Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་དུམ་བུ་ལས་བཀའ་སྲུང་དཀོར་བདག་ལྷ་མོ་སྒྲུབ་པའི་ལོ་རྒྱུས།
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་དུམ་བུ་ལས་བཀའ་སྲུང་དཀོར་བདག་ལྷ་མོ་སྒྲུབ་པའི་ལོ་རྒྱུས།next

དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་དུམ་བུ་ལས་བཀའ་སྲུང་དཀོར་བདག་ལྷ་མོ་སྒྲུབ་པའི་ལོ་རྒྱུས།


CMR002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་དུམ་བུ་ལས་བཀའ་སྲུང་དཀོར་བདག་ལྷ་མོ་སྒྲུབ་པའི་ལོ་རྒྱུས་བཞུགས་སོ།།


CMR002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། ངོ་བོ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྟེ། །དེ་ཕྱིར་སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ། །ཞིང་སྐྱོང་མཁའ་འགྲོ་ལྷན་ཅིག་སྐྱེས་མ་སྟེ། །རྡོ་རྗེ་གཡུ་ཡི་སྒྲོལ་མ་དེ་ལ་བསྟོད། །འདི་ཉིད་ཚེ་རབས་ལས་ལྷ་ཡིན་པའི་ཕྱིར། །ཁྲི་སྲོང་སྲས་པོ་སད་ན་ལེགས་དེ་ཡིས། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །དེ་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་ཁང་བཀའ་སྲུང་རྒྱལ་པོའི་དཀོར་བདག་ཏུ། །ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ་འདི་བསྐོས། །རྒྱལ་པོའི་ལྷ་སྲས་སད་ན་ལེགས་དེ་ནི། །ས་གནས་སེམས་དཔའ་ཆེན་པོ་ཡིན་པར་བཤད། །དེ་ཡི་


CMR002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རྒྱུད་སྤྲུལ་པ་དངོས་ཉིད་ནི། །ཁོ་བོ་ཡིན་པར་སྨྲ་བར་ག་ལ་སྤོབས། །འོན་ཀྱང་དེ་ཡི་བྱིན་གྱིས་བརླབས་པ་ཡིས། །ཡང་སྤྲུལ་ཆ་ཤས་ཙམ་ཞིག་ཡིན་པར་རློམ། །སློབ་དཔོན་ཆེན་པོའི་བཀའ་བསྒོས་དམ་བཞག་ཕྱིར། །ལྷ་མོ་འདི་ཉིད་འཁོར་བ་རྟེན་འབྲེལ་ཡིན། །གཙང་དུ་སོང་ཚེ་འདི་ཡི་བླ་རི་ནི། །ཇོ་མོ་གངས་དཀར་དེ་ཉིད་མཐོང་ཙམ་གྱིས། །ཡིད་སེམས་དགའ་ཞིང་དྭངས་བ་སྐྱེས་པར་གྱུར། །བསམ་ཡས་མཇལ་ཚེ་དེ་ཡི་སྒོ་དྲུང་ལ། །མ་མགོན་གཉིས་དང་མགར་བ་དམར་པོ་དང་། །ལྷ་མོ་འདི་ཡི་ལྡེར་སྐུ་ཆེན་པོ་འདུག །བསྟན་སྲུང་ཆེན་པོ་ཡིན་པའི་ངེས་ཤེས་


CMR002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །རང་ལོ་རྩ་བཞིའི་ལོ་མཇུག་ཕ་ཡུལ་བསླེབས། །ཡབ་རྒན་ཨ་ནུ་མཁར་གྱི་རྩེ་མོ་ན། །སྔར་དུས་མཆོད་ཁང་ནང་གི་དཔེ་རྩེག་དེ། །དྲག་རིམ་དམག་མི་རྣམས་ཀྱིས་ཁྱེར་ཏེ་སོང་། །མང་མའི་གླེགས་ཐག་ཁྱེར་ཏེ་ཐམས་ཅད་རླགས། །ཚྭ་ཁང་སྒོག་པོའི་ནང་འདྲ་བྱས་འདུག་པ། །ཉི་མ་གཉིས་གསུམ་དཔེ་ཆ་དེ་རྣམས་བསྒྲིགས། །དེ་ཚེ་འཚོ་མཛད་རཏྣ་དྷ་ཛ་དེས། །ཁྱེད་ཉིད་ཕེབས་ཁ་བུ་མོ་རས་དཀར་ཅན། །ལྔ་ཡི་དཔེ་ཆ་དེ་ཚོ་བསྒྲིགས་པ་རྨིས། །ཁྱེད་ལ་ལྷ་མོ་ཞིག་ནི་འཁོར་འདུག་ཟེར། །དེ་མ་ཐག་ཏུ་དེ་ཡི་སྒྲུབ་ཐབས་ཀྱི། །དཔེ་ཆ་རྣམས་ཀྱང་རང་གི་ལག་ཏུ་བྱུང་། །གཏེར་སྟོན་ཆེན་པོ་དྲི་མེད་ཀུན་དགའ་ཡིས། །རང་གི་ཉམས་ལེན་བྱེད་འདོད་ཆེ་བ་ཡི། །དཔེ་ཆ་སྙེམ་མེད་ལག་ཏུ་བྱུང་བ་དེ། །མཁའ་འགྲོ་གཏད་རྒྱ་རྒྱུད་པ་ཡིན་ནོ་གསུངས། །དབང་ལུང་རྒྱུད་པ་མེད་པའང་མ་ཡིན་ཏེ། །དྲེགས་པའི་སྲོག་དབང་སྔོན་ནས་ཐོབ་པའི་ཕྱིར། །བཀའ་གཏད་ཀྱང་ནི་དེ་ལ་འདུས་པར་གོ །དྲེགས་པའི་ག་ཞུང་ནས་འདི་ཡི་སྲོག་དབང་ཐོབ། །ལུང་བཙན་སྒྲུབ་ཐབས་སྔར་ནས་ཐོབ་པ་དེས། །རཏྣའི་ལུགས་ཀྱི་འདི་ཡི་སྒྲུབ་ཐབས་ཐོབ། །འདི་ཡི་གཏོར་འབུལ་ཚིགས་སུ་བཅད་


CMR002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །ཐུགས་སྒྲུབ་བརྔན་བསང་ལ་སོགས་ཐོབ་ལ་འདུས། །སྒྲུབ་ཐབས་འདོན་ཆོག་རྣམས་ཀྱི་ལུང་དཀོན་ཡང་། །ཨོ་རྒྱན་སྐུ་འདྲར་པོ་ཏིའི་ལུང་དབང་ཞུས། །དེ་ནི་དང་པོ་དུས་ཡིན་ཕྱིས་ནས་རིམ་པ་ལྟར། །འབྲུག་པ་བླ་མ་ཚུལ་ཁྲིམས་རིན་ཆེན་ལ། །མཐུ་ཆེན་རྡོ་རྗེ་འཛིན་པས་མཛད་པ་ཞུས། །པཎ་ཆེན་ལུང་རིགས་ཉི་མའི་ཞལ་སྔ་ནས། །ཉིད་ཀྱིས་མཛད་པའི་བསྐང་གསོལ་རྒྱས་པ་དང་། །ལོ་རྒྱུས་བཀའ་གཏད་ཞལ་གདམས་བཅས་པ་ཐོབ། །སྟོང་ནག་བླ་མ་ཀརྨ་དབང་ཕྱུག་ལས། །རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེ་ཡིས། །མཛད་པའི་སྒྲུབ་ཐབས་གསོལ་ཁ་རྒྱས་པར་ཐོབ། །ཆོས་སྒོ་བ་དང་སྟོང་ནག་པ་གཉིས་ཀྱི། །བཀའ་སྲུང་དཀོར་བདག་འདི་ཉིད་ཡིན་པར་སྣང་། །ཆུ་འཕུར་དབོན་པོ་ཐུབ་དབང་གསུང་རྒྱུན་ལས། །འབྲུག་ལུགས་བཀའ་སྲུང་གཙོ་བོ་ཡིན་ཚུལ་ཐོས། །ཞུ་འདོད་བྱས་ཀྱང་མ་གནང་བཀའ་རྒྱ་དམ། །འདི་ཡི་བཀྲ་ཤིས་ཤོ་ལོ་ཀ་གཅིག་གསུངས། །ཁོང་གིས་བཀའ་སྲུང་རྩིས་ཆེན་ཡིན་པར་སྣང་། །སྤྲུལ་སྐུ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་ལས། །པདྨ་གླིང་པའི་ལུགས་ཀྱི་སྒྲུབ་ཐབས་ཐོབ། །དུས་ཕྱིས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་


