Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
བླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར།
   
   
   
   


 
previousབླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར།next

བླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར།


CMR002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར་ཞེས་བྱ་བ་བཞུགས་སོ།།


CMR002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། །ཡི་དམ་སྤྱན་རས་གཟིགས་དབང་ཞབས་ལ་འདུད། །བླ་མ་ཆོས་དབོང་ཀུན་བཟང་ལོ་རྒྱུས་ནི། །ཡེ་ཤེས་སྤྲུལ་རྒྱུད་འཇིག་རྟེན་ལས་རྒྱུད་དང་། །རྒྱུ་འབྲས་བསླུ་མེད་མདོ་རྒྱུད་དང་མཚུངས་ཚུལ། །ཚེ་འདིར་རྣམ་ཐར་འདས་དུས་རྟགས་མཚན་དང་། །ཕྱི་མའི་ལུང་བསྟན་ཆོས་ཀྱི་ཕན་ཡོན་དང་། །ས་བཅད་རྣམ་པ་བདུན་དུ་བསྡུས་ནས་བཤད། །དང་པོ་ཡེ་ཤེས་སྤྲུལ་རྒྱུད་བཤད་པ་ནི། །སྤྲུལ་པ་ལ་ཡང་སྐྱེ་རྒྱུད་སྤྲུལ་པ་དང་། །ཡང་སྤྲུལ་ཉིང་སྤྲུལ་དང་ནི་སུམ་སྤྲུལ་དང་། །བྱིན་གྱིས་བརླབས་པའི་སྤྲུལ་པ་དང་ནི་དྲུག །དེ་ཡང་བླ་མ་ཆོས་དབང་


CMR002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་འདི། །ཨོ་རྒྱན་ཆེན་པོས་བྱིན་རླབས་སྤྲུལ་པ་སྟེ། །ཅི་ཕྱིར་ལུང་བསྟན་ཆེན་པོ་བཀའ་རྒྱ་མར། །མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་ཀུན་གྱིས་ཐེ་ཚོམ་ཡིད་གཉིས་སྤོངས། །གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས། །ཞེས་གསུངས་གུར་དྲག་རཏྣའི་ལུགས་འདི་ཡིས། །བོད་གཞུང་སྒྲུབ་པ་གཅིག་ཀྱང་མ་ལུས་པ། །ལེགས་པར་ཐེམ་མཁན་ཆོས་དབང་ཀུན་བཟང་ལས། །བྱུང་རབ་གཞན་ནི་རྣ་བས་ཐོས་པ་མེད། །དངོས་ཀྱི་སེམས་རྒྱུད་སྔོན་ཚེ་བོད་


CMR002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ། །ཨོ་རྒྱན་བྱོན་དུས་ཞལ་མཐོང་སྨོན་ལམ་བཏབ། །ཅི་ཕྱིར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །ཞལ་གདམས་གསལ་བའི་སྒྲོན་མེ་ཞེས་བྱ་ནས། །སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམས། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །དེ་སྐད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསུངས། །ཆོས་དབང་ཀུན་བཟང་རཏྣའི་གཏེར་ཆོས་ལ། །ཤིན་ཏུ་དད་ཅིང་སྙིང་དང་མིག་ལྟར་འཆང་། །ཁྱད་པར་གསང་འདུས་བུམ་སྒྲུབ་བཙུགས་པའི་ཚེ། །ཆོས་དབང་ཀུན་བཟང་ཉིད་ཀྱི་མནལ་ལམ་དུ། །མཁའ་འགྲོའི་འཛབ་དབྱངས་ལུང་བསྟན་བྱུང་བ་ཡིན། །དེ་བཞིན་དགོངས་འདུས་ལུང་བསྟན་བཀའ་རྒྱ་མར། །དེ་ནས་བརྒྱུད་མར་རིམ་བཞིན་བཀའ་རྒྱ་མར། །ལས་ཅན་བསྟན་པ་འཛིན་པའི་བཤེས་གཉེན་འབྱུང་། །གང་ཡང་མི་འགྱུར་བརྡའ་རྟགས་གསུམ་དང་ལྡན། །ལུས་ལ་ལྟ་སྨེ་སྙིང་ཁར་ཤ་མཚན་རྣམས། །སྨེ་བ་དཀར་དམར་ཐིག་ལེས་སྤྱས་དང་གཅིག །ངག་ནི་བསྙེན་འགྱུར་སྔགས་ཀྱི་རྩོལ་བ་ཅན། །ཡང་ན་མགྲིན་པར་ཤ་མཚན་ཐིག་ལེའམ། །པདྨ་ལས་བྱུང་པདྨའི་


CMR002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ལྡན་གཉིས། །ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན། །ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམ། །དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིང་། །གཅིག་འཛོམ་ཐོ་མ་གང་ཡང་ལས་ཅན་ཏེ། །ལ་ལས་རང་ཉིད་རྩེ་གཅིག་ཉམས་ལེན་བརྩོན། །དོན་འབྲས་འགྲུབ་ནས་གཞན་དོན་རླབས་ཆེན་སྐྱོང་། །ལ་ལས་འཕྲད་གྲོལ་གཞན་དོན་སྐྱོང་བར་འགྱུར། །ལ་ལས་རང་གཞན་དོན་གཉིས་ལྷན་ཅིག་སྐྱོང་། །དེ་རྣམས་མ་ངེས་གང་ཡང་སྤྲུལ་པའི་སྐུ། །རྒྱལ་བའི་དགོངས་པས་ཡོངས་ཟིན་ཨེ་མ་ཧོ། །ཅེས་གསུངས་ལྟར་དུ་ཆོས་དབང་ཀུན་བཟང་ཡང་། །ལས་ཅན་བསྟན་འཛིན་སྐྱེས་བུ་ཡིན་པའི་ཕྱིར། །ལྟེ་སྨེ་སྙིང་སྨེ་སྨེ་བ་དཀར་དམར་ཡོད། །ངག་སྙན་གདངས་དབྱངས་རིག་པ་ཤིན་ཏུ་མཁས། །རྟག་ཏུ་སྔགས་ཀྱི་བཟླས་པར་ཤིན་ཏུ་བརྩོན། །ཨོ་རྒྱན་རྗེ་ལ་རྩེ་གཅིག་དད་པར་ལྡན། །བརྡའ་རྟགས་དེ་གསུམ་ཚང་ཕྱིར་ལས་ཅན་ཡིན། །ཡས་བབས་དོན་གྱི་དགོངས་པ་དང་བསྟུན་ན། །བཅོམ་ལྡན་དཔལ་ཆེན་གུ་རུ་དྲག་པོ་ཡི། །ཕྲིན་ལས་སྤྲུལ་པ་ཡཀཱ་མེ་དབལ་ཏེ། །ཡཀཱ་མེ་དབལ་སྐུ་ཡི་སྤྲུལ་པ་ནི། །བླ་མ་ཆོས་དབང་ཀུན་བཟང་ཡིན་


CMR002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །གཏེར་སྟོན་མི་འགྱུར་རྡོ་རྗེ་སྐུ་ཕྲ་དུས། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་འདོན་པའི་སྐབས། །ཉིན་རེ་བཞིན་དུ་ཨོ་རྒྱན་རིན་པོ་ཆེ། །ཡི་དམ་སོ་སོའི་སྐུ་རུ་སྤྲུལ་ནས་འབྱོན། །ཡི་དམ་སོ་སོའི་སྒྲུབ་ཐབས་གསུངས་པའི་སྐབས། །བླ་མ་ཆོས་དབང་ཀུན་བཟང་འདི་ཉིད་ནི། །ངན་པ་ཡིན་ནམ་ཐ་མལ་སེམས་ཅན་ཡིན། །ལས་ཅན་ཡིན་ནམ་སྤྲུལ་པའི་ཆར་གཏོགས་ཡིན། །དེ་སྐད་ཞུས་ཞེས་རཱ་ག་ཨ་སྱས་བསྐུལ། །སྤྲུལ་སྐུའི་གུར་དྲག་གཟིགས་དུས་དེ་ཞུས་པས། ཨོྃ༔ ན་མོ་གུ་རུ་ཀྲོ་དྷ་ཡེ། །ཐ་མལ་མ་ཡིན་ལྷ་སྤྲུལ་ཡིན། །ཡཀྴ་མེ་དབལ་སྐུ་སྤྲུལ་ཡིན། །འཇམ་དབྱངས་ཕྱག་མཚན་བྱུང་བ་དེ། །རྒྱ་ནག་རྒྱལ་པོ་ཡིན་པའི་དོན། །འཇམ་དབྱངས་སྤྲུལ་པ་མ་ཡིན་ནོ། །ཟེར་ཕོག་ཙམ་ཞིག་ཡིན་ཡང་སྲིད། །འཇམ་དབྱངས་སྤྲུལ་པ་བརྡ་ཡིག་ཡིན། །གུ་རུ་དྲག་པོས་དངོས་སུ་གསུངས་པ་དེ། །སྤྲུལ་སྐུ་དགུང་ལོ་བཅུ་གཉིས་པ། །མེ་སྤྲེལ་སྦྲུལ་ཟླའི་བཅུ་བདུན་ལའོ། །མངྒ་ལཾ།། ཡེ་ཤེས་སྤྲུལ་རྒྱུད་བཤད་པའི་ལེའུ་སྟེ་དང་པོའོ།། །།མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཅིག་དུས། །ཉིད་ཀྱི་སྐྱེས་རབས་ཉིས་བརྒྱ་ལྷག་ཙམ་བྱུང་། །ཁྱི་དང་འབུ་སྲིན་སྤྲེའུ་ལ་


CMR002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ། །ཕལ་ཁྱེར་སྐྱེ་བ་མང་པོར་ལྷུགས་པར་གསུངས། །དེ་དུས་བླ་མ་ཆོས་དབང་གར་སྐྱེས་ཞུས། །དེ་ནི་ཡེ་ནས་མི་དྲན་ཡང་ཡང་གསུངས། །ནན་གྱིས་ཞུས་པས་བློ་མ་གཅིག་སྐྱེས་དྲན། །དེ་ནས་ངས་ནི་ཅི་ཡང་མི་དྲན་ཞིང་། །མི་དྲན་དུས་སུ་ལུང་བསྟན་སྒྲ་བྱུང་སྟེ། །སྒྲ་དེ་ཡང་ནི་འདི་ལ་མི་གྲག་གོ །གལ་ཆུང་མིན་ཀྱང་མི་ཤེས་པ་ཡིན་ནོ། །རྫུན་སྨྲས་ལ་ནི་ཉེས་སྒྲིབ་ཆེ་ལེ་གསུངས། །འོ་ན་རྨི་ལམ་བརྟག་པ་མཛོད་ཞུས་པས། །རྨི་ལམ་པོ་ཏིའི་སྟེང་ན་རལ་གྲི་ནི། །བསླངས་ཏེ་བཞག་པ་གཅིག་ནི་མདུན་དུ་གདའ། །ཆོས་དབང་བརྟག་པའི་དོན་ཡིན་ཟེར་རྨིས་གསུངས། །འོ་ན་འཇམ་དབྱངས་སྤྲུལ་པ་ཡིན་ནམ་ཞུས། །འཇམ་དབྱངས་སྤྲུལ་པ་ཡང་ནི་མ་རེད་གསུངས། །དེ་རྗེས་མ་ཎི་ཤར་ལ་ཆོས་དབང་གིས། །གཟིམས་ཁང་འགེབས་པ་ཐག་བཅད་འགེབས་ཤོམ་ཚེ། །སྤྲུལ་སྐུས་དངོས་སུ་ལྷ་འདྲེ་ཀུན་གཟིགས་སྐབས། །མ་ཎི་ཤར་གྱི་གཞི་བདག་ལྷ་འདྲེ་རྣམས། །འགྲོ་ཤོམ་བྱེད་ཅིང་རུ་བ་སྐྱ་ཤོམ་དང་། །ཚིག་ནི་འདི་འདྲ་ཟེར་ཞིང་འདུག་གསུངས་ནས། །རྒྱ་སྐད་འདྲ་བ་ཕྲེང་གཅིག་ཙམ་ཞིག་གསུངས། །རྒྱ་སྐད་འདྲ་བའི་སྔགས་དེ་ཅི་རེད་


