Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་ཁྲིད་རིམ་ཉམས་རྟོགས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་གཉིས་པ།
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་ཁྲིད་རིམ་ཉམས་རྟོགས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་གཉིས་པ།next

དགེ་སློང་རཱ་ག་ཨ་སྱའི་ཁྲིད་རིམ་ཉམས་རྟོགས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་གཉིས་པ།


CMR002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དགེ་སློང་རཱ་ག་ཨ་སྱའི་ཁྲིད་རིམ་ཉམས་རྟོགས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་གཉིས་པ་བཞུགས་སོ།།


CMR002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་མ་ཧཱ་མུ་དྲ་ཡེ། །བན་རྒན་རཱ་ག་ཨ་སྱ་བདག །འགྲོ་དོན་བྱ་བར་སེམས་བསྐྱེད་ནས། །ལོ་འགའ་སྒར་པ་བྱས་ནས་སོང་། །སྐབས་སུ་སྐབས་སུ་མཚམས་ཀྱང་བསྡམས། །དབང་ལུང་ཁྲིད་ཀྱི་ཆར་པ་ཕབ། །འདུ་ཚོགས་རྣམ་གཡེང་ངང་ལ་འབྱམས། །མི་ལ་བཤད་པའི་ཁྲིད་རིམ་རྣམས། །རང་གི་ཉམས་སུ་མ་བླངས་ན། །སྒྲུང་མཁན་སྒྲུང་དང་འདྲ་འོ་སྙམ། །དལ་འབྱོར་ལྡན་པའི་མི་ལུས་འདི། །བསྐལ་པ་བརྒྱ་སྟོང་མང་པོར་ཡང་། །ལན་རེ་ཙམ་ལས་མི་ཐོབ་སྙམ།།དེ་ཡང་ངེས་ཤེས་དྲག་པོ་སྐྱེས། །ཐོབ་དཀའི་མི་ལུས་རིན་ཆེན་ལ། །ད་རེས་བེད་གཅིག་གཅོད་


CMR002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྙམ། །མ་རྒན་འགྲོ་དྲུག་སེམས་ཅན་ལ། །ཕན་ཐོགས་ཅུང་ཟད་ཐུབ་ན་ཡང་། །མི་ལུས་དོན་ལྡན་ཡིན་ནོ་སྙམ། །ཐ་མལ་སྐྱེ་བོ་རྣམས་ལ་ཡང་། །སྐྱབས་སྡོམ་བསྙེན་གནས་སྨྱུང་གནས་དང་། །སངས་རྒྱས་མཚན་སྒྲོགས་དབང་ལུང་སོགས། །རྒྱ་ཆེར་སྟེར་བར་བྱེད་པ་འདི། །བྱས་པ་དོན་ལྡན་ཡིན་ནོ་སྙམ། །རང་ཉིད་སྡོམ་པ་དམ་ཚིག་ལྡན། །དགེ་བསྙེན་མ་དང་དགེ་བསྙེན་དང་། །དགེ་ཚུལ་དང་ནི་བསྙེན་རྫོགས་ཀྱི། །སྡོམ་པ་མང་པོ་འབོགས་པ་འདི། །བན་རྒན་བདག་གི་རོ་སྒོག་ལ། །བེད་གཅོད་ཆེན་པོ་གྲུབ་བོ་སྙམ། །གཞན་ཡང་ཡོན་ཏན་ཤེས་


CMR002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སེར་མོ་བ་ནི་མང་པོ་ཡིས། །ཆོ་ག་བསྐང་ཟློག་ཤེས་ན་ཡང་། །དབང་ལུང་ཐོབ་པར་མི་འདུག་པས། །དབང་ལུང་མ་ཐོབ་སྔགས་བསྒྲུབས་ན། །སྔགས་ལོག་དམྱལ་བའི་ས་བོན་ཏེ། །དེ་དག་རྣམས་ལ་དབང་ལུང་དང་། །གང་ལ་གང་དགོས་སྤེལ་བ་འདི། །བདག་གིས་ཐོབ་དཀའི་མི་ལུས་ལ། །བེད་གཅོད་ལེགས་པོ་བྱུང་ངོ་སྙམ། །ཆོས་འདོད་སྐྱ་སེར་མང་པོ་ལ། །འཕོ་ལུང་ཕྱག་རྫོགས་དམར་ཁྲིད་སོགས། །ཟབ་ཆོས་མང་པོའི་ཁྲིད་བཙུགས་པ། །འདི་ཡང་བདག་ལུས་དོན་ལྡན་ཡིན། །ཉི་མ་ཤར་ནས་མ་ནུབ་བར། །དབང་ལུང་བཀའ་བསྒོ་ཆོས་བཤད་སོགས། །ཕལ་ཆེར་བར་མཚམས་མེད་པ་དེས། །རང་གི་ཐུགས་དམ་ཆག་ན་ཡང་། །གཞན་ལ་ཕན་ཐོགས་ནུས་པ་ན། །ཐུགས་དམ་གཙོ་བོ་དེ་ཡིན་སྙམ། །ཐུབ་པ་ཤིང་ཐུར་སྐྱེས་པའི་དུས། །སེངྒེའི་ཁ་ནང་རུས་པ་ཞིག །ཟུག་པ་ཕྱུངས་རོགས་བྱས་ཙམ་ལས། །འགྲོ་དོན་ཅི་ཡང་མ་འགྲུབ་སྙམ། །བསམ་པ་སེམས་བསྐྱེད་རྣམ་དག་ཕྱིར། །ངོ་མཚར་སྐྱེས་རབས་གྲ་རུ་བྲིས། །དེ་དག་དོན་ལ་རྗེས་དཔག་ན། །བདག་གིས་དབང་བསྐུར་སེམས་བསྐྱེད་ཅིང་། །དབང་ལུང་ཁྲིད་ཀྱི་འགྲོ་དོན་འདིས། །མི་


CMR002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐོབ་པ་དོན་ལྡན་བསམ། །རང་ལུས་ཆད་ཅིང་དུབ་པ་དང་། །གཅོང་ནད་བདེ་དུས་མེད་ན་ཡང་། །དེ་དག་རྣམས་ལ་བཟོད་པ་བསྒོམས། །ཆད་ན་ཆད་ལ་ན་ན་ན། །བེམ་སྒོག་འདི་ཉིད་མ་བསྒྱུར་ཚུན། །དབང་ལུང་ཁྲིད་སོགས་འཕེལ་ཐུབ་ན། །ལུས་ལ་སྙིང་པོ་ལོན་པ་ཡིན། །བསམས་ཤིང་སྙིང་རུས་བྱས་པ་ཡིན། །འབུལ་བ་མཎྜལ་ལ་སོགས་ཀྱི། །ངོ་མ་ཆོག་པའི་དོན་ཡང་མིན། །དབང་ལུང་ཁྲིད་ཀྱི་ཆར་པ་ཕབ། །ས་དྲོས་རྡོ་དྲོས་རེད་ཟེར་བའི། །སྙན་གྲོགས་འདོད་པ་གཏན་ནས་མིན། །ན་སོ་རྒས་ཤིང་ནད་གཞི་མང་། །ཕོ་བ་བཙན་པོའི་མི་དང་འདྲ། །ཅི་ལྟར་གཟབ་ཀྱང་ཁོ་ལ་ཕོག །ལུས་པོ་བདེ་དུས་ཞག་གཅིག་མེད། །གདན་གཅིག་དགོང་བཅད་དཀའ་འདུག་སྟེ། །རྒྱུན་དུ་སྙིང་རུས་བསྐྱེད་དེ་བྱས། །ལུས་ལ་སྙིང་པོ་ལོན་པ་ཡིན། །ཅུང་ཟད་ད་ལམ་ནངས་ནུབ་དུས། །ཆོ་ག་མངོན་རྟོགས་རྒྱུན་བསྙེན་སོགས། །སྔར་ནས་སྐད་ཅིག་མི་དལ་བ། །ལྕེ་ཡོད་སྨྲ་ཤེས་ལུས་འདི་དཀོན། །ད་རེས་སྙིང་པོ་ལེན་དགོས་བསམ། །ཉ་མཚམས་བརྒྱད་གསུམ་ཚེས་བཅུ་དང་། །དགུ་གཏོར་ལ་སོགས་བཅའ་འདོན་དཀའ། །དབང་ལུང་ཐོབ་ཅིང་བསྙེན་


