Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་དུམ་བུ་ཆུང་ངུའི་དུས་ནས་ཕ་མེས་རྒྱུད་ལྷ་བརྟེན་པའི་ལོ་རྒྱུས།
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་དུམ་བུ་ཆུང་ངུའི་དུས་ནས་ཕ་མེས་རྒྱུད་ལྷ་བརྟེན་པའི་ལོ་རྒྱུས།next

དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་དུམ་བུ་ཆུང་ངུའི་དུས་ནས་ཕ་མེས་རྒྱུད་ལྷ་བརྟེན་པའི་ལོ་རྒྱུས།


CMR002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་དུམ་བུ་ཆུང་ངུའི་དུས་ནས་ཕ་མེས་རྒྱུད་ལྷ་བརྟེན་པའི་ལོ་རྒྱུས་བཞུགས་སོ།།


CMR002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། བླ་མ་གསང་བའི་བདག་པོ་ལ་ཕྱག་འཚལ། །འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། །སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་ཡི། །ཐུགས་ཀྱི་དགོངས་པ་སྟོང་ཉིད་བཅུ་དྲུག་ལས། །སེམས་དཔའ་བཅུ་དྲུག་སྤྲུལ་པ་དེ་ཡི་ནང་། །རྡོ་རྗེ་རིགས་ཀྱི་སེམས་དཔའ་སྐུ་མདོག་ལྗང་། །དེ་ཡི་སྟོབས་དང་རྫུ་འཕྲུལ་མཐའ་ཡས་པས། །དེ་ལ་སངས་རྒྱས་ཀུན་གྱི་ལེགས་སོ་གསུངས། །རྡོ་རྗེ་ལེགས་པ་ལྗང་ཁུ་སེ་གོལ་ཏོག །རྡོར་དབྱིངས་ལ་སོགས་དཀྱིལ་འཁོར་རྩ་བའི་ལྷ། །དེ་ཡི་སྤྲུལ་པ་སྲིན་ཡུལ་མ་ལ་ཡར། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཕོ་ཉ་


CMR002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གསང་སྔགས་དཀྱིལ་འཁོར་ཀུན་གྱི་སྲུང་མ་མཛད། །རྗེ་གཅིག་ཉག་གཅིག་རྡོ་རྗེ་སྲིན་པོ་དང་། །བཛྲ་ཐིག་ལེ་རྩལ་ཞེས་གསང་བའི་མཚན། །དེ་དང་དོན་གཅིག་རྟ་མགྲིན་ཐུགས་སྤྲུལ་ནས། །རྒྱ་གར་ནུབ་ཕྱོགས་ཕ་ཝང་ལོང་བུ་ན། །ཡི་དྭགས་བཙན་གྱི་རྒྱལ་པོའི་སྐུ་སྤྲུལ་པ། །ཐུབ་པའི་ཞལ་མཐོང་ཕྱག་ན་རྡོ་རྗེ་ཡིས། །དམ་བཏགས་དབང་བསྐུར་མགར་བ་ནག་པོར་གྲགས། །དེ་དང་དོན་གཅིག་གངས་ཅན་བོད་ཀྱི་ཡུལ། །གཙང་གི་ཤངས་དང་འོ་ཡུག་འདུས་མཚམས་སུ། །བཞུགས་ཚེ་གཙང་བཙན་མགར་དམར་རྡོ་རྗེ་ལེགས། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་


CMR002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི། །གཏེར་ཁ་བརྒྱ་ཡི་སྲུང་མར་བསྐོས་པའི་ཕྱིར། །རང་རེ་གཏེར་ཆོས་ཉམས་སུ་ལེན་མཁན་རྣམས། །བཀའ་སྲུང་གཙོ་བོ་འདི་ཉིད་ཡིན་པར་གོ །ཁྱད་པར་པདྨ་ང་ཡི་རྗེས་འཇུག་དང་། །གཏེར་གྱི་བརྒྱུད་པ་རྣམས་ལ་སྐྱེས་བུ་འདི། །ལུས་དང་གྲིབ་བཞིན་སྡོང་གྲོགས་བྱེད་དོ་གསུངས། །ཆོས་རྗེ་དེ་བཞིན་གཤེགས་པས་མཁའ་སྤྱོད་པར། །ཁྱོད་ཀྱི་མི་རབས་མི་རྒྱུད་ཐམས་ཅད་ཀྱིས། །ཕྱག་བཞི་པ་དང་མ་མགོན་མགར་གསུམ་གྱི། །བསྐང་གསོ་སྔགས་རྒྱུན་ལ་སོགས་ཚུགས་པ་ན། །བཀྲ་ཤིས་དགེ་ལེགས་འབྱུང་ཞེས་ལུང་བསྟན་མཛད། །མཁའ་སྤྱོད་པ་ལ་མགར་བ་ནག་པོ་ཡིས། །ཁྱོད་ཀྱི་བརྒྱུད་པ་མི་རབས་བཅུ་གསུམ་བར། །གཏོར་མ་བྱིན་དང་བསྟན་པ་ངས་བསྲུང་ཞེས། །ཁས་བླངས་དམ་བཅའ་མཛད་ཅེས་ཡོངས་སུ་གྲགས། །དེ་ཡི་ཚ་བོ་དྲུང་པ་བྱ་བྲལ་པ། །ཕ་གཅིག་བུ་གཅིག་ཡིན་པས་མི་རྩ་ཕྲ། །ཕ་སྤུན་རྣམས་ལ་ཞེ་ཟོན་དགོས་པ་བྱུང་། །སྐྱེས་བུ་སྒྲུབ་ན་མི་རྒྱུད་འཕེལ་གསུངས་ཕྱིར། །སྒྲུབ་ཁང་ཕ་ཝང་ལོང་བུའི་དབྱིབས་སུ་བརྩེགས། །སྒྲུབ་གནས་སྒྲུབ་བརྟེན་ར་སྐྱེས་རྩེན་པ་ལ། །རྭ་ཅོ་སྐར་ཁུང་སུམ་བརྩེགས་ལྡན་པ་ཡི། །རྭ་ཅོ་རེ་ལ་མཐོ་བདུན་


CMR002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་སྐྱེས། །གཡོག་པོ་ཅུང་ཞིག་སྤྱོད་པ་མ་གཙང་བར། །ར་དེས་བརྡུངས་པས་གཡང་ས་ཆེན་པོར་འཕངས། །གཡོག་པོ་ཆག་གྲུག་མ་བྱུང་མ་ཤི་བས། །རྟེན་རྫས་ར་དེས་གྲུབ་རྟགས་བཞག་པར་གྲགས། །སྲས་པོ་གཉིས་བྱུང་དཔའ་རྩལ་བཙན་དྲག་ལྡན། །མི་རྒྱུད་འཕེལ་བས་ཨ་ནུ་ཁལ་གཅིག་དང་། །བྲེ་བཞི་ཡོད་ཅེས་བྱ་བ་དེ་ནས་བྱུང་། །ཐམས་ཅད་ཀུན་ལ་དམ་ཅན་འཁོར་ཞེས་གྲགས། །དྲག་རིམ་རྣམས་ཀྱིས་གསོལ་ཁ་དར་ན་ཡང་། །ཕལ་ཆེར་རྣམས་ཀྱིས་མཛུབ་མགོ་མཆོད་པའང་མེད། །འོན་ཀྱང་དམག་ཇག་ལ་སོགས་གལ་ཆེན་དུས། །མངོན་རྒྱུག་འདྲ་བ་བྱུང་བའི་ལོ་རྒྱུས་མང་། །མཁའ་སྤྱོད་པ་ལ་ཁས་བླངས་དོན་ཡིན་སྐད། །མཁའ་སྤྱོད་པ་ཡི་མགར་དམར་ཞལ་གཟིགས་དུས། །ངོམ་པའི་ས་ཆ་ཐམས་ཅད་མགར་དམར་གྱི། །སྐུ་ཡིས་ཁྱབ་པ་གཅིག་ནི་ཞལ་གཟིགས་པས། །ངོམ་གྱི་ས་ཆ་འདི་ལ་དམ་ཅན་གནས། །ཕྱུག་པོ་རྣམས་དང་དྲག་རིམ་དུད་རྣམས་ཀྱིས། །དཀོར་བདག་དམ་ཅན་ཡིན་ཟེར་གསོལ་ཁ་དར། །ཆབ་མདོ་གླིང་སྟོད་ངོམ་བན་མང་བའི་ཕྱིར། །གླིང་སྟོད་པ་ལ་དམ་ཅན་ཡོད་ཅེས་གྲགས། །ངོམ་ནས་སྤུ་བོའི་ཕྱོགས་སུ་


CMR002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ་སོང་ན། །དམ་ཅན་རྗེས་སུ་འབྲང་ཕྱིར་དངུལ་བཞུ་གནོད། །དེ་ཕྱིར་དམ་ཅན་མགྱོགས་སམ་གསོལ་ཀ་དགོས། །དེ་ཕྱིར་འདི་ནི་ཕ་མྱེས་རྒྱུད་ལྷ་ཡིན། །ཁོ་བོ་ལོ་གྲངས་བརྒྱད་དམ་དགུ་ཡི་དུས། །སྔགས་རྒན་བཀྲ་ཤིས་དབང་ཕྱུག་མཇལ་དུ་ཕྱིན། །བདག་ནི་སྔགས་པ་ཚད་ལྡན་བྱེད་བསམ་པས། །བཀའ་སྲུང་གཟའ་དང་དམ་ཅན་སུ་དགའ་ཞུས། །གཟའ་ནི་རྩུབ་དྲག་ཁྱོད་ཀྱིས་མི་ནོན་པས། །དམ་ཅན་གྱིས་དང་དགའ་གསུངས་ལུང་ཡང་བསྟན། །བྱིས་སྦས་དེ་ཙམ་ཞུ་ཤེས་བསམ་ཤེས་ཤིང་། །སྔགས་རྒན་དགུང་ལོ་བརྒྱད་ཅུ་ལོན་པ་དེས། །དོན་གཏམ་གསུངས་པ་དེ་ཡང་ངོ་མཚར་ཆེ། །དེ་ནས་རང་ལོ་བཅུ་དྲུག་ཙམ་གྱི་དུས། །གུ་རུ་ཞི་དྲག་རྟ་མགྲིན་ཕྱག་བཞི་པ། །དེ་དག་རྣམས་ཀྱི་བསྙེན་པ་ལེགས་པར་འགྲུབ། །ད་ནི་བདག་གིས་དམ་ཅན་སྒྲུབ་འདོད་ཅེས། །སློབ་དཔོན་ལ་ཞུས་སློབ་དཔོན་འདི་སྐད་གསུངས། །འདི་ཉིད་སྒྲུབ་པས་ལམ་འགྲོ་ཤིན་ཏུ་དཀའ། །རང་རེའི་སྐྱེས་སྤུན་སྡེ་ཕ་ཁྲོམ་ལོད་དེས། །རྟ་མགྲིན་ཡང་ཆུང་ནག་པོ་དུང་ཕྱུར་དང་། །བཛྲ་གུ་རུ་ལ་སོགས་དུང་གཉིས་ཐོན། །དེ་ནས་དམ་ཅན་མགར་ནག་བསྒྲུབས་པ་བྱས། །སྒྲུབ་པ་གྲོལ་ཁ་གློ་བུར་


CMR002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཞིག་གིས། །མཚམས་ལ་ཧར་འདོན་ཚུལ་དུ་འགྲོ་དགོས་བྱུང་། །སྐར་ཡིག་མ་བལྟས་མཚམས་གྲོལ་བསང་བཏང་བས། །ཉི་མ་ནག་ཆེན་དུས་དང་འཛོམས་ཟིན་པས། །དེ་ནུབ་གྲ་ཁྲི་ནང་དུ་བཞུགས་པ་ལ། །བུ་ཆུང་ཞིག་གིས་གཉའ་ལྟག་ཞོན་ནས་བྱུང་། །ཚ་བོ་རེད་བསམ་ཕར་ལ་འཕང་པ་ཡིས། །ཅོ་རོ་སྔོན་པོ་ཆེན་པོ་ཞིག་ཏུ་གྱུར། །ཁོང་གི་སྟེང་དུ་བརྡུང་བར་བྱུང་བ་ལ། །རྭ་ཅོ་ལ་འཇུས་གྲ་ཁྲིར་ཐོད་པ་གཏུག །ཅོ་རོའི་ང་བརྡུངས་ཁྱིམ་པ་འདིར་ཤོག་ཅེས། །བོས་པས་ཁྱིམ་ཁང་མི་རྣམས་དེར་སོང་བས། །ཅོ་རོ་མི་འདུག་ཁོ་རང་འཁྲུལ་པར་གོ །དེ་མ་ཐག་ཏུ་སོ་ནད་དྲག་པོའི་ཐེབས། །ལང་སྨན་སོ་བར་བརྟེན་པས་རྐྱེན་བྱས་ནས། །ཐུགས་ལ་མི་ཟིན་ཅལ་ཅོར་སྨྲ་བ་བྱུང་། །དེ་ནས་སྐྲངས་པ་འབྱམས་ནས་འདས་རྐྱེན་བྱུང་། །དེ་ཡི་ཚ་བོ་རྟ་མགྲིན་རྒྱལ་གྱིས་ཀྱང་། །རྒྱུན་དུ་རྔ་བརྡུང་བསྙེན་སྒྲུབ་འབད་པ་སྟེ། །དམ་ཅན་འདོན་ནི་མི་ཕོད་ནམ་བཏོན་དུས། །མཚན་མོ་ཁང་པ་ཇོ་འཁོར་ལྟ་བུར་འཁོར། །གཉིད་རྡོར་ཨོ་རད་ཤོར་བ་ཁོ་ན་བྱུང་། །ཁོང་གི་ཁུ་བོ་བཀྲ་ཤིས་དབང་ཕྱུག་དེས། །དམ་ཅན་སྒྲུབ་དགོངས་སྒབ་འདྲེ་མནན་པའི་དུས། །ཁོང་ཡང་གཞོན་


CMR002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཡིན་པས་མནན་རོགས་བྱས། །མཆོད་རྟེན་ཞིག་གི་འོག་ནས་བརྐོ་བ་ལ། །ཡོལ་བ་བྲིས་ཤིང་མར་མེ་བལྟམས་ནས་བརྐོས། །གྲོང་པས་འབྱམས་པས་མཆོད་རྟེན་ཕད་འདུག་བསམ། །གྲོང་པའི་མི་ཀུན་མཚོན་ཆ་ཐོགས་ནས་བསྐོར། །འབྱམས་པ་མིན་པར་རིགས་ནས་ལོག་སོང་སྐད། །མ་དུམ་པ་ཡི་མི་གཅིག་ཡོད་པ་དེས། །ཁོ་ཡི་ལིང་ག་མནན་པ་རེད་བསམས་ནས། །ཕྱིར་ནངོས་མནན་པ་ཐམས་ཅད་ཡར་བཏོན་ཟིན། །དེ་དུས་ཨ་ནུ་བཀྲ་ཤིས་དབང་ཕྱུག་གིས། །སློབ་མ་བླ་མ་ཞིག་པོ་ཞེས་བྱ་བས། །མདངས་ནི་ང་ཡི་སྟེང་དུ་ཚེ་ཕོ་ཞིག །མཆོངས་ནས་བྱུང་བ་ལག་པས་རེག་པ་ཡིས། །སྤུ་ནི་གཅིག་ཀྱང་མི་འདུག་རྡོ་རེད་ཟེར། །ཡུ་གུ་ཚང་ལ་ཀ་ཆ་ཇེ་སྲབ་འགྲོ། །འཚོ་བ་དཀོན་པོ་འོང་བ་འདྲ་དོ་གསུངས། །བཀྲ་ཤིས་དབང་ཕྱུག་ལ་ནི་དེ་ལྟར་བྱུང་། །འདི་ཡི་སྒྲུབ་པ་ལམ་འགྲོ་དཀའ་གསུངས་ནས། །ང་ཡི་བསྙེན་པ་ཚན་ཆེན་མ་ཐོན་ཀྱང་། །ངེད་རང་གཉིས་ཀས་སྒྲུབ་དང་སྐྱོན་མེད་ཞུས། །འོ་ན་དང་པོ་སྒབ་འདྲེ་མནན་དགོས་པས། །མནོན་དུས་ཁྱི་དཀར་ལྤགས་པ་རྡེབ་དགོས་པས། །དེ་ཡང་མེད་པས་ཨེ་རྙེད་ལྟ་དགོས་གསུངས། །དགུན་སྒང་ཡིན་ཏེ་སྔ་དྲོའི་ལམ་ཞིག་ཏུ།


CMR002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དཀར་ཆེན་པོ་གཅིག་ནི་ཤི་འདུག་ཐོས། །ན་སོ་གཞོན་ཀྱང་གྲོགས་མེད་དེ་རུ་སོང་། །ཁྱི་དཀར་བཤས་ཏེ་ལྤགས་པ་མཉེས་ནས་ཕུལ། །བརྩོན་འགྲུས་ཆེ་གསུངས་སློབ་དཔོན་རབ་ཏུ་མཉེས། །སྒྲུབ་རྟེན་དམ་ཅན་སྐུ་འདྲ་རྐང་གང་ཙམ། །རང་གིས་ལག་གིས་བཞེངས་ནས་ཚོན་རྩི་གསོལ། །དེ་ནས་ང་རང་ཕ་ལྷན་མཚམས་བསྡམས་ནས། །ཞག་ནི་བདུན་ནམ་དགུ་ཙམ་ཞིག་གི་བར། །སྒབ་འདྲེ་མནན་པའི་སྔགས་དང་དམིགས་པ་བྱས། །དམར་ནག་གཉིས་ཀའི་སྒབ་འདྲེ་དུས་གཅིག་མནན། །ཁོང་ལ་ཐུབ་རྟགས་མང་ཞིག་བྱུང་འདུག་ཅིང་། །དུད་འགྲོ་ནག་པོ་ཆེན་པོ་ཞིག་འདུག་པར། །བདག་གིས་མདའ་ནི་དམ་པོ་བརྒྱབས་པ་རྨིས། །མནན་པ་གཞན་གྱིས་རློག་ན་མི་ཤེས་དོགས། །ཉེར་དགུའི་ནམ་ཕྱེད་རྐུན་མ་འགྲོ་བ་བཞིན། །ངེད་རང་དཔོན་སློབ་གཉིས་པོ་སོང་ན་ཡང་། །མནན་པའི་རྫས་ལ་མ་སྐྱེད་ཁུར་དགོས་པས། །མ་ཐེག་ཁུར་རོགས་ཨ་ཕ་ཇོ་རུ་ཁྲིད། །མི་དྲན་དགུ་དྲན་མི་དགོས་དགུ་དགོས་ཞེས། །ང་ལ་འབར་ཞིང་འབར་ཞིང་ཁུར་རོགས་བྱས། །གཞུང་ལྟར་མནན་པ་བཞི་ཙམ་སོ་སོར་བྱས། །དེ་ནས་གཞུང་ལྟར་སྒྲུབ་པ་ཞག་བདུན་ལ། །ཡན་ལག་


