སེར་དམར་གསུམ་


CMR002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གོས་བཟང་མང་སྤྱག་འབོགས་ཏོ་ནི། །སེར་པོ་བྱས་འདུག་དེ་ཕུད་ནས།།གཟིམ་ཞུ་གྱོན་གྲབས་བྱས་པ་དང་། །ཡུངས་ཀར་བཏབ་པ་སྒོ་ང་རྒྱས། །ལོ་ཏོག་ལྗང་ལྡེབ་ལེགས་པ་དང་། །སྲུག་ཟན་ཆེན་པོ་མདུན་དུ་དྲངས། །ལོ་ལེགས་གསེབ་ཕྱིན་བརྔ་རན་ཟིན། །ཁང་པ་རྩྭ་ནི་སྐྱ་སྔོས་གང་། །དཔོན་རིགས་ཆས་བཟང་དགའ་ཞིང་འདུག །ལོ་ལེགས་ཚར་མ་ཆེན་པོ་ཚར། །སྙེ་མ་བླངས་ཏེ་འབྲུ་རྒྱས་མཐོང་། །ཉིས་འབུམ་གཅིག་སྟོང་ཞག་ཉེར་གཅིག །རིལ་བུ་སྟོང་དང་ཉིས་བརྒྱ་བསྲེགས། །བུད་མེད་རྒྱན་ལྡན་ཕྱག་འཚལ་དང་། །རྟ་ནི་མང་པོ་བདག་བྱས་དང་། །དེ་ལྟར་ཤམ་བུ་དེ་ཉིད་ལ། །སུམ་འབུམ་ངེས་པར་སོང་བའོ། །ཡང་ནི་ཞག་བདུན་ངག་མཚམས་བསྡམས། །དེ་ཉིད་དྲུག་ཁྲི་བཞི་སྟོང་བཟླས། །འཐོར་བསྙེན་བཞི་ཁྲི་དང་བསྡོམས་པས། །བཞི་འབུམ་བཞི་སྟོང་ཐེམ་པ་སྟེ། །བཟང་ཇའི་ཁོག་གཟུགས་ཆུང་ངུ་ཞིག །བུག་དཀར་སྒོ་ནས་དངོས་སུ་བླངས། །ཇ་གདར་འགའ་ཞིག་ཚགས་བྱས་དང་། །མར་དཀར་ཕུལ་དང་སྡེར་ཆེན་གཉིས། །ཁ་མཆུ་བདག་གི་བར་བྱས་དུམ། །མར་ངོ་དམར་པོའི་ཆུ་སྦྱིན་བཏང་། །དུས་ངན་


CMR002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མུག་ཆེན་སྐབས་ཡིན་ཏེ། །ཞིག་དྲུག་སྟེང་ནས་ཁ་དྷེ་འདུ། །གནམ་གང་རིལ་བུ་བཞི་བརྒྱ་བསྲེགས། །ཡར་ངོར་བརྒྱ་རེ་ཆག་མེད་བསྲེགས། །དེ་དག་དམར་པོ་ཁོ་ན་འོ། །དེ་དག་རྣམས་ཀྱི་བར་སྐབས་སུ། །འཐོར་བསྙེན་འབུམ་ཕྲག་མང་ཞིག་སོང་། །དེ་སྔོན་དེ་ཡི་བར་མཚམས་སུ། །ཞག་པོ་བཅོ་ལྔ་ངག་མཚམས་བྱས། །རྣམ་སྲས་སེར་པོ་འབྲུ་བརྒྱད་ཀྱི། །གསང་གཏོར་སྒྲུབ་པའི་རྨིས་ལྟས་ནི། །བཙུན་པ་ཞིག་གིས་འབྲུ་ཕུལ་དང་། །ཁྱེ་འུ་གཞོན་ནུའི་ཇ་ཞུས་དང་། །བུད་མེད་རྒྱན་ལྡན་འོ་མ་དྲངས། །ཡུལ་དཔོན་གུས་པས་དྲུང་འདུག་དང་། །ཁྲོམ་དང་བུད་མེད་ནས་མང་ཕུལ། །བུད་མེད་གུས་འདུག་རྔ་བརྡུང་དང་། །ནམ་མཁར་འོད་དམར་འཁྱུག་པ་དང་། །ནགས་ཚལ་དཔག་ཏུ་མེད་པ་ལ། །ནམ་མཁའ་བར་སྣང་གང་བ་ཡིས། །མེ་ཆེན་རབ་ཏུ་མཆེད་པ་དང་། །ཁང་བཟང་ནང་དུ་བདེ་གནས་དང་། །འདུ་བ་ཡང་ནི་བག་ཙམ་སྟེ། །བདུན་འབུམ་བདུན་སྟོང་ལྷག་ཙམ་སྟེ། །ཡང་ནི་ཞག་བདུན་ངག་མཚམས་བསྡམས། །རྣམ་སྲས་སེར་ཆེན་མན་ངག་དང་། །གསང་སྒྲུབ་གསེར་གཡུའི་དབྱེ་བ་བསྙེན། །སྔགས་ནི་དྲུག་ཁྲི་ཉིས་སྟོང་བཟླས། །བསོད་ནམས་མིང་ཅན་


CMR002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་འདི། །གོས་སྔོན་ཅན་དང་བཙུན་ཆེན་བྱུང་། །དཔོན་རིགས་ཁྱེའུར་ཆོས་བཤད་བྱས། །ཚོང་དཔོན་ཕྱུག་པོའི་རང་ཉིད་ལ། །བསྐུར་བའི་བ་མན་ཞིག་འདུག་པ། །མཚར་སྣང་བྱས་ཤིང་དེ་ལ་བལྟས། །རང་དང་ཐབས་གཅིག་ཡིན་པ་ལ། །མི་འགས་གསོལ་ཇ་ཡིན་ཟེར་ནས། །ཐུམ་པོ་འགའ་དང་ཇ་མར་འགའ། །སྐྱེས་པ་བུད་མེད་འགའ་རེ་ཡི། །ཁྱེར་བྱུང་རང་གི་དྲུང་དུ་བཞག །ཇ་ཁག་གསུམ་དང་ཇ་སིལ་འགའ། །ཉོས་པ་ཡིན་སྙམ་ཚག་བྱས་རྨིས། །ཤིན་ཏུ་གོད་ནས་ཆེ་སྐབས་ཏེ། །རྟེན་འབྲེལ་འདུ་བར་ལེགས་པར་བྱུང་། །འཐོར་བསྙེན་དྲུག་ཁྲི་བདུན་སྟོང་དང་། །གསུམ་ཀ་བསྡོམས་པས་འབྲུ་བརྒྱད་ལ། །བརྒྱད་འབུམ་དྲུག་ཁྲི་ལྷག་ཙམ་སོང་། །སེར་པོའི་སྒྲུབ་པ་ལན་གསུམ་སྟེ། །རྗེས་ནས་ཁ་གསོ་ལན་གཅིག་སྟེ། །གནམ་ཆོས་དང་ནི་གཏེར་གསར་གྱིས། །སྦྲེལ་བའི་སྒྲུབ་པ་ཞག་འགའ་ཙམ། །དེ་མིན་སྒྲུབ་པ་དེ་རྣམས་ཀུན། །རང་ལོ་སོ་དྲུག་ཕན་ཆོད་དེར། །ན་སོ་གཞོན་པའི་གཞོན་སྐྱོན་གྱིས། །གཞོན་སྙིང་ཁྲག་ལང་འདྲ་བར་སོ། །དེ་ནས་བཟུང་སྟེ་ཚེ་འདི་ཡི། །དཔལ་འབྱོར་མངའ་ཐང་འདོད་པ་ཆུང་། །འདི་ལས་ཕྱི་མ་