CMR002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐེམ། །དུས་བཟང་རྣམས་སུ་འདི་བྱས་པས། །དགེ་བ་འབུམ་འགྱུར་དཔག་མེད་གསུངས། །ལུས་ངག་སྙིང་པོ་ལེན་པའི་ཕྱིར། །འདི་དག་སྒྱུར་འདག་མེད་པར་བསམས། །ཁྲོམ་པ་གཞན་ལ་བཤད་པ་ཡི། །དལ་འབྱོར་རྙེད་པར་དཀའ་བའི་དོན། །རང་གི་ཉམས་སུ་བླང་ཚུལ་ཡིན། ༈ །སྤྱིར་དུ་འདུས་བྱས་རྣམས་མི་རྟག །སྣོད་ཀྱི་འཇིག་རྟེན་མི་རྟག་ཚུལ། །དེ་ཡང་ཡིད་ལ་ཡང་ཡང་གསལ། །བཅུད་ཀྱི་སེམས་ཅན་མི་རྟག་ཚུལ། །ཡང་ཡང་དྲན་པས་སྐྱོ་ཤས་ཆེ། །ཅི་དང་གང་ལའང་སྙིང་པོ་མེད། །བསམ་ཞིང་ཁེ་དྲག་སྟོབས་འབྱོར་སོགས། །གང་ཡང་འདོད་པ་མེད་པ་བྱུང་། །ངེས་པར་འཆི་བ་ཐག་ཆོད་ཚེ། །དུས་ཀྱི་འཆི་བ་བཟློག་ཐབས་མེད། །ཚེ་ལ་ལོང་མེད་འཆི་རྐྱེན་མང་། །ནམ་འཆི་ནམ་འཆི་བསམ་པ་དེ། །རྒྱུན་ཏུ་ཡིད་ལ་དུང་ངེ་ཡོད། །དེ་ཕྱིར་ཚེ་ཡི་བརྟག་པ་དང་། །འཆི་བ་བརྟག་པར་བྱེད་པའི་ཐབས། །ཟླ་རེ་ལ་ཡང་ལན་མང་ཤོར། །བདག་ནི་མི་རྟག་མྱུར་དུ་འཆི། །དེ་ཚེ་དམ་ཆོས་མ་གཏོགས་པ། །ཅིས་ཀྱང་མི་ཕན་མི་སྐྱོབ་ཅིང་། །དེ་ཡང་བཤད་ཆོས་མ་ཡིན་པས། །འཆི་ཆོས་གདམས་པ་ཟབ་མོ་ལ། །ཉམས་ལེན་རྡོ་རུས་གཏུག་


CMR002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྙམ། །རྒྱུན་དུ་འཆི་བ་སྙིང་ལ་གཟེར། །དེ་ཕྱིར་བློ་སྣ་ཐུང་དུ་སོང་། །ས་ཕྱོགས་གང་དང་གར་ཕྱིན་ཀྱང་། །ད་རེས་ཙམ་ཞིག་མ་གཏོགས་པ། །ཕྱོགས་འདིར་ཁོ་བོ་མི་ཕྱིན་སྙམ། །སྐྱོ་ཤས་རང་བཞིན་ཤུགས་ཀྱིས་སྐྱེས། །ཡོན་བདག་ལ་སོགས་འགའ་ཞིག་གིས། །རྗེས་སོར་མཇལ་སོགས་ཟེར་བའི་དུས། །ཅི་ཆ་སྙམ་པ་ཡིད་ལ་ཤར། །ལར་ནི་ཚེ་ལ་ལོང་མེད་ཅིང་། །སྙིགས་དུས་བར་ཆད་རྐྱེན་མང་བས། །ལོ་ཤས་ཙམ་མམ་ཟླ་ཤས་ཙམ། །མི་ཚེ་ཞག་པོ་འགའ་ཙམ་ལ། །དམ་ཆོས་ཅི་འགྲུབ་མ་འབད་ན། །ཕྱིས་ནས་འགྱོད་ཀྱང་ཕན་མེད་སྙམ། །ལུས་སེམས་ཀློད་ཅིང་དལ་འདྲ་ཡང་། །སེམས་ནི་བརྩོན་འགྲུས་ལྕགས་ཀྱིས་བྲབ། །འཆི་བ་མི་རྟག་པ་ཡི་དོན། །ཁྲོམ་ལ་བཤད་པའི་དོན་དེ་དག །རང་གིས་ཉམས་སུ་བླང་ཚུལ་ཡིན། ༈ །སྟོང་ཉིད་གོ་བ་ཡོད་ན་ཡང་། །རྒྱུ་འབྲས་ཆེད་དུ་མ་བསད་པར། །དགེ་རྩ་ཕྲན་བུ་རྣམས་ཀྱང་འགྲུབ། །གཏོར་མ་བསྡུས་པ་སུ་རུ་བྷ། །གསུར་མཆོད་ཕུད་མཆོད་རྒྱུན་ཁྱེར་དང་། །བཟའ་བཏུང་ནང་གི་ཚོགས་འཁོར་དང་། །འབུལ་བ་བཟའ་བཏུང་ཚོགས་རྣམས་ཀུན། །སྐད་ཅིག་དྲན་རྫོགས་


CMR002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་གྱིས། །ནམ་མཁའ་བར་སྣང་ཐམས་ཅད་ཀུན། །ཐུགས་རྗེ་ཆེན་པོ་སྒྲོལ་དཀར་སོགས། །གང་བར་དམིགས་ནས་སྔགས་བསྔོས་བྱས། །འབྲུ་དང་སྐམ་དཔྱོད་བྱུང་ཚད་ཀུན། །མཎྜལ་སྔགས་དམིགས་བྱས་ནས་ཕུལ། །གོ་མཚོན་གང་ཞིག་བྱུང་ཚད་ཀུན། །བསྐང་བའི་རྫས་སུ་དམིགས་བྱས་ནས། །ཡི་དམ་ཆོས་སྐྱོང་རྣམས་ལ་ཕུལ། །ལ་ཆེན་དཀོར་རྫས་མཐོ་ཐོག་རྣམས། །དཀོན་མཆོག་ཕྱོགས་སུ་ཅི་ཐེང་བྱས། །རྒྱུན་གྱི་ཇ་ཐུག་ཕོག་ལ་སོགས། །གྲྭ་པ་ཐམས་ཅད་དགེ་སློང་དང་། །དགེ་ཚུལ་སྡོམ་ལྡན་ཁོ་ནའི་ཕྱིར། །དགེ་འདུན་བསྙེན་བཀུར་ཡིན་པར་དམིགས། །བཀའ་གདམས་དགེ་བའི་བཤེས་གཉེན་གྱི། །ལ་ལའི་དཀོར་རྫས་མེ་ལ་སྦར། །གསུངས་ལྟར་ཚེ་འབར་བཙུགས་པ་ལྟར། །ཀུན་གྱི་མཆོད་མེ་ཅི་འགྲུབ་བྱས། །ལ་ལའི་དཀོར་རྫས་མཁར་དུ་བརྩེགས། །གསུངས་ཕྱིར་མཆོད་ཁང་གཉིས་གསུམ་ཙམ། །བྲིས་སྐུ་འབུར་སྐུ་གང་བ་བཞེངས། །ལ་ལས་དཀོར་རྫས་དཀོན་མཆོག་ནི། །སོ་ཅན་ཞལ་དུ་ཐོང་གསུངས་ལྟར། །ཕྱོགས་རིས་མེད་པའི་བླ་མ་དང་། །དགེ་འདུན་སྡེ་ནི་མང་པོ་ལ། །སྐབས་ཐོག་དགོས་པའི་དུས་བྱུང་ཚེ། །མང་ཇ་འབུལ་


CMR002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལན་མང་བྱས། །དབུལ་ཕོངས་སྡིག་པ་བྱེད་པ་འགའ། །སྡིག་འཕྲོ་གཅོད་པར་ཁས་བླངས་བཅུག །གནང་སྦྱིན་ཅུང་རེས་སྡིག་འཕྲོ་ཆོད། །ཕྱོགས་སུ་སོང་ཚེ་ཡིག་དྲུག་ནི། །དུང་གི་ཁ་བཀང་མི་ཐེ་བའི། །བྱེ་བ་རེ་ནས་བསགས་པ་ཡིས། །དུང་ཕྱུར་བརྒྱ་ལྷག་བྱུང་ངམ་སེམས། །གཞན་ཡང་མར་མེ་ཚེ་ཐར་དང་། །ཇོ་དར་བསྙེན་གནས་ངག་བཅད་སོགས། །དགེ་བ་ཁས་ལེན་དཔག་མེད་བྱུང་། །རྒྱས་འབྲིང་རྣམ་གསུམ་ལྡེར་སོ་དང་། །སྐུ་གསུང་ཐུགས་རྟེན་མང་ཞིག་འགྲུབ། །འབུམ་བརྒྱ་ལ་སོགས་ཀློག་འདོན་དང་། །དགེ་བའི་བྱ་བ་ཅི་འགྲུབ་འབད། །དཔོན་སློབ་གྲྭ་རིགས་བཅས་པ་ཡིས། །སྤྱོད་པ་འདུལ་བའི་ཆོས་དང་བསྟུན། །རྒྱུ་འབྲས་བསླུ་བ་མེད་པའི་དོན། །ཁ་ཙམ་མིན་པར་སྙིང་ལ་འཆང་། །གཞན་ལ་བཤད་པའི་རྒྱུ་འབྲས་དོན། །རང་གིས་ཉམས་སུ་བླང་ཚུལ་ཡིན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་འདི། །རྒྱ་ཆེན་གཏིང་ཟབ་ཐར་བར་དཀའ། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས། །དམྱལ་བ་ཆུ་སྲིན་འཇིགས་སུ་རུང་། །ཡི་དྭགས་པར་གྱི་ཁ་སོས་འཐམ། །དུད་འགྲོ་ཉ་མིག་དེ་མིག་འཇིགས། །དེ་ལས་ཇི་ལྟར་བྱས་ན་ཐར། །ངན་


CMR002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གསུམ་གྱི་སྡུག་བསྔལ་དེ། །རྣ་བས་ཐོས་ཀྱང་བ་སྤུ་གཟིངས། །ཐོག་ཏུ་བྱུང་ན་ཇི་ལྟར་བཟོད། །མཐོ་རིས་ལྷ་མིའི་བདེ་སྐྱིད་ཀྱང་། །དུག་དང་འདྲེས་པའི་ཁ་ཟས་ལྟར། །ཡུད་ཙམ་བདེ་སྟེ་སྡུག་བསྔལ་རྒྱུ། །ལྷ་མིའི་བདེ་སྐྱིད་ཐོབ་ན་ཡང་། །རྨི་ལམ་བཟང་པོ་བྱུང་བ་ལྟར། །ཤི་བའི་ནང་པར་གཅིག་ཀྱང་མེད། །མི་ལུས་ཁོ་ན་ལེན་ཆོག་ཀྱང་། །སྐྱེ་འཆིའི་ཕྲེང་བ་བགྲང་བ་བཞིན། །དུས་དང་བསྟན་པ་ཇེ་ཆེར་འགྲིབ། །དེ་ཕྱིར་འཁོར་བའི་བདེ་སྐྱིད་ལ། །བཅོས་ནས་སྒོམ་པ་མ་ཡིན་པར། །རང་ཤུགས་ཞན་པ་གཏིང་ནས་ལོག །འཁོར་བ་འདི་ལ་ཕྱི་ཕྱག་འཚལ། །བྱ་རྒོད་རྙི་ལས་ཐར་བ་བཞིན། །ཆགས་ཞེན་འཁྲི་བ་ཀུན་ཆོད་ནས། །བྱ་རྒོད་ནམ་འཕང་གཅོད་པ་ལྟར། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འགྲོ་བ་འདི་ལ་ཐེ་ཚོམ་མེད། །དེ་ལྟར་འགྲོ་བས་ཆོག་པ་ཡི། །ལྷ་སྔགས་སྒྲུབ་པ་ཟབ་མོ་དང་། །འདི་ཡི་རྒྱུ་རུ་འགྱུར་བ་ཡི། །དགེ་བའི་རྩ་བ་གང་དགོས་དང་། །བསྔོ་བ་སྨོན་ལམ་རྒྱས་འདེབས་རྣམས། །རང་གི་ཐུགས་དམ་གཙོ་བོ་དང་། །གཞན་ལ་ཟབ་ཆོས་སྙིང་པོར་བཤད། །མདོ་རྒྱུད་མན་ངག་བླ་མའི་གསུང་། །ཐོས་རྒྱ་ཆེ་བའི་འབྲས་བུ་སྟེ། །འཁོར་


CMR002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེས་དམིགས་བཤད་པ་རྣམས། །རང་གིས་ཉམས་སུ་བླང་ཚུལ་ཡིན། །དགེ་བ་ཆེ་ཕྲ་ཐམས་ཅད་ལ། །སོ་སོར་ཕན་ཡོན་མང་ན་ཡང་། །རྟ་ཁ་སྲབ་ཀྱིས་སྒྱུར་བ་ལྟར། །བསྔོ་བ་སྨོན་ལམ་གནད་ཆེ་བས། །ངོ་མཚར་ཆུ་རྣམས་རོ་གཅིག་ལྟར། །ཐམས་ཅད་མ་ལུས་གཅིག་བསྡུས་ནས། །གེགས་དང་བར་ཆད་མེད་པ་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་། །བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་རྒྱུ་རུ་བསྔོ་བར་བྱས། །འདི་ཡང་མདོ་ཡི་དགོངས་པ་སྟེ། །སྐྱེ་བར་ངེས་པ་ཐུབ་པས་གསུངས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །སྐྱབས་གནས་སྐྱབས་མཛད་དཀོན་མཆོག་གསུམ། །དེ་ཡང་ཕྱི་ནང་གསང་བ་གསུམ། །རྩ་བའི་བླ་མ་དབྱེར་མེད་ལ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏད། །མི་བསླུ་ངེས་པའི་ངེས་ཤེས་ཐོབ། །བླ་མ་རིགས་བདག་དབྱེར་མེད་པའི། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཀོད། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ཚེ་རབས་མང་པོའི་ཕ་དང་མ། །ཡིན་པར་གསུངས་པ་ངེས་ཤེས་ཐོབ། །དགེ་རྩ་ཆེ་ཕྲ་ཅི་འགྲུབ་ཀྱང་། །འགྲོ་བ་སེམས་ཅན་ཀུན་དོན་དུ། །ཡིན་པའི་སེམས་བསྐྱེད་རྩིས་


CMR002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། །བྱམས་དང་སྙིང་རྗེའི་གཏོང་ལེན་གྱི། །དམིགས་པ་ཆོས་ཀྱི་སྙིང་པོར་གོ །རང་གི་ཉམས་ལེན་སྙིང་པོ་དང་། །གཞན་ལ་ནན་ཏན་ཆེན་པོས་བཤད། །རིགས་དྲུག་སྡུག་བསྔལ་དྲན་པའི་ཚེ། །ཤུགས་འབྱུང་སྙིང་རྗེ་ཆེན་པོ་སྐྱེས། །ནད་པ་རྩིས་ཆེན་ཐུ་བ་ལྟར།།ཅི་དྲག་གང་དྲག་བསམ་ན་ཡང་། །གཏོང་ལེན་དམིགས་པ་བསྒོམས་པ་བས། །བྱ་རྒྱུ་ཅི་ཡང་མ་རྙེད་དོ། །བྱང་བུ་མང་པོ་བཞུ་བ་དང་། །འཕོ་བ་རྒྱང་འདེབས་བྱེད་པའི་དུས། །སྐྱོ་ཤས་སྙིང་རྗེ་དྲག་པོ་སྐྱེ། །དབང་མེད་མཆི་མ་ཆར་ལྟར་བབ། །སྐད་མཇུག་ཤོར་ནས་ངུ་སྐད་ཀྱིས། །འདོན་པ་མི་ཐོན་ཆད་འདྲ་བ། །དེ་འདྲ་ལན་གྲངས་འགའ་རེ་བྱུང་། །ས་ཕྱོགས་ཀུན་ཏུ་འགྲོ་བའི་ཚེ། །བདག་གིས་མིག་གི་མཐོང་བ་ཡི། །མི་ནོར་འབུ་སྲིན་ཡན་ཆད་ཀུན། །བདེ་ཆེན་ཞིང་དུ་འདྲེན་པ་ཡི། །བསྔོ་བ་སྨོན་ལམ་རྒྱ་ཆེན་གདབ། །གོས་དུམ་ཆབ་བསིལ་ལ་སོགས་པ། །སྔར་ནས་འདོད་མཁན་མང་བྱུང་བ། །དེ་འདྲ་བབ་ཐོབ་མེད་སྙམ་ནས། །སྔ་ཐོག་མ་བྱིན་ཤིན་ཏུ་བཀབ། །དེ་ནས་འདོད་མཁན་ཇེ་མང་སོང་། །བཀག་ཀྱང་མི་ཁོག་རྩོད་འདུག་པས། །བདག་གི་གོས་དུམ་སྐྲ་སེན་དང་། །དྲི་ཆུ་ལ་སོགས་


CMR002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན། །མི་དང་དུད་འགྲོ་ལ་སོགས་པ། །སུ་ཡིས་འབྲེལ་པ་ཐོབ་ཚད་ཀུན། །ནམ་ཞིག་བདེ་ཆེན་ཞིང་ཁམས་སུ། །བདག་གིས་སྤྲུལ་པས་འདྲེན་པར་ཤོག །གནས་སྐབས་ནད་པ་ལ་སོགས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་ཞི། །སྲུང་བའི་མཆོག་ཏུ་འགྱུར་བར་ཤོག །དེ་ལྟར་སེམས་བསྐྱེད་སྨོན་ལམ་བཏབ། །དྲི་ཆུ་མང་པོ་ཁྱེར་སོང་ཚེ། །ཡིད་ཀྱི་བདུད་རྩི་འཁྱིལ་པ་དང་། །སྨེ་བརྩེགས་མང་པོ་ཐིམ་པར་དམིགས། །དབང་དང་མདོས་ཆོག་གཏོར་ཆོག་སོགས། །འགྲིགས་ཆོག་རྩོམ་ཆོས་བྲིས་པའི་ཚེ། །མདོ་སྔགས་བསྟན་པ་ནམ་གནས་བར། །དེ་དག་མི་ནུབ་འཕེལ་ཞིང་རྒྱས། །གནས་སྐབས་ཕན་ཐོགས་བདེ་ལེགས་འཕེལ། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་བའི་སེམས་བསྐྱེད་སྨོན་ལམ་བཏབ། །དེ་བཞིན་བདག་ཉིད་མཐོང་བ་དང་། །ཐོས་དང་རེག་དང་འབྲེལ་ཐོགས་ཀུན། །བདག་གིས་སྤྲུལ་པ་ཡང་སྤྲུལ་གྱིས། །བདེ་ཆེན་ཞིང་དུ་འདྲེན་པ་ཡི། །སེམས་བསྐྱེད་སྨོན་ལམ་ཡང་ཡང་བྱས། །དེ་དག་སྐྱབས་འགྲོ་སེམས་བསྐྱེད་རྣམས། །གཞན་ལ་བཤད་པའི་དོན་དེ་ཡང་། །རང་གིས་ཉམས་སུ་བླང་ཚུལ་ཡིན། །སྐྱེ་བ་འདི་དང་གཞན་དག་