CMR002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། །སྔགས་དང་རྒྱ་སྐད་མ་རེད་ལྷ་འདྲེའི་སྐད། །གནམ་ས་གཉིས་ཀྱི་བདག་པོས་འདུག་བཅུག་ལེ་མེད། །ཡུལ་འབུད་ནས་འགྲོ་ཟེར་བ་རེད་གསུངས། །ཆོས་དབང་ཀུན་བཟང་བྱ་བྲལ་གཉོམ་ཆུང་འདི། །གནམ་སའི་བདག་པོ་ཡིན་ནམ་ཧེ་ཧེ་ཞུས། །ད་རེས་བྱ་བྲལ་གཉོམ་ཆུང་ཡིན་ཞེས་འདྲ། །ཚེ་རབས་སྔ་མ་ཞིག་ལ་རྒྱ་ནག་གི །རྒྱལ་པོ་གཅིག་ལ་སྐྱེ་ནི་མྱོང་ཟིན་པས། །བརྟག་པ་ལ་ཡང་རལ་པོད་འོང་བ་དང་། །ལྷ་འདྲེའི་ཟེར་བ་དེ་ཡི་དོན་རེད་གསུངས། །གཞི་བདག་ཡུལ་བུད་ས་ཡི་བཅུད་ཤོར་བས། །མ་འགྲོ་གསུངས་ལ་གཏོར་མ་བྱིན་ཅིག་ཞུས། །གཞི་བདག་འདི་ནི་ནག་ཕྱོགས་ཡིན་འདུག་པས། །བཤུལ་གཞུང་གཟེར་བའི་ནད་ནི་བཏང་ཟེར་གསུངས། །དེ་ནས་བདག་གིས་རྒྱལ་པོའི་གདན་གཅོད་ཚུལ། །ས་རིལ་རྡོ་རིལ་བླངས་ནས་དམིགས་པས་གཟེར། །རྨིས་ལྟས་རྟགས་དང་མཚན་མ་སྣ་ཚོགས་བྱུང་། །གཟིམས་ཁང་བྱས་ན་རུང་ངམ་མི་རུང་གིས། །རཱ་ག་ཨ་སྱས་རྨི་ལམ་བརྟགས་པ་བྱས། །འདི་ནི་རྩྭ་རི་མཚོ་དཀར་གནས་ལག་ཡིན། །ཟེར་བའི་རྨི་ལམ་ལུང་བསྟན་གསལ་བར་བྱུང་། །ཞག་ལྔའི་དགོང་མོ་དངོས་སུ་རླང་ཐོག་དང་། །སེར་ཕྲན་བྱུང་བའི་སྣ་ལ་སྤྲུལ་


CMR002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྐུས་གཟིགས། །བནྡེ་ལག་གཡས་ལྕགས་ཀྱི་ཕུར་པ་ཐོགས། །གཡོན་པས་རྡོ་བ་ཟུར་གསུམ་ལག་ཏུ་ཐོགས། །ཁ་ན་ཙིཏྟ་ཟ་བ་གཅིག་བྱུང་ནས། །ཁྱོད་ནི་སུ་ཡིན་བྱས་པས་བནྡེ་དེས། །ང་ནི་ཕ་ཐོ་ཁང་པ་འགེབ་ས་ཡི། །གཞི་བདག་ཡིན་ནོ་བྱས་པས་སྤྲུལ་སྐུ་ཡིས། །འོ་ན་ཁྱོད་ཀྱི་ཁང་པ་འགེབས་པའི་དུས། །ཆོ་འཕྲུལ་མ་སྟོན་གནོད་པ་མ་བྱེད་ཅིག །བླ་མ་ཚོ་དང་བནྡེ་ཚོ་ལ་ཡང་། །གནོད་པ་མ་བྱེད་ཁྱོད་རང་སྡོད་ཨེ་ཁོ། །གསུངས་པས་འོ་ཡ་ཟེར་ནས་ཁས་བླངས་ཏེ། །ཤིང་ལེབ་སྟེང་ན་ཀུ་ཤ་ཆུན་གཅིག་བཞག །དེ་སྟེང་ཤོག་དུམ་སྟེང་ལ་ཡི་གེ་ཙ། །སེར་པོ་བྲིས་པའི་སྲོག་སྔགས་ཕུལ་ནས་སོང་། །གཞི་བདག་འདི་ནི་སྤྲུལ་སྐུས་ལན་མང་གཟིགས། །ཁོ་ཉིད་དང་པོ་ཆོས་ལ་མི་དགའ་ཞིང་། །སེམས་ཅན་རྣམས་ལ་གནོད་འཚེ་བྱེད་པ་ཡི། །ནག་ཕྱོགས་གཅིག་ནི་ཡིན་པར་འདུག་ན་ཡང་། །ད་ནི་དམ་ལ་ཐོགས་ཤིང་སྲོག་སྙིང་ཕུལ། །གནོད་པ་མི་བྱེད་སྲོག་སྙིང་ཕུལ་བྱུང་གསུངས། །དེ་ཕྱིར་རཱ་ག་ཨ་སྱས་ས་རྡེལ་བསྐྱལ། །ཁོ་ཡི་བསང་ཡིག་རྒྱས་པ་བྲིས་ན་ཡང་། །ཞིང་གཤེགས་དེ་ཡིས་འདོན་སོགས་མ་མཛད་དོ། །དཀར་ཕྱོགས་ཉིད་ལ་འགྱུར་ཕྱིར་


CMR002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེ་རུ། །ཆོས་དབང་ཀུན་བཟང་ཉིད་དང་ཉེ་གནས་སོགས། །དེ་རུ་འདུག་པའི་མི་ནི་འགའ་ཞིག་གིས། །གནས་བདག་ཡིག་དྲུག་འདོན་པ་ཐོས་མཁན་མང་། །ཆོས་དབང་ཀུན་བཟང་འདས་རྗེས་བུམ་སྒྲུབ་ནི། །བཙུགས་ཁ་ཕ་རི་ཚུ་རིའི་རི་བྲག་ཀུན། །ཁྲོམ་ཆེན་བཞིན་དུ་ཡིག་དྲུག་འུར་དི་རི། །འདོན་པ་བདག་ཉིད་རཱ་ག་ཨ་སྱ་ཡིས། །གཉིད་པ་མ་ཡིན་དངོས་སུ་ཐོས་པ་ཡིན། །དེ་ཕྱིར་ད་ནི་གནས་བདག་བཟང་པོའོ། །རྒྱ་ནག་རྒྱལ་པོར་སྐྱེས་པའི་ལོ་རྒྱུས་དང་། །ཞོར་བྱུང་གཟིམས་ཁང་ལོ་རྒྱུས་དང་བཅས་པ། །འཇིག་རྟེན་ལས་རྒྱུད་ལེའུ་དང་པོ་ཡིན། །མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཅིག་ཙམ། །རང་གཞན་སྐྱེ་བ་མང་པོ་དྲན་པའི་སྐབས། །ཆོས་དབང་ཀུན་བཟང་སྐྱེ་བ་སྔ་མ་ཞིག །བླ་བྲན་ཞིག་ཏུ་སྐྱེ་བ་བླངས་པའི་དུས། །ཡི་དམ་གུ་རུ་དྲག་པོ་བསྒྲུབས་པ་ཡིས། །མཐུ་རྩལ་ནུས་པ་ཆེན་པོ་ཡོད་པར་གྱུར། །དེ་དུས་གུ་དྲག་སྒྲུབ་མཁན་སྔགས་པ་ཞིག །བླ་མ་དེ་དང་མ་དུམ་མཐུ་འདྲེན་བྱས། །མཐུ་རྟགས་བྱུང་བས་སྔགས་པ་ཤི་ཁ་ལ། །སྔགས་པ་དེ་ཡིས་སྨོན་ལམ་ལོག་པར་བཏབ། །སྔགས་པ་ད་ལྟ་འདྲེ་ལ་སྐྱེས་འདུག་པས། །བླ་མ་ཆོས་དབང་ཀུན་བཟང་འདི་


CMR002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། །རྒྱུན་དུ་འདྲེ་དེས་གནོད་པ་བྱེད་འདུག་གསུངས། །བླ་མ་ནུས་པ་ཅན་དུ་སྐྱེས་པའི་རབས། །འཇིག་རྟེན་ལས་རྒྱུད་ལེའུ་གཉིས་པའོ།། །།ཞིང་གཤེགས་བླ་མ་ཆོས་དབང་ཀུན་བཟང་དེས། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཡུན་རིང་སྐབས། །ཉམས་དང་མནལ་ལམ་འདྲེས་པའི་སྐབས་ཤིག་ལ། །གཟུགས་ནི་མི་སྣང་བར་སྣང་ཁམས་ནས་ནི། །ཁྱོད་ནི་རྟ་དཔོན་མཁུར་ལུགས་མ་ཡི་སྐྱེ་བ་ཡིན། །ཞེས་པའི་ལུང་བསྟན་གསལ་བར་བྱུང་བ་དང་། །སྐུ་མཚམས་བསྡམས་ནས་ལོ་ངོ་བདུན་ཙམ་དུས། །ཆོས་དབང་ཉིད་ཀྱི་ནུབ་གཅིག་མནལ་ལམ་དུ། །ཟོར་གཅིག་ཉིད་ལ་རྩེ་བསྟན་འཕངས་གདའ་བས། །ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཕེབས་བྱུང་ནས། །ཡཱ་ཁྱོད་ལ་སྔར་རི་བོ་ཆེ་པའི་བྱད་ཁ་རྙིང་པ་ཞིག་འདུག་སྟེ་ད་སྐྱོན་རང་མེད་མོད། ཅེས་གསུངས་སེམས་གསོ་འདྲ་བའི་གསུང་གཅིག་བྱུང་། །དེ་འདྲ་དོན་དེ་ཅུང་ཟད་རྒྱས་བཤད་ན། །མར་ཐང་ཆོས་རྗེ་མཁར་དྲུང་ཞེས་བྱ་བ། །རྡོ་རྗེ་འཇིགས་བྱེད་སྤྲུལ་པ་ཡིན་པ་དང་། །སྟག་ལུང་ངག་དབང་གྲགས་པའི་སྐུ་སྐྱེ་ཡིན། །འཁྲུངས་དུས་ཚེས་བཅུའི་ཉི་མ་རྩེ་ཤར་འཁྲུངས། །འདས་དུས་ཚེས་བཅུའི་ཉི་མ་


CMR002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དུས་འདས། །གཏེར་སྟོན་ལས་འཕྲོ་གླིང་པའི་ཆོས་བདག་ཡིན། །དེ་ཕྱིར་ཨོ་རྒྱན་སྤྲུལ་པ་ཡིན་པར་གྲགས། །དེ་ཡི་གཉེར་པ་རྟ་དཔོན་མཁུར་ལུགས་མ། །རི་བོ་ཆེ་པའི་ཁྲིམས་སྲིད་རང་དབང་ཆེ། །གདུང་རྒྱུད་ཆད་དོགས་མཁར་དྲུང་རྗེ་མོ་བསུས། །མཁར་དྲུང་མི་འབབ་དབང་མེད་རལ་གྲི་བཏོན། །པདྨ་རྒྱལ་པོ་མཚོ་སྐྱེས་རྡོ་རྗེ་སོགས། །སྲས་གསུམ་འཁྲུངས་ཤིང་ས་མཚམས་མཁར་ལས་སོགས། །རྟ་དཔོན་ཚེ་སྟོད་ཆག་ཕྱི་ལེགས་པར་འགྲུབ། །ཚེ་སྨད་རྗེ་མོ་འབག་པས་བཀའ་བཀྱོན་ཕོག །གཉེར་པ་ཕུད་པས་ཕ་ཡུལ་ཁྱུང་པོར་སོང་། །ཕ་སྡེ་ནང་བསྡུམ་མར་ཐང་དགྲ་ཡ་བྱས། །ཇག་རྐུན་སྐྱེས་ནས་རི་བོ་ཆེ་པ་ཡིས། །སྡེ་རྣམས་འདུག་སྟབས་དཀའ་བས་མཁར་དྲུང་ཁྲོས། །དམག་ཆེན་ཁྱུང་པོར་སོང་བས་ཁྱུང་པོ་བརྒྱལ། །མར་ཐང་ཆུས་ཉེས་མི་ནི་ཚན་ཆེར་ཤི། །ཁྲག་གཏར་མཁན་ཡང་མ་ལུས་ཟེར་བ་བྱུང་། །དམག་སྒར་གཏོར་ནས་མཁར་སྲུང་རྐང་ལ་ཐར། །དེ་ནས་རི་བོ་ཆེ་པས་ཐོད་ནག་བསྒྲུབ། །གསར་མའི་ལུགས་ཀྱིས་མཐུ་གཏད་ཅི་བྱས་ཀྱང་། །བོན་པོ་སྲུང་ཁ་བཟང་བས་རྟོགས་མ་ཐོན། །ཐོགས་ནས་ནི་ཕུར་སྒྲུབ་ཕྱག་ལེན་བླངས། །རྗོད་ནས་རྔོད་