CMR002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྔགས་ཞག་པོ་རེ་རེ་སྟེ། །འབོད་སྔགས་འབུམ་ཕྲག་གཅིག་དང་ཡན་ལག་བཞིའི། །སྔགས་ལ་ཁྲི་ཚོ་རེ་སྟེ་བཞི་ཁྲིའོ། །རྨི་ལམ་སྔགས་པ་འགའ་ཡི་གྲལ་ལ་བསྡད། །ང་ཡི་འོག་ནས་སྔགས་པ་ཞིག་ལངས་ནས། །ལུས་ལ་སྐྱེམས་ཕྱེ་མགོ་ལ་ཞྭ་ནག་གྱོན།།ལག་ན་རྡོ་རྗེ་ཐོགས་ཤིང་འཚམས་འདུག་པས། །དམ་ཅན་འདྲ་དོ་ཨ་ལ་ལ་སྨྲས་པས། །བཞད་ནས་བྱུང་བས་མཚལ་མདོག་སྨྲ་ར་ཅན། །མགར་དམར་དངོས་དང་འདྲ་བ་གཅིག་མཐོང་བས། །དེ་ནས་ཞག་བདུན་མགར་དམར་གཏེར་བུམ་བསྒྲུབས། །ལོ་ལེགས་བརྩེས་མ་བྱས་སོགས་བརྡའ་ཙམ་རྨིས། །དེ་དག་རང་ལོ་བཅུ་བདུན་དུས་ཡིན་ཏེ། །དེ་ནས་རྒྱུན་དུ་གཏོར་བསྔོས་གསོལ་ཀ་དང་། །གསུར་མཆོད་ལ་སོགས་མ་ཆག་རྒྱུན་ལྡན་ཏེ། །དེ་དུས་དུད་ཚང་ཞིག་ན་གཏོར་ཟློག་བཅས། །འདོན་པ་བཞག་ནས་ཇོ་རྒྱུན་བྱེད་སར་སོང་། །རྔ་དེ་ལན་གསུམ་དྲག་བརྡུང་བྱས་བྱུང་བས། །ཁྱི་ཡིས་མདོས་གཏོར་ཟོས་སྙམ་ངེད་རྣམས་རྒྱུག །རྔ་ཡང་ཡོ་འགུལ་མེད་པར་ཁྲིག་གེར་གདའ། །ཀུན་གྱི་དམ་ཅན་གྱིས་ནི་བརྡུང་ཟིན་ཟེར། །བཅུ་དགུའི་ལོ་ལ་དབུས་སུ་འགྲོ་ཤོམ་ཚེ། །སྐྱེས་བུའི་ལས་ཚོགས་དོན་འགྲུབ་མི་འགྲུབ་བརྟག །


CMR002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་རྟགས་བྱུང་ཕྱིས་ནས་ཐོག་ཏུ་བབ། །ཉེར་གཅིག་ལོ་ལ་གཙང་དུ་ཕྱིན་པའི་དུས། །མཆོག་གི་སྤྲུལ་སྐུའི་གཟིམས་གུར་སྒོ་དེ་རུ། །མི་གཞོན་གཅིག་ལ་དམ་ཅན་འབབ་ཅིང་སྣང་། །བྲང་ལ་གྲི་དང་མདུང་བཙུགས་རྒྱབ་ཏུ་ཕུད། །དེ་ནས་ལུང་བསྟན་མང་པོ་བྱེད་འདུག་སྟེ། །གཙང་སྐད་དམ་པས་ཧ་ཅང་མི་གོ་དོ། །ངས་ནི་སྔོན་དུས་སྒྲུབ་པ་ཚར་བ་དེས། །ང་ལ་ལུང་བསྟན་གསུངས་འོས་སྙམ་ནས་ཉན། །ཁོ་དེ་བྱ་ལོ་བ་ཁྱོད་ཉོན་ཟེར་བས། །རྟ་ཡིས་ཅི་ཞིག་བྱས་ནས་མ་ལེགས་སོང་། །ཟེར་ནས་མྱ་ངན་ཡོད་འདྲའི་ཚིག་གཅིག་ཟེར། །དེ་དུས་ཁམས་སུ་ཨ་ནུ་རྟས་བརྡབས་ནས། །ཞབས་ཆག་དེས་འདས་བྱས་པ་ཕྱིས་ནས་ཐོས། །གཞན་ཡང་དེ་དུས་ཆོས་རྗེའི་སྒར་ཆེན་ལ། །ལུང་བསྟན་གལ་ཆེན་འགའ་རེ་བྱས་ནས་སོང་། །ཐམས་ཅད་ཕྱིས་སུ་དེ་དག་སྟེང་དུ་བབ། །གུ་རུ་ཞི་དྲག་རྟ་མགྲིན་ཕྱག་བཞི་པ། །མགར་བ་དམར་ནག་བསྙེན་པ་ཁམས་ནས་ཚར། །འོན་ཀྱང་དབུས་སུ་འོང་ནས་ལོ་གསུམ་བཞིར། །མ་དག་མ་སོགས་སྤྱི་ཡི་གཏོར་བསྔོས་ནི། །འཚོགས་འདོན་ཡིན་ཕྱིར་ཆག་རྒྱུ་མེད་ན་ཡང་། །རང་གི་གཏོར་བསྔོས་གསོལ་ཁ་གསུར་མཆོད་ཆོག །གཞི་


CMR002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨ་ནུ་རྟས་བརྡབ་ཇོ་རུ་ཤི། །དགྲ་ཕོག་ཡུལ་ཕུད་ངན་དགུ་བྱུང་འདུག་པས། །བསྙེན་སྒྲུབ་ཐོན་པའི་གཏོར་བསྔོས་གསོལ་ཀ་སོགས། །ཆག་པ་དེ་ཡང་རྟེན་འབྲེལ་མ་ལེགས་པས། །དེ་དུས་མ་ཤེས་དུས་ཕྱིས་ཡིད་ལ་ཤར། །དེ་ཕྱིར་ཕྱི་རབས་རྣམས་ཀྱི་ཡི་དམ་དང་། །ཆོས་སྐྱོང་སྒྲུབ་པ་ཐོན་པའི་གཏོར་བསྔོས་དང་། །གསོལ་ཁ་ལ་སོགས་སྐྱུར་བར་མི་བྱའོ། །དེ་ཡང་སྔགས་རྒན་བདག་གི་ཉམས་མྱོང་ཡིན། །དེ་ནས་རང་ལོ་ཉི་ཤུ་རྩ་གསུམ་དུས། །ཕ་ཡུལ་དུས་ལོག་བྱུང་བའི་སྐད་ཐོས་པས། །གསོལ་ཀ་བྱས་ནས་ང་ཡི་ནང་ཚང་རྣམས། །སྲུངས་ཤིག་བྱས་ནས་བཀའ་བསྒོ་བྱས་པའི་ནུབ། །རྨི་ལམ་གཟུགས་ནི་མ་མཐོང་སྒྲ་གྲག་པ། །ཁྱེད་ཀྱི་ནང་ཚང་དེ་རྣམས་ཝུ་གུ་ལུང་། །བསྐྱལ་ཡོད་སྐྱོན་ནི་ཡོད་ལེ་མེད་ཅེས་ཟེར། །ཨ་མར་ནོར་གཞི་ས་དང་བཅས་པ་ཀུན། །གསེར་འོད་རྒྱལ་གྱིས་བསུས་ནས་མ་སྐྱོན་ཟིན། །དེ་ནས་རྩ་བཞི་ལུག་གི་ལོ་དེ་ལ། །ཤག་ཏུ་གཏོར་མ་ཅུང་ཟད་བཅས་བྱས་ནས། །ནཱ་ག་ཀླུ་འདུལ་ལས་བྱུང་ཚར་རེ་དང་། །གཏོར་བསྔོས་གསུར་མཆོད་རྒྱུན་དུ་མ་ཆག་བྱས། །གསུར་མཆོད་བྱེད་པའི་མེ་ཡང་དཀོན་འདུག་པས། །ནུབ་ཏུ་རྒྱུན་དུ་མེ་བླང་


CMR002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར།། །མཆེད་གྲོགས་དྲུང་རིམ་ཀུན་འཕེལ་ཞེས་བྱ་བས། །ཤ་ཚ་བལྟས་ནས་ཨ་ག་མི་ཐོན་ཟེར། །འདི་ཡི་དམ་ཅན་སྒྲུབ་ཅིང་འདུག་གོ་ཟེར། །བན་ཆུང་འགའ་རེའི་སྐྲག་སྔངས་བཙོག་ལྟ་བྱས། །སྒྲུབ་རྟེན་མགར་དམར་མཐེ་བོང་ཙམ་ཞིག་བཞེངས། །མགར་ནག་ཐང་སྐུ་ཆུང་ངུ་ཞིག་བཞེངས་ནས། །རྒྱལ་ཚབ་པ་ལ་ཕྱག་ནས་ཞུས་ནས་བཤམས། །མགར་དམར་སྐུ་དེ་ཕྱག་ནས་ཞུ་བའི་ཕྱིར། །ཝ་པ་བླ་མས་བེ་གར་ཡིན་ནམ་གསུངས། །མ་ཡིན་མགར་དམར་ཡིན་ལགས་ཞུས་པའི་ཚེ། །དམ་ཅན་ཡི་དྭགས་རིགས་ཡིན་ལོངས་སྤྱོད་ཆུང་། །སྤྱག་བཙན་བརྟེན་ན་དགའ་རབ་ལོ་རྒྱུས་གསུངས། །ཀརྨ་པ་ཡི་དཀོར་བདག་དམ་ཅན་ཡིན། །ལོངས་སྤྱོད་ཆུང་བར་འདུག་གམ་ཧེ་ཧེ་ཞུས། །ཁོང་རྣམས་སྦྱིན་པའི་ཕར་ཕྱིན་རྫོགས་པ་ཡིན། །དེ་དང་མི་འདྲ་གསུངས་ཤིང་ཕྱག་ནས་མཛད། །ཁྱོད་ལ་དམ་ཅན་སྒྲུབ་སྐོར་ཅི་ཡོད་པ། །ཐམས་ཅད་ཁྱེར་ཤོག་ང་ལ་སྟོན་དང་གསུངས། །མགར་དམར་མ་བསྟན་མགར་ནག་སྐོར་རྣམས་བསྟན། །འདི་ཡི་ལུང་རྣམས་ཁྱོད་ཀྱིས་གང་ཐོབ་གསུངས། །ང་ཡི་ཡབ་རྒན་སྔགས་པ་ལས་ཐོབ་ཅིང་། །འདི་ཡི་སྒྲུབ་པ་