CMR002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །སྡུག་བསྔལ་འབྱུང་བར་བྱེད་པའི་རྒྱུ། །སྡིག་སྒྲིབ་ཉེས་ལྟུང་ཡིན་པར་བཤད། །བཤད་པ་གོ་ཙམ་མ་ཡིན་པར། །དེ་ལ་ངེས་ཤེས་སྙིང་ནས་སྐྱེས། །རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་དང་། །ཤྲིཡིག་བཞི་ལྡན་གདམས་པ་སོགས། །རྒྱུན་ཏུ་ཉམས་ལེན་མཐིལ་པོར་བྱས། །སྐབས་སུ་ཞི་གནས་གསོ་སྦྱོང་དང་། །བསྐང་བ་བཤགས་པ་ལ་ཡང་འབད། །དཀོར་གྱི་སྒྲིབ་པ་ཆེ་དོགས་པས། །དཀོར་སྦྱོང་སྔགས་དམིགས་རྣམས་ཀྱང་བྱས། །ཚེ་འདས་རྣམས་ཀྱི་སྒྲིབ་སྦྱང་ཐབས། །སྐད་ཅིག་དྲན་རྫོགས་བླ་མེད་ལུགས། །གསར་རྙིང་མང་པོའི་སྒོ་ནས་བྱས། །ལུས་པོ་མི་བདེ་གཅོང་ནད་ཕྱིར། །ཕྱག་དང་སྐོར་བ་མ་ནུས་ཀྱང་། །སྐབས་སུ་ཅུང་ཟད་བྱས་པའི་ཚེ། །དེ་དག་འབུམ་འགྱུར་འོང་བ་ཡི། །གཟུངས་སྔགས་བརྗོད་ཅིང་བྱས་ནས་ཀྱང་། །འབུམ་ཐེར་ཡིན་པའི་ངེས་ཤེས་བསྐྱེད། །དེ་ལ་ཐེ་ཚོམ་མེད་པ་ན། །འབུམ་ཐེར་སོང་བར་ཐུབ་པའི་དཀའ། །དུས་ཆེན་ལ་སོགས་འགྱུར་ཆེ་དུས། །སྒྲིབ་སྦྱང་གཟུངས་རིང་རྣམས་ཀྱང་བཟླས། །འབུམ་ཐེར་འོང་བའི་ངེས་ཤེས་བསྐྱེད། །ཚེ་འདིར་སྡིག་ལྟུང་བྱས་པ་ཡིས། །འགྱོད་དགོས་ཡོད་པ་མེད་ན་ཡང་། །ཚེ་རབས་བསྐལ་པ་


CMR002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་ནས། །སྡིག་ལྟུང་དཔག་མེད་བསགས་པ་རྣམས། །བཙན་དུག་ཁོང་དུ་ཤོར་བ་ལྟར། །གནོང་འགྱོད་དྲག་པོ་སྙིང་ནས་བྱས། །ད་ནི་ཚེ་མཇུག་ཅི་གདའ་བར། །དམ་ཆོས་སྙིང་ནས་སྒྲུབ་པ་ལས། །སྡིག་ལྟུང་བསག་རེ་ཞེ་དམ་བཅས། །ད་ནི་བདག་གི་བྱ་བ་ལ། །ཚོགས་བསགས་སྒྲིབ་སྦྱང་གཉིས་པོ་ལས། །བསྒྲུབ་རྒྱུའི་བྱ་བ་གཞན་མེད་སྙམ། །སྒྲིབ་སྦྱང་གཞན་ལ་བཤད་པ་རྣམས། །རང་གིས་ཉམས་སུ་བླང་ཚུལ་ཡིན། །དཀོན་མཆོག་ཀུན་འདུས་བླ་མ་རྗེ། །འོད་དཔག་མེད་པའི་སྐུར་གྱུར་ནས། །མདུན་གྱི་ནམ་མཁར་ལམ་མེར་གསལ། །སྐྱེ་བ་འདི་དང་གཞན་དག་ཏུ། །བདེ་སྐྱིད་འབྱུང་བར་བྱེད་པའི་རྒྱུ། །བསོད་ནམས་བསག་ནི་དགོས་པར་བཤད། །བཤད་ཙམ་མ་ཡིན་སྙིང་ནས་རྟོགས། །ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །བླ་མ་འོད་དཔག་མེད་པའི་དྲུང་། །མཎྜལ་ཕྱི་ནང་གསང་གསུམ་ཕུལ། །རེས་འགའ་མཎྜལ་ཁོ་ན་ལ། །བརྒྱ་ཚར་རེ་ཙམ་བསགས་པར་བྱས། །རྒྱུན་ཁྱེར་དང་ནི་དུས་མཆོད་དུས། །དངོས་འབྱོར་མཆོད་པ་ཅི་འབྱོར་བཤམས། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །དག་དང་མ་དག་ཞིང་ཀུན་ན། །


CMR002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་འོས་པ་ཅི་མཆིས་པ། །ཐམས་ཅད་བློ་ཡིས་བླངས་ཏེ་ཕུལ། །བདེ་སྐྱིད་ཐམས་ཅད་འདོད་པ་ལ། །དཀོན་མཆོག་གསུམ་ལ་མཆོད་པར་བྱས། །གསུངས་ལྟར་ལག་ལེན་ཐེབས་པར་བྱས། །དེ་ལྟར་མཎྜལ་ཆོས་ཐུན་ཡང་། །གཞན་ལ་བཤད་ལྟར་རང་གིས་བྱས། །ཉམས་དང་རྟོགས་པ་སྐྱེ་བ་ལ། །བླ་མའི་བྱིན་རླབས་འཇུག་དགོས་ཤིང་། །བླ་མའི་བྱིན་རླབས་འཇུག་པའི་རྫས། །དད་པ་མོས་གུས་མེད་ཐབས་མེད། །ཕྱོགས་བཅུའི་སངས་རྒྱས་བཟང་ལགས་ཀྱང་། །ཞལ་ཟུར་ཙམ་ཡང་མི་མཇལ་ན། །ཟབ་ཆོས་ཐོབ་པ་ག་ལ་ཞིག །བཀའ་དྲིན་ཐོབ་པའི་བླ་མ་དེ། །སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ། །བཀའ་དྲིན་ཐོབ་པ་མང་ལགས་ཀྱང་། །མོས་བློས་ཡར་ཞལ་མ་ཡིན་པར། །བཅོམ་ལྡན་མགོན་པོ་འོད་དཔག་མེད། །མི་ཡི་པགས་པས་དྲིལ་བ་དེ། །དྲིན་ཆེན་དྷརྨཱ་ཤྭ་ར་ཡིན། །དྲན་པ་ཙམ་གྱིས་སྣང་བ་འགྱུར། །བཅོས་ནི་ནམ་ཡང་མ་དགོས་པར། །དཀོན་མཆོག་ཀུན་འདུས་བློ་ཐག་ཆོད། །མི་འབྲལ་སྤྱི་བོའི་གཙུག་གི་བརྒྱན། །རིགས་བདག་ཡིན་ལ་ཡིན་ལྟ་བུ། །འབྲལ་མེད་བསྒོམས་ཤིང་གསོལ་བ་གདབ། །བྱིན་གྱིས་བརླབས་པའི་རྟགས་མཚན་