CMR002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །སྒྲུབ་ཐབས་དྲུག་དང་དེ་ཡི་བཀའ་གཏད་དྲུག །མདོས་དང་ལས་བྱང་ལས་ཚོགས་བཅས་པ་ཐོབ། །དང་པོ་རང་ལོ་ཉེར་བདུན་ཙམ་གྱི་དུས། །དང་པོ་ཕྱི་སྒྲུབ་ཉིད་ཀྱི་དབུ་བཙུགས་པས། །དང་པོ་མི་སྡུག་གཟུགས་ཅན་བུད་མེད་གཅིག །མེ་མུར་མེ་ཐལ་གཞོང་གང་ངའི་མདུན་རྒྱབ། །མི་དགའི་སྨྲེ་སྔགས་མང་པོ་འདོན་ཞིང་ཐལ། །གཡོག་མོ་གྲོ་ཁེ་མ་དེ་ཡིན་པར་གདའ། །དེ་ནས་བསྐྱེད་རིམ་བརྟན་པོ་བསྒོམས་ཤིང་བཟླས། །དེ་རྗེས་བུད་མེད་རྒྱན་ལྡན་མཛེས་མ་འགས། །འཛུམ་ཞིང་གུས་འདུད་དང་བཅས་མདུན་དུ་བྱུང་། །སྔོན་མ་དེ་ནི་ཁོ་མོས་ཁྱིམ་མཚེས་ཏེ། །ངན་པ་ཞིག་ནི་ཡིན་ནོ་ཟེར་བ་རྨིས། །ཡང་ནི་བུད་མེད་བཞིན་བཟང་མཛེས་མ་ཞིག །རིན་པོ་ཆེ་ཡི་རྣ་ཚར་བདག་ལ་བྱིན། །གཡུ་ནི་བཀྲག་བཟང་སྤོབས་ཚེའི་ཚད་ཙམ་དང་། །རིན་ཆེན་ཤེལ་དཀར་བདག་ལ་བྱིན་པ་དང་། །གཡུ་ནི་རི་བོ་ཙམ་ཞིག་བདག་གིས་རྙེད། །ལྷ་མོ་དངོས་དེ་ཡིན་བསམ་བུད་མེད་གཅིག །བདག་ལ་ཆགས་པའི་ཚུལ་གྱིས་འོ་བྱེད་པ། །ཁྱོད་ལ་ཁ་རླངས་དུག་ནི་ཡོད་པའི་ཕྱིར། །ཁ་ཕྱིས་སྨྲས་པས་ཁ་ཕྱིས་འོ་བྱེད་རྨིས། །ཡང་ནི་ལྷ་མོའི་བསྐང་གསོལ་བྱས་པའི་དུས། །ནམ་མཁའི་


CMR002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཐོངས་སུ་འཇའ་ཚོན་སྣ་ལྔ་ཡི། །དབྱིབས་ནི་མཚན་མའི་དབྱིབས་འདྲ་ཞིག་གི་ནང་། །བུད་མེད་གཉིས་ཀྱི་ཞལ་ནི་ཆེ་ཆུང་གཉིས། །ཆེ་བ་སྟེང་མ་ཆུང་བ་འོག་ཏུ་སྟེ། །ཆེ་བའི་ངོ་ཡི་ཚད་ནི་མདའ་ཚད་ཙམ། །ཆུང་བ་བུད་མེད་དཀྱུས་མའི་ངོ་ཙམ་པ། །གཉིས་ཀ་ཤིན་ཏུ་མཛེས་ཤིང་འཛུམ་པའི་ཞལ། །རིན་ཆེན་རྒྱན་དང་ལྡན་པ་གསལ་བར་མཐོང་། །མངོན་སུམ་ཉམས་སྣང་གང་ཡིན་མོ་འབྱེད་དོ། །དགུན་སྒང་བརྔན་བསང་བྱས་པའི་དུས་ཤིག་ལ། །དེ་ནུབ་གཏོར་མ་ཐམས་ཅད་བཅས་བཞག་པས། །གཞན་རྣམས་ཐམས་ཅད་འཁེངས་ནས་རྡོ་ལྟར་གྱུར། །ལྷ་མོའི་གཏོར་མ་ད་ལྟ་བཅས་ལྟར་འདུག །ཡང་ནི་བུད་མེད་བཙུན་མའི་ཆ་ལུགས་ཅན། །མཆེ་བ་ཅུང་ཟད་ཡོད་པ་ཞིག་བྱུང་ནས། །བདག་ལ་དགའ་ཞིང་འཛུམ་པའི་རྨི་ལམ་བྱུང་། །དེ་དང་རྗེས་མཐུན་སིདྡྷི་འཕྲལ་དུ་བྱུང་། །ཕྱི་སྒྲུབ་ལན་གཉིས་ཞག་པོ་བཅུ་བདུན་དང་། །དེ་རྗེས་ནང་སྒྲུབ་ལན་གཅིག་ཞག་པོ་བདུན། །གསང་སྒྲུབ་ལན་གསུམ་ཞག་པོ་ཉེར་གཅིག་སྟེ། །སྔགས་ཀུན་བསྲེས་པས་བདུན་འབུམ་བཞི་ཁྲི་ལྷག །རང་ལོ་སོ་གཉིས་ལྕགས་འབྲུག་ལོ་ལ་སོང་། །ཡང་ནི་གསང་སྒྲུབ་ཞག་པོ་