CMR002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་བའི་ལོ་རྒྱུས་ཞུས། །དེ་དང་གཤིན་རྗེ་དམར་ཆུང་སྐོར་རྣམས་ཀྱིས། །ལུང་དང་ཕྱག་ཁྲིད་ཁོང་ལ་འབུལ་དགོས་གསུངས། །ལུང་དང་ཕྱག་ཁྲིད་དཔེའུ་རིས་བཅས་པ་ཕུལ། །ཁོང་ནི་བླ་མ་ཆེན་པོ་ཡིན་ན་ཡང་། །ཇ་མགྲོན་ལ་སོགས་མི་ནི་གང་མང་དུས། །ཆགས་མེད་ངེད་གཉིས་ཕར་བླ་ཚུར་བླ་ཡིན། །ཡང་ཡང་གསུངས་ཀྱང་གཞན་ཚོའི་ཧ་མ་གོ་ཁོང་གི་གཞན་མ་འགའ་ལ་སྤེལ་བ་ཐོས། །ལུང་རྒྱུན་དབུས་སུ་འཕེལ་བ་ཨེ་མ་ཧོ། །དེ་སྐོར་ཞག་པོ་བདུན་ཙམ་ཞིག་གི་བར། །འཐོར་བསྙེན་མགར་བ་དམར་ནག་གཉིས་ཀ་བཟླས། །དེ་ཚེ་དོན་མེད་འགྲམ་པ་ཐུ་མོ་ན། །ཉིན་གཅིག་ཡུད་ཙམ་འཐུམས་ནས་ན་ས་དེར། །སྣ་ནི་རློན་པ་ཆེན་པོ་གཏུག་ནས་བྱུང་། །དེ་མ་ཐག་ཏུ་ནད་དེ་ཕན་པར་གྱུར། །སྤྲེའུ་ནག་པོ་ཁང་རྩག་གཅིག་ཙམ་པ། །ང་ཡི་དྲུང་དུ་ལངས་ནས་འདུག་པར་མཐོང་། །བཙུན་པ་ཤིན་ཏུ་མཛེས་ཤིང་ཆོས་བཟང་སོགས། །མང་པོ་འགའ་ཡིས་ང་ལ་བལྟ་ཞིང་འདུག །ང་ཡི་མདུན་དུ་མགར་བ་མདོག་ནག་པ། །གཅིག་ནི་ཁ་དོག་དམར་ཞིང་སྨུག་པ་འདྲ། །ང་དང་པུས་མོ་གཏུག་ཅིང་འཛུམ་པ་དང་། །དར་ཚོན་སྣ་ལྔས་བརྒྱན་པའི་ར་སྐྱེས་ནི། །ཆུང་ངུ་རང་གི་མདུན་


CMR002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུག་པ་རྨིས། །བདག་གི་མཆེད་གྲོགས་གཅིག་གིས་ཁོ་བོ་ལ། །ངག་འཁྱལ་མང་པོ་སྨྲས་པའི་དེ་ནུབ་ལ། །ར་སྐྱེས་དར་ཚོན་སྣ་ལྔའི་བརྒྱན་པ་ནི། །ཁོང་ལ་སྐྲག་དངངས་མང་པོ་བཏོན་འདུག་པས། །ད་ནི་ཁྱེད་ལ་ཅི་ཡང་མི་སྨྲ་ཟེར། །གཞན་ཡང་ང་ལ་ཁ་སྨྲས་གཤེ་སྐུར་སོགས། །བསམ་ངན་ངན་འདོད་བྱེད་པ་མང་བྱུང་ཚེ། །ངན་ལན་དམིགས་ངན་ལ་སོགས་མནན་ཐེང་སྟེ། །མི་དགེ་མི་ཤེས་གློ་བུར་ཤི་བ་སོགས། །བྱུང་གྲངས་ཤིན་ཏུ་མང་སྟེ་བྲི་མི་འཚལ། །དེ་དག་སྐྱེས་བུའི་དོན་ནི་ཡིན་ནམ་སྙམ། །དེ་མིན་དེ་འདྲ་འོང་དོན་མེད་དོ་སྙམ། །གཅིག་མིན་གཉིས་མིན་བཅུ་ཁ་ལོང་ཙམ་སྟེ། །མང་ཕྱིར་སྟབས་ཉེས་དུག་ཐུབ་མིན་ནམ་སྙམ། །དེ་ནས་ཁམས་སུ་ཕྱིན་ནས་བླ་མ་བྱས། །ནུབ་གཅིག་གསོལ་ཁ་ཆེན་པོ་བྱས་པའི་དུས། །ཁྱིམ་དུ་འོད་ནི་ཆེན་པོ་འཁྱུགས་སྙམ་བྱེད། །མུན་པ་ཤིན་ཏུ་ནག་པའི་དུས་འགའ་ལ། །ང་ཡི་སྒྲུབ་ཁང་རྩེ་དང་སྣེ་རྣམས་ལ། །མེ་ནི་སྐར་མདའ་འདྲ་བ་རྒྱངས་རིང་དུ། །འགྲོ་བ་རང་གཞན་འགའ་ཡིས་མཐོང་བར་སྣང་། །ཆོས་དབང་ཀུན་བཟང་དབུས་སུ་འགྲོ་ཁ་རུ། །གསོལ་ཁ་བཀའ་བསྒོ་ལ་སོགས་རྒྱས་པར་བྱས། །དབུས་


CMR002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སླེབས་ཡོད་སྙམ་པའི་དུས་ཙམ་ལ། །བསྐྱལ་ནི་ཚར་ཡོད་ཟེར་བའི་སྒྲ་ཐོས་སྙམ། །དོན་མེད་ནུབ་གཅིག་ར་ཁྱུ་ཆེན་པོ་ཙམ། །ཕྱིར་ནངས་དབུས་ནས་ཆོས་དབང་ཡི་གེ་བསླེབས། །ཟླ་གཅིག་ཙམ་དུ་མགར་དམར་གཏེར་བུམ་བསྙེན། །སྐྱེས་ཕྲན་མཛེས་ཤིང་ཆས་གོས་བཟང་བ་འགའ། །ནོར་ཁྱུ་བསྡུ་ཤིང་ཤིང་བཀལ་རང་ཁྱིམ་བཀང་། །གཏེར་ཕྲན་ཐོན་དང་ཁྲོམ་ཚོགས་འདུ་བ་རྨིས། །ཞག་པོ་འགའ་ལ་ཇ་ཆད་བཀོལ་རྒྱུ་མེད། །ཡུལ་ཕྱོགས་ན་ཡང་ཇ་ཆད་ཚོལ་ཁུང་མེད། །གྲྭ་པ་ཞིག་གིས་གཏོར་སྒམ་ཁ་ཕྱེས་ནས། །ཕྱག་གསུམ་འཚལ་ནས་ཐལ་མོ་སྦྱར་བྱས་ནས། །དམ་ཅན་ལགས། ཇ་གཅིག་འཐུང་འདོད་ཐེབ་གཅིག་གནོང་ལགས་ཟེར། །དེ་ནུབ་བུ་ཆུང་རལ་པས་སོག་འདབ་ཁེབ། །མཛེས་པ་ཞིག་བྱུང་དེ་ཡི་གློ་ཁུག་ནས། །ཇ་བག་རྡོག་པོ་ཞིག་ནི་བྱིན་པ་རྨིས། །ཕྱིར་ནངས་ཇ་བག་རྨི་ལམ་དང་མཚུངས་པ། །ཕུལ་མི་བྱུང་བར་ཞིམ་པར་གཉིས་གསུམ་བཀོལ། །ཇོ་བོག་འདྲ་གྲགས་རང་ཡང་ཁེར་དགོད་ཤོར། །རང་གི་འགྲིམ་པ་ཕྱོགས་སུ་འགྲོ་ཁ་ཡང་། །གསོལ་ཀ་བཀའ་བསྒོ་ནན་ཏན་བྱས་པའི་དུས། །དོན་གྲུབ་མགོ་ཐོན་ཚུར་ལ་བསླེབ་ལ་ཁད། །བུ་ཆུང་མཛེས་པ་ཆས་གོས་


CMR002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་ཡི། །ཁ་སྐད་མང་པོ་བཤད་རྨིས་ལན་གྲངས་མང་། །གཞན་ཡང་རྒྱུས་མེད་སྙེམས་མེད་མི་འགའ་ཡིས། །རྒྱུས་མེད་རྒྱུས་གཏམ་འདྲ་བའི་རྨི་ལམ་དང་། །རང་གི་ཉེ་དུ་གྲྭ་འཁོར་འགའ་ཞིག་ལ། །མངོན་སུམ་འདྲ་བའི་རྨིས་ལྟས་ཡ་མཚན་དང་། །སྐྱེས་བུའི་བླ་རྟགས་རྨིས་པ་གྲངས་ལས་འདས། །སྒྲུབ་པ་སྙིང་གི་དུམ་བུ་ཞག་བདུན་བྱས། །ཉེ་འཁོར་རྣམས་ཀྱིས་དངོས་སུ་ར་སྐྱེས་མཐོང་། །བཙུན་པས་གུས་པས་ཤེལ་གཅིག་བྱིན་པ་དེ། །ཁྲོ་བོའི་ལྷ་ཁང་ཆུང་ངུ་ཞིག་ཏུ་གྱུར། །ཁྲོམ་ཚོགས་འགའ་ལ་དབང་བསྐུར་བྱས་པ་དང་། །ཚོང་དཔོན་ཆས་བཟང་ཁྱིམ་གང་ཚོང་རང་བྱེད། །སྐྱེས་ཕྲན་ཆས་བཟང་རང་གི་དྲུང་དུ་འདུག །ཞང་བློན་ཆས་བཟང་ཇ་མང་འབུལ་བྱེད་ཅིང་། །ངས་ནི་དེ་སྔོན་སུ་དང་གང་ལ་ཡང་། །ངན་པ་བྱེད་ནི་ནམ་ཡང་མ་མྱོང་ཟེར། །ཁྲོམ་ཚོགས་རབ་ཏུ་ཆེ་ལ་དབང་བསྐུར་བྱས། །རྨིས་ལྟས་ཕལ་ཆེར་གཞུང་དང་མཐུན་པར་བྱུང་། །ནུབ་གཅིག་ར་ཁྱུ་ཆེན་པོ་རྨིས་པ་ཡིས། །ཕྱིར་ནངས་དབུས་ནས་ཕྲིན་ལས་ཡི་གེ་བསླེབས། །འདོད་དོན་ཕྲིན་ལས་ཕྲན་བུ་ནམ་བཅོལ་ཚེ། །སྐྱེས་ཕྲན་དྲུང་དུ་འདུག་རྨིས་ཅི་བསམ་འགྲུབ། །ཡང་ནི་གསོལ་ཁ་རྒྱས་