CMR002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །བདག་ནི་སྔོན་ནས་སྐལ་པ་བཟང་། །འོད་དཔག་མེད་མགོན་སྤྲུལ་པའི་སྐུ། །རྩ་བའི་བླ་མར་བསྟེན་རྒྱུ་རྙེད། །དེ་ཕྱིར་སྐུ་དངོས་བསྒོམས་ཀྱང་ལེགས། །བདག་གི་རྗེས་འཇུག་གྲྭ་རིས་སོགས། །རྒྱལ་མཆོག་དེ་དང་དེ་འདྲ་བ། །བླ་མར་བསྟེན་རྒྱུ་མ་རྙེད་ཅིང་། །རཱ་ག་ཨ་སྱ་བདག་འདྲ་བ། །སོ་སོའི་སྐྱེ་བོའི་དགེ་བཤེས་དག །རྩ་བའི་བླ་མར་བསྟེན་དགོས་པའི། །བླ་མའི་མུ་གེ་བྱུང་སྲིད་ན། །དེ་འདྲ་སྐུ་དངོས་མི་སྒོམ་པར། །ངོ་བོ་དེ་ལ་དབྱེར་མེད་པར། །འོད་དཔག་མེད་དང་ཨོ་རྒྱན་གྱི། །སྐུ་རུ་སྒོམ་པ་མན་ངག་ཡིན། །གསོལ་བ་ཁྱི་བཏབ་ཕག་བཏབ་ཀྱི། །སངས་ནི་རྒྱ་བར་མི་འགྱུར་ཞིང་། །བརྐོས་ཕོར་རི་མོ་མེད་པ་ན། །ཚ་ཚར་དོད་པར་མི་འགྱུར་གསུངས། །འོ་ན་བླ་མ་སྒོམ་དོན་མེད། །སངས་རྒྱས་བསྒོམས་པས་ཆོག་བསམ་ན། །ཏི་རུའི་ནང་དུ་ཇ་ཡོད་ཀྱང་། །མཆུ་དེ་འགགས་ན་ཕོར་བའི་ནང་། །ཇ་དེ་བླུག་ཏུ་མི་ཉན་ལྟར། །སངས་རྒྱས་རྣམས་ཀྱིས་བྱིན་བརླབས་ཀྱང་། །བླ་མ་མེད་ན་འཇུག་ཐབས་མེད། །དེ་དོན་ཤེས་པ་གལ་ཆེའོ། །བླ་མ་ཡི་དམ་དབྱེར་མེད་པའི། །ངེས་ཤེས་དྲག་པོ་སྙིང་ནས་སྐྱེས། །བླ་མ་


CMR002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་དུས་མཆོད་བཟུང་། །བླ་སྒྲུབ་མཚན་སྔགས་མང་དུ་བཟླས། །གཏོར་བསྔོས་བྱས་པའི་ནང་ན་ཡང་། །དྲིན་ཐོབ་བླ་མའི་མཚན་དང་སྔགས། །མེད་ན་བློ་ཁ་ཚིམས་མ་གྱུར། །ཞག་པོ་རེ་རེའི་ནང་ན་ཡང་། །བླ་མ་དྲན་ཞིང་བླ་མའི་དྲུང་། །འགྱུ་བ་བརྒྱ་ཕྲག་ཙམ་ཡང་འཕྲོ། །ཕ་མ་སྤུན་ཟླ་མཐུན་གྲོགས་སོགས། །སུ་བས་བླ་མ་གཅེས་པར་བཟུང་། །རྒྱལ་བ་མཆོག་དེ་ལྟ་ཅི་སྨོས། །དབང་ལུང་འབྲེལ་ཐོབ་བླ་མ་རྣམས། །རྨི་ལམ་ཡུལ་དུ་རྨིས་ན་ཡང་། །དངོས་སུ་མཇལ་འདྲའི་དགའ་ཚུལ་དང་། །དད་པ་དག་སྣང་མ་གཏོགས་པ། །རྒྱལ་འགོང་ཡིན་དོགས་ཞེ་ལ་མེད། །དབང་ལུང་འབྲེལ་བ་ཐོབ་ཚད་ལ། །བཅོས་མིན་དད་གུས་དཀའ་ན་ཡང་། །དབང་ཐོབ་པ་ཡི་ཡི་དམ་དེ། །དངོས་ཡིན་སྙམ་པའི་ངེས་ཤེས་བསྐྱེད། །བླ་མའི་རྣལ་འབྱོར་བསྒོམ་པའི་ཚུལ། །ཁྲོམ་ལ་ཇི་ལྟར་བཤད་པ་ལྟར། །རང་གིས་ཉམས་སུ་བླང་ཚུལ་ཡིན། །དབང་ལུང་ཁྲིད་སོགས་རྣམ་གཡེང་ཆེ། །ཞི་གནས་འཐུག་པོ་སྐྱེ་དཀའ་ཡང་། །བསྐྱེད་རིམ་ཞི་གནས་དོན་གཅིག་ཕྱིར། །རང་ལུས་ཡི་དམ་ལྷ་ཡི་སྐུ། །གསལ་སྟོང་ནམ་མཁའི་འཇའ་ཚོན་བཞིན། །ཐུགས་སྲོག་ས་བོན་


CMR002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཁོར་དང་། །འོད་ཟེར་སྤྲོ་བསྡུ་སྣ་ཚོགས་ཀྱིས། །ཕྲིན་ལས་རབ་འབྱམས་སྒྲུབ་པ་དང་། །གཞན་ཡང་དམིགས་པའི་འཕྲོ་འདུ་ཡིས། །ཚེས་འདས་སྒྲིབ་སྦྱང་གནས་སྤར་དང་། །གསོན་པོའི་སྲུང་ཟློག་རྐྱེན་སེལ་སོགས། །བསྒོམ་རྒྱུའི་རྩ་བ་དེ་ལགས་པས། །རྒྱུན་དུ་འབྲེལ་བ་མེད་འདྲར་སེམས། །རྣམ་གཡེང་ཆེ་ཡང་དེ་མི་ཤོལ། །སྔར་ནས་གོམས་འདྲིས་ཆེ་དྲག་པས། །རང་དབང་ཐོབ་པ་འདྲ་བ་ཡོད། །དེ་དག་ཅི་ལྟར་བསྒོམ་པའི་ཚུལ། །ཐུན་རེ་ལ་ཡང་རྣམ་གྲངས་མེད། །འདི་རུ་བྲི་བར་ག་ལ་འོང་། །མདོ་བས་སྔགས་འདི་ལམ་ཉེ་བས། །བསྐྱེད་རིམ་ཁོ་ནའི་དོན་ཡིན་པས། །འདི་ནི་ཤིན་ཏུ་གལ་ཆེན་ཡིན། །ཞི་གནས་དང་ནི་བསྐྱེད་རིམ་གྱིས། །དམིགས་ཐུན་གཞན་ལ་བཤད་པ་རྣམས། །རང་གིས་ཉམས་སུ་བླངས་ཚུལ་ཡིན། །ལྷག་མཐོང་ཤེས་རབ་བསྐྱེད་པའི་ཐབས། །འདི་ལ་ཐུན་མོང་ཁྱད་པར་གཉིས། །ཐུན་མོང་སྤྱི་ཡི་ལྷག་མཐོང་ནི། །ཆོས་ཀུན་རྣམ་འབྱེད་ཤེས་རབ་སྟེ། །བན་རྒན་རཱ་ག་ཨ་སྱ་བདག །སློབ་གཉེར་རྒྱ་ཆེན་མ་བྱས་ཏེ། །བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ། །ཡི་དམ་ལྷ་ཡི་མཚན་གསོལ་བ། །འཇམ་དབྱངས་བླ་མ་ཆོས་ཀྱི་ནི། །


CMR002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཅན་ཞེས་བྱ་བ་དེར། །རྩེ་གཅིག་གསོལ་བ་བཏབ་པ་དེས། །ཐུགས་རྗེས་སྤྱན་ཟུར་གཡོས་པའི་མཐུས། །དབང་དང་སྒྲུབ་པ་ལས་ཚོགས་སྐོར། །ཁྲིད་དང་ཆོ་ག་མདོས་བཟློག་སོགས། །མཐོང་བ་ཙམ་གྱིས་དེ་ཡི་དོན། །ཤེ་མོང་སུལ་བཞིན་ཡིད་ལ་འཆར། །རྒྱས་བསྡུས་འབྲིང་དང་སྤྲོས་མེད་སོགས། །བཀའ་ལ་རས་གཅོད་མ་ཡིན་པར། །ཇི་ལྟར་བྱས་ཀྱང་ཁྲིགས་སེ་ཤེས། །བཤད་ཀྱང་བསམ་བློ་བཏང་མི་དགོས། །ཞལ་གདམས་ཉམས་མགུར་བརྟན་བཞུགས་དང་། །གསོལ་འདེབས་སྨོན་ལམ་ལ་སོགས་པ། །ཉམས་ལ་རྩོམ་འདོད་མ་སྐྱེས་པར། །བསམ་བློ་བཏང་ཡང་ཅི་མི་དྲན། །རྩོམ་འདོད་ཉམས་ཤིག་སྐྱེས་པའི་དུས། །ཤུགས་འབྱུང་བསམ་བློ་མ་བཏང་བར། །ཚིག་གཅིག་བྲིས་ན་དེ་མཚན་དྲན། །ཐག་ཐོག་མེད་པ་ཆུ་འབབ་འདྲ། །བྲི་བསྣོག་མི་དགོས་འགལ་འཁྲུལ་མེད། །རྩོམ་འདོད་ཆེ་ཞིང་གལ་ཆེ་དུས། །བྲིས་པ་གསུམ་བཞི་གཡས་གཡོན་འདུག །ཚིག་དོན་མི་འདྲ་སོ་སོར་རྩོམ། །རྗེས་སོར་བལྟས་ཀྱང་འགལ་འཁྲུལ་མེད། །དེ་ལྟར་ཆོས་བཤད་བྱེད་པའི་དུས། །བསམ་བློ་མ་བཏང་ཤུགས་འབྱུང་ལ། །བཤད་ན་ཟད་མེད་ཆུ་བོ་འདྲ། །ཝོར་