CMR002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བྱས་ཚེ། །རང་ཉིད་གོས་བཟང་བུད་མེད་ཕྱག་འཚལ་དང་། །ཐུགས་སྒྲུབ་སྐོར་ཞིག་གཏེར་ནས་ཐོན་པ་དང་། །ཇ་ཞུས་བྱུང་དང་འོ་མ་སྟེར་བ་དང་། །བུད་མེད་རྒྱན་ལྡན་འགའ་རེ་བྱུང་བ་རྨིས། །བདུན་ཁྲི་དྲུག་སྟོང་ལྷག་ཙམ་བཟླས་པ་བྱས། །ཡམས་ནད་ཤིན་ཏུ་འཇིགས་པའི་ནད་བྱུང་ནས། །ནད་པའི་རིམ་གྲོ་བྱེད་ཅིང་འདུག་པའི་ཚེ། །བུད་མེད་རྒྱ་ལྡན་ཤིན་ཏུ་མཛེས་སྡུག་ཅིག །བཞད་ཅིང་བྱུང་བ་རང་གི་ཉམས་ལ་ཤར། །གཞན་མ་ཞིག་གིས་དངོས་སུ་མཐོང་བར་འདུག །ནད་པ་སོས་ཤིང་རང་ལ་སྐྱོན་མ་བྱུང་། །མཆེད་གྲོགས་གཅིག་ནི་ནད་ཀྱིས་ཐེབས་གྱུར་ཏེ། །འཆི་ལ་ཉེ་ཚེ་གཞན་ཀུན་སྐྲག་ནས་བྲོས། །བདག་གིས་ནད་གཡོག་རིམ་གྲོ་གཉིས་ཀ་བྱས། །ཉམས་སྣང་བུད་མེད་མཛེས་མ་ཤིན་ཏུ་བྱུང་། །ནད་པ་སོས་ཤིང་རང་ལ་ནད་མ་འགོས། །གཅོང་ཆེན་ནད་པ་ཞིག་གི་རིམ་གྲོའི་ཚེ། །བུད་མེད་རྒྱན་དང་ལྡན་པ་ཞིག་བྱུང་ནས། །ངོ་ནི་མི་དགའ་ཁྲོ་བའི་ཚུལ་སྟོན་ཅིང་། །ཁ་ནི་དགའ་ཚུལ་བཞད་པའི་རྣམ་འགྱུར་སྟོན། །རང་ལ་གྲོགས་དང་གདུལ་བྱ་ཆེར་བྱུང་སྟེ། །ནད་པ་མ་ཕན་ཡུན་རིང་མནར་བར་གྱུར། །ཡང་ནི་ནད་པའི་རིམ་གྲོ་བྱེད་དུས་ཤིག །


CMR002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཤིན་ཏུ་མི་སྡུག་པ་ཞིག་གིས། །མིག་ནི་བྱིས་སྦྱའི་ཁུ་ཚུར་ཙམ་བསྒྲད་དེ། །མིག་ལྡོག་འཁོར་ཞིང་མིག་ལོག་བྱེད་སྙམ་མཐོང་། །དེ་ཉིན་ཉིད་ནས་བདག་ལ་སོ་ནད་བྱུང་། །ནད་པ་དེ་ཡང་ཕན་པར་མ་གྱུར་ཏོ། །ཡང་ནི་བུད་མེད་རྒྱན་དང་ལྡན་པ་ཞིག །ལུས་ནི་དགྱེ་མ་རྒུ་ལ་འདུག་སྙམ་བྱེད། །སིདྡྷི་ཆེན་པོ་འཕྲལ་དུ་བྱུང་བར་གྱུར། །གཡུ་དང་བྱི་རུ་གཙབ་མས་བརྒྱན་པ་ཡི། །བུད་མེད་སྔོ་བསངས་འདུག་པ་ཉམས་ལ་ཤར། །བུད་མེད་མཛེས་མས་སེ་ཤིང་འབྲས་བུ་རྒྱས། །བྱིན་པ་རྨིས་པས་འབྲུ་ཡི་སིདྡྷི་བྱུང་། །ཞི་ཁྲོ་བླུགས་དུས་རྒྱལ་མཚན་རྩ་དེ་རུ། །བུད་མེད་ཕྲ་ལ་རིང་བ་ལངས་འདུག་པ།། །རང་གི་གྲྭ་པ་ཞིག་གིས་མཐོང་འདུག་པས། །དེ་ལ་སིདྡྷི་འདུ་བ་ལེགས་པར་བྱུང་། །རང་གི་གཅུང་པོ་དབུས་སུ་ཡོད་པའི་དུས། །བུད་མེད་རྒྱུན་ལྡན་ཡང་ཡང་རྨིས་པ་དང་། །ཁམས་སུ་ཕེབས་ནས་བུད་མེད་རྒྱན་ལྡན་མཛེས། །དར་དཀར་ན་བཟའ་ལྷབ་ལྷུབ་མནབས་པ་ཡིས། །འབྲས་ཟན་བྱིན་ཅིང་ང་ཡི་གཏོར་མ་ནི། །འདི་ལྟར་གྱིས་ཟེར་ལུང་བསྟན་གསལ་བར་བྱུང་། །གཡུ་བོ་ཆེ་ནི་རི་ཙམ་རྙེད་རྨིས་པས། །བེ་གའི་སིདྡྷི་ཆེན་པོ་དངོས་སུ་བྱུང་། །སློབ་