CMR002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཚེ། །རང་གི་གྲྭ་པ་ཡིན་པའི་བྱིས་སྦ་ཞིག །ར་སྐྱེས་རྒྱན་ལྡན་བྱུང་བ་དངོས་སུ་མཐོང་། །འུར་ལོང་འཇིགས་སྐག་ཆེན་པོ་བྱུང་དུས་ཤིག །གཏོར་མ་འཕངས་བས་འཁོར་གཡོག་རྨི་ལམ་ལ། །བུ་ཆུང་ལག་པར་ལྷག་དྲག་ཆགས་པ་གཅིག །སྐྱོན་མེད་བྱས་ཀྱང་མི་གོ་ཅི་ཡིན་ཞེས། །ཡུས་ཕོ་མང་པོ་བྱེད་ཅིང་སྐྱོན་མ་བྱུང་། །ཡང་ནི་དགྲ་འཇིགས་ཆེན་པོ་ཡོད་པའི་ཕྱིར། །འགྲིམ་པ་འགའ་ཞིག་བཏང་དུས་བཀའ་བསྒོ་བྱས། །ཁོང་ཚོ་ལམ་དུ་སྐྲག་ཅིང་ཐང་ཆད་ནས། །ཅུང་ཟད་གཉིད་པས་བུ་ཆུང་མིང་སྲིང་གཉིས། །འདུག་པས་སྐྱོན་མེད་འདི་འདྲ་སྐྲག་པ་ཞེས། །ཁྲེལ་བགད་བྱེད་པ་རྨིས་ཟེར་མགོ་ཐོན་བྱུང་། །སྐྱེས་བུའི་བྲིས་སྐུར་རབ་གནས་བྱས་པའི་དུས། །ནང་སྐོར་མི་ཡི་སྟེང་དུ་མངོན་སུམ་དུ། །ར་སྐྱེས་སྔོན་པོ་མཆོངས་བྱུང་སྐྲག་དངངས་བྱས། །གསོལ་ཀ་བསྐང་གསོ་བྱས་པའི་དུས་འགའ་ལ། །མདུན་དུ་རིལ་ཚེ་ནག་པོ་ཞིག་འདུག་པ། །ལན་གསུམ་ར་འཁྲབ་བྱས་ནས་ཆེན་པོ་གྱུར། །དྲུང་དུ་སྐྱེས་ཕྲན་འདུག་དང་སྐྱེས་ཕྲན་ནི། །གོས་དམར་ཅན་ཞིག་བདག་ལ་ལྟ་ཞིང་འདུག །ར་དམར་སྤུ་ཞོལ་ཅན་ཞིག་མདུན་དུ་བྱུང་། །མདུན་གྱི་ནམ་མཁར་སྐྱེས་ཕྲན་མགར་བ་


CMR002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འགྲེང་སྟེ་འདུག་པ་ཉམས་ཀྱི་སྐབས་འགར་མཐོང་། །རྨི་ལམ་རང་མདུན་མགར་བ་འཛུམ་ཞིང་འདུག །སྐྲག་འཇིགས་ཆེ་སར་གྲྭ་པ་གཅིག་སོང་དུས། །བཀའ་བསྒོ་བྱས་པས་ཉེ་གནས་རྨི་ལམ་དུ། །བུ་ཆུང་མཛེས་མ་མིང་སྲིང་གཉིས་བྱུང་ནས། །མ་ཟད་བར་དུ་སྐྱེལ་ཡོད་ཟེར་བ་རྨིས། །ཟེར་བ་བཞིན་དུ་མགོ་ཐོན་དོན་གྲུབ་གྱུར། །སྔོན་ཚེ་སློབ་དཔོན་རིང་ནས་སྒྲུབ་རྟེན་གྱི། །རྡོ་རྗེ་རྩེ་ལྔ་ལེགས་པོ་ཞིག་ཡོད་པ། །བོར་ཤོར་རྒྱ་ལམ་དཀྱིལ་དུ་ཟླ་གཅིག་ལུས། །ལམ་དཀྱིལ་ཡིན་ཡང་སུས་ཀྱང་མ་མཐོང་བར། །རང་གི་ཉེ་འཁོར་ཞིག་གིས་རྙེད་དེ་བྱུང་། །སྡུ་རེ་ལམ་ཁར་བོར་ནས་ཡུན་རིང་སོང་། །སུས་ཀྱང་མ་མཐོང་རང་དང་ཉེ་འཁོར་རྣམས། །འགྲོ་ཞོར་བུ་ཆུང་བསྒྱུར་ནས་འདུག་སྣང་བྱུང་། །བལྟས་པས་བུ་ཆུང་མི་སྣང་སྟ་རེ་རྙེད། །རང་གི་གཅུང་པོ་ཆོས་དབང་ཀུན་བཟང་དེ། །ཟ་དམ་གཤགས་སུ་གསོལ་ཀ་བྱས་པའི་ནུབ། །ཁང་པའི་ནང་དུ་འུར་སྒྲ་ཐུག་ཆོམ་བཅས། །བྱེ་མའི་ཆར་པ་དངོས་སུ་བབ་གྱུར་པས། །དམ་ཅན་དངོས་སུ་འགྲུབ་པའི་གྲགས་པ་ཐོབ། །དེ་དུས་ཡོད་པའི་དྲུང་རམ་པ་ཞིག་གིས། །དམ་ཅན་དབང་ལུང་ཞུ་ཕྱིར་རྐང་


CMR002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་བྱོན། །ནུབ་གཅིག་གསོལ་ཁ་གསོལ་དམིགས་བྱས་པའི་ནུབ། །རྒྱལ་བའི་དབང་པོའི་དབོན་པོ་ནམ་མཁའ་དེ།། །ཆས་གོས་གཟབ་ཅིང་དགའ་ཞིང་དྲུང་དུ་བྱུང་། །རང་གི་ཆས་ཀ་ཞིག་རྣམས་བོར་བའི་ཚེ། །ཆས་ཀ་བོར་བ་རང་གིས་མ་ཚོར་ཀྱང་། །ཆས་ཀ་ཁྱེར་མི་དེ་ཡི་སྒོ་རྩ་རུ། །ར་ནི་དཀར་པོ་ཆེན་པོ་ར་མདུད་ཅན། །དངོས་སུ་བྱུང་བ་བྱིས་སྦས་མཐོང་གྱུར་ཏེ། །སྐྲག་ནི་ངུ་འབོད་བྱེད་ཅིང་བྱིས་སྦ་དེ། །ཡུན་རིང་མ་མགོར་ཚེ་ཡི་དུས་བྱས་སོ། །ཡང་ནི་རང་ལོ་སོ་བཞི་ལོན་པའི་དུས། །སྒྲུབ་པ་སྙིང་གི་དུམ་བུ་ཞག་བདུན་བྱས། །སྔགས་པ་བཙུན་གཟུགས་ཤིན་ཏུ་ཆེས་བཟང་གིས། །ཟན་དང་ར་ཤ་ཟ་ཞིང་འདུག་པ་ལ། །ར་དྲི་བྲོ་བའི་ཟན་ཞིག་བདག་ལ་བྱིན། །སྐྱེས་ཕྲན་དཔོན་ཐང་མཛེས་པ་མང་པོ་དང་། །བུད་མེད་རྒྱན་ལྡན་མཛེས་པ་བདག་ལ་བཅར། །དཔོན་ཕྲན་དར་མ་ཆས་བཟང་ཞིག་གིས་ནི། །རང་གི་ལས་ཀ་ལས་རོགས་བྱས་པའི་ཚེ། །ང་ཡིས་མ་ཐུབ་ཕ་བོང་ཆེན་པོ་ཞིག །ཁོ་ཡིས་གྱོད་བརྒྱབ་རྡུལ་བཞིན་བཤིགས་རོགས་བྱས། །ཞང་བློན་འཇིགས་རུང་དེ་ཡི་བཙུན་མོ་གཉིས། །དགའ་ཞིང་རང་དྲུང་འདུག་ནས་སྐད་ཆ་བཤད། །ཕྱུག་པོའི་བུ་གཅིག་ཇ་མར་ཇ་


CMR002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་བྱུང་། །བུད་མེད་རྒྱུན་ལྡན་ནས་དང་མར་མང་ཕུལ། །ཁྲོམ་ཆེན་ཡིག་དྲུག་བོ་དྷི་ཙིཏྟ་བསྐུལ། །མི་གཞོན་ཞྭ་དཀར་ཅན་གྱི་རྩྭ་སྔོན་དང་། །མི་འགས་ནས་ཐུམ་གཉིས་དང་ཁྲབ་གཅིག་ཕུལ། །སྔགས་ནི་དྲུག་ཁྲི་དྲུག་སྟོང་ཙམ་ཞིག་བཟླས། །སོ་ལྔ་ལོ་ལ་སྒྲུབ་པ་གཏེར་བུམ་གྱི། །གྷ་ན་ཅན་གྱི་སྔགས་དེ་ཞག་བདུན་བསྒྲུབས། །དང་པོ་ང་དང་སྤྲང་སོག་ངན་རྟགས་བྱུང་། །བསྐང་གསོལ་བཤགས་པ་མང་ཞིག་བྱས་པ་ཡིས། །ཚོང་དཔོན་གཞོན་ནུ་མཛེས་ཤིང་ཡིད་འོང་བས། །ཇ་བཀལ་དྲེལ་ཁྱུ་དེད་ནས་བྱུང་བ་དང་། །བཙུན་པས་གུས་ཤིང་ཕྱག་འཚལ་ནས་མང་ཕུལ། །ར་ཡི་ཁྱུ་ནི་ཆེན་པོ་རྨིས་པ་དང་། །ས་སྒང་ནས་ཡིན་ཟེར་བའི་བཙུན་པ་ཞིག །གོས་ཆེན་ལྗང་ཁུ་ཁ་དོག་ལེགས་པ་ཕུལ། །དངོས་སུ་འོད་འཁྱུག་མེ་སྟག་འཚུབས་པ་དང་། །དོན་མེད་འདུ་བ་ཤིན་ཏུ་ལེགས་པ་བྱུང་། །སྔགས་ནི་དྲུག་ཁྲི་བདུན་སྟོང་ཙམ་ཞིག་སོང་། །དེ་སྐོར་སྐྱེས་ཕྲན་ཞིག་གི་ཁྱོད་སྤྱན་གཉིས། །དབུས་གཙང་ཚུན་ལ་གྲོགས་ནི་སྒོ་སྐྱེལ་བྱས། །ཟེར་ནས་ཡུས་ཕོ་འགའ་རེ་བྱས་རྨིས་པས། །ཕྱིར་ནངས་ཚོང་པ་བྱུང་ནས་ཚོང་ལེགས་གྱུར། །དགྲ་འཇིགས་ཆེ་སར་འགྲོ་བའི་དོ་དགོང་