CMR002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱཀྱ་བཀྲ་ཤིས་དང་། །སོག་ཟམ་འབྲང་བུ་ནང་སོ་ཡིན་པ་ཡི། །དྲུང་པ་མདོ་སྡེ་རྒྱ་མཚོ་སྤྱན་དྲངས་ནས། །རི་བོ་ཆེ་རུ་ཕུར་སྒྲུབ་ལ་སོགས་པ། །རྙིང་མ་བཙུགས་ཤིང་དགྱེས་རྡོར་པ་ཀུན་གྱིས། །ཕྱེད་དེ་དེ་ཕྱིར་རྙིང་མར་འགྱུར་བར་མཛད། །མཁར་དྲུང་ཉིད་ཀྱིས་གཤིན་རྗེ་ཀིང་ཀང་གིས། །དགྲ་མནན་ཆེན་པོ་ཁ་ལ་རྒྱས་འདེབས་བསྒྲུབས། །ཨ་ཝ་གླང་མགོས་དངོས་སུ་ཁ་གདང་བྱུང་། །དེ་ཡི་ནང་དུ་རྟ་དཔོན་ལིངྒ་འཕངས། །དེ་ནས་རྟ་དཔོན་མཐུ་རྟགས་བྱུང་ནས་ཤི། །མི་རྒྱུད་རྣམས་ལ་ཚེ་ནི་རིང་སྲོལ་མེད། །ཁྱུང་པོ་ནང་འཁྲུག་མར་ཐང་འདུག་བདེ་བྱུང་། །དེ་ནས་མཁར་དྲུང་རྙིང་མ་ལ་དད་ནས། །ཨོ་རྒྱན་སྐུ་འདྲ་གུ་དྲག་གསེར་སྐུ་གཉིས། །ལྷ་ཁང་ནང་དུ་རྩག་རེའི་ཚད་ཙམ་དང་། །ཨོ་རྒྱན་སྐུ་འདྲ་བརྒྱ་དང་རྩ་བརྒྱད་བཞེངས། །གཏེར་ཆོས་མཐའ་དག་རྙིང་མའི་རྒྱུད་འབུམ་བཞེངས། །དགྱེས་རྡོར་ལྔ་བརྒྱ་ཡོད་པའི་ཕྱེད་དེ་ནི། །དེང་སང་བར་དུ་རྙིང་མ་བྱེད་པར་འགྱུར། །ཀཿཐོག་དང་ནི་རི་བོ་ཆེ་གཉིས་པོ། །རྙིང་མའི་བསྟན་པའི་ཆེ་ཤོས་ཡིན་ནོ་ཞེས། །མངའ་རིས་དབུས་གཙང་ཀུན་ན་གྲགས་ཆེ་ཞིང་། །ཨོ་རྒྱན་བསྟན་ལ་ཤིན་ཏུ་ཕན་པ་ནི། །རྟ་དཔོན་


CMR002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཁུར་ལུགས་མ་ཡིས་རྐྱེན་བྱས་ནས། །རྐྱེན་ངན་དགེ་བའི་བསྐུལ་མར་བྱུང་བ་ཡིན། །སྐྱེས་རབས་འདི་ནི་ངན་ངན་འདྲ་ན་ཡང་། །ངན་པ་མ་ཡིན་ཨོ་རྒྱན་བསྟན་ལ་ཕན། །བདུད་སྤྲུལ་ཕན་ཕན་འདྲ་ཡང་བསྟན་ལ་གནོད། །བྱང་ཆུབ་སེམས་དཔའ་གནོད་གནོད་འདྲ་ན་ཡང་། །སངས་རྒྱས་བསྟན་ལ་ཕན་པ་ཡིན་ནོ་ཞེས། །དགོངས་འདུས་འདྲ་མིན་ཤན་འབྱེད་ནང་ནས་གསུངས། །དེ་ཕྱིར་རྟ་དཔོན་བྱང་ཆུབ་སེམས་དཔར་ངེས། །འཇིག་རྟེན་ལས་རྒྱུད་ལེའུ་གསུམ་པའོ།། །།དེ་ནས་རྟ་དཔོན་གར་སྐྱེ་ཤེས་དཀའ་ཡང་། །རྗེས་དཔག་ཚད་མའི་རིགས་པས་ཤེས་པ་སྟེ། །དཔེར་ན་དུ་བ་མཐོང་བས་མེ་ཤེས་བཞིན། །རྟ་དཔོན་རེ་ཞིག་མནར་མེད་དམྱལ་བར་སོང་། །ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་ཐམས་ཅད་མྱོང་། །མཁར་དྲུང་སྐུ་ཚེའི་སྨད་དང་དེ་ཡི་སྲས། །པདྨ་རྒྱལ་པོ་སྐུ་ཚེ་ཐུང་བ་དང་། །མཚོ་སྐྱེས་རྡོ་རྗེ་སྐུ་ཚེ་རིང་བ་དང་། །སྤྲུལ་སྐུ་པདྨ་རྒྱལ་པོའི་ཁྲི་མནན་ཞིང་། །དེ་རྗེས་ཆོས་རྗེ་གྲགས་པ་འཁྲིར་འཁོད་པ། །བླ་རབས་ཕྱེད་ལྔ་ཙམ་ཞིག་སོང་བ་སྟེ། །ལོ་གྲངས་བཞི་བཅུ་ཞེ་ལས་མ་སོང་ཡང་། །བསྐལ་པ་མང་པོར་དམྱལ་བར་བསྡད་སྣང་བྱུང་། །དེ་ཚེ་གཡུལ་ཆེན་གཏུག་


CMR002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་བསད་དང་། །བླ་མར་དམ་ཚིག་ཆག་པའི་སྡིག་སྒྲིབ་རྣམས། །མཐོ་ཁོག་ཙམ་ཞིག་བྱང་བར་གྱུར་པ་ནས། །དམྱལ་བའི་ཚེ་ཚད་ཚང་ནི་མི་དགོས་སོ། །དམ་ཚིག་ཆགས་པའི་བླ་མ་དེ་བཟང་ན། །དེ་ཡི་ཐུགས་རྗེས་འདྲེན་པ་ཆོས་ཉིད་དེ། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་དེ་བཞིན་དམ་ཆོས་དགོངས་གཅིག་ལས། །མནར་མེད་དམྱལ་བར་རྡོ་རྗེ་ཡི། །སྒྲ་སྦྱར་སློབ་དཔོན་མཐུས་ནི་མྱུར་ཐར་འགྱུར། །ཞེས་གསུངས་དེ་བཞིན་རྡོ་རྗེ་འཇིགས་བྱེད་ཀྱི། །སྤྲུལ་པ་མཁར་དྲུང་ཉིད་ཀྱིས་དྲངས་པ་སྟེ། །དེ་ཡི་རྟགས་མཚན་ཆོས་དབང་ཀུན་བཟང་གིས། །རྡོ་རྗེ་འཇིགས་བྱེད་བསྙེན་པ་མ་བྱས་ཀྱང་། །རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲི་ཡི། །སྐུ་གཟུགས་གདུང་རུས་ལ་ནི་བྱོན་པར་སྣང་། །འདི་འདྲ་སྐྱེས་རབས་ངན་པར་མི་སེམས་ཏེ། །ཤཱཀ་ཐུབ་དམྱལ་བར་ལྕགས་བསྲེགས་ཤིང་རྟ་ནི། །འདྲེན་པའི་གྱད་དུ་སྐྱེས་པའི་ལོ་རྒྱུས་བཞིན། །སར་གནས་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བཟང་འབྲེལ་མཆོག་ཡིན་འབྲེལ་པ་མེད་པ་ནི། །ངན་འབྲེལ་ཐོགས་ནའང་འཁོར་བ་མཐའ་ཅན་ཡིན། །འཇིག་


CMR002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་རྒྱུད་ལེའུ་བཞི་པའོ།། །།དེ་ནས་ཡུལ་ནི་ངོམ་སྟོད་གནས་ཀྱི་མདོ། །ཕ་ནི་ཇོ་རུ་སྔོ་མདུང་ཞེས་བྱ་བ། །དམངས་རིགས་ཤ་སྔོ་ཁ་འཚགས་ཞེ་སྡང་ཆེ། །ངོ་དང་བྲང་རྣམས་དྲེད་བཞིན་སྤུ་ཡིས་ཁེངས། །མ་ནི་ཆོས་སྐྱོང་སྐྱིད་ཅེས་བྱ་བ་ཡིན། །བུ་མོ་ཆུ་བྱི་ལོ་པ་གཅིག་ཏུ་སྐྱེས། །མིང་ནི་བོ་ལུ་མ་ཞེས་བྱ་བར་བཏགས། །ལོ་ངོ་གཉིས་ལོན་འགྲོ་ཐུབ་སྨྲ་ཤེས་ཚེ། །རྣ་བའི་རྩ་བར་རྨ་མཛེ་བྱུང་ནས་ཤི། །དེ་དུས་ཕུ་དེར་འབྲུག་པ་རིན་པོ་ཆེ། །ཀརྨ་བསྟན་འཕེལ་ཁྲིད་ཆེན་བཙུགས་ཡོད་པས། །བླ་མཆན་རྟོགས་ལྡན་ལྷུན་གྲུབ་རབ་རྒྱས་སོགས། །མཆེད་གྲོགས་འགའ་ཟུང་འཕོ་འདེབས་མཛད་པའི་དུས། །ཡོན་བདག་འདིར་ལྟོས་འཕོ་བ་ཐེབས་སོང་གསུངས། །སྤྱི་བོའི་སྐྲ་ནི་ཆུན་གཅིག་ལི་བར་སྣང་། །དེ་དུས་མིང་པོ་རཱ་ག་ཨ་སྱ་བདག །བྱིས་སྦ་ལོ་ལྔ་ལོན་པའི་དུས་ཡིན་པས། །ལྟ་རུ་སོང་བས་བུ་མོའི་རོ་དེ་ནི། །ལུས་པོ་ཐམས་ཅད་ཟིལ་པ་ཕྲོལ་མེར་སོང་། །སྤྱི་བོའི་གཙུག་ནས་རླངས་པ་ཇ་རླང་ཙམ། །ཡར་ལ་ཕྱུར་ཕྱུར་འགྲོ་བ་མཐོང་ན་ཡང་། །གཞན་གྱིས་དེ་འདྲ་མཐོང་སྐད་མི་འདུག་གོ །དེ་ནས་བུ་མོའི་རོ་དེ་བསྐྱར་ཚར་ནས། །ཨ་ནུ་སྔགས་འཆང་པདྨ་དབང་དྲག་


CMR002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །མཚར་པོ་ཉི་ཐིག་འདི་ལ་ལྟོས་དང་གསུངས། །ཀུན་གྱིས་བལྟས་ཀྱང་མཐོང་རྒྱུ་མ་བྱུང་སྟེ། །མ་ཀི་ཉི་ཐིག་འདི་ཡི་སྣེ་མོ་ན། །ཡི་གེ་ཨ་ཡིག་དཀར་པོ་ཆེན་པོ་ཞིག །ཨ་ཡི་རྐང་པ་མ་རིའི་ཤིང་གདན་ལ། །ཟུག་ནས་གདའ་བས་ཀུན་གྱིས་ལྟོས་ཤིག་གསུངས། །ནང་མི་ཀུན་གྱི་མཐོང་རྒྱུ་མ་བྱུང་བས། །ཕྱི་ནས་ཁང་པ་འདི་ལ་ལྟོས་ཤོག་གསུངས། །ཕྱི་རུ་རྒྱུག་པས་ལ་ལས་མཐོང་བ་ལ། །ཁང་པ་ལ་ནི་འཇའ་གཅིག་ཟུག་གདའ་ཟེར། །དེ་བས་ཨ་དེ་ཕར་ཕར་བུད་སོང་གསུངས། །དེ་ནས་འཇའ་ཡང་མེད་པར་ཡར་སོང་ངོ། །བུ་མོ་དེ་ཡང་རིགས་བཟང་ཡིན་པ་འདྲ། །ཨ་དེ་བུ་མོའི་རྣམ་ཤེས་ཡིན་འདུག་གསུངས། །བུ་མོའི་རོ་དེ་ཝ་ཡིས་བཏོན་ནས་ནི། །དེ་ལ་བྱ་རྒོད་མང་པོ་འབབས་ཟིན་ཏེ། །འཇའ་ཟུག་གདའ་ཞེས་ཟེར་ཏེ་བདེན་ཤས་ཆུང་། །ཐོད་པ་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་བས། །རྒྱ་གར་ཡུལ་དུ་སོང་ཞེས་རང་གྲོལ་མ། །འགའ་རེས་སྨྲས་པ་ཐོས་ཀྱང་ཅི་ཆ་ཡོད། །རཱ་ག་ཨ་སྱ་ལྕམ་དུ་སྐྱེས་པ་ནི། །བོ་ལུ་མ་ཞེས་བྱ་བར་གྱུར་པའོ། །དེ་དུས་ཨ་མ་མྱ་ངན་ཆེ་བའི་ཕྱིར། །སྐྱེ་སྒོ་ཆོད་ལ་ཐུགས་རྗེ་ཆེན་པོ་ཡི། །ཞལ་ཐང་གཅིག་ཀྱང་