CMR002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ང་ཡི་དྲུང་དུ་འདུག་པའི་ཚེ། །བྱི་རུའི་རྒྱན་གྱིས་ཕྱུག་པའི་བུད་མེད་གཅིག །དགོད་ཅིང་བྱུང་བ་རྨིས་པ་ཅི་ཡིན་གསུངས། །རྒྱུས་ནི་ཅི་ཡང་མེད་པའི་བླ་མ་ཞིག །ཁྱེད་ལ་ལྷ་མོའི་རིགས་ཤིག་འཁོར་འདུག་གསུངས། །གཞན་ཡང་རྒྱུས་མེད་མིག་མཐོང་མཁན་ཞིག་གིས། །ལྷ་མོ་འཁོར་ནི་གདའ་ཚུལ་གསལ་བར་ཟེར། །ཡམས་ནད་ཆེན་པོས་འཚེ་བ་བྱུང་བའི་ཚེ། །ཕྱི་སྒྲུབ་ཞག་པོ་བདུན་དུ་བྱས་པའི་ཚེ། །དང་པོ་ནུབ་པར་མཚན་ངན་ཡུགས་ས་བྱུང་། །གཉིས་པར་ཡ་མོ་ཤ་མདོག་ནག་མོ་ཅན། །བདག་གི་གྲོགས་ནི་བྱེད་ཅིང་འདུག་པ་དང་། །གསུམ་པར་ཁང་ནག་གདན་ས་ཞིག་འདུག་པ། །བུད་མེད་གཅིག་གིས་བཤིག་རོགས་བྱེད་པ་དང་། །བཞི་པར་བུད་མེད་སྲུག་བྱིན་རང་དྲུང་འདུག །བུད་མེད་གཅིག་གིས་རང་ལ་བསྟོད་ར་སྨྲས། །བཙུན་མ་གཞོན་ནུས་མར་མེ་བཟོ་རོགས་བྱེད། །ཁང་བཟང་ནང་དུ་སྟེགས་ནི་མཐོན་པོ་ལ། །རང་ཉིད་འདུག་ནས་རྔ་བཟང་བརྡུང་བ་དང་། །ནམ་ལངས་པ་དང་ཉི་མ་ཤར་བ་དང་། །བུད་མེད་རྒྱན་ཆ་ཕྱུག་ཅིང་གཟུགས་མཛེས་པ། །ཇ་ཞུས་དུང་ལྡོག་གསུམ་དང་གཡུ་ཆུང་ཕུལ། །བུད་མེད་མང་པོས་རང་གི་ཕྱོགས་ཀྱི་ནི། །ཁང་པ་ཞིག་