CMR002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསོལ་ཁ་བཀའ་བསྒོ་ལ་སོགས་བྱས་པའི་ནུབ། །ཚོང་དཔོན་ཆས་བཟང་རྟ་སྔོན་ཞོན་པ་ཡི། །སྐྱོན་མེད་ང་དང་འགྲོགས་ནས་འགྲོའོ་ཟེར། །ཟེར་བ་བཞིན་དུ་སྐྱོན་མེད་མགོ་ཐོན་གྱུར། །གཞན་ཡང་ར་ཁྱུ་འུར་སྒྲ་དང་བཅས་པ། །སྐྱེས་ཕྲན་མཛེས་པའི་ཇ་ཞུས་བྱེད་པ་དང་། །བུ་ཆུང་མཛེས་པ་རང་གི་རུམ་དུ་འདུག །རྩེད་མོ་རྩེ་བ་གསོལ་ཁའི་དུས་འགའ་བྱུང་། །ཤིང་སྤྲེལ་རང་ལོ་སོ་དྲུག་ལོན་པའི་དུས། །སྒྲུབ་པ་སྙིང་གི་དུམ་བུ་ཞག་བདུན་བསྒྲུབས། །དཔོན་ཐུང་སྐྱེས་ཕྲན་དར་མས་ཇ་ཞུས་དང་། །རལ་གྲི་ཤིན་ཏུ་ལེགས་པ་གཉིས་ཕུལ་བ། །དགའ་ཞིང་རང་གི་བློ་ལ་བཏགས་པ་དང་། །ལོ་ཏོག་རབ་ཏུ་རྒྱས་ནས་འདུག་པ་དང་། །སྔགས་བཙུན་གཅིག་གིས་ལམ་བསྟན་གྱེན་དུ་སོང་། །ཇ་ཁག་མཆན་བཅུག་གྲྭ་པས་ཇ་འགའ་སྟེར། །བཙུན་པ་སྐྱེས་ཕྲན་ཤིན་ཏུ་མཛེས་པ་འགས། །ཞིམ་ཇི་ལན་གསུམ་དང་ནི་གུང་ཚིགས་དྲངས། །ཡུང་ཕོན་རྒྱབ་གཅིག་རང་ཕྱོགས་བཀལ་ནས་བྱུང་། །ཚོང་དཔོན་ཆེན་པོ་རབ་བརྗིད་ཆས་བཟང་དང་། །བུ་ཚ་ཆས་བཟང་མགོ་རས་གྱོན་པ་ནི། །བཅོ་ལྔ་ཙམ་ཞིག་དགའ་ཞིང་རང་མདུན་བྱུང་། །རང་ལ་མར་ཁུ་དྲངས་ནས་བྱུང་བ་དང་། །


CMR002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཕྲན་སྐྱེས་པ་དར་མ་ཆས་བཟང་གིས། །ཤ་བཙོས་ཞིམ་པོ་མང་པོ་དྲངས་བྱུང་དང་། །སྔགས་པ་གཅིག་དང་རང་ཉིད་གཉིས་པོ་ཡིས། །རྔ་བཟང་བརྡུངས་ཤིང་གྱེར་དབྱངས་བྱས་པ་དང་། །སྐྱ་ཚུ་ཅུང་ཟད་ཙམ་ཞིག་འདུག་པ་དེ། །ངེད་རང་དཔོན་སློབ་བཟའ་སྙམ་བསྒོས་པ་ཡིས། །ཉུང་དུ་མ་སོང་ཀུན་གྱིས་ཕོར་རེ་ཐོབ། །རང་གི་གྲྭ་ཕལ་གཏོར་མ་བཅའ་བཅོལ་བས། །ཕུགས་གཏོར་ཐམས་ཅད་ཆ་ཚང་རྒྱས་པ་དང་། །ལྗོན་ཤིང་གཅིག་ལ་སྐུ་རྒྱབ་གཏད་པ་ཡི། །ཛམ་བྷ་ལ་ཡི་སྐུ་དང་བྱམས་པའི་སྐུ། །བཞེངས་པ་ཆེ་གྲ་རེ་རེ་ཁང་རྩག་ཙམ། །ཆུང་གྲ་ལ་ཡང་མི་ཚད་ཆེ་ཤོས་ཙམ། །དེ་རྣམས་ཟན་ནི་དེ་ལས་བྱུང་སོང་བས། །དེ་ལ་ངོ་མཚར་དགའ་སྣང་བྱས་པ་རྨིས། །ཉམས་ཀྱི་སྣང་བར་སྒྲུབ་རྫས་དཀྱིལ་འཁོར་སོགས། །དེ་ཕྱོགས་འོད་དམར་ཐིག་ལེ་ཤར་སྙམ་བྱེད། །ལྷ་ཁང་ནང་དུ་རང་གི་ཡིན་སྙམ་པའི། །ཞི་ཁྲོ་ལ་སོགས་མཆོད་བཤམས་དཔག་མེད་བསྒྲིགས། །ཁྲོམ་ཚོགས་དཔག་ཏུ་མེད་པ་འདུ་བ་རྨིས། །དུས་ནི་ཤིན་ཏུ་ངན་པའི་སྐབས་ཤིག་སྟེ། །ཞག་བདུན་ཙམ་ལ་དངོས་པོའི་རྣམ་གྲངས་དགུ། །སྔགས་ནི་བདུན་ཁྲི་ལྔ་སྟོང་ལྷག་ཙམ་སོང་། །


CMR002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རིང་ལོ་བཅུ་བདུན་ནས་བཟུང་སྟེ། །རང་ལོ་སུམ་ཅུ་སོ་དྲུག་བར་དག་ཏུ། །ན་སོ་གཞོན་པས་གཞོན་སྐྱོན་ལྟ་བུ་སྟེ། །སྐྱེས་བུའི་སྒྲུབ་པ་ལན་གྲངས་དྲུག་ཙམ་སོང་། །དེ་ནས་དམ་པ་ཆོས་ཀྱི་གནད་གསང་གོ །སྤྱན་རས་གཟིགས་སོགས་མཆོག་གྲུབ་མ་གཏོགས་པ། །བཀའ་སྲུང་སོགས་ཀྱི་སྒྲུབ་པ་བྱེད་འདོད་ཆུང་། །གཏོར་བསྔོས་དང་ནི་དུས་གཏོར་གསོལ་ཀ་དང་། །གནམ་ཆོས་ལ་སོགས་སྒྲུབ་ཐབས་གསར་པ་ཡི། །འབྲེལ་འཇོག་ཞོར་སྒྲུབ་ཅུང་ཟད་ཙམ་རེ་ལས། །གལ་ཆེན་རྩེ་གཅིག་བསྒྲུབས་པ་མ་བྱས་ཏེ། །ཤུགས་འབྱུང་རྟགས་མཚན་བྱུང་འགའི་བརྗེད་དེ་སོང་། །མི་འགྱུར་རྡོ་རྗེ་རང་སར་བཞུགས་པ་དེ། །དཔོན་པོའི་གཏད་དགོས་ཡར་ལ་མ་གཏོང་ཟེར། །བཏང་ན་བཀའ་བཀྱོན་འོང་བའི་ཚིག་ཀྱང་གདའ། །རང་གི་ལག་ནས་གཏད་དགོས་བྱུང་བ་ན། །ཨོ་རྒྱན་བཀའ་དང་འགལ་ཞིང་ཐུགས་ཀྱིས་ཁྲེལ། །ཡར་ལ་བཏང་ན་ཐར་རམ་ཅི་འགྱུར་སྙམ། །བཀའ་སྲུང་ལ་ཡང་གསོལ་ཁ་ལེགས་པོ་བྱས། །ཉམས་དང་རྨི་ལམ་འདྲེས་པའི་སྐབས་ཤིག་ན། །ང་ཡི་དྲུང་ནས་འཇའ་ནི་དཀར་པོ་ཞིག །སྤྲུལ་སྐུ་ཚང་གི་མཁར་སྒོར་ཟུག་ནས་གདའ། །ང་ཡིས་དྲུང་ནས་ར་


CMR002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དཀར་པོ་དང་། །ནག་པོ་རྒྱན་ལྡན་གཉིས་ནི་འདུག་པ་ལ། །དེ་ནས་སྤྲུལ་སྐུ་ཡར་ལ་ཕེབས་བྱུང་བས། །ར་ནི་དཀར་པོ་ཁོང་གི་རྗེས་སུ་སོང་། །ནག་པོ་ང་ཡི་དྲུང་དུ་འདུག་སྣང་བྱུང་། །མགར་དམར་ཁོང་ལ་འཁོར་ཚན་ཆེ་བར་གོ །སྤྲུལ་སྐུ་ཡར་ཕེབས་དབུ་ཐོན་སྐྱོན་མ་བྱུང་། །དམ་ཅན་མདོས་ཤིག་གསར་དུ་བཅས་པའི་ཚེ། །ར་སྐྱེས་ཞོན་པའི་མགར་ནག་བཅུ་གསུམ་ཙམ། །མདུན་གྱི་བར་སྣང་ཁམས་སུ་འགྲོ་སྙམ་བྱེད། །དེ་སྔོན་བརྒྱ་རྩ་ལ་སོགས་བསགས་མ་མྱོང་། །གྲྭ་པ་རྣམས་ལ་གསོལ་ཁ་རྒྱས་པ་དེ། །ཚར་གྲངས་བརྒྱ་རྩ་གསོག་ནི་བཅུག་པའི་དུས། །སྐུ་ནི་མ་མཐོང་དམ་ཅན་གསུང་ཡིན་སྙམ། །གསོལ་ཁ་མང་པོ་བྱས་པས་ང་ཡང་དགའ། །བུམ་སྒྲུབ་མ་ཆད་ཙམ་ཞིག་ངས་བྱེད་ཟེར། །དེ་སྔོན་བུམ་སྒྲུབ་ལན་བཞི་བཙུགས་ན་ཡང་། །བུམ་སྒྲུབ་རྒྱུན་ཁྱེར་ཚུགས་པར་མ་གྱུར་པས། །ཕྱིར་ལོ་ཉིད་ནས་བུམ་སྒྲུབ་རྒྱུན་ཁྱེར་བཙུགས། །མང་དུས་བཅུ་ཁ་ཉུང་དུས་དྲུག་བདུན་ཙམ། །དེ་སྔ་ལོ་གྲངས་བརྒྱད་དང་ཕྱེད་ཀྱི་བར། །ཕོག་དང་ཇ་ཐུག་མ་ཆད་ལེགས་པར་ཚུགས། །ཞལ་ཐང་རབ་གནས་ཚུལ་དུ་ཞག་འགའ་ཞིག །གནམ་ཆོས་མགར་ནག་རྒྱུན་