CMR002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུས་ཕྱག་བྲིས་མཛད། །སེམས་ནད་མ་བྱེད་ཁྱེད་ཀྱི་བུ་མོ་ལ། །བུ་གཅིག་འོང་ཡོད་དེ་བས་ཅི་དགོས་གསུངས། །འཇིག་རྟེན་ལས་རྒྱུད་ལེའུ་ལྔ་པའོ།། །།དེ་ནས་རིང་པོར་མི་ཐོག་ཨ་མ་ཡང་། །མྱ་ངན་སེམས་ནད་ཆེ་བའི་སྐབས་དེ་རུ། །བུང་བ་ཆེན་པོ་མཐེ་བོང་ལས་ཆེ་བ། །གཅིག་བྱུང་རྒྱུན་དུ་ཨ་མའི་མགོ་ནས་འཕུར། །ནང་ནུབ་ཐབ་ཀའི་གཉའ་ཡི་ཐལ་བའི་ནང་། །འཕུར་མ་ལྷབ་ལྷབ་བྱེད་ཅིང་འདུག་པ་ལས། །གཞན་ནི་གང་དུའང་མི་འགྲོ་ཨ་མ་ཡི། །མགོ་ལ་སྐོར་བ་བྱེད་ཅིང་འཕུར་བར་བྱེད། །དེ་ནི་རྒྱུན་དུ་ལོ་ངོ་ཙམ་གཅིག་བསྡད། །ཨ་མས་ང་ཡི་བུ་མོ་ཡིན་ཟེར་ནས། །མེ་ལ་འབྲུལ་དོགས་ལི་ལིས་གསོད་དོགས་བྱེད། །མོའུ་འགལ་བུ་ཡིས་མ་ནི་དྲངས་པའི་དུས། །རིམ་པར་སྐྱེ་བ་ཇེ་དྲག་འདྲེན་པ་ལས། །བཙན་ཐབས་འདྲེན་པར་དཀའ་བའི་ལོ་རྒྱུས་ལྟར། །དམྱལ་བ་ལས་ཐར་བུ་མོ་ཚེ་ཐུང་ཞིང་། །དེ་ནས་འབུ་སྲིན་བུང་བའི་ལུས་གྱུར་པ། །འཇིག་རྟེན་ལས་རྒྱུད་ལེའུ་དྲུག་པའོ།། །།དེས་ན་ཀུན་རྫོབ་དོན་དམ་གཉིས་པོ་འདི། །འགལ་འགལ་འདྲ་ཡང་མི་འགལ་ཟུང་དུ་འཇུག །དོན་དམ་ཡས་བབས་དོན་གྱི་དགོངས་པ་ལས། །འགྲོ་དྲུག་ཡི་དམ་


CMR002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ཡང་སྤྲུལ་དུ། །དགོངས་པ་འདུས་པའི་རྒྱུད་ལས་གསུངས་པ་དང་། །མི་རྣམས་ཤ་མདོག་དཀར་སེར་དམར་ལྗང་སྔོ། །རྒྱལ་བ་རིགས་ལྔའི་རིགས་སུ་ངེས་པ་ནི། །ཕ་རྒྱུད་གསང་འདུས་རྒྱུད་ལས་གསུངས་པ་ལྟར། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །ངེས་པའི་དོན་ལ་གུ་རུ་དྲག་པོ་ཡི། །ཕྲིན་ལས་སྤྲུལ་པ་ཡཀཱ་མེ་དབལ་གྱི། །སྤྲུལ་པ་ཡིན་ཅིང་ཐ་མལ་སེམས་ཅན་མིན། །དཔེར་ན་བསྐལ་བཟང་སངས་རྒྱས་སྟོང་རྩ་ཡང་། །སྤྱན་རས་གཟིགས་ཀྱིས་སྤྱན་སྟོང་སྤྲུལ་པ་སྟེ། །འོན་ཀྱང་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡང་། །དམྱལ་བར་སྐྱེས་དང་རི་བོང་ཆུ་སྲིན་སོགས། །མ་དག་སྐྱེ་བ་དུ་མ་བླང་ཚུལ་བསྟན། །དེ་བཞིན་བླ་མ་ཆོས་དབང་ཀུན་བཟང་ཡང་། །ཨོ་རྒྱན་ཆེན་པོའི་ཞལ་མཐོང་སྨོན་ལམ་ཐེབ། །འཇམ་པའི་དབྱངས་ཀྱིས་བྱིན་རླབས་ཅུང་ཟད་ཞུགས། །དེ་ཡི་ནུས་པས་རྒྱ་ནག་རྒྱལ་པོར་གྱུར། །རྒྱལ་པོ་དབང་ཆེ་གཞན་ལ་བརྙས་ཆོས་བྱས། །བསྟན་པའི་སྦྱིན་བདག་དགེ་འདུན་རྟེན་མཆོད་བསྐུར། །དེ་གཉིས་ལས་འབྲས་བླ་མ་གཉོམ་ཆུང་ལ། །གུར་དྲག་འགྲུབ་པའི་ནུས་མཐུ་ཅན་དུ་གྱུར། །སྐྱེ་བ་དེ་གཉིས་ཚོགས་ཀྱང་བསགས་པ་དང་། །རྒྱལ་


CMR002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྐྱེས་པའི་རྒྱུ་མཐུན་འབྲས་བུ་ཡིས། །མོར་ཐང་རྟ་དཔོན་བཙན་དྲག་ཅན་དུ་གྱུར། །དེ་ཡི་གཡུལ་གཏུག་མི་མང་བསད་པ་དང་། །བླ་མ་ཉིད་ལ་དམ་ཚིག་ཆག་པ་ཡིས། །རྣམ་སྨིན་འབྲས་བུ་མནར་མེད་དམྱལ་བར་ལྷུང་། །བླ་མ་མཁར་དྲུང་ས་ཐོབ་སེམས་དཔའ་དེས། །བསྒྲལ་བས་མ་དྲངས་ན་ནི་དམ་ཚིག་ཉམས། །དེ་ཕྱིར་ཡུན་རིང་མ་འགོར་ཡར་ལ་དྲངས། །འོན་ཀྱང་བླ་མའི་མ་ཇོ་འབགས་པ་དེས། །ཕོ་ལུས་མ་ཐོབ་བུ་མོའི་ལུས་སུ་གྱུར། །སྔོན་ཚེ་སྲོག་བཅད་མང་བའི་དབང་གི་འབྲས། །བུ་མོ་ཡུན་རིང་མ་ཐོག་ཤི་བར་གྱུར། །རྩ་བའི་བླ་མ་བསོད་ནམས་བཀྲ་ཤིས་ལ། །ཚེ་སྨད་མ་དད་སྐུར་པ་བཏབ་པ་ཡིས། །རྣམ་སྨིན་དུད་འགྲོ་བུང་བའི་ལུས་སུ་གྱུར། །དེ་ལྟར་མི་དགེའི་ལས་འབྲས་རེ་རེས་ཀྱང་། །ལུས་ངན་ལྔ་བརྒྱ་བརྒྱུད་མར་ལེན་དགོས་ཀྱང་། །འཕོ་བ་ཐེབས་པའི་བྱིན་རླབས་ནུས་པ་ཡིས། །ད་རེས་མི་ལུས་ཆོས་དང་ལྡན་པར་སྐྱེས། །སྔོན་ཚེ་རྒྱ་ནག་དང་ནི་མར་ཐང་གིས། །དཔོན་དུ་གྱུར་པའི་རྒྱུ་མཐུན་འབྲས་བུ་ཡི། །ད་རེས་ཀུན་གྱིས་འཇིག་རྟེན་མཁས་ཟེར་བས། །གང་སྨྲས་ཚིག་ལ་རྩི་འཇོག་ཡོད་པ་བྱུང་། །སྔོན་ཚེ་སྔགས་པ་མཐུ་ཡིས་བསྒྲལ་


CMR002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །སྔགས་པའི་སྨོན་ལམ་ངན་པའི་ལས་འབྲས་ཀྱིས། །གྲིབ་ཁ་རྡར་ཞིང་སྲིའུ་ལྟར་དུ་བརྩེད། །ནུས་པ་ཅན་གྱིས་མཐུ་གཏད་ཞབས་སོང་ནས། །སྐྱེ་བ་བདུན་བརྒྱུད་བར་དུ་གནོད་གསུངས་ལྟར། །ཆོས་རྗེ་མཁར་པས་མཐུ་གཏད་ཤེས་ཚད་བྱས། །དེ་ཡི་འབྲས་བུ་སྐྱེ་བ་ད་རེས་འདིར། །སུ་ལ་གནོད་མ་བསྐྱལ་ཡང་བྱད་ཁས་གནོད། །རྒྱ་ནག་རྒྱལ་པོར་སྐྱེས་དུས་རྒྱ་འཇང་ཁྲིམས། །ཅུང་ཟད་བཀའ་བཀྱོན་ཕོག་པའི་མི་རྣམས་ལ། །ཉེར་སྦྱོང་བཙུགས་ཞེས་ཤིང་ལྕགས་ཕྲའུ་ཡིས། །སྟོང་ཕྲག་གྲངས་ཀ་བརྡུངས་ནས་ཤི་ལ་ཁད། །མ་ཤི་ཙམ་རེ་བྱེད་པའི་སྲོལ་ཡོད་པས། །དེ་ཡི་རྣམ་སྨིན་ཚེ་འདིར་ནད་མང་ཞིང་། །ལོ་རེ་བཞིན་དུ་མ་ཤི་ཙམ་རེ་ན། །སྔོན་ཚེ་ཨོ་རྒྱན་ཞལ་མཐོང་སྨོན་ལམ་གྱིས། །སྔོན་དང་ད་རེས་སྐྱེ་བ་གཉིས་དེ་ལ། །གུ་རུ་དྲག་པོའི་སྒྲུབ་པ་ཡོངས་སུ་ཐེམས། །བླ་མར་སྐྱེས་དུས་སྡོམ་པ་སྲུང་བའི་འབྲས། །ད་རེས་མི་ལུས་ཤེས་རིག་བཀྲ་བ་ཐོབ། །རྒྱལ་པོར་གྱུར་དང་དཔོན་གྱི་ཚེ་སྟོད་ལ། །བསྟན་པ་དགེ་འདུན་ཆག་ཕྱིར་བསྙེན་བཀུར་བས། །ད་རེས་བསྟན་དང་མཇལ་ཞིང་དམ་ཆོས་སྤྱོད། །རྟ་དཔོན་སྐྱེས་དུས་གཡུལ་གཏུག་མི་མང་


CMR002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསད། །རྣམ་སྨིན་ལྷག་མས་ད་རེས་ཚེ་ཐུང་གྱུར། །ལས་ཀྱི་འབྲས་བུ་ཕྲ་ཞིབ་དགེ་སྡིག་འབྲས། །ཤ་རིའི་བུ་དང་མོའུ་འགལ་བུ་ལ་སོགས། །མངོན་ཤེས་ལྔ་ཐོབ་རྣམས་ཀྱིས་མི་ཤེས་ཏེ། །རྫོགས་པའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་གསུངས། །དེ་ཕྱིར་བདག་གིས་ཤེས་པ་ག་ལ་སྲིད། །འོན་ཀྱང་རྗེས་དཔག་ཚད་མས་གསལ་བ་སྟེ། །ཆུ་སྐྱལ་ལ་ནི་ཆུ་ཤེས་ཇི་བཞིན་དུ། །ཐུབ་པས་གསུངས་པའི་མདོ་འདུལ་མངོན་པའི་གཞུང་། །དེ་དག་རྣམས་ལ་དཔང་པོ་བྱས་ནས་བཤད། །གལ་ཏེ་འགལ་དང་འཁྲུལ་པ་གྱུར་སྲིད་ན། །ཀུན་མཁྱེན་རྒྱལ་བ་རྣམས་ཀྱི་དྲུང་དུ་བཤགས། །སྐྱེ་བ་མང་པོའི་བཟང་ངན་ལས་ཀྱི་ལྷག །ད་རེས་སྐྱེ་བ་གཅིག་ལ་སྨིན་པའི་ཚུལ། །མཐོང་ཆོས་མྱོང་གྱུར་ལས་འབྲས་ཞེས་བྱ་སྟེ། །དེ་ནི་སུས་ཀྱང་བཅོས་སུ་མེད་པའི་ཕྱིར། །ཐུབ་པས་གཟུངས་སྔགས་ཀུན་གྱི་ཕན་ཡོན་ལའང་། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་སོ། །གསུངས་ཕྱིར་ཚེ་སྒྲུབ་ཚེ་དབང་ལ་སོགས་ཀྱིས། །ཚེ་ཡང་བསྲིང་བར་ནུས་པར་མ་གྱུར་ཏེ། །འོན་ཀྱང་ཞེ་དྲུག་སྟག་ལོར་ཐུ་མོར་བསྐུང་། །དེ་ལོ་འདས་རྒྱུ་ཡིན་པར་འདུག་པའང་། །ལོ་ངོ་ལྔ་བར་རིམ་གྲོས་བསྲིང་བར་སྣང་། །དེ་དོན་