CMR002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་ཞིང་། །དེ་ཡང་ཐེག་དམན་མ་ཡིན་པར། །བླ་མེད་བྱང་ཆུབ་ཐོབ་འདོད་པའི། །ཐུགས་རྗེ་ཆེན་པོ་ལ་སོགས་པའི། །མཆོག་སྒྲུབ་རྣམས་ལ་འབད་པར་བྱས། །སྔོན་གྱི་ལོ་རྒྱུས་འདི་ལྟ་སྟེ། །ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། །ཚོགས་བདག་སྒྲུབ་ནས་ཞལ་གཟིགས་ཏེ། །ཁོང་ལ་དངོས་གྲུབ་ཀྱང་མ་བྱུང་། །དངོས་གྲུབ་ཚ་བོའི་དུས་འབྱུང་གསུངས། །ཚ་བོ་ཆུང་བ་ཆོས་རྒྱལ་འཕགས། །རྒྱ་ནག་རྒྱ་པོའི་བླ་མར་གྱུར། །ནུབ་མ་གཅིག་གི་དབང་ཡོན་ལ། །བོད་ཡུལ་ཁྲི་སྐོར་བཅུ་གསུམ་ཕུལ། །སྔགས་འཆང་རེ་ནི་སྐྱབས་ཞེས་པ། །རཏྣའི་གཏེར་ཁ་ལས་བྱུང་བའི། །དབང་ཕྱུག་ལན་བརྒྱད་རྟགས་ཐོན་བསྒྲུབས། །ཁོང་རང་ཉིད་ལ་དངོས་གྲུབ་ནི། །ཅུང་ཟད་ཙམ་ཡང་མ་བྱུང་སྟེ། །བུ་གཉིས་ཡོད་པ་གནས་ཆེན་པས། །ཕྱུག་ཅིང་བཙན་དྲག་ལྡན་པ་བྱུང་། །དགེ་སློང་ཞིག་གིས་འཛམ་དཀར་བསྒྲུབས། །ཁོང་ལ་དངོས་གྲུབ་མ་བྱུང་སྟེ། །ཚ་བོའི་རིང་ན་གནས་ཆེན་པ། །བཀའ་འགྱུར་བཞེངས་པའི་ཡོན་བདག་བྱུང་། །དེ་བཞིན་ནོར་ལྷའི་རིགས་རྣམས་ཀུན། །དངོས་གྲུབ་སྒྲུབ་མཁན་དེར་མི་འབྱུང་། །རིགས་རྒྱུད་དམ་ནི་སློབ་བརྒྱུད་ལ། །དངོས་གྲུབ་འབྱུང་བ་ཡིན་


CMR002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས། །སྔར་ནས་ཀུན་གྱི་སྨྲ་སྲོལ་སྣང་། །དེ་ཕྱིར་བདག་གི་རིགས་རྒྱུད་དང་། །ཆོས་བརྒྱུད་ངེས་པར་འཛིན་རྣམས་ཀྱིས། །སྒྲུབ་པ་ལ་སོགས་མ་ཐོན་ཀྱང་། །རྣམ་སྲས་སེར་དམར་གཉིས་པོ་ལ། །ལས་བྱང་རྒྱུན་ཁྱེར་མ་ཆག་དང་། །ཉ་མཚམས་བརྒྱད་དང་ནམ་སྐབས་དུས། །བསྐང་གསོལ་མཆོད་པ་གཟབ་བྱས་ན། །ཁ་དབང་ལག་ཞྭ་མི་འབྱུང་ཞིང་། །དཔལ་འབྱོར་ལོངས་སྤྱོད་ཤུགས་ཀྱིས་འཕེལ། །ཕྱི་རབས་ང་ཡི་རྗེས་འཇུག་ལ། །བན་རྒན་བཞག་པ་མི་ཆུང་སྙམ། །གལ་ཏེ་དཔལ་འབྱོར་ཆེ་སྲིད་ན། །དཀོན་མཆོག་མཆོད་ལ་བློ་སྟོབས་བསྐྱེད། །དེ་ཡང་རིགས་རྒྱུད་ཆོས་བརྒྱུད་ལ། །ཆགས་ཞེན་ཆེ་བའི་རྨོངས་གཏམ་མིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་དེ། །རྫོགས་སངས་རྒྱས་པ་མ་སྔ་ན། །འཁོར་ལོས་སྒྱུར་རྒྱལ་ལྔ་བརྒྱ་རུ། །སྐྱེ་བའི་བསོད་ནམས་བསགས་ཚར་བ། །རྫོགས་སངས་རྒྱས་སྔ་མ་མཁོ་བས། །ཉིད་ཀྱི་རྗེས་འཇུག་ཉན་ཐོས་རྣམས། །འཚོ་བ་ཕུལ་བའི་ཆེད་དུ་བསྔོས། །དེ་ཕྱིར་ཚུལ་ཁྲིམས་ལེགས་བསྲུངས་ན། །མུ་ཏིག་འབྲས་གཉིས་མཉམ་བརྗེ་ནི། །བྱེད་པའི་མུ་གེ་བྱུང་གྱུར་ཀྱང་། །ཐུབ་པའི་རྗེས་འཇུག་རབ་བྱུང་རྣམས། །


CMR002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བས་ཕོངས་པར་མི་འགྱུར་གསུངས། །དེ་བཞིན་ང་ཡི་རྗེས་འཇུག་རྣམས། །རྒྱལ་བ་རྒྱ་མཚོའི་ཟིན་བྲིས་སོགས། །ང་ཡིས་བཤད་པའི་ཆོས་དེ་དག །ཇི་ལྟ་བ་བཞིན་ཉམས་བླངས་ན། །འཚོ་བས་ཕོངས་པར་མི་འགྱུར་སྙམ། །དེ་ཡང་ཚེ་གཅིག་ལུས་གཅིག་ལ།། །བླ་མེད་བྱང་ཆུབ་སྒྲུབ་པ་ནི། །ནོར་ལྷ་ལ་སོགས་མི་བསྒྲུབ་སྟེ། །བསྒྲུབས་ན་ཟང་ཟིང་ལོངས་སྤྱོད་འཕེལ། །དེ་ལ་ཡེངས་ཤིང་ཆགས་པ་ཡིན། །བྱང་ཆུབ་སྒྲུབ་པའི་གེགས་སུ་འགྱུར། །ལྷ་ཡི་བུ་ཡི་བདུད་ཡིན་གསུངས། །དེ་ཕྱིར་འབྲུག་ལུགས་ཕལ་ཆེར་ནི། །ཛམ་ལྷའི་ཆུ་སྦྱིན་མི་མཛད་སྐད། །གནོད་གནས་དབང་པོའི་རྟོགས་བརྗོད་ལ། །སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱང་། །དང་པོ་ཤིང་ཐུན་དབུལ་པོར་སྐྱེས། །ཛམ་བྷ་ལ་སྒྲུབ་རྒྱལ་པོར་གྱུར། །སྦྱིན་བཏང་སྦྱིན་པའི་ཕར་ཕྱིན་རྫོགས། །རབ་ཏུ་དགའ་བའི་ས་ཐོབ་གྱུར། །དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་། །དང་པོ་ཛམ་བྷ་ལ་བསྒྲུབས་པས། །ལོངས་སྤྱོད་ལྡན་ཞིང་སྦྱིན་པ་བཏང་། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །དེ་ཡི་དང་པོའི་ས་ཐོབ་པས། །ཛམ་ལྷ་སངས་རྒྱས་ཀུན་གྱི་ཡབ། །འདི་མཆོད་སངས་རྒྱས་ཀུན་མཆོད་འགྱུར། །