CMR002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཅུང་ཙམ་བྱས། །ཉམས་ཀྱི་སྣང་བ་མདུན་གྱི་བར་སྣང་ལ། །ཁྱེའུ་ལོ་ནི་བཅུ་དྲུག་ལོན་པ་ཙམ། །དགེ་ཡུ་གོས་ནི་སྐྱ་བོ་ཅན་ཞིག་དང་། །མགར་གཡོག་འདྲ་བའི་མི་ནི་ནག་པོ་གཅིག །ནག་དང་ཧྲེང་ངེ་ལངས་ནས་སྟངས་སྟབས་བྱེད། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་སྒྲུབ་པའི་དུས། །འཇའ་ཚོན་ལུགས་ཀྱི་གསོལ་ཁ་དེ་བཏོན་པས། །སྐུ་ནི་མ་མཐོང་དམ་ཅན་ཉིད་ཀྱིས་གསུངས། །རྟེན་འབྲེལ་ལེགས་པོ་དམ་ཚིག་ཡིན་ནོ་ཟེར། །གསོལ་ཁའི་ལུང་འདྲ་ཁང་ཆུང་སུམ་བརྩེགས་སྟེང་། །ཁྱེའུ་གོས་དཀར་ཅན་གྱིས་རྩེད་མོ་རྩེ། །སྐུ་ནི་མ་མཐོང་དམ་ཅན་ཉིད་ཀྱིས་གསུངས། །གནམ་ལྕགས་རྡོ་རྗེ་ཆོས་འདི་ཉམས་སུ་ལོངས། །ཡང་ན་གཏེར་སྒྲོས་འཆོལ་བར་མ་སྤེལ་ཟེར། །སྙིང་ཐང་མ་ཧཱ་ར་ཛའི་སྒར་འདུག་ཚེ། །རྨི་ལམ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ལུས་ནི་མ་མཐོང་རང་གི་མདུན་དེ་ན། །དམ་ཅན་མགར་བ་ནག་པོའི་མགྲིན་པ་ཡན། །ཆེ་ཆུང་རྔ་ནི་འབྲིང་པོའི་ཚད་ཙམ་པ། །དབུ་ལ་འུག་ཞུ་འུག་པའི་ཞྭ་གསོལ་བ། །ཞལ་གདངས་མཆེ་གཙིགས་ཁྲོ་ཞལ་ཤིན་ཏུ་གསལ། །ཁོ་རང་སྐྲག་ཅིང་སྡུག་ནས་རྡུལ་ཙ་རེ། །མངོན་སུམ་ལྟ་བུར་གསལ་བར་མཐོང་བའི་ཚེ། །ཀརྨའི་ནང་རྟེན་


CMR002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འོང་ཟིན་སྙམ། །ཚིག་གཅིག་ཟེར་བ་བརྗེད་ནི་མི་རུང་སྟེ། །ཕྱིར་ལོ་དེ་ཚོད་དུ་ག་དངོས་སུ་བྱུང་། །གཞན་ཡང་ངེས་པ་མེད་པའི་སྐབས་འགའ་ལ། །མཆོད་ཁང་ནང་ན་རྔ་རྡུང་འུར་ཆོམ་གྲག །སྒོ་ནི་ཕྱེ་འདན་ཡར་འགྲོ་མར་འགྲོ་བྱེད། །མི་ནི་འགའ་རེས་ར་སྐྱེས་བུ་ཆུང་སོགས། །དངོས་ཉམས་རྨི་ལམ་སྐྱེས་བུའི་བླ་རྟགས་མཐོང་། །ཀ་ཆ་ཕྲན་བུ་ཅུང་ཟད་ཅུང་ཟད་ཙམ། །ཁྱེར་བ་རྨི་ལམ་འཁྲུགས་སོགས་ལྟས་བྱུང་ནས། །འདི་བས་ཡོད་རེ་ཟེར་ཞིང་གཉེར་པར་གཏད། །སྐྱེས་བུ་ཆེན་པོ་ཀ་ཆར་སྤྱན་ཕྲ་བས། །ཆེན་པོ་ལས་ནི་ཆུང་ངུར་རྩ་ར་སྐྱེན། །ཟེར་བའི་ཁ་ངག་ཤིན་ཏུ་བདེན་འདྲ་བྱུང་། །རང་ལ་མ་དུམ་མ་དགའ་མེད་ན་ཡང་། །ཆགས་སྡང་དབང་གིས་རང་ལ་བསམ་ངན་དང་། །གཤེ་སྐུར་གྱོད་ཁ་སྡེབ་འདོད་བྱེད་རྣམས་ལ། །བསམ་ངན་མནས་ཐེང་བཟོད་པ་བསྒོམས་ན་ཡང་། །ཁོ་ལ་དོན་མེད་དམ་ཅན་ཆོ་འཕྲུལ་དང་། །ན་ཚ་ལ་སོགས་ངན་དགུ་བྱུང་ན་ཡང་། །དེ་དག་ཞིབ་པར་མི་སྨྲ་ཐེ་ཚོམ་ཡིན། །རེ་ཞིག་གཉེར་པ་སོགས་ཀྱི་རྨི་ལམ་ལ། །ངས་ནི་ཁབ་དང་སྐུད་པ་ཙམ་དེ་ཡང་། །ཉ་ར་འཚོ་སྐྱོང་འདི་ཙམ་བྱེད་པ་ལ། །ཁྱེད་ཚོའི་ཉ་ར་འཚོ་སྐྱོང་


CMR002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར། །ཟེར་ནས་བུ་ཆུང་ཞིག་གིས་ཡུས་ཕོ་བྱེད། །དེ་ལྟར་སྐྱེས་བུ་སྒྲུབ་པའི་ལོ་རྒྱུས་སོགས། །ངོ་མཚར་ཆེ་རྒྱུ་མེད་པ་བྲི་དོན་མེད། །འོན་ཀྱང་རིགས་རྒྱུད་དང་ནི་རྗེས་འཇུག་རྣམས། །བཀའ་གདམས་གླེགས་བམ་ལ་སོགས་མཐོང་བ་དང་། །གྲུབ་མཐའ་གཞན་པའི་དགེ་བཤེས་འགའ་ཞིག་གིས། །སྔོན་ཚེ་རྒྱལ་བ་འབྲོམ་གྱི་ཞལ་ནས་ཀྱང་། །ལྷ་ངན་ཕལ་ཆེར་འདྲེ་བས་བཙོག་པ་སྟེ། །ཁེ་གར་དང་ནི་རྡོར་ལེགས་བརྟེན་པ་ཀུན། །མཆོད་བརྡ་ཉིད་ནས་རང་ཉིད་རྡུང་བྱེད་ཅིང་། །སྔོན་དུ་མཆོད་བསྟོད་བྱས་པ་ཐམས་ཅད་ཀུན། །མཆོད་བསྟོད་ནོངས་པ་ཞིག་གིས་འཇོམས་ཞེས་གསུངས། །རིག་འཛིན་ཆོས་ཀྱི་གྲགས་པའི་གཟིགས་སྣང་ལ། །སྐྱེས་བུའི་སྣོད་གཅིག་ཁྱེར་ནས་བྱུང་བ་ལ། །མདུན་དུ་བྱོས་པ་དེ་ནང་དཔོན་གཅིག་གདའ། །ཕོ་ལྷ་མ་དགའ་ངས་ནི་འདི་ཙམ་ཁྱེར། །ཟེར་བ་རང་གི་མི་ཡི་བླ་ཁྱེར་བའི། །ལྷ་ཁྱོད་འདྲ་བ་གསུངས་ནས་བཀའ་བཀྱོན་མཛད་པ་ཡི། །སྐྱེས་བུ་སྐྱེངས་ནས་མི་དེ་བཏང་བ་དང་། །ཀརྨ་པཀཱིར་རྒྱ་ནག་རྒྱལ་པོ་ཡིས། །ཆད་པ་མང་པོ་བཅད་པའི་དུས་དེ་ལ། །པཀྵིའི་མགྲིན་པར་དར་ནག་གིས་གཅུད་ནས། །ཁྱོད་ཀྱི་ཙིཏྟ་ང་ལ་གཏོད་ཅིག་


CMR002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཚུར་ཕུའི་ནང་རྟེན་ནང་དུ་སྐྱེལ་ཞིག་ཟེར། །ཁོ་བོ་ད་རུང་ཤི་བའི་དུས་མ་བབ། །དམ་ཉམས་གསུངས་ནས་ཆོས་གོས་ཐུ་བས་བརྡུངས། །པཀཱི་ཞལ་ཚོམ་རྒྱ་ཡི་ཐག་པས་བཏགས། །མི་ནི་མང་པོས་འཐེན་ཀྱང་འགུལ་མ་ཐུབ། །རེ་ཤིག་མགྲིན་པ་བཀོག་ལ་ཁད་བྱུང་བས། །གཟིགས་པས་སྐྱེས་བུས་ཕར་ལ་འཐེན་ཅིང་གདའ། །དམ་ཉམས་གསུངས་ནས་བཀའ་བཀྱོན་ཆད་བྱས་པས། །རྒྱ་ནག་མཁར་སྒོ་ལིང་རྩེ་གཅིག་ལ་ནི། །སྐྱེས་བུས་མེ་སྦར་རྒྱ་མི་བརྒྱ་ཙམ་ཚིག །དེ་འདྲའི་ལོ་རྒྱུས་མང་པོ་རྣ་ཐོས་ཀྱིས། །འདི་ནི་ཐེའུ་རང་ཡིན་པས་ལྷར་མཆོད་ན། །ཐ་མ་རང་སྲོག་གཅོད་པར་འགྱུར་རོ་ཞེས། །ང་ལ་ཡང་ནི་སྨྲ་མཁན་མང་དུ་བྱུང་། །དེ་འདྲའི་རྐྱེན་བྱས་ལོག་ལྟ་སྐྱེ་ཉན་མཆིས། །ཀཾ་ཚང་དང་ནི་རྙིང་མའི་ཆོས་ལུགས་ཀྱིས། །སྔར་ནས་བཀའ་སྲུང་གཙོ་བོ་འདི་ཡིན་པས། །སློབ་དཔོན་རྒྱུད་ཀྱི་སྲུང་མ་སྐྱུར་ཐབས་མེད། །གཏེར་ཆོས་ཀུན་གྱི་སྲུང་མ་འདི་ཡིན་པས། །གཏེར་ཆོས་འདོན་ན་གཏེར་སྲུང་སྐྱུར་མི་རུང་། །ཁྱད་པར་རང་གི་དབོན་རྒྱུད་ཡིན་རྣམས་ཀྱིས། །ཕ་མྱེས་རྒྱུད་ལྷ་ཡིན་ཕྱིར་སྒྱུར་མི་རུང་། །འདི་ནི་ངོ་བོ་རྟ་མགྲིན་སྤྲུལ་པ་སྟེ། །ས་དང་ལམ་