CMR002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །གླང་ལོ་རྒྱབ་བར་སྐུ་ཚེ་བརྟན། །དེ་ནི་ཆོས་དབང་ཀུན་བཟང་ངོ། །དེ་སྐད་ལུང་བསྟན་བྱ་ལོར་བྱུང་། །གླང་ལོ་རྒྱབ་ཅེས་གསུངས་པ་དེ། །ལོ་སྐོར་རྒྱབ་མ་ཡིན་སྙམ་ཡང་། །ཕག་གི་ལོ་ནས་བཅུ་སྐོར་རྫོགས། །དེ་ཕྱིར་སྟག་ལོ་ཡིན་པར་སྣང་།། ཨོཾ༔ ཧེ་ཧེ་ལགས། རྣམ་འཇོམས་ཁྲི་མཇུག་སྔགས་འདི་སྦྱར། ཨོ་རི་འབེ་ཏེ། རོ་འབེ་ཏེ། མ་མ་ཀུ་རུ་ཡེ་སྭཱ་ཧཱ། ལོ་མ་ཅན་ནི་ཁྲི་ཙམ་བཟླས། །དེ་བཞིན་སྔོན་གྱིས་སྨྲས་རྣམས་བྱ། །སྔོན་དུས་སྨྲས་པ་དེ་བཞིན་ནོ། །དེ་བས་བྱ་ཐབས་ཅི་མ་མཆིས། །དེ་སྐད་མགོན་པོ་ཕྱག་དྲུག་པ། །སྤྲུལ་སྐུའི་ཞལ་གཟིགས་ཆོས་གསུང་སྐབས། །ཆོས་དབང་ཀུན་བཟང་དུས་རྒྱུན་དུ། །ན་བ་འདི་ལ་ཕན་པ་ཡི། །སྔགས་དང་གདམས་པ་གནོང་ཞུས་པས། །ཕྱག་དྲུག་མགོན་པོའི་དངོས་སུ་གསུངས།། ཨོྃ༔ ན་མོ་ལོ་ཀེ་ཤྭ་ར་ཡེ། ཆོས་དབང་ལ་ནི་ནད་སྣ་གསུམ། །དུག་རྒྱུ་ཚད་རྒྱུ་བད་ཀན་རྒྱུ། །དུག་རྒྱུ་ལ་ནི་རྣམ་འཇོམས་ཁྲི། །ཚེ་དཔག་མེད་ཀྱང་ཁྲི་བརྗོད་དོ། །ཚད་རྒྱུ་ལ་ནི་ལོ་ཅན་སྟོང་། །ཁམས་བཟློག་བྱས་ན་ཕན་པའོ། །བད་ཀན་ལ་ནི་ཚེ་དཔག་ཁྲི། །ཐུབ་པ་གཅིག་


CMR002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་གཅིག་སྟོང་བརྗོད། །དེ་ཡིས་ནད་དེ་སེལ་བར་འགྱུར། །ལོ་རེ་རེ་རེ་ཙམ་ན་སྲིད། །གཏན་ནས་ནད་དེ་ཕན་མི་འགྱུར། །དེ་ནི་སྔོན་ལས་ཡིན་པའི་སྟབས། །ཞེས་པ་ཆོས་དབང་ཀུན་བཟང་འདི། །རྒྱུན་དུ་ན་བ་ཅིས་ཕན་ཞུས། །དེ་ཚེ་ཐུགས་རྗེ་ཆེན་པོ་ནི། །འགྲོ་འདུལ་ཞལ་གཟིགས་དངོས་སུ་གསུངས། །ཁམས་བཟློག་སྤར་ཁའི་སྐག་ཟློག་ཡིན། །ལོ་ཅན་ལོ་མ་ཅན་ཡིན་གསུངས། །མེ་སྤྲེལ་སྦྲུལ་ཟླའི་བཅུ་བཞི་ལའོ།། ཨོྃ༔ ན་མོ་ཤཱཀྱ་མུ་ནེ་ཡེ། དྷརྨ་ཏ་ལ་བདག་གི་འཁོར། །པ་ཤང་ཡེ་ནས་ཨཱ་ཡུ་རིང་། །ལ་ན་ཤིན་ཏུ་རྒྱུག་ནུས་འབྱུང་། །འོ་འོ་ཨཱ་ཡུ་རིང་བ་ལ། །མེ་སྤྲེལ་སྦྲུལ་ཟླའི་ཚེས་དགུ་ལ། །ཆོས་དབང་ཀུན་བཟང་ཚེ་རིང་ཐུང་། །མི་འགྱུར་རྡོ་རྗེ་ལ་ཞུས་པས། །དེ་མ་ཐག་ཏུ་ནམ་མཁའ་ནས། །ཤཱཀྱ་ཐུབ་པ་བཞེངས་ཐབས་ཅན། །ཕྱག་གཡས་པད་སྟེང་པོ་ཏི་དང་། །གཡོན་པས་དྲིལ་བུ་འཛིན་པ་གཟིགས། །དེ་ཡི་ཞལ་ནས་གསུངས་པའོ། །མེ་སྤྲེལ་དབོ་ཟླའི་བཅོ་ལྔ་ལའོ། །དེ་ལྟར་རིམ་གྲོ་གསུངས་པ་ཀུན། །གནམ་ཆོས་ལུགས་ཀྱི་རྣམ་འཇོམས་དང་། །ཚེ་དཔག་ལོ་མ་ཅན་དང་ནི། །ཁམས་ཀྱི་སྐག་ཟློག་ལ་སོགས་པ། །ཆོས་དབང་ཉིད་ཀྱི་


CMR002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་དགོས་ཏེ། །གཞན་གྱིས་བཏོན་པས་མི་ཕན་ཀྱང་། །བླ་མ་ཆོས་དབང་ཀུན་བཟང་ཉིད། །སྐྱེ་བ་སྔོན་ནས་ནམ་དུ་ཡང་། །ད་ལྟའི་གཏེར་སྟོན་རྣམ་གཉིས་དང་། །འབྲེལ་པ་གཅིག་ཀྱང་མེད་འདུག་པའི། །སྤྲུལ་སྐུས་ཀྱང་ནི་ཆོས་དབང་གི །སྐྱེས་རབས་མང་པོ་མི་དྲན་ཅིང་། །ཆོས་དབང་ཀུན་བཟང་ཉིད་ཀྱིས་ཀྱང་། །ལོག་ལྟ་གཤེ་སྐུར་མེད་ན་ཡང་། །དེང་སང་གཏེར་སྟོན་རྣམ་གཉིས་ལ། །སྙིང་ནས་དད་པ་མེད་པའི་ཕྱིར། །གནམ་ཆོས་ས་ཆོས་གཏེར་གསར་རིགས། །འདོན་ཅིང་ཐུགས་དམ་ལྟ་ཅི་སྨོས། །གནམ་ཆོས་བྱུང་ནས་ལོ་བཅུ་གཅིག །པོ་ཏི་བཅུ་གསུམ་ཡོད་པ་འདི། །པོ་ཏི་ལག་ཏུ་ལེན་མ་མྱོང་། །དད་པ་མེད་ཀྱང་མཚར་འདོད་ཀྱི། །དཔེ་ལྟས་ཙམ་ཡང་བྱེད་སྲོལ་མེད། །གཏེར་སྟོན་གཉིས་པོའི་ལོ་རྒྱུས་དང་། །རྣམ་ཐར་བཤད་ན་གཉེམ་སྣང་བྱེད། །དེ་ཡིས་རྟེན་འབྲེལ་མ་ལེགས་པས། །རྟགས་ཅིག་བདག་གིས་རྨི་ལམ་གསལ། །ཁོང་དང་ང་འཐབ་ང་མ་དགའ། །ཁྱོད་ཀྱིས་གནམ་ཆོས་ལོག་ལྟ་བྱས། །ང་དང་དམ་ཚིག་ཆག་སྨྲས་རྨིས། །དེ་ནས་དེ་ཡི་ལོ་རྒྱུས་བཤད། །འོ་ན་ཐམས་ཅད་ཞུའོ་ཟེར། །གནམ་ཆོས་དཔེ་བླངས་འདས་


CMR002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དུས། །བླངས་ནས་དེ་ཡི་དབང་འགའ་བྱས། །དེ་ནུབ་ཆོས་དབང་ནད་ཕན་ནས། །སྒོ་ནི་ཕྱི་ནས་ཡར་ལྟ་ཞིང་། །གནམ་ཆོས་པོ་ཏི་ལ་བལྟས་ནས། །ཡཱ་ང་འདྲེས་ཚར་ནས་གདའ། །ཟེར་བ་རྨིས་པས་འཕྱིས་ཐལ་ནས། །དེ་བས་ཕན་པ་མེད་པར་གོ །བདུད་འདུལ་རྡོ་རྗེ་ཕེབས་སྐབས་སུ། །ཆོས་དབང་ཀུན་བཟང་བསྙུང་ཡོད་པས། །ཐུགས་དམ་དགོངས་པ་ཞུས་པ་ལ། །བསྙུང་ཞེན་འདྲ་འདས་གྲོངས་མི་འོང་གསུངས། །དེ་ཡང་ལོ་ལྔ་ཐིག་པར་བྱུང་། །འོན་ཀྱང་བདུད་འདུལ་གཏེར་ཁ་ལས། །དད་པ་མེད་པས་ལྟ་མི་འདོད། །ཞུ་དང་ཉམས་ལེན་ལྟ་ཅི་སྨོས། །ལས་འབྲེལ་མེད་པའི་དོན་ཡིན་ཀྱང་། །ཚེ་འདི་ཕྱི་མ་བར་དོ་གསུམ། །ཨོ་རྒྱན་མ་གཏོགས་རེ་ས་མེད། །བསྒྲུབ་རྒྱུ་མཆོད་རྒྱུ་བསྙེན་སྒྲུབ་རྒྱུ། །ཨོ་རྒྱན་ཁོ་ན་བྱེད་བཞིན་དུ། །ཨོ་རྒྱན་ཉིད་ཀྱི་སྐུ་ཚབ་ཏུ། །ཨོ་རྒྱན་ཉིད་ཀྱི་ཕོ་ཉ་བ། །སྙིགས་དུས་ཨོ་རྒྱན་ཁོ་རང་གིས། །སྔོན་དུས་གཏེར་ཁ་མང་པོ་ནས། །ལུང་བསྟན་གསལ་བ་ཤེས་བཞིན་དུ། །དེ་ལ་མི་དད་ཐེ་ཚོམ་གྱིས། །གནམ་ཆོས་ས་ཆོས་གསར་པ་ལ། །མི་དགའ་འདྲེས་དོགས་བྱེད་པ་འདི། །རྟེན་འབྲེལ་ཆེན་པོ་འཁྱུག་འདུག་སྟེ། །


CMR002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐབས་ཅི་ཡང་མ་རྙེད་དོ། །དེ་དོན་གོང་གི་ལུང་བསྟན་ལས། །ཧེ་ཧེ་ལགས། གསུངས་པ་ཡང་དད་པ་མེད་པ་ཡིས། །གསུངས་བཞིན་མི་བྱེད་ཟེར་བའི་དན། །ཐུབ་པ་བཞེངས་པ་ཞལ་གཟིགས་ནས། །འོ་འོ་ཨཱ་ཡུ་རིང་བ་ལ། །གསུངས་པ་སྐུ་ཚེ་མི་རིང་བའི། །རྟག་ཏུ་མི་སྐྱ་གཏམ་གྱིས་ཚུལ། །ཡིན་པར་འདུག་པ་སླ་ནས་གོ །གལ་ཏེ་རིམ་གྲོ་རྣམས་བྱས་ཀྱང་། །ལོ་རེ་རེ་ཙམ་ཕན་སྲིད་ཀྱང་། །གཏན་ནས་ནད་དེ་ཕན་མི་འགྱུར། །དེ་ནི་སྔོན་ལས་ཡིན་པའི་སྟབས། །གསུངས་པ་སྔོན་དུ་བཤད་པ་ཡིས། །ལས་འབྲས་གཡུལ་གཏུག་ཚབས་ཆེའི་དོན། །ལས་འབྲས་བསླུ་བ་མེད་པ་དང་། །མཐོང་ཆོས་མྱོང་དགོས་ལས་དེ་ལ། །སུས་ཀྱང་བཅོས་རྒྱུ་མེད་པའི་ཚུལ། །ཐུབ་པས་སྡེ་སྣོད་རྣམས་སུ་གསུངས། །དེ་ཕྱིར་བླ་མ་ཆོས་དབང་ཡང་། །མཚམས་སྒྲུབ་ཐུགས་དམ་རེམ་པ་དང་། །དབང་བརྒྱ་མང་དུ་ཞུས་པ་དང་། །ལོ་དུས་བཞིན་དུ་སྐུ་རིམ་ནི། །རྒྱ་ཆེན་བྱས་ཀྱང་མ་ཕན་དང་། །དེ་བཞིན་ལྷ་རྗེ་མང་པོ་ཡིས། །བཅོས་ཀྱང་ཕན་རྒྱུ་མ་བྱུང་བས། །ཚེ་སྔོན་སྲོག་བཅད་མང་བའི་སྐྱོན། །ལྷ་དང་བཀའ་སྲུང་མཁའ་འགྲོ་ལའང་། །བྱིན་རླབས་མེད་