CMR002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་མི་དགོས་རིམ་པར་འབྱེད། །མདོ་རྒྱུད་འགལ་བའི་བླུན་གཏམ་མིན། །གྲུབ་མཐའ་ཀུན་མཐུན་བཤད་ཀྱང་ཤེས། །ཁྲོམ་ཚོགས་དགེ་བཤེས་མང་ན་ཡང་། །ཡ་ང་བག་ཚ་རྡུལ་ཙམ་མེད། །གྲུབ་མཐའ་མི་གཅིག་ང་རྒྱལ་ཅན། །དེ་འདྲ་རྣམས་དང་འཕྲད་པའི་ཚེ། །ཁོང་གི་འདོད་བཞད་ཆོས་ལུགས་རྣམས། །ཕར་ལ་བཤད་པས་སྤོབས་པ་ཞུམ། །ཁོང་གི་གྲུབ་མཐའ་དེ་ཉིད་ལ། །མདོ་རྒྱུད་ཚད་ལྡན་གཞན་དག་དང་། །ཅུང་ཟད་མི་མཐུན་ཡོད་པ་རྣམས། །འདི་དག་དོན་ནི་ཅི་ཡིན་ཞེས། །དྲིས་པས་དཔའ་ཞུམ་བླ་ཆག་གྱུར། །དབང་ལུང་ཞུ་མཁན་བྱུང་རྣམས་ལ། །དེ་ལ་ཅི་མཁོ་ཅི་ཕན་རྣམས། །ཚུར་ལ་ཞུ་དགོས་མ་ཟེར་ཡང་། །ཁྱེད་ལ་ཅི་དགོས་བྱས་ནས་བྱིན། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཇི་ལྟ་བ་བཞིན་མ་རྟོགས་ཀྱང་། །ཆོས་ཀུན་རྣམ་འབྱེད་ཤེས་རབ་ནི། །ཅུང་ཟད་ཙམ་ཞིག་སྐྱེ་བ་འདི། །སྒོམ་བྱུང་ཤེས་རབ་ཡིན་དཀའ་སྟེ། །བླ་མའི་བྱིན་རླབས་ཡིན་པར་སེམས། །ཐུན་མོང་མིན་པའི་ལྷག་མཐོང་ནི། །རང་སེམས་ངོ་བོ་མཐོང་བ་དེ། །དེ་ནི་སྔར་ནས་མཐོང་བར་རློམ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ལ། །བསྐྱེད་རིམ་ཞི་


CMR002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དོན་གཅིག་ཅིང་། །བསྐྱེད་རྫོགས་ཟུང་དུ་འཇུག་པ་འདི། །ཞི་ལྷག་ཟུང་འཇུག་ཡིན་པར་གོ །དེ་ཉིད་སྤྱོད་ལམ་ཐམས་ཅད་དུ། །འབྲལ་མེད་ཨེ་ཡོང་ནན་ཏན་བྱས། །ཡེངས་སྐབས་བརྗོད་སྐབས་མང་ན་ཡང་། །ཡེངས་དང་མ་ཡེངས་ཁྱད་མེད་པར། །ངོ་བོ་འགྱུར་བ་མེད་པར་རྟོགས། །གསལ་ཆ་ཐོན་དང་མ་ཐོན་ཙམ། །མ་རྟོགས་ཡེངས་དང་མ་ཡེངས་དང་། །སྒོམ་དང་མ་བསྒོམས་ཁྱད་མེད་པའི། །ངེས་ཤེས་རྟོགས་པ་གདེང་ནས་སྐྱེས། །བསྒོམ་འདོད་འགྱུར་བུས་མ་བཅིངས་ཤིང་། །སྣང་བ་གུ་ཡངས་ཕྱལ་བར་བསྐྱོངས། །ཁྲོམ་ཚོགས་འདུ་ལོང་ཆེ་བའི་སྐབས། །ལྷག་པར་ཉམས་རྟོགས་གསལ་ཞིང་བརྟན། །དུས་དེར་བྱང་ཡིག་མང་པོའི་དུས། །བསྔོ་བ་བྱེད་པའི་ཚེ་ཉིད་ནས། །ཏིང་ངེ་འཛིན་གྱིས་བྱང་ཞུས་ཚར། །ཤི་བསྔོ་གསོན་བསྔོ་མང་པོའི་ཚེ། །ཉམས་ལེན་མཉམ་བཞག་སྟོང་ཉིད་ངང་། །འཁོར་གསུམ་ཡོངས་དག་བསྔོ་བ་བྱས། །ཁྲོམ་ཆེན་དབང་དང་ཁྲིད་ཀྱི་དུས། །གཞན་རྒྱུད་བྱིན་གྱིས་བརླབ་པའི་ཕྱིར། །ཁྲོམ་དང་ཉམས་ལེན་བསྲེས་ཤིང་བསྒོམས། །བདག་གཞན་དབྱེར་མེད་རྟོགས་པ་སྐྱེས། །ས་རྡོ་རི་བྲག་སྐྱེ་འགྲོ་ཀུན། །རྣམ་པ་


CMR002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཡང་ངོ་བོ་སྟོང་། །ཆུ་ནང་ཤར་བའི་ཟླ་བ་བཞིན། །སྣང་སྟོང་ཟུང་འཇུག་རྟོགས་པ་སྐྱེས། །མི་ཆེན་དཔོན་ཆེན་མང་པོ་དང་། །སྐུ་སྐྱེ་བླ་བརྒྱུད་ལ་སོགས་པ། །ཐོབ་ཆ་ཆེན་པོ་ཡོད་རྣམས་ཀྱིས། །གུས་འདུད་བཀུར་སྟི་བྱེད་པའི་ཚེ། །ང་རྒྱལ་རང་ཆེ་མ་སྐྱེས་ཤིང་། །ལེགས་སོ་དགའ་འོ་སྙམ་པ་ཡིས། །རྣམ་རྟོག་འབུར་འཇོམས་ངོ་བོར་བལྟས། །རྟ་ནད་ནོར་ནད་ཁྱི་སྨྱོན་དང་། །ཇག་རྐུན་ཆུ་རྒོད་གཅན་སྤྱང་སོགས། །གནོད་འཚེ་དོགས་པའི་ཟུག་རྔུའི་ཚེ། །ངོ་བལྟས་ཉམས་ལེན་ཐོག་ཏུ་བཞག །བསྐྱེད་རྫོགས་ཉམས་ལེན་མི་བཤོལ་བར། །དེ་དག་སྲུང་ཟློག་དམིགས་རིམ་གཟབ། །དངོས་རྟགས་དེ་དག་གནོད་པ་ནི། །ནམ་མཁའ་དྭངས་ཤིང་མེ་ཏོག་རྒྱས། །གདུལ་བྱ་ལོངས་སྤྱོད་ལྷུན་གྱིས་གྲུབ། །གུ་ཡངས་སྣང་བ་བདེ་བའི་ཚེ། །རྒྱ་ཡན་མ་བཏང་ངོ་བོ་བསྐྱོངས། །འགྲོ་རེས་ངལ་དུབ་ཁ་ཆར་བབ། །ལམ་ངན་རྔབ་གཡང་ཇག་རྐུན་དོགས། །ལུས་པོ་ངལ་དུབ་སེམས་འཁྲུགས་ཚེ། །ངོ་བོར་བལྟས་པའི་རོ་སྙོམས་བྱས། །རེས་འགའ་ཚད་པ་ལ་སོགས་པས། །གློ་བུར་རང་ཉིད་ནད་ཀྱིས་ཐེབས། །ཁམས་ཉོབ་ལུས་པོ་མ་བདེ་ཞིང་། །