CMR002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ཡབ་ནི་རྣམ་ཐོས་སྲས། །ཡུམ་ནི་ལྷ་མོ་ནོར་རྒྱུན་མ། །སྲས་ནི་ཛམ་ལྷ་རིགས་དགུ་སྟེ། །རིགས་དགུ་ཐམས་ཅད་ངོ་བོ་གཅིག །དེ་རྣམས་དོན་ལ་སངས་རྒྱས་དངོས། །ནོར་ལྷའི་སྐུ་རུ་བཞེངས་ཙམ་སྟེ། །ཐུན་མོང་དངོས་གྲུབ་བསྒྲུབས་ན་ཡང་། །མཆོག་གི་དངོས་གྲུབ་ཞོར་ལ་འགྲུབ། །དེ་ཕྱིར་ལྷ་བུའི་བདུད་ཡིན་སོགས། །སྐུར་པ་འདེབས་པ་མི་རུང་སྟེ། །ཛམ་ལྷའི་ཆུ་སྦྱིན་མ་བཏང་ན། །ང་ཡི་ཉན་ཐོས་མིན་ནོ་ཞེས། །ཐུབ་པའི་དབང་པོས་བཀག་པ་མཛད། །དེ་ཕྱིར་ཞག་བདུན་ངག་མཚམས་བཅད། །ཛམ་དཀར་གཅིག་འབུམ་བརྒྱད་ཁྲི་ལྷག །བསྙེན་ཚེ་ཁྱིམ་བདག་ཕྱུག་པོ་ཞིག །སྣུམ་བག་ལྡན་པ་སྒྲོ་བ་གང་། །ཁྱེར་ནས་བདག་ལ་འབུལ་རྒྱུ་བྱུང་། །རྔ་བཟང་བརྡུང་དང་སིལ་ཆལ་རྡེབ། །ཤིན་ཏུ་སྐད་སྙན་དྲིལ་བུ་འཁྲོལ། །ཆར་པ་བབ་སོགས་རྨིས་ལྟས་བྱུང་། །ཡང་ནི་ཛམ་དཀར་གསང་སྒྲུབ་ལ། །གཙོ་བོ་མ་ཡིན་ཞོར་བསྒྲུབས་བྱས། །ཆར་དྲག་ཆེན་པོ་བབ་པ་དང་། །རང་མདུན་རི་ཡི་སྟེང་ནས་ནི། །ཆེར་པའི་ཆུ་ཕྱར་སྔོ་སི་ལི། །ཆུ་ཆེན་ཙམ་དུ་རང་མདུན་བབ། །རྟ་དྲེལ་མང་པོ་བདག་བྱེད་དང་། །ལོ་ཏོག་ལེགས་རྒྱས་སྙེ་མ་


CMR002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས། །རང་ཉིད་རྒྱལ་པོར་གྱུར་བསམ་རྨིས། །ཡང་ནི་ཛམ་དཀར་ཞོར་བསྙེན་ནི། །ལྔ་བརྒྱ་ཙམ་རེ་ཆག་མེད་དང་། །གཏོར་བསྔོས་ཆུ་སྦྱིན་མ་ཆག་ཙམ། །རྣམ་པར་མི་རྟོག་པ་ཡི་སྔགས། །ནུབ་མོ་ཕྲེང་སྐོར་ཙམ་བཟླས་སྐབས། །བླ་ཆེན་དཔོན་སྐྱ་མང་པོ་བྱོན། །རང་ལ་གུས་ཚུལ་ཕྱག་རྩེ་སྤྱོད། །བྱས་ཤིང་ཁྲབ་སོགས་དགུ་ཚན་གནང་། །དངོས་སུ་རིམ་གྱིས་རྟེན་འབྲེལ་བཟང་། །འདི་ཉིད་ཟབ་པའི་ངེས་ཤེས་ཐོབ། །ཞག་གྲངས་ཉེར་གཅིག་ཕྱི་སྒྲུབ་དང་། །དེ་ནས་ནང་སྒྲུབ་ཞག་བདུན་དང་། །དེ་ནས་གའུ་རྒྱས་པར་བཅས། །ཟླ་བ་གཅིག་གི་བར་དུ་ནི། །ཕྲེང་སྐོར་གཉིས་གསུམ་མོ་ཆག་པར། །ཆུ་སྦྱིན་གཏོར་བསྔོས་བཅས་པ་བྱས། །རྨི་ལམ་ཕལ་ཆེར་ཡང་ཡང་བབ། །ལྷ་ཁང་ཞིག་གི་གློ་འབུར་ན། །བདག་གིས་བཞེངས་པ་ཡིན་བསམ་པའི། །ཛཾ་དཀར་འདག་སྐུ་མདའ་ཚད་ཙམ། །ཤིན་ཏུ་བྱོན་ལེགས་གཙོ་འཁོར་ལྔ། །དེ་དྲུང་མགར་དམར་སྐུ་དང་བཅས། །སྦས་ནས་བཞག་འདུག་མཇལ་བ་དང་། །དེ་མ་ཐག་ཏུ་ཚུར་འོང་པས། །འབྲུ་དང་རིན་ཆེན་ཟངས་ལྕགས་ཀྱིས། །ཆར་པ་བབ་པ་ཡིན་སྙམ་བྱས། །རྟ་གཅིག་བཙོང་བའི་རིན་ཡིན་སྙམ། །སྲུག་དང་


CMR002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མང་བདག་པོ་བྱས། །དེ་ནས་ཛམ་ནག་ཞོར་སྒྲུབ་ལ། །ཡི་གེ་བཅུ་པ་སྟོང་རེ་ཙམ། །ངག་མཚམས་ངག་ནས་ཞོར་བསྒྲུབས་ཡིན། །དེ་ནས་ཞག་བཅུར་ངག་མཚམས་བསྡམས། །ཡི་གེ་བཅུ་པ་སུམ་འབུམ་ལྷག །དྲེལ་ཕྲུག་བྱུང་དང་དྲེལ་འཚོ་དང་། །རྟ་སྔོན་ཞོན་དང་རྟ་སྒ་བདག །དྲེལ་ཕྲུག་བདག་བྱས་རུམ་པ་དང་། །དཔོན་ཆེན་ཕྱུག་པོ་ཆས་བཟང་ནི། །རང་གི་དྲུང་དུ་ཡང་ཡང་བྱུང་། །རང་ཉིད་འཁོར་བཅས་ཆས་གོས་བཟང་། །རྩེ་ཞྭ་སེར་པོ་གྱོན་ཕྱིན་པས། །སྡེ་ཆེན་དཔོན་ཆེན་ཆས་བཟང་ཞིག །བྱུང་བས་དབུ་གཏུག་དགའ་དགའ་མཛད། །བྲག་དཀར་བཙན་པོའི་སྟེང་ཉིད་དུ། །སྤང་ནི་ཤིན་ཏུ་སྐྱིད་པའི་སྟེང་། །རང་གི་གཟིམས་ཁང་གསར་པ་བྱས། །རང་ཉིད་རྩེ་ཞྭ་གོས་ཀུན་བཟང་། །ཟླ་གམ་སེར་པོ་བཟང་པོ་གྱོན། །རྟ་ཞོན་རྟ་ནི་བཟང་པོ་གསུམ་བཞི་དེད། །བླ་ཆེན་ཞིག་དང་འགྲོགས་འོང་བས། །སྐྱ་འོང་གོས་ལག་གང་ས་ནས། །ཁོང་བས་ང་རང་བཟང་འདུག་སྙམ། །གདན་གཅིག་བཏིང་བའི་སྟེང་དུ་ནི། །རང་ཉིད་ཆས་གོས་ཤིན་ཏུ་བཟང་། །པད་ཞྭ་སྔོན་པོ་དྲུང་དུ་བཞག །ལུང་ཐང་ཕྲེང་བ་གཉིས་ཀྱང་གནང་། །བླ་ཚུགས་བཟུང་སྟེ་