CMR002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ལོག་ལྟ་དང་། །དེ་བཞིན་སྨན་དཔྱད་རིམ་གྲོ་ལ། །བདེན་པ་མེད་ཅེས་སྨད་མི་རུང་། །ལས་འབྲས་བསླུ་མེད་དེ་མཐོང་ནས། །སྡིག་པ་ཆུང་ཡང་འཛེམ་པར་བྱ། །ཆོས་དབང་འདས་པས་ཡི་མུག་ནས། །ཉ་མཚམས་བརྒྱད་སོགས་བཀའ་སྲུང་གི །གསོལ་ཀ་རྒྱས་པ་སྐྱུར་བསམ་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་སྐབས། །རང་གིས་བསོད་ནམས་ཀྱིས་མ་ཕེར་བ་ཡིན། །བཀའ་སྲུང་རྣམས་ཀྱིས་མ་ཕེར་པ་སྤུ་ཙམ་ཡང་མེད། །ཟེར་བའི་ལུང་བསྟན་གསལ་བར་བྱུང་། །དེ་ཡན་ཆོས་དབང་ཀུན་བཟང་གིས། །སྐྱེ་བ་སྔ་མའི་ལོ་རྒྱུས་ཏེ། །མདོ་རྒྱུད་དགོངས་པ་དང་མཚུངས་པར། །ལས་འབྲས་བསླུ་བ་མེད་པ་ཡི། །སྤྱི་ཡི་ས་བཅད་གསུམ་པའོ།། ༈ །།དེ་ནས་བླ་མ་ཆོས་དབང་ཀུན་བཟང་གི །སྐྱེ་བ་འདི་ཡི་རྣམ་ཐར་བཤད་ན་ཡང་། །ས་བཅད་ལ་སོགས་བྱས་ན་མང་ན་ཡང་། །མདོར་བསྡུས་ཙམ་ཞིག་གོ་བདེའི་ཚིག་གིས་བརྗོད། །མི་འགྱུར་རྡོ་རྗེ་སྐུ་ན་ཕྲ་བའི་སྐབས། །རཱ་ག་ཨ་སྱས་ང་ཡི་སྲིང་མོ་ནི། །བོ་ལུ་མ་ཞེས་བྱ་བ་ཤི་བ་དེ། །བུང་བའི་ལུས་བླང་དེ་ཡི་སྐྱེ་བ་དེ། །བླ་མ་ཆོས་དབང་ཀུན་བཟང་ཡིན་ནམ་སྙམ། །ཨ་ནུས་གསུངས་དང་རང་གྲོལ་འགའ་རེས་སྨྲས། །


CMR002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རེད་དམ་མ་རེད་གསུངས་དགོས་ཞུས། །སྤྲུལ་སྐུ་སྐུ་ན་ཆུང་ཡང་བསམ་པ་རྒནཾ། །ཆོས་དབང་ཀུན་བཟང་བླ་མ་ཆེན་པོར་བརྩི། །བུ་མོ་འབུ་སོགས་ཡིན་གསུངས་མ་བདེ་ནས། །ཐུགས་བསམ་བཏང་ཞིང་ཞལ་ཡང་སྐྱེངས་ཚུལ་མཛད། །ཡིན་མིན་ཅི་ཡང་མི་གསུང་བཞད་ཅིང་བཞུགས། །མ་གསུང་གནད་ཀྱིས་དོན་ལ་ཡིན་པར་གོ །དེ་ནས་སྐྱེ་བ་འདི་ཡི་རྣམ་ཐར་ལ། །སྐྱེ་བའི་ཡུལ་དང་རིགས་རུས་ཡབ་དང་ཡུམ། །བྱིས་སྦའི་སྐབས་དང་བསྟན་ལ་ཞུགས་པའི་ཚུལ། །ཐོས་བསམ་སྦྱངས་དང་བླ་མ་བསྟེན་པའི་ཚུལ། །ཉམས་སུ་བླངས་དང་དེ་ཡི་རྟགས་མཚན་རྣམས། །འགྲོ་དོན་མཛད་དང་བསོད་ནམས་ཚོགས་བསགས་ཚུལ། །འདས་པའི་རབས་དང་དེ་ཡི་རྟགས་བྱུང་ཚུལ། །དེ་ལྟར་ས་བཅད་སྐབས་དོན་བཅུ་གཉིས་སོ། །སྐྱེ་བའི་ཡུལ་ནི་རྫོགས་པའི་སངས་རྒྱས་ཀྱི། །ལུང་བསྟན་གདོང་དམར་བོད་ཀྱི་ཡུལ་ཞེས་པར། །མདོ་ཁམས་གླིང་ཁྲི་བར་མ་ངོམ་གྱི་ཡུལ། །དེ་ཡི་སྟོད་ཆ་གནས་མདོ་ཞེས་བྱ་སྟེ། །རིན་པོ་ཆེ་པ་དཀོན་མཆོག་དཔལ་འབྱོར་གྱིས། །ཆོས་དབང་ཀུན་བཟང་ཉིད་ལ་གསུང་གླེང་དུས། །ཁྱོད་ཀྱི་ཕ་ཡུལ་དེ་ལ་ཅི་མིང་གསུངས། །གནས་མདོ་


CMR002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཞེས་ཞུས་པས་ཕུ་དེ་རུ། །གནས་གཅིག་ཡོད་པ་འདྲ་བ་ཡོད་དམ་གསུངས། །གནས་མདོའི་ས་ཡི་མིང་རེད་ཞུས་པའི་ཚེ། །ཁྱོད་རང་རྣམས་ཀྱི་ངོ་མ་ཤེས་པ་ཡིན། །གནས་གཅིག་ཡོད་པའི་དོན་ཡིན་གསུངས་པ་ལྟར། །ཆུ་བོ་གསེར་ལྡན་དལ་གྱིས་འབབས་པའི་འགྲམ། །ལམ་འཕྲེང་གྲུ་གསུམ་དབུས་ནི་ས་གྲུ་གསུམ། །ཤིང་གསུམ་རྡོ་གཉན་གསུམ་དང་གནམ་གྲུ་གསུམ། །རང་བྱུང་ཕག་མོའི་དཀྱིལ་འཁོར་འདྲ་བ་ཡི། །ལྟེ་བ་འདྲ་བའི་གཏན་ཟུག་ཕ་ཝང་རྩར། །མེ་མོ་སྦྲུལ་ལོ་ཆོ་འཕྲུལ་ཟླ་བ་ཡི། །ཡར་ངོའི་ཚེས་བརྒྱད་ནམ་མཁའ་ལངས་དུས་འཁྲུངས། །དེ་ཕྱིར་མིང་ལ་ནམ་ལངས་ཞེས་བྱར་བཏགས། །ལས་ཀྱི་ཕ་ནི་དམངས་རིགས་ཇོ་རུ་སྟེ། །དེ་ཡི་ཁྱིམ་སྐྱེས་དེ་ཡི་བུ་རུ་འཛིན། །ལུས་ཀྱི་ཕ་ནི་རིག་སྔགས་འཆང་བ་ཡི། །ཨ་ནུ་པདྨ་དབང་དྲག་ཡིན་པ་སྟེ། །ཇོ་རུ་ནད་ཕོག་ཤི་ལ་ཁད་ཀྱི་དུས། །ཨ་ནུ་ཡུལ་བུད་ཤག་ནས་འགྲོ་ཁ་ལ། །ནམ་ལངས་འགྲོ་དགོས་གསུངས་པས་ང་མི་འགྲོ། །ང་ཡི་ཕ་རྒན་འཆི་ལ་ཁད་ཞུས་པས། །ཁྱོད་ཀྱི་ཕ་ནི་ཇོ་རུ་གཏན་ནས་མིན། །ཁྱོད་ཀྱི་ཕ་ནི་ཁོ་བོ་ཡིན་ངེས་པས། །ཁྱོད་མ་སོང་ན་ང་ཡང་འགྲོ་ཐབས་མེད། །ང་མ་སོང་ན་རིན་རྒྱལ་


CMR002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཐབས་མེད། །རིན་རྒྱལ་མ་ཐར་ན་ནི་རི་བོ་ཆེས། །རིན་རྒྱལ་སྐེ་གཅོད་མིག་བྲུལ་བྱེད་རྒྱུར་སྣང་། །གསུངས་པས་ཨ་ནུ་ཕ་བྱས་ཇོ་རུ་སྒྱུར། །སོང་བའི་ཤུལ་དུ་ཇོ་རུ་ཚེ་དུས་བྱས། །ཨ་ནུ་པད་དབང་དེ་ཡི་ཡབ་བཙན་ཕྱུག །ད་ལྟ་ཁོ་བོ་ཡབ་ལ་ཤ་མཚན་ནི། །ལྟག་པར་རུས་འབུར་ཤ་མཚན་ཡོད་པ་དང་། །སྐུ་ནི་གཡས་འཁྱིལ་རྣམས་ནི་ཆོས་དབང་ལ། །གསལ་བར་འདུག་པ་ཡང་ནི་བདག་གིས་མཐོང་། །དེ་ཕྱིར་རིགས་ནི་རྒྱལ་རིགས་ཡིན་པ་སྟེ། །ངོམ་པ་སྡོང་ཚང་ལྷ་གདོང་དཀར་པོ་ཞེས། །རྒྱ་གར་མང་པོས་བཀུར་བའི་རྒྱལ་པོ་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྡེ་ལྔ་དང་། །དེ་ཡིས་རྒྱུད་ལས་ཤཱཀྱའི་རིགས་གསུམ་གྱིས། །ཤཱཀྱ་ལི་ཙ་བྱི་ཡི་རིགས་གྱུར་པའི། །གཉའ་ཁྲི་བཙན་པོ་སོགས་ཀྱི་རྒྱལ་པོ་བཞི། །དེ་རྒྱུད་སྲོང་བཙན་ཁྲི་སྲོང་ལ་སོགས་པ། །ཆོས་རྒྱལ་མེས་དབོན་སྤྲུལ་པའི་རྒྱལ་པོའི་རྒྱུད། །བཙན་པོ་འོད་སྲུང་ནས་བཟུང་མངའ་རིས་བྱུང་། །དེ་ཡི་རྒྱུད་པ་ཁམས་སུ་བྱོན་པ་ལས། །སྤོམ་ར་གདོང་ཞེས་ངོམ་སྨད་ས་ཆ་བཟུང་། །དེ་རྒྱུད་དྲག་ནག་རྒྱ་ནག་ལས་ཀ་བླངས། །དེ་རྒྱུད་མཁའ་སྤྱོད་པ་ཞེས་སྒ་ལོ་ཡིན། །སྐུ་སྐྱེ་སྐུ་ལུས་མ་བཞག་མཁའ་


CMR002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཤེགས། །དེ་སྲས་སྒམ་པོ་པ་དང་བྱ་བྲལ་པ། །དྲུང་ཆེན་གོང་འོག་གསུམ་གྱི་གྲུབ་ཐོབ་སྟེ། །ལྷ་རྒོད་རྒྱལ་དང་དབང་ཕྱུག་རྒྱལ་མཚན་དང་། །མགོན་པོ་རྒྱལ་དང་བཙན་ཕྱུག་པད་དབང་སྟེ། །དེ་རྣམས་སྔགས་ཀྱི་ཉམས་ལེན་བརྩོན་པ་དང་། །རྟེན་དང་རིང་བསྲེལ་བྱོན་པ་ཤ་སྟག་གོ། །དེ་ཕྱིར་བླ་མ་ཆོས་དབང་ཀུན་བཟང་ཡང་། །རྟེན་ཤུགས་ཆེ་བར་བྱོན་པ་གདུང་རྒྱུད་དོན། །དེ་མིན་ཐུགས་དམ་རིམ་དང་མཚམས་སྒྲུབ་ལ། །མི་ཚེ་བསྐྱལ་བའི་བླ་མ་འགའ་ཞིག་གིས། །གདུང་བཞུ་བ་ལ་རཱ་ག་ཨ་སྱ་བདག །ཕྱིན་ཀྱང་རྟེན་དེ་འོས་ཙམ་ལས་མི་འབྱོན། །གསང་བ་བྱིན་རླབས་ཕ་ནི་བྱ་རོག་གདོང་། །ཡིན་པ་ཨ་མ་རེ་ནེ་དགོན་སོང་དུས།།བུ་གཉིས་འོང་བའི་རྨིས་ལྟས་གསལ་བ་དང་། །མི་སྔོན་བྱ་རོག་མཆུ་ཅན་གཅིག་བྱུང་ནས། །གོས་རྒྱབ་རེ་ཚལ་བཀོག་ནས་དོར་རྨིས་སྐད། །མ་ཡི་མིང་ནི་རི་བཟའ་ཆོས་སྐྱོང་སྐྱིད། །སྐྱེ་བའི་ཡུལ་དང་ཡབ་ཡུམ་རིགས་དང་རུས། །མདོར་བསྡུས་བརྗོད་པས་ས་བཅད་གསུམ་ཚང་ངོ། །དེ་ནས་བྱིསྦའི་དུས་སུ་བ་གཅིག་གིས། །མིག་ཡ་རྭ་ཅོ་བརྒྱབ་ནས་མིག་ལོང་བས། །ནམ་ལངས་བ་ལོང་ཞེས་བྱ་རེ་ཞིག་ཐོགས། །དེ་ནས་ལོ་གྲངས་ལྔ་