CMR002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་བྱེད་ཅིང་ཞག་དྲུག་ནུབ། །བུད་མེད་གཅིག་གིས་རིམ་གྲོའི་ལུང་བསྟན་བྱས། །རྟ་ཞོན་རྒྱན་དུ་རྒྱུག་ཅིང་རང་ཉིད་ཀྱི། །ཐེར་དཀར་གསལ་པའི་ཤམ་ཐབས་བཅིང་བྱེད་ཅིང་། །ཁྲོམ་ལ་དབང་བསྐུར་བྱེད་གྲབས་བྱས་པ་ཡིས། །ས་ཆ་མཐོན་པོའི་མཁར་གྱི་རྩེར་འདུག་ནས། །ངོ་མི་ཤེས་པའི་ཡུལ་མཁར་མང་མཐོང་རྨིས། །ཉམས་སྣང་འོད་དམར་འཚུབས་ཤིང་མེ་སྟག་འཚུབས། །དངོས་སུ་ཟང་ཟིང་འདུ་བ་དངོས་སུ་བྱུང་། །དེ་ནས་མཁས་གྲུབ་ལུང་རིགས་ཉི་མ་ཡིས། །མཛད་པའི་བསྐང་གསོ་བསང་བཅས་ཞག་བདུན་བྱས། །གཡུ་རྡོག་གསུམ་རྙེད་དངོས་སུ་འདུ་བ་བཟང་། །དེ་ནས་ཞག་བདུན་ངག་མཚམས་བསྡམས་བྱས་ཏེ། །སྔགས་ཐུང་གཅིག་འབུམ་ཉི་ཁྲི་ལྷག་ཙམ་དང་། །སྔགས་རིང་གཅིག་སྟོང་ཙམ་ཞིག་བཟླས་པ་སྟེ། །ཞག་གསུམ་ནུབ་པར་ཉམས་ཀྱི་སྣང་བ་ལ། །རྒྱན་ཆ་དཔག་མེད་ལྡན་པའི་བུད་མེད་གཅིག །རང་མདུན་རང་ལ་མགོ་བསྟན་ཉལ་ནས་འདུག །ཞག་ལྔ་ནུབ་པར་རྟོག་ངོར་སྣང་བ་ལ། །བུད་མེད་རྒྱན་དང་ལྡན་པ་ཡང་ཡང་གསལ། །རྨི་ལམ་བུད་མེད་དཀར་མོ་མཛེས་མ་ཞིག །རང་ལ་ཆེད་དུ་ལྟ་ཞིང་ལྟ་ཞིང་བྱུང་། །རྒྱན་ལྡན་མཛེས་


CMR002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཉ་ཕྱིས་ལས་གྲུབ་པ། །དུང་དཀར་ཞིག་ནི་བདག་ལ་ཕུལ་བ་དང་། །མཛེས་མ་རྒྱན་ལྡན་གཉིས་ནི་བྱུང་བ་ཡི། །ཞིམ་ཇ་དྲངས་ཤིང་ཡུང་འགའ་ཕུལ་གྲབས་བྱས། །བུད་མེད་དུ་དང་མུན་ཆུ་རུབ་པ་སོགས། །ངན་རྟགས་བྱུང་བ་བསྐང་བཤགས་བཟློག་པས་ཞི། །བསྒྲུབས་པ་ཚར་ནས་ཞག་པོ་གཉིས་ཀྱི་ནུབ། །དཀྱིལ་འཁོར་ཟུར་དུ་གཡུ་ནི་ཕུག་རོན་ཙམ། །བཀྲག་བཟང་འདུག་པ་ཉམས་ཀྱི་སྐབས་ལ་མཐོང་། །དེ་མ་ཐག་ཏུ་མ་ཧཱ་སིདྡྷི་བྱུང་། །བུད་མེད་ལྗང་ཁུ་རྒྱན་དང་ལྡན་པ་ལ། །རྨ་བྱའི་མདོངས་ཀྱིས་དབུ་བརྒྱན་བྱས་པ་ཞིག །ཉམས་སྣང་རང་མདུན་སྟངས་སྟབས་བྱེད་པ་མཐོང་། །ཡམས་ནད་འཇིགས་ལས་ཐར་ཞིང་སིདྡྷི་བྱུང་། །ནུབ་གཅིག་ཤ་ཞོན་དྲུག་ཀར་རྐང་ཐང་སྔགས། །བཀོད་ནས་ཅུང་ཟད་བསྙེན་ནུབ་རྨི་ལམ་ན། །བུད་མེད་འོ་མའི་ཁ་དོག་མཛེས་ཤིང་ཞི། །གཡུ་ནི་ཁོ་ནའི་རྒྱན་ཆ་ཀླུབ་པ་ཞིག །རང་ལ་ཤིན་ཏུ་དགའ་བའི་རྣམ་འགྱུར་གྱིས། །རང་ལ་གསང་སྤྱོད་བྱེད་ཚུལ་སྟོན་པ་དང་། །ཆུ་ལུག་སྤྲེལ་ཟླའི་ཚེས་བཅུ་རྒྱས་པའི་ནུབ། །དཔོན་ཆེན་ཞིག་གི་ལྕམ་སྲིང་ཡིན་སྙམ་པའི། །མཛེས་སྡུག་རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཞིག །རང་ལ་གསང་སྤྱོད་བྱེད་ཚུལ་