CMR002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་ལ། །བུད་མེད་ཆོས་བཟང་གཉིས་བྱུང་ནས། །རིང་ལ་གུས་པས་ཕྱག་འཚལ་ནས། །དངོས་སུ་སྒྲུབ་ཁང་གཡས་གཡོན་དུ། །འཇའ་ཚོན་ལན་གསུམ་ཤར་བ་བྱུང་། །དེ་ནས་ངག་ནི་མ་བཏང་བས། །ཞག་གསུམ་ཉི་མ་བཞི་ཡི་བར། །ཡི་གེ་ལྔ་པ་བསྙེན་པ་བྱས། །ཕྱུག་པོ་ཤིས་པའི་མིང་ལྡན་པའི། །གོས་ཡུག་དམར་པོ་བཟང་པོ་ཕུལ། །ཁལ་ནི་དྲུག་བདུན་འགྲོ་ཙམ་གྱིས། །ཕྱི་ནས་འབོམ་གྱི་གཟུགས་ཅན་གྱི། །ནང་ནི་སྟག་སྒོ་འདྲ་བ་ཡིས། །རང་གི་ཡིན་སྙམ་ནས་ཀྱིས་བཀང་། །བུད་མེད་མང་པོས་ནས་ཕུལ་བ། །བསྔོ་བའི་རྒྱས་འདེབས་ལེགས་པར་བྱས། །ནས་ཐུམ་ལྔ་དྲུག་ཙམ་ཞིག་དང་། །གཞན་ཡང་ཐུམ་པོ་མང་པོ་འགའ། །རང་གི་ཡིན་སྙམ་བཀལ་གྲབས་བྱས། །བོང་བུ་ཤིང་བཀལ་མང་པོ་རྨིས། །དངོས་རྟགས་རི་བོང་ར་དང་འདྲ། །ཡི་གེ་ལྔ་པ་གཅིག་འབུམ་ལྷག །ཆུ་སྦྱིན་ལ་སོགས་ཟླ་ཁ་བསྐང་། །ཡང་ནི་གཞུང་ལྟར་ཞག་པོ་གསུམ། །ཀློང་གསལ་ཛམ་ལྷའི་སྒྲུབ་པ་ཡི། །གསང་སྒྲུབ་ཛམ་ནག་ཞག་གསུམ་བསྙེན། །རང་གི་ཁྱིམ་ཕུག་མཆོད་བཏེག་ཙར། །ཕུག་པ་འདྲ་བ་ཅིག་གི་ནང་། །མཚོ་ནི་སྒྲུབ་ཁང་མལ་ཙམ་ཞིག །འཕེལ་འགྲིབ་མེད་


CMR002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྲོན་ཆུང་སྣང་། །དེ་ཉིད་སྐད་ཅིག་ཙམ་ལ་ཆེར། །མི་ཤོང་ཙམ་དུ་ལུད་ནས་ཀྱང་། །ཡུར་བ་གཅིག་ནས་འབབ་པ་ལ། །ཆུ་ཡི་ཁ་དོག་སྔོན་པོ་སྟེ། །དེ་ནང་ཁྲུང་ཁྲུང་དཀར་མོ་འགའ། །གཤོག་སྒྲ་དང་བཅས་འཕུར་འབབ་བྱེད། །རང་ལ་ཇ་ཞུས་བྱུང་བའང་རྨིས། །དེ་ནས་ཞག་གཅིག་སྤོག་ཆོག་བྱས། །ཆུ་ཆེན་གཅིག་ལ་གཟིངས་བཅས་དང་། །རྟ་བཟང་ཞོན་ནས་རྒྱུག་པ་དང་། །རྨི་ལྟས་གཞན་ཡང་ཤིན་ཏུ་བཟང་། །སྒྲུབ་སྔགས་གཅིག་ཁྲི་བཞི་སྟོང་ལྷག །སྤོག་ཆོག་ལྔ་སྟོང་ལྷག་ཙམ་བཟླས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་གྱི་དུམ་བུ་བཀའ་སྲུང་སྒྲུབ་པའི་སྐོར་གྱི་རྟགས་ཡིགnext