CMR002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཉིན་ནས་ནི་ཆོས་ར་སོགས། །དབང་དང་ཆོས་བཤད་ལ་སོགས་པ། །ཐུབ་པ་མི་འདྲ་བསམ་པའི་དུས། །གྲྭ་པ་རྣམས་ཀྱང་སྐྲག་གྱུར་ནས། །རེ་ཞིག་སྐུ་ཁམས་མ་གསིང་བར། །དབང་དང་བཀའ་བསྒོ་ལ་སོགས་པ། །མ་མཛད་ཟེར་ནས་བཀག་པའི་དུས། །གཅོད་དང་རོ་སྙོམས་གསལ་བཏབ་ནས། །གདོན་ཆེན་གྲིབ་ཆེན་མང་པོ་ལ། །དབང་དང་བྱིན་རླབས་བཀའ་བསྒོ་དང་། །ཧཱུཾ་ཤི་ཕཊ་འགྱེལ་དྲག་དམིགས་བཏང་། །ཁྲོམ་དབང་ཆོས་ལུང་ལ་སོགས་ཀྱང་། །མ་ཚིག་སྔར་མུས་ལྟར་དུ་བྱས། །ཕྱིར་ནངས་ཙམ་ནས་རང་ཉིད་བདེ། །དེ་འདྲ་བྱུང་བ་ལན་གྲངས་མང་། །དེ་ལྟར་ལོ་གྲངས་བདུན་གྱི་བར། །འགྲོ་དོན་སྒར་པ་བྱས་ཚེ་ཡང་། །དགུན་སྨད་ནས་བཟུང་སུས་བུད་བར། །མཚམས་བསྡམས་སྒྲུབ་ཆེན་སྒྲུབ་ཕྲན་སོགས། །སྒྲུབ་པ་མང་པོ་བྱས་པ་དེ། །དེ་དག་ཀུན་གྱི་ཚེ་ན་ཡང་། །འདོན་པ་བཅའ་ཚོགས་སྔགས་ལ་སོགས། །མི་གཅིག་རྣམ་གྲངས་མང་ན་ཡང་། །གཙོ་བོར་བསྐྱེད་རྫོགས་ཟུང་འཇུག་གི །ཉམས་ལེན་ངང་ལ་གཞུང་ཤིང་བྱས། །དེ་ལྟར་ལོ་བདུན་འགྲོ་དོན་ལ། །བར་ཆད་མེད་ཅིང་ལམ་དུ་སོང་།།དེ་ལྟར་གཞན་ལ་བཤད་པ་རྣམས། །


CMR002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ནས་རང་གིས་ཉམས་བླངས་ཤིང་། །བཤད་ཚེ་ཉིད་ནས་སྒོམ་མོད་ཀྱི། །ཆོས་ནི་གང་ལ་བལྟས་ན་ཡང་། །ནན་ཏན་ཉམས་སུ་མ་བླངས་ན། །གོ་ཞིང་བཤད་པ་མཁས་ན་ཡང་། །འབྲས་བུ་ཐོབ་པར་མི་འགྱུར་བསམ། །དེ་ནས་མཚམས་ཀྱང་དམ་བཅའ་བཟུང་། །མེ་འབར་སྔོན་དུ་དུ་བ་ལྟར། །དངོས་ཉམས་རྨི་ལམ་རྩུབ་ཆ་ཆེ། །ཞག་འགའ་ཙམ་ཞིག་སོང་བའི་ཚེ། །རང་གི་ཉེ་གནས་མ་ཕམ་དེ། །རིམས་ངན་དྲག་པོས་འཕྲལ་དུ་གུམ། །རིམས་ནད་འཕྲོ་དོགས་སྲུང་ཟློག་དང་། །ཁོ་ཡི་སྒྲིབ་སྦྱང་སྔགས་དམིགས་འབད། །རིམས་ནད་སུ་ལའོང་མ་འཕྲོས་ཤིང་། །ཉེ་གནས་བདེ་ཆེན་ཞིང་ཁམས་སུ། །སྐྱེས་པའི་རྟགས་མཚན་གསལ་བར་མཐོང་། །རང་ཡང་ལག་པ་ན་བ་སོགས། །སྨན་དང་བཅོས་ཀ་མ་བདེ་ཡང་། །སྔགས་དམིགས་བྱས་པས་རིམ་པར་བདེ། །ལོ་ངོ་ཙམ་ཞིག་མཚམས་བསྡམས་ཤིང་། །ཐུགས་དམ་དགེ་སྦྱོར་འཕེལ་བར་བྱུང་། །དེ་ནས་དེ་ཡི་ལོ་མཇུག་ན། །དབོན་པོ་འཚོ་མཛད་དྲག་ལུ་དེ། །ལོ་མང་གོང་ནས་ནད་ཀྱིས་ཐེབས། །སྨན་དང་རིམ་གྲོ་བཅོས་ཀ་སོགས། །ཅིས་ཀྱང་མ་ཕན་ཚེ་དུས་བྱས། །ཁྲིད་རིམ་ཀུན་གྱི་རྩ་བ་


CMR002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འཆི་བ་མི་རྟག་བསྒོམ་དགོས་ཤིང་། །དུས་ཀྱི་འཆི་བ་འབྱུང་བ་ལ། །ཅིས་ཀྱང་བཟློག་ཐབས་མེད་གསུངས་པ། །བཤད་པ་ཙམ་ནི་མ་ཡིན་པར། །མངོན་སུམ་ངོ་སྤྲོད་གསལ་བར་བྱུང་། །དེ་ནས་རྟ་ལོའི་དཔྱིད་སོས་ལ། །བླ་མ་ཆོས་དབང་ཀུན་བཟང་འདས། །ཕ་མ་གཅིག་པའི་སྤུན་ཟླ་སྟེ། །ཡིད་ལ་དྲན་ནས་མ་འདས་པར། །མིག་ལོག་རྗེ་རེས་ཙམ་ཡང་མེད། །ཆོས་ཕྱོགས་རང་དང་སྐྱ་བཀའ་ཕེར། །འཇིག་རྟེན་ཆོས་འཛིན་ཁོ་རང་ཡིན། །ང་བས་ཁོང་ཉིད་ལོ་མང་གཞོན། །དེ་ཉིད་གློ་བུར་འདས་པ་ལ། །སེམས་སྡུག་ཡོད་དམ་མེད་པ་ནི། །མི་རྣམས་ཀུན་གྱིས་ཤེས་ལྟར་ཡིན། །འོན་ཀྱང་སྔོན་ཚེ་རྟོགས་ལྡན་ཞིག །རོ་གཅིག་རྟོགས་ནས་ལོ་གསུམ་སོང་། །ད་ལོ་བས་ནི་སྡུག་ཆེ་བ། །མ་བྱུང་ཟེར་ནས་ངུས་སོ་སྐད། །དེ་ལྟར་བྱས་ན་སྐྱག་རེ་མེད། །བསམས་ནས་སྡུག་མཁན་ངོ་བོར་བལྟས། །མཆི་མ་ཐིགས་གཅིག་ཤོར་བ་མེད། །དེ་ནས་ལུག་ལོའི་སོས་ཁ་ལ། །མི་འགྱུར་རྡོ་རྗེ་ཞིང་བརྗེས་ཏེ། །ཨོ་རྒྱན་ཆེན་པོའི་བསྟན་པའི་བདག །སྙིགས་དུས་འགྲོ་བའི་སྐྱབས་དང་མགོན། །བདུད་དང་ལྷ་འདྲེའི་ཁ་གནོན་ཏེ། །བདག་གི་སྙིང་དང་མིག་ལས་གཅེས། །


CMR002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་བརྒྱ་རྩ་འདོན་མ་རག །བར་ཆད་རྐྱེན་གྱིས་གཤེགས་པ་དེ། །བསམས་ཤིང་སྡུག་བསྔལ་བྱས་པ་ན། །སྙིང་ཡང་གས་ན་མི་འཆི་འམ། །ཡིད་བཞིན་ནོར་བུ་རྙེད་ནས་བོར། །གསེར་གྱི་ཉི་ཟླ་ས་བོན་ནུབ། །སྤྱིར་དུ་འགྲོ་བའི་བསོད་ནམས་ཟད། །སྒོས་སུ་བདག་ལ་སྡུག་རེས་བབ། །འོན་ཀྱང་སྡུག་མཁན་ངོ་བོར་བལྟས། །མཆི་ཐིགས་ཙམ་ཡང་མ་ཤོར་ཞིང་། །གཞན་མ་འགའ་ལ་འོང་སྲོལ་ལྟར། །སེམས་རླུང་སྟོད་འཚངས་ལ་སོགས་པ། །ཞད་ཙམ་ལྡང་བར་མ་གྱུར་ཏོ། །དེ་ལྟར་སྡུག་བསྔལ་ཆེན་པོ་ཀུན། །ཕྱག་རྒྱ་ཆེན་པོའི་ངོ་བོར་ཤར། །རྐྱེན་ངན་བྱུང་དུས་མི་ཐེག་ན། །ལྟོ་འགྲངས་ལུས་སེམས་བདེ་བའི་དུས། །སྟོང་སྐད་མཐོ་བས་ཅི་ལ་ཕན། །སྤྲེལ་ལོར་གཉེར་པ་ཆོས་འཕེལ་འདས། །དེ་སོགས་གྲྭ་པ་མང་ཞིག་རྣམས། །རིམ་པར་ཚེ་ཡི་དུས་བྱས་ཚེ། །སྙིང་རྗེ་ཕན་སེམས་ཆེ་ན་ཡང་། །འཆི་བ་བཟློག་ཐབས་མི་འདུག་པས། །ཡུན་རིང་བསྔོ་བ་སྨོན་ལམ་དང་། །སྒྲིབ་སྦྱང་གནས་སྤར་སྔགས་དམིགས་ལ། །འབད་པ་མ་གཏོགས་བྱ་ཐབས་སྡུག །བྱ་ལོར་མ་ཧཱ་ར་ཛའི་དྲུང་། །རང་དབང་མེད་པར་འགྲོ་དགོས་བྱུང་། །གྲྭ་