CMR002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཚེ། །རང་ཉིད་རྟ་མགྲིན་བསྐྱེད་རིམ་གསལ་བར་བསྒོམས། །མོ་ཉིད་འོད་དུ་ཞུ་ནས་གསང་སྒྲུབས་ནས། །ཡར་དྲངས་སྤྱི་བོའི་ཧཾ་ལ་བསྟིམ་པ་སོགས། །སྐྱེལ་ཟློག་དམིགས་པ་གསལ་བར་བྱས་པའི་ཚེ། །ཁོ་མོ་དཔོན་ཆེན་ཞིག་གི་ལྕམ་སྲིང་ཡིན། །དབང་དང་སྟོབས་ཆེན་ཁ་མགོན་བྱེད་ཟེར་བའི། །གསང་ཚིག་འགའ་རེ་སྨྲས་པའི་རྨི་ལམ་བྱུང་། །རང་ལོ་སོ་དྲུག་ལོན་པ་སྤྲེལ་ལོ་ལ། །ཞག་བདུན་མཚམས་བསྡམས་ཆོ་ག་དུས་བཞི་དང་། །ལུང་རིགས་ཉི་མས་མཛད་པའི་སྔགས་དེ་ལ། །དྲུག་ཁྲི་བཞི་སྟོང་ཐེམ་པར་བཟླས་པའི་ཚེ། །དཔོན་པོ་རྒན་མོའི་ཇ་ཞུས་དྲངས་པ་དང་། །དཔོན་རིགས་བཙུན་མ་རྒན་མོ་ཞིག་གིས་ནི། །འབྲུ་ནི་ཡ་ནི་བཅོ་ལྔ་ཙམ་ཞིག་ཕུལ། །ཇ་དར་ཕུལ་དང་ཇ་ནི་མང་པོ་བདག ་ཁྲབ་བྱང་གཡུ་ཆུང་མང་པོ་བདག་གིས་རྙེད། །གྲྭ་པས་གདན་མང་བཏིང་སྟེང་རང་ཉིད་འདུག །དཀྱིལ་འཁོར་སྟེང་ཕྱོགས་འོད་ཀྱི་ཐིག་ལེ་ནི། །དམར་པོ་ཤར་བ་ཉམས་ཀྱི་སྐབས་ལ་མཐོང་། །སྦྱིན་བསྲེགས་བླུགས་ཤིང་སྒྲུབ་ཐབས་ཟིན་བྲིས་བྱས། །དེ་ནུབ་དཀྱིལ་འཁོར་སྟེང་དུ་བུད་མེད་ནི། །གཡུ་ཡི་ཤས་ཆེ་རྒྱན་ཆ་དཔག་མེད་བརྒྱན། །རང་ལ་


CMR002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་འདུག་པ་ཉམས་ལ་མཐོང་། །ཇ་སྡུམ་དར་ཁ་མང་པོ་མཚན་དུ་སྦས། །གུར་དཀར་ཕུབ་དང་མཚོ་ཆེན་སྐྱིལ་བ་རྨིས། །སྐབས་ཤིག་ཉམས་སྣང་མཛེས་མ་རྒྱན་ལྡན་མཐོང་། །མ་ཧཱ་སིདྡྷ་གདུལ་བྱའི་སྒོ་ཆེན་བྱེ། །ཐོ་རངས་ཉམས་སྣང་རྒྱན་ལྡན་མཛེས་མ་གཉིས། །མདུན་དུ་ག་རེ་གུ་རེའི་ལས་བྱེད་མཐོང་། །སིདྡྷི་བྱུང་ཞིང་ཁེ་དང་བཅས་པ་འགྲུབ། །ལག་མགོ་ཙམ་གྱི་གཡུ་བཟང་རྙེད་པ་དང་། །ཉམས་དང་རྨི་ལམ་ལྷ་མོ་ཆས་བཟང་བ། །ཅི་བསམ་འགྲུབ་ཅིང་ལོངས་སྤྱོད་འཕེལ་བ་ནི། །ཤིན་ཏུ་མང་བས་བྲི་བར་མི་ལོང་ངོ། །དེ་ལྟར་སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །ཆོས་རྒྱལ་སད་ན་ལེགས་ཀྱི་དཀོར་བདག་ཏུ། །བཀའ་བསྒོ་མཛད་པས་བཀའ་ལ་མི་འདའ་ཕྱིར། །ལྷ་མོ་འདི་ནི་མངོན་ཤེས་ཐོགས་མེད་ཕྱིར། །ཁོ་བོ་སད་ན་ལེགས་ཀྱི་ཡང་སྤྲུལ་གྱི། །ཆ་ཤས་ཡིན་པ་ལྷ་མོས་མཁྱེན་པའི་ཕྱིར། །སྙིགས་དུས་དགེ་སློང་རཱ་ག་ཨ་སྱ་ཡི། །བཀའ་སྲུང་དཀོར་གྱི་བདག་མོར་གྱུར་པ་ཡིན། །དེ་ལྟར་བདག་གི་ཚེ་རབས་ལས་ལྷ་དང་། །གཞོན་ཚེ་སྒྲུབ་པ་ལན་གྲངས་མང་བའི་ཕྱིར། །འཇིག་རྟེན་ལྷ་ནི་སྒྲུབ་མཁན་དེ་ཉིད་ཀྱིས། །རྗེས་འཇུག་རྣམས་ལ་འཁོར་ཚན་ཆེ་