CMR002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འམ་དྲུག་གི་དུས། །རཱ་ག་ཨ་སྱས་བྲིས་པའི་ཁྲོ་བོའི་སྐུ། །སབ་མའི་ངོས་སུ་ཡོད་པ་དེ་ཉིད་ལ། །མེ་ལྕེ་ལྷབ་ལྷབ་འབར་བ་དངོས་སུ་མཐོང་། །དེ་ནས་ལོ་གྲངས་བརྒྱད་དམ་དགུ་ཡི་དུས། །རཱ་ག་ཨ་སྱས་སྐྱེས་བུའི་བསྙེན་སྒྲུབ་ལ། །ཟླ་བ་གཅིག་ཙམ་དམར་ནག་གཉིས་ཀ་བསྒྲུབས། །སྒྲུབ་རྟེན་སྐུ་འདྲ་མཆོད་ཁང་ནང་དུ་བཤམས། །ནུབ་གཅིག་གསོལ་ཀ་རྒྱས་པར་བྱས་པའི་རྗེས། །བྱིས་སྦ་ནམ་ལངས་རང་གིས་མཆན་དེར་ཉལ། །ནམ་ཕྱེད་ཙམ་ལ་ཨ་ཕོ་ཨ་ཟད་ཟེར། །གཅེར་བུར་ལངས་ནས་ང་ཡི་རུམ་དུ་བྲོས། །ཅི་ཡིན་སྨྲས་པས་ཡ་ཀི་མདུན་འདི་ན། །དམ་ཅན་མགར་དམར་སྐུ་འདྲ་དེ་འདྲ་བ། །སྐུ་འདྲ་མ་རེད་ཆེ་ཆུང་མི་བས་ཆེ། །བེར་དམར་གསོལ་ཞིང་སེངྒེ་གཡུ་རལ་ཆིབས། །བེར་དམར་སྟག་རལ་གཟིག་ཤུབས་བསེ་ཐེབ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་སེར་ཆ་ལེ། །ནམ་མཁར་ཕྱར་ཞིང་གཡོན་པས་ཀ་པཱ་ལར། །མི་སྙིང་རེད་བསམ་སྙིང་གཅིག་སྨུག་ལུམ་མེ། །འཛིན་པ་རྨི་ལམ་མ་ཡིན་དངོས་སུ་མཐོང་། །ཡུན་རིང་བལྟས་པས་ཕྱག་གཡས་རྡོ་རྗེ་དེ། །སེངྒེའི་སྔ་རུ་གོང་དུ་བཞག་བྱས་ནས། །ཕྱག་གཡས་སྦྱར་བས་གཡོན་གྱི་སྙིང་དེ་ལ། །ཨ་


CMR002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ལྟ་བུར་བཅད་ནས་ལན་གསུམ་གསོལ། །བཅད་ཀྱང་སྙིང་དེ་ཟད་རྒྱུ་མེད་པར་སྣང་། །དེ་ནས་གསེར་གྱི་རྡོ་རྗེ་སྔར་ལྟར་བསྣམས། །ང་ལ་གཟིགས་ཏེ་བཞད་ནས་བྱུང་བའི་ཚེ། །ཞལ་མདོག་དཀར་པོ་དུང་གི་མདོག་ལྟར་གྱུར། །བཞད་མོ་ཚར་ནས་དམར་པོ་ཁྲག་མདོག་ལྟར། །དེ་ནས་མི་སྣང་ཡལ་ནས་སོང་བ་དང་། །སྐྲག་ནས་བྱུང་བས་བྲོས་པ་ཡིན་ནོ་ཟེར། །བྱིས་སྦའི་སྐབས་སུ་ཁྲོ་སྐུར་མེ་འབར་དང་། །རྡོ་རྗེ་ལེགས་པ་དངོས་སུ་ཞལ་གཟིགས་པ། །ཐ་མལ་མ་ཡིན་ལས་ཅན་ཡིན་པའི་རྟགས། །ལོ་བཅུ་ལོན་ནས་ཡི་གེ་བསླབ་ན་ཡང་། །རིགས་པ་རྣོ་ཞིང་སྤྱང་གྲུང་ཆེ་བ་ལ། །ཡི་གེ་འདོན་པར་ཤིན་ཏུ་འཚེར་བའི་ཕྱིར། །ལོབ་པར་དཀའ་བ་རཱ་ག་ཨ་སྱ་ཡིས། །མཚམས་ཁུང་བུག་སྒོར་བཞག་ནས་ཤིང་ལྕགས་ཀྱིས། །རྒྱབ་རྡེག་བྱེད་ཅིང་དྲག་ཏུ་བཅུག་དགོས་བྱུང་། །དེ་ནི་ཚེ་སྔོན་བུང་བར་སྐྱེས་པ་ཡི། །རྒྱུ་མཐུན་འབྲས་བུས་བློ་ནི་རླུག་པར་སེམས། །དེ་ནས་ཡི་གེ་ཆོབ་ཙམ་ལོབ་པ་དང་། །རཱ་ག་ཨ་སྱ་དབུས་སུ་སོང་བའི་ཤུལ། །ཨ་ནུ་སྔགས་འཆང་ཀརྨ་དོན་ཡོད་པས། །ཆག་ཕྱིར་ཁྲིད་པས་སྔགས་ཆོས་ཆོབ་ཙམ་དང་། །རྙིང་མའི་འདོན་ཆའི་དབང་ལུང་འགའ་རེ་ཐོབ། །གཏོར་


CMR002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ལ་སོགས་ཤེས་པ་ཙམ་དུ་གྱུར། །དྲུང་པའི་སྒར་གཞིས་རྨོ་ཡི་གཟིམས་ཁང་དུ། །ཤག་ཤོག་བསྡད་པས་བླ་མ་དབུས་བྱོན་དེས། །མཆེད་ཡ་ཡིན་ཞེས་ཆེ་བཀུར་བྱས་པར་སྣང་། །བྱིསྦའི་སྐབས་དེ་ས་བཅད་བཞི་པའོ།། ༈ །།དེ་ནས་རཱ་ག་ཨ་སྱ་དབུས་ནས་བསླེབས། །ནམ་ལངས་ལོ་གྲངས་བཅུ་དྲུག་བཅུ་བདུན་ཙམ། །ཉིན་མཁར་གཟིམས་ཁང་དྲུང་པའི་གཟིམ་མལ་གྱི། །འདྲ་སྐུ་བྱིན་རླབས་ལྡན་པ་དེ་ཡི་དྲུང་། །བྱིསྦ་དབང་རྒྱལ་འབུམ་དང་མཆེད་གྲོགས་གཉིས། །རཱ་ག་ཨ་སྱས་ཐེག་པ་ཐུན་མོང་གི །སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྡོམ་པ་དང་། །ཚངས་པར་སྤྱོད་པའི་དགེ་བསྙེན་སྡོམ་པ་ཕོག །དབང་རྒྱལ་འབུམ་ལ་ཀརྨ་དོན་གྲུབ་དང་། །ནམ་ལངས་ལ་ནི་ཀརྨ་དར་རྒྱས་བཏགས། །སྤྲེལ་ལོའི་མཇུག་ནས་ཕག་ལོའི་མཇུག་གི་བར། །རཱ་ག་ཨ་སྱའི་ཆག་ཕྱི་བྱས་པ་སྟེ། །དེ་ཚེ་ཀར་ལུགས་དབང་ལུང་མཐོ་ཁོག་དང་། །ཟབ་མོ་ལྟ་རྒྱུད་ལུགས་ཀྱི་སེམས་བསྐྱེད་ཐོབ། །འཕོ་ལུང་སྦྱངས་པས་རྟགས་ནི་ཐོན་པ་དང་། །སེམས་ངོ་སྤྲོད་པས་གནས་འགྱུ་སྲུང་ཕྱོགས་ཤེས། །སྒྲོལ་དཀར་འཇམ་དཀར་རྒྱུན་བསྙེན་བྱས་པ་ཡིས། །ཤེས་རབ་རྩ་


CMR002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྱེ་སྟེ་མེ་ལྟར་འབར། །ཀུན་རིག་ཆོས་སྤྱོད་ཉེར་མཁོ་ལ་སོགས་པ། །བློ་འཛིན་རྣམས་ཀྱང་དཀའ་ཚེགས་མེད་པར་ཟིན། །གཏོར་བཟོ་ཡིག་རིས་ལྷ་རིས་འདག་སྐུ་དང་། །བཟོ་ཚེམ་ས་རྩིས་མདོས་བཟློག་བསྐང་གསོ་སོགས། །བརྡའ་བསྟན་ཙམ་གྱིས་ཤེས་པར་གྱུར་པ་ཡིན། །ཀུན་གྱིས་བླ་མར་རེད་ཐོག་གདའ་ཞེས་ཟེར། །དེ་ནས་ཕག་ལོའི་ལོ་འཇུག་བཅུ་དགུ་དུས། །སྟག་ལུང་སྒར་པ་མཉམ་དུ་དབུས་སུ་བྱོན། །ངོ་ཤེས་མེད་ཅིང་ཁ་སར་སྣ་རྒོད་རེད། །སྒར་དཔོན་རྣམས་ཀྱི་ཆག་ཕྱི་དཔོན་ནད་ཆེ། །ལམ་དུ་དམར་བཤལ་ནད་བྱུང་འཆི་ལ་ཁད། །སྒར་རྗེས་སླེབ་པར་དཀའ་ཡང་རྟ་ལ་བསྐྱོན། །རྐུན་དོགས་བྱེད་དུས་ཁྲབ་གྱོན་བསྲུང་དགོས་པར། །བྲང་ལ་མདའ་ཕོག་ན་ཡང་མ་སྐྱོན་ཏེ། །ནོར་ནད་བྱུང་བའི་ནོར་བསྲུང་བཅུག་ན་ཡང་། །དཀའ་ལས་ཆེ་དྲག་སྡིག་སྒྲིབ་དག་གམ་སྙམ། །དེ་ཚེ་གཞི་ན་རཱ་ག་ཨ་སྱ་ཡིས། །སྐུ་རིམ་གསོལ་ཀ་ཡང་ཡང་གཟབ་བྱས་པས། །སྐྱེས་པ་བུད་མེད་ཆས་བཟང་མང་པོ་ཡིས། །འཆམས་གོས་མ་རལ་གདོང་ལ་གཟར་བྱས་ནས། །ངེད་ཚོས་བསྐྱལ་ནི་ཚར་ཡོད་ཟེར་བ་རྨིས། །དེ་དུས་ཙམ་ལ་གདན་ས་ཆེན་པོ་ཡི། །ཟ་དམ་རྡོ་རྗེའི་སྤོ་ལ་སླེབས་པར་


CMR002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །དེ་ཕྱིར་ཕྱོགས་སུ་འགྲོ་བ་རྣམས་ལ་ཡང་། །སྐུ་རིམ་གསོལ་ཁས་ཕན་པའི་ངེས་ཤེས་ཐོབ། །དེ་ནས་བྱི་གླང་སྟག་ཡོས་ལོ་ཕྱེད་བཞིར། །ཉིན་བྱེད་གླིང་གི་གྲྭ་ས་འགྲིམས་པའི་ཚེ། །ཤེས་རབ་ཆེ་ཞིང་ཀུན་དང་མཐུན་པ་སྟེ། །ཁམས་པ་ཆགས་མེད་མཆེད་ཡ་ཡིན་ནོ་ཞེས། །མཆེད་གྲོགས་རྣམས་ཀྱིས་བརྩི་སྲོལ་ཆེ་བར་བྱས། །རིན་པོ་ཆེ་པ་དཀོན་མཆོག་དཔལ་འབྱོར་ལས། །ཐར་རྒྱན་ལ་སོགས་སྤྱི་ཁྲལ་ལུང་འགའ་ཐོབ། །སློབ་ཆུང་དྲུང་རམ་ཀརྨ་རྒྱས་པ་དང་། །དགེ་རྒན་དྲུང་རམ་ཀརྨ་འཇིགས་མེད་ཀྱིས། །བསྡུས་གྲྭ་རྟགས་བསལ་འབྱེད་པ་ཙམ་ཞིག་བསླབས། །དེ་ནས་ཁམས་སུ་འོང་དགོས་གལ་ཆེ་དེའི། །མཚན་ཉིད་སྐྱུར་ནས་སྔགས་ཆོས་བསླབ་ཆོག་པའི། །དགོངས་པ་ཞུས་པས་ངོ་ཆེན་བྱས་ནས་གནང་། །རིན་སྤུང་ཞབས་དྲུང་བགྲེས་གཞོན་གཉིས་ཀ་དང་། །མགོན་བླ་བློ་ལྡན་བསྟན་ནམ་གཉིས་པོ་ལ། །བེར་ནག་ཅན་དང་འཁོར་ལྔ་ཡོངས་རྫོགས་ཀྱི། །གདང་དབྱངས་རྔ་རྡུང་དབང་ཕྱུག་རྡོ་རྗེ་ཡི། །ཕྱག་ཁྲིད་ཇི་བཞིན་ནོར་འཁྲུལ་མེད་པ་དང་། །ཞྭ་དམར་དྲུག་པའི་ཕྱག་ཁྲིད་མ་འཆུགས་པའི། །ཕྱག་བཞི་པ་དང་ཞིང་སྐྱོང་ཚེ་རིང་མའི། །གདང་དབྱངས་