CMR002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཡོན་བདག་ཐམས་ཅད་ཀུན། །བཀའ་བཀྱོན་ཡོང་དོགས་ཤིན་ཏུ་སྐྲག །སྟོང་དམག་མང་པོའི་དབང་བསྒྱུར་བའི། །སྟོབས་ལྡན་སྡེ་དཔོན་མང་པོ་ཡང་། །སྐྲག་ནས་ཀུམ་ཀུམ་བྱེད། །སྔར་ནས་འདྲིས་པའི་བློན་པོ་རྣམས། །ལྷག་པར་སྐྲག་འཇིགས་ཆེ་བར་འདུག །ཀུན་ཀྱང་བྱེད་ལུགས་བཞིན་ཤོར་ཚེ། །སྐྱག་མཁན་སེམས་ཀྱི་ངོ་བོར་བལྟས། །སྐྲག་ཅིང་འཇིགས་པའི་སྣང་བ་བྲལ། །དེ་ཚེ་རང་གིས་དཔུང་རོགས་དང་། །ཞུ་སྣ་ཁྲིད་པའི་དཔོན་གཅིག་གིས། །བདག་ལ་སྐྲག་སྣང་མེད་པ་དེ། །སྐྱིད་མེད་སྡུག་ཟད་རེད་སྙམ་ནས། །དེ་ཡི་ལུགས་ཀྱི་ཚིག་ཀྱང་ཟེར། །དེ་ནས་སླར་ཡང་མཚམས་བསྡམས་ནས། །ནང་ནུབ་ཐུགས་དམ་དགེ་སྦྱོར་དང་། །ཉིན་གུང་ཕལ་ཆེར་བུག་སྒོ་ནས། །བུག་སྒོར་ཆོས་བཤད་དབང་ལུང་འཕེལ། །དེ་ཚེ་བླ་མ་སྒོམ་ཆེན་སོགས། །ཁྲིད་རིམ་མང་པོ་ཐོབ་པ་དང་། །ལོ་མང་རྩེ་གཅིག་མཚམས་བསྡམས་ནས། །བསྒོམས་པས་སྒོམ་ཡུས་ཆེ་རྣམས་ལ། །མཐོ་མཐོ་རྟོགས་པའི་ས་མཚམས་ཕྱེས། །འབྲིང་ལ་ངོ་མཐོང་ངོ་བོ་སྤྱད། །གཞན་ལ་གང་ལ་གང་དགོས་ཀྱི། །གེགས་སེལ་བོགས་འདོན་མགུ་བར་བྱས། །ཆོས་ཞུ་གསར་པ་རྣམས་


CMR002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །གནས་འགྱུའི་ངོ་བོ་འཕྲོད་ངེས་དང་། །རྫོགས་པ་ཆེན་པོའི་ཐོད་རྒལ་བསྟན། །ཐོད་རྒལ་བསྟན་པའི་ཐོན་པོ་ལ། །ལྷ་ཞལ་མཐོང་བ་མང་དུ་བྱུང་། །འཕོ་ལུང་བཙུགས་པ་རྣམས་ལ་ཡང་། །ཞག་རེ་ཞག་གཉིས་ཞག་གསུམ་ཕན། །མི་འགྱང་རྟགས་ནི་ཐོན་པ་བྱུང་། །གཏུམ་མོའི་ཁྲིད་རིམ་ལན་བཞིར་བཙུགས། །མགོ་རྒྱལ་ཟླ་བ་ལྷག་པའི་ནང་། །དྲག་རིམ་ཞག་ནི་ལྔ་བདུན་ལ། །གཟན་གོས་རྐྱང་པས་དྲོས་པ་དང་། །ལ་ལ་ཞག་ནི་བཅུ་ལྷག་ནི། །གཅེར་བུ་ཆུ་རས་སྐམ་པར་ནུས། །ཕལ་ཆེར་ཞག་པོ་ཉེར་གཅིག་ལས། །མི་འགྱང་གཅེར་བུ་གོས་མེད་པར། །ཆུ་རས་སྐམ་པར་ནུས་པ་དང་། །ལ་ལས་རས་གོས་མ་འཛོམས་པར། །གཟན་གོས་ཆུར་སྦམ་སྐམ་པར་ནུས། །གསར་དུ་དམར་ཁྲིད་བརྩོམས་པ་དང་། །སློབ་མ་འགའ་རེའི་ཕྱོགས་ཕྱོགས་སུ། །ཁྱེར་ནས་ཁྲིད་བཙུགས་འགྲོ་དོན་འཕེལ། །ཁྲོམ་ལ་འཛིངས་རྩོད་ནད་མུག་སོགས། །མེད་ཅིང་ཉམས་རྟོགས་སྐྱེ་བ་དང་། །དགེ་བསྐུལ་མང་པོ་འགྲུབ་བོ་སྐད། །རང་ཉིད་མཚམས་ཀྱི་སྐབས་དེར་ཡང་། །ནད་པ་རྣམས་ལ་བརྟག་པ་དང་། །དམིགས་ཐུན་ཞུ་མཁན་ཤིན་ཏུ་མང་། །དེ་


CMR002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསྐྱེད་རྫོགས་ཟུང་འཇུག་དང་། །ནད་གདོན་སེལ་བའི་སྔགས་དམིགས་རྣམས། །ཐུན་རེ་རྫུན་ཆད་མིན་པར་བྱས། །དེ་བཞིན་བསྔོ་བ་བྱང་བུ་སོགས། །ཚེ་འདས་མིང་ཡིག་མང་པོ་ལ། །སྒྲིབ་སྦྱང་གནས་འདྲེན་སྔགས་དམིགས་བྱས། །ནད་པ་དང་ནི་ཚེ་འདས་ལ། །སྔགས་དང་དམིགས་པ་ཅི་བྱས་ཀྱང་། །དེ་ལ་རིག་པ་གཏད་ནས་ཀྱང་། །ཉམས་ལེན་ངོ་བོ་སྐྱོང་བྱས་ལ། །རང་གི་ཉམས་རྟོགས་དེ་ཉིད་དང་། །ཁོ་ཉིད་དབྱེར་མེད་འདྲེས་འགྲོ་བས། །དེ་ཉིད་ཕན་ཐོགས་ཆེ་འམ་སྙམ། །དེ་ལྟར་ལོ་བདུན་སྒར་པ་དང་། །ལོ་གཅིག་ངག་མཚམས་དམ་པོ་དང་། །ལོ་བདུན་ལྡོག་མཚམས་ལྷོད་དེ་བས། །བུག་སྒོར་ཆོས་བཤད་བྱས་པའི་ཚེ། །སྤྱིར་ནི་རྣམ་གཡེང་ཇེ་ཆེར་འཕེལ། །ཟང་ཟིང་དཀོར་རྫ་ས་ཆར་ལྟར་བབ། །དེ་ནས་ཉམས་རྟོགས་བོགས་སྐྱེད་ཆུང་། །དེ་ཁོ་ན་ཉིད་ཀྱི་རྣམ་ཐོར་མཇུག །བྲི་རྒྱུ་ཅི་ཡང་མི་གདའ་སྟེ། །དབོན་པོ་པདྨ་ནམ་མཁའ་ཡིས། །བྲིས་དགོས་ཟེར་ནས་ནན་ཏན་བྱས། །དེ་ཕྱིར་འཕྲལ་དུ་གང་དྲན་ཙམ། །ཆེ་ལོང་ངག་ནས་སྨོས་པ་ལྟར། །མུ་པ་དགེ་སློང་དད་པ་ཡིས། །འཕྲལ་དུ་བུག་སྒོར་བསྡད་ནས་བྲིས། །ད་ནི་གནམ་ལོ་འདི་ཡི་མཇུག །སྨིན་


CMR002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཟླ་བའི་ཚེས་གཅིག་ནས། །རྩེ་གཅིག་ངག་མཚམས་བསྡམས་ནས་ཀྱང་། །ཉམས་ལེན་ངོ་བོ་སྐྱོང་བ་ལ། །རྩེ་གཅིག་དྲིལ་བར་དམ་བཅའ་དེ། །དེ་ཚེ་ཉམས་དང་རྟོགས་པ་ལ། །བོགས་སྐྱེད་ཨེ་ཡོང་རེ་བ་ཆེ། །བྱུང་ཡང་ལག་པས་བྲི་མི་ཐེབ། །ངག་མཚམས་དམ་པས་མེད་ཐབས་མེད། །ཡི་གེར་བཀོད་པ་འོང་ཤས་ཆུང་། །རང་ལོ་ལྔ་བཅུ་ང་གཉིས་ནས། །རེ་བཞི་ནག་པའི་ཡར་ཚེས་བར། །ཉམས་རྟོགས་སྐྱེས་ཚུལ་རྣམ་ཐར་ནི། །དེ་དག་ཙམ་ལས་མ་མཆིས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགེ་སློང་རཱ་ག་ཨ་སྱའི་ཁྲིད་རིམ་ཉམས་རྟོགས་དང་འབྲེལ་བའི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་གཉིས་པ།next