CMR002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །བདག་གི་རྗེས་འཇུག་རིགས་རྒྱུད་སློབ་བརྒྱུད་དང་། །དམར་ཁྲིད་ལ་སོགས་ཉམས་སུ་ལེན་རྣམས་ལ། །ལྷ་མོ་འདི་ཡིས་སྡོང་གྲོགས་བྱེད་པར་ངེས། །གལ་ཏེ་དབང་ལུང་ལ་སོགས་མ་ཐོབ་ན། །འདི་ཡི་སྒྲུབ་པ་བྱེད་ནི་མི་རུང་ངོ། །གསོལ་མཆོད་བྱས་ན་སྐྱོན་མེད་ཡོན་ཏན་འབྱུང་། །ཅི་ཕྱིར་རིགས་རྒྱུད་ཆོས་བརྒྱུད་སྲུང་མ་ཡིན། །ས་སྨད་ཕྱོགས་སུ་འདི་ཡི་གནོད་ཟེར་བ། །རྣམ་རྟོག་བྱེད་པ་གཙོ་མོ་མ་ཡིན་ཏེ། །གོང་དུ་རྟགས་མཚན་བྱུང་བ་བཤད་པ་རྣམས། །འདི་ཡི་གཡོག་མོ་གྲོ་ཁེ་མ་དེ་ཡིན། །འདི་ཡི་ངོ་བོ་སྒྲོལ་མ་སྔོན་མོ་ཡིན། །བདེ་མཆོག་སོགས་ནས་གཤིན་རྗེ་མཆེ་བ་མོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལསབཤད་པ་ཡི། །བོད་སྐྱོངས་ལྷན་ཅིག་སྐྱེས་མ་ཞེས་བྱ་སྟེ། །རྡོ་རྗེ་ཕག་མོའི་སྤྲུལ་པ་ཡིན་པར་བཤད། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །ཕྱི་མའི་ས་ལམ་བར་ཆད་སེལ་བར་ནུས། །འཇིག་རྟེན་ལྷ་འདྲེ་ཡིན་པར་འཛིན་མི་རུང་། །དཔལ་ལྡན་ལྷ་མོའི་མཚན་ནི་བརྒྱ་རྩ་ལས། །རྡོ་རྗེ་གཡུ་སྒྲོན་མ་ཞེས་གསལ་བར་གསུངས། །ཞི་ཁྲོ་ན་རཀ་དོང་སྤྲུགས་རྒྱུད་ཆེན་ལས། །མ་མོ་རྦོད་གཏོང་ལྷ་ཡི་ཕྱག་རབ་སྐབས། །རྡོ་རྗེ་གཡུ་


CMR002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མ་ལ་ཕྱག་འཚལ་ལོ། །གསུངས་ཕྱིར་ཡེ་ཤེས་ལྷ་མོ་ཡིན་པར་ངེས།།དེ་ཕྱིར་དྲེགས་པའི་སྡེ་དཔོན་སུམ་ཅུ་ལས། །དྲེགས་ཆེན་བཅོ་བརྒྱད་ཀུན་གྱི་མིང་ལ་ནི། །ཕྱག་འཚལ་ལོ་ཞེས་དོང་སྤྲུགས་རྒྱུད་ན་མེད། །འདི་ལ་གནད་ཆེན་འདུག་པ་རིགས་པས་དཔྱོད། །རང་གི་རྗེས་འཇུག་ལོག་ལྟ་མི་སྐྱེ་ཞིང་། །ལྷ་ལ་བློ་གཏད་བྱེད་ཕྱིར་སྨྲས་པ་ཡིན། །དེ་ལྟར་བཀའ་སྲུང་དཀོར་གྱི་བདག་མོ་ལ། །བསྒྲུབས་པ་བྱས་ཤིང་སྒྲུབ་ཀྱང་ངོ་མཚར་ཆུང་། །དེ་ཉིད་ཡོན་ཏན་མི་མཐོང་སྐྱོན་དུ་མཐོང་། །དེ་ཕྱིར་ཤིན་ཏུ་ཡོངས་སུ་གསང་དགོས་པས། །ཡང་གསང་རྣམ་ཐར་གྲ་རུ་བཀོད་པ་སྟེ། །དགོས་ཆེད་རྗེས་འཇུག་རྣམས་ལ་ཕན་ཕྱིར་རོ། །མངྒ་ལཾ། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་ཡང་གསང་གི་རྣམ་ཐར་དུམ་བུ་ལས་བཀའ་སྲུང་དཀོར་བདག་ལྷ་མོ་སྒྲུབ་པའི་ལོ་རྒྱུས།next