CMR002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་ཆད་སེལ་བར་ནུས། །དེ་ཕྱིར་འབྲི་གུང་ཡང་ཟབ་ཆོས་སྐོར་ལས། །དམ་ཅན་བདག་བསྐྱེད་མཆོག་གྲུབ་སྐོར་ཀྱང་གསུངས། །མགར་དམར་ཕ་ནི་བདུད་ལ་མ་ནི་དམུ། །ཁོ་རང་བཙན་ཡིན་དྲག་རྩལ་ཆེ་བར་བཤད། །མགར་ནག་ཕ་ནི་བདུད་དང་སྲིན་པོ་སྟེ། །མ་ནི་སྲིན་མོའམ་ནི་སྨན་གྱི་རིགས། །ཁོ་རང་ཡི་དྭགས་བཙན་གྱི་རྒྱལ་པོར་བཤད། །ཐེའུ་རང་ཀུན་གྱི་སྡེ་དཔོན་ཡིན་ན་ཡང་། །ཁོ་རང་དངོས་ནི་ཐེའུ་རང་རིགས་མིན་ཏེ། །དཔེར་ན་སྔོན་བྱོན་བོད་ཀྱི་ཆོས་རྒྱལ་རྣམས། །བོད་རྣམས་ཀུན་གྱི་རྒྱལ་པོ་ཡིན་པའི་ཕྱིར། །བོད་ཀྱི་རྒྱལ་པོ་ཞེས་ནི་ཡོངས་གྲགས་ཀྱང་། །བོད་ཀྱི་རིགས་མིན་རྒྱ་གར་རྒྱལ་རྒྱུད་ཡིན། །དམ་ཅན་སྐྱེས་བུ་མགར་བ་དམར་ནག་ཀྱང་། །ཐེའུ་རང་ཀུན་གྱི་རྒྱལ་པོ་ཡིན་པའི་ཕྱིར། །ཐེའུ་རང་རྡོ་རྗེ་ལེགས་པ་ཟེར་ན་ཡང་། །ཐེའུ་རང་རིགས་མིན་བཙན་གྱི་རིགས་སུ་ངེས། །གོང་གི་རྣམ་རྟོག་དེ་འདྲར་སེམས་ཕྲེང་ཚེ། །གོང་དུ་བཤད་ལྟར་དམ་ཅན་ཉིད་ཡིན་གསུངས། །ངས་ནི་དེ་སྔ་སུ་དང་གང་ལ་ཡང་། །ངན་པ་བྱེད་ནི་མ་མྱོང་ཟེར་བ་དེ། །དེ་འདྲ་སེམས་ལ་འགྱུས་པ་དགོངས་པར་སྣང་། །དེ་ཕྱིར་བདག་གི་རྗེས་སུ་འཇུག་པ་རྣམས། །འདི་ཡི་ལས་


CMR002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མང་དུ་བསྒྲུབས་ན་ནི། །ཅུང་ཞིག་རྩུབ་ཅིང་ཆོ་འཕྲུལ་ཆེ་བར་སྣང་། །འོན་ཀྱང་གཟའ་དང་རྒྱལ་པོ་ལ་སོགས་དང་། །མི་འདྲ་ནང་དུ་འཇམ་ཞིང་འཁུ་ལྡོག་མེད། །གཏོར་བསྔོས་མ་ཆག་དུས་གཏོར་གསོལ་ཁ་གཟབ། །དེ་བྱས་བཀྲ་ཤིས་བསམ་པ་འགྲུབ་པར་སྣང་། །ངོམས་པའི་ཞལ་ངོ་ཤེས་རབ་རྣམ་རྒྱལ་དེ། །གཡོ་མདའ་གདན་ས་མཛད་པ་དེ་ཕྱིས་ནས། །གཡོ་མདའི་དཀོར་བདག་དམ་ཅན་གྱིས་བྱས་ནས། །སེ་ར་ཡུལ་དུ་ཁྱེར་ཀྱང་རྟགས་བྱུང་ཟེར། །སྐྱེས་བུ་འདི་ནི་གཞུང་བཟང་ཡུན་རིང་ཕྱིར། །གདན་ས་བར་དང་ས་སྒང་ལ་སོགས་ཀྱིས། །ཧོར་འདྲ་ཕ་མྱེས་རིང་ལ་བྱས་པ་ཡིས། །མི་རྒྱུད་རྣམས་ལ་དམ་ཅན་མགོན་ཟེར་ནས། །ཕན་པའི་རྟགས་བྱུང་གསོལ་ཀ་བྱེད་པ་མང་། །སྔར་དུས་སྔགས་པའི་སྒྲུབ་ཁང་འགའ་ཞིག་ལ། །དམ་ཅན་རྟགས་བྱུང་གསོལ་ཁ་དགོས་འདུག་ཟེར། །འཇིག་རྟེན་ལྷ་རྣམས་སྒྲུབ་མི་དེ་ཉིད་ལས། །མི་རྒྱུད་ཆོས་བརྒྱུད་རྣམས་ལ་འཁོར་ཚན་ཆེ། །ཟེར་བའི་ལོ་རྒྱུས་སྔར་ནས་དར་བ་ལྟར། །བདག་གིས་དམ་ཅན་དབང་ལུང་མ་བྱས་ཀྱང་། །བདག་གི་སློབ་མ་གྲྭ་པ་མང་ཞིག་ལ། །དམ་ཅན་འཁོར་ཞིང་མགོན་པའི་རྟགས་


CMR002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཐོས། །ཁྱོད་ནི་གང་གིས་འབྲེལ་བས་རྟག་ཏུ་སྐྱོངས། །གསུངས་པའི་དོན་དེ་ངེས་པ་ཅན་དུ་སྣང་། །དཔེར་ན་སྔོན་ཚེ་མི་ལ་རས་ཆེན་གྱིས། །ང་ལ་ཉམས་རྟོགས་སྐྱེ་བ་དཀའ་མོ་བྱུང་། །ཁྱེད་རྣམས་ཉམས་རྟོགས་སྐྱེ་བ་སླ་འདུག་པས། །ཁོ་བོས་སྒྲུབ་པ་དཀའ་ལས་ཆེར་བྱས་པས། །དེ་ཡི་བྱིན་རླབས་ཡིན་པར་འདུག་གོ་གསུངས། །དེ་ནས་བདག་གི་སྐྱེས་བུ་སྒྲུབ་པ་ལ། །སྒབ་འདྲེ་གནོན་སོགས་དཀའ་ཚེགས་ཆེན་པོ་དང་། །རྗེས་ནས་སྒབ་འདྲེའི་མནན་པ་ལན་མང་གསོས། །སྒྲུབ་པ་ལན་གྲངས་མང་ཞིག་བྱས་ན་ཡང་། །ཧ་ཅང་རྟགས་མཚན་གསལ་ཆ་མ་བྱུང་སྟེ། །དུས་ཕྱིས་ང་ཡི་གྲྭ་སློབ་ཕལ་ཆེར་ཞིག །དབང་ལུང་ཙམ་ཡང་ཐོབ་པར་མ་གྱུར་ན། །སྒྲུབ་པ་ལ་སོགས་ཐོན་པ་ལྟ་ཅི་སྨོས། །འོན་ཀྱང་སྐྱེས་བུ་ཆེན་པོའི་མགོན་པ་ཡིས། །རྟགས་མཚན་གསལ་ཆ་མང་པོ་བྱུང་འདུག་པ། །རང་གི་ཚེ་རབས་ལས་ལྷ་ཡིན་པའམ། །ལྷ་རྒྱུད་ཡོད་པའི་ལོ་རྒྱུས་མེད་ན་ཡང་། །ཕ་མྱེས་རྒྱུད་ལྷ་ཡིན་ནམ་ཟེར་བ་སོགས། །ལོག་ལྟ་མ་སྒོམ་ལོག་ལྟ་མ་སྨྲས་པར། །བན་རྒན་ང་ཡི་སློབ་བུ་ཡིན་པའི་ཕྱིར། །སློབ་དཔོན་རྒྱུད་ཀྱིས་སྲུང་མ་ཡིན་པ་ལ། །ཡིན་པར་ཤེས་བཞིན་གསོལ་ཁ་གཟབ་པ་


CMR002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བན་རྒན་ང་ཡང་སྐུ་དྲིན་ཆེ་སྙམ་པའི། །རྟགས་མཚན་བྱུང་དུས་བཀའ་དྲིན་དྲན་པར་མཛོད། །དེ་ཡིས་རྟེན་འབྲེལ་ལེགས་ཚོགས་འགྲུབ་པར་འགྱུར། །འདི་ནི་ཡང་གསང་རྣམ་ཐར་ཡིན་པའི་དོན། །གཞན་གྱིས་ཐོས་ན་ཐེའུ་རང་བསྒྲུབས་ཟིན་ཞེས། །ལོག་ལྟ་འཕེལ་ཕྱིར་ཤིན་ཏུ་ཡང་དུ་གསང་། །མངྒ་ལཾ།། །། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་རྣམ་ཐར་དུམ་བུ་ཆུང་ངུའི་དུས་ནས་ཕ་མེས་རྒྱུད་ལྷ་བརྟེན་པའི་ལོ་རྒྱུས།next