CMR002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་བརྡུང་ཤིན་ཏུ་མཁས་པར་བསླབས། །དེ་དག་གྲ་ཡིག་རྣམས་ཀྱང་རིན་སྤུངས་པས། །ཕྱག་བྲིས་མཛད་ནས་གནང་པས་ཐུགས་བཏགས་བྱུང་། །བླ་མ་བཞག་བླ་སྐུ་སྐྱེས་ཐུགས་ལ་བཏག ཁོང་ལ་སངས་རྒྱས་འཕེལ་གདུང་ཡོད་པ་ལ། །ང་ཡི་ཇོ་ཇོ་ཀརྨ་ཆགས་མེད་ལ། །མཇལ་དར་བྱེད་རྒྱུས་རིང་བསྲེལ་གནོང་ཞུས་པས། །ཁྱེད་རང་མཆོད་པ་ཤོམ་ལ་གསོལ་བ་ཐོབ། །བླ་མ་བཟང་ན་རིང་བསྲེལ་འཕེལ་ནས་འོང་། །གསུང་ལྟར་བྱས་པས་འཕྲལ་དུ་གསུམ་འཕེལ་བས། །གཅིག་གནོང་གཉིས་པོ་གནོང་ཁས་མ་ཉན་ཏེ། །ཟ་དམ་གཉེར་ཆེན་གྱིས་ནི་རྟེན་འདི་ལ། །མཆོད་པ་རྒྱ་ཆེན་ཕུལ་ནས་གསོལ་བཏབ་ཀྱང་། །རིང་བསྲེལ་གཏན་ནས་འཕེལ་དུ་མ་ཉན་པར། །ཁྱོད་ལ་མཆོད་པའང་འབུལ་རྒྱུ་ཆེར་མེད་པས། །རིང་བསྲེལ་འཕེལ་བ་ངོ་མཚར་ཆེ་ཞེས་གསུངས། །དེ་དུས་རྒྱལ་བའི་དབང་པོའི་མིང་གནང་ཞིང་། །རྒྱལ་ཚབ་པ་ཡི་བསྙེན་རྫོགས་བཞེས་མ་གྲུབ། །སྐུ་མདུན་སི་ཏུ་ཞིང་ནི་རྗེས་ཚར་བས། །རཏྣའི་གཏེར་ཁ་ཨོ་རྒྱན་ལུང་བྱང་ལས། །གཉགས་ཆེན་ཛཱ་ནའི་སྐུ་ཡི་སྤྲུལ་པ་རུ། །ལུང་བསྟན་ཆོས་རྗེ་མར་ཐང་གདུང་རྒྱུད་པ། །ཀརྨ་གྲགས་པ་རྒྱལ་མཚན་དཔལ་བཟང་


CMR002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པོའི། །ཞྭ་དམར་དྲུག་པའི་སྡོམ་རྒྱུན་བཟང་ཟེར་ནས། །ཀར་ལུགས་ཀུན་གྱིས་དེ་དུས་བསྙེན་རྫོགས་ཞུས། །དེ་སྐབས་རབ་བྱུང་ངུར་སྨྲིག་འཛིན་པར་གྱུར། །མིང་ནི་ཆོས་སྐྱོང་རྡོ་རྗེའི་ཕྱག་བྲིས་ཏེ། །ཆོས་དབང་ཀུན་བཟང་ཞེས་ནི་བཏགས་པ་ཡིན། །ཆོས་དབང་ཞེས་པ་ཆོས་ཀྱི་དབང་ཕྱུག་གི །མཚན་ལ་གྲ་ནས་བཏགས་པ་སྲོལ་ཡིན་ཏེ། །ཀུན་བཟང་ཞེས་པ་རྫོགས་ཆེན་ཉམས་ལེན་གྱི། །རྟེན་འབྲེལ་དེ་ཡི་དུས་སུ་འགྲིགས་པར་སྣང་། །རྒྱལ་ཚབ་གྲགས་པ་མཆོག་དབྱངས་མཚུར་ཕུར་མཇལ། །ལྷ་ས་བསམ་ཡས་ར་སྒྲེང་སྟག་ལུང་སོགས། །དབུས་གནས་ཆེ་རིམ་རྣམས་ཀྱང་མཇལ་བ་དང་། །ལྷོ་བྲག་གསས་མཁར་དགུ་ཐོག་མཇལ་སོང་བས། །དེ་རུ་རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་ཡིས། །ཞབས་བསྐོར་གསོག་པའི་སྐབས་སུ་མཇལ་མ་ཐག །འབྱོན་བརྡོ་ཨེན་ཙམ་བཞུགས་ནས་ཆོས་དབང་ལ། །སྤྱན་ནི་འབུར་ཚུགས་ལྟ་སྟངས་མཛད་ནས་གཟིགས། །དེ་མ་ཐག་ཏུ་དབང་མེད་དད་པ་སྐྱེས། །བ་སྤུ་གྱེན་ལང་མཆི་མ་ཆར་ལྟར་བབས། །ལུས་པོ་རྔུལ་ཞིང་ཧྲིལ་ཧྲིལ་སིག་སིག་འདར། །བྱིན་འབེབས་གཞུང་ལས་གསུངས་པའི་རྟགས་རྣམས་བྱུང་། །དེ་ནས་བཟུང་སྟེ་


CMR002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་འགྱུར་མེད་ཐོབ། །དེ་དུས་བྱིན་རླབས་ཞུགས་པ་ཡིན་པར་སྣང་། །ཨ་ནུའི་གཤེགས་རྫོགས་དཔལ་ཆེན་སྒྲ་ལོ་ཡི། །ཕྱག་བཟོ་ཙན་དན་དཀར་པོའི་མགོན་པོའི་སྐུ། །བསྐུར་བ་སླེབས་ཤིང་ཉིན་བྱེད་གླིང་པ་ཡི། །དེ་ཕྱིར་ཡར་གྱི་ཐུགས་བཏགས་བཟང་བར་མཛད། །དེ་ནས་གྲྭ་ཚབ་ཕྲིན་ལས་བཏང་བ་བསླེབས། །རྗེས་གནང་འགའ་ཟུང་བཟུང་ནས་ཕ་ཡུལ་གྱི། །གནས་བསྐོར་འགའ་དང་བསྡེབས་ནས་ཁམས་སུ་བྱོན། །དེ་དུས་རང་ལོ་ཉི་ཤུ་རྩ་གསུམ་སྟེ། །རྗོད་དུ་ནད་པ་ཞིག་གིས་དབང་ཞུས་ཏེ། །འགྲོ་དོན་ཐོགས་མ་དེ་ནས་བྱུང་བ་སྟེ། །གནས་སྐོར་ཆ་ལུགས་གོས་བཅས་ཞན་པ་དང་། །ས་ཆ་རྒྱུས་མེད་མི་ཡི་དབང་ཞུ་བ། །དེ་ཡི་རྟེན་འབྲེལ་ལེགས་ཤིང་མཚར་ཞེས་ཟེར། །དེ་ནས་ལམ་ན་ཇག་པ་མང་པོ་ཡིས། །གནས་བསྐོར་བཅོམ་ནས་འགྲོ་སྟབས་དཀའ་ཟེར་ནས། །དམ་ཅན་ཇག་ཆིངས་ལྕགས་རྡོར་མ་མཛད་ནས། །གསོལ་ཁ་བཀའ་བསྒོ་བྱས་ཤིང་འོང་བ་ཡིས། །ཉིན་གཅིག་གྲོ་ཚུགས་མ་མགོ་བསྡུ་བརྡོ་ལ། །ཇོག་པ་མི་མགོ་མང་པོ་མདའ་གཞུ་ཅན། །བྱུང་བས་ས་གསལ་གབ་ས་བྲོས་ས་མེད། །མེ་དེ་བསད་ནས་ཁོང་རྣམས་ཉལ་བསྡད་པས། །ཇག་པ་རྣམས་


CMR002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལམ་གཉའ་ཁོང་རྣམས་ལ། །བལྟ་ཞིང་ཐལ་ཡང་མ་མཐོང་མིག་བསྒྲིབས་ནས། །ཉེ་ཞོ་མ་བྱུང་ཁོང་རྣམས་ཐར་བ་དེ། །སྐྱེས་བུ་ཡང་ལ་ངེས་ཤེས་སྐྱེས་ཞེས་ཟེར། །དེ་སྔོན་དབུས་སུ་བཞུགས་ཚེ་དབུས་གཙང་དུ། །འབུར་ནག་བྱུང་སྟེ་ཐམས་ཅད་ཁ་དན་སྐབས། །གཞི་ན་རཱ་ག་ཨ་སྱས་ཆོས་དབང་གི །སྐུ་རིམ་ཞག་བདུན་ཐུན་པ་མི་བདུན་གྱིས། །སྒྲོལ་དཀར་སྔགས་ལ་འུར་འདོན་བྱས་པའི་ཚེ། །བར་ཆད་སྐྱོབས་རྟགས་རྨི་ལམ་གསལ་བ་ལྟར། །བར་ཆད་མ་བྱུང་ཡོས་ལོ་བྱ་གྲགས་དུས། །མཆེད་གཉིས་ཞལ་འཛོམ་རིང་བསྲེལ་མཇལ་དར་གདའ། །རྟེན་ལ་ཞུགས་ཤིང་རབ་ཏུ་བྱུང་བ་དང་། །གྲྭ་ས་འགྲིམ་ཞིང་བསླབས་སྦྱངས་བྱས་པའི་ཚུལ། །ས་བཅད་ལྔ་པ་དེ་ཡིས་ཚང་བའོ།། ༈ །།དབུས་སུ་འགྲོ་དུས་ཡར་ལམ་སོག་ཟམ་དུ། །ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཞལ་སྔ་ནས། །མི་འཁྲུགས་པ་ཡི་དབང་གཅིག་ཐོབ་པ་དང་། །སྒྲོགས་ར་སྐུ་སྐྱེར་ཚེ་དབང་འབྲེལ་པ་ཐོབ། །ཁམས་སུ་བསླེབས་ནས་རཱ་ག་ཨ་སྱ་ཡིས། །རིམ་པར་དབང་ལུང་བུམ་པ་གང་བྱོ་བྱས། །དེ་ཚེ་ཆོས་དབང་ཉིད་ཀྱིས་བྲག་བཤིགས་ནས། །རཱ་ག་ཨ་སྱས་མཚམས་ཁང་


CMR002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་པ་ནི། །མི་ལས་མར་པའི་གསས་མཁར་བཞེངས་པ་བཞིན། །དཀའ་ལས་ཆེན་པོ་བསམ་པ་བཟང་པོ་བྱས། །དེ་ཚེ་ཚེ་གཟུངས་ཁྱུང་དམར་འབུམ་ཐེར་ཐོན། །དེ་ནས་ལོ་ངོ་བདུན་སྟེ་ཧྲིལ་ལྔའི་བར། །ལྡོམ་བུ་གྲོང་ཆོག་ཅུང་རེ་བྱས་མོད་ཀྱིས། །ཕར་ཁྱེར་མཚམས་བསྡམས་གསར་རྙིང་སོ་སོ་ཡི། །སྒྲུབ་པ་ཁོ་ན་རྟགས་ཐོན་བྱེད་དུ་བཅུག །དེ་སྐབས་ཚེར་ལུང་སྤྲུལ་སྐུ་དགུང་ལོ་ཡང་། །བཅུ་པའི་དུས་སུ་ངོམ་དུ་ཕེབས་པ་སྟེ། །རི་ཁྲོད་འདི་རུ་གདན་འདྲེན་བྱས་པའི་སྐབས། །ཆོས་དབང་ཉིད་ཀྱིས་གཞན་ནས་བསླུས་པ་ཡི། །དགྱེས་རྡོར་འབུམ་སྐུ་ཤིན་ཏུ་ཁམས་ཆེ་བ། །མར་པའི་ཁྲག་རིལ་རྔོག་པའི་རིང་བསྲེལ་དང་། །ཨ་གཉན་དམ་པའི་རིང་བསྲེལ་སོགས་ཡོད་པ། །རཱ་ག་ཨ་སྱས་འབུལ་བར་འདོད་ན་ཡང་། །ཆོས་དབང་ཉིད་ཀྱིས་འབུལ་བར་མི་སྤྲོ་སྟེ། །དྲུང་པས་སྐུ་སྐྱེ་མི་འབྱོན་གསུངས་པར་གདའ། །སྐུ་སྐྱེ་ཡིན་ངེས་ཨེ་ཡིན་ཅི་ཆ་ཟེར། །དེ་ནས་དྲུང་པའི་གཟིགས་དཀར་ཁང་པ་ཡི། །སྐུ་སྨད་མུན་ཁུང་ནང་དུ་སྦས་པ་དེ། །སྤྲུལ་སྐུ་མགྱོགས་པར་བྱོན་ནས་ངོས་འཛིན་མཛད། །ཕྱིར་ནངས་ཐུགས་རྗེ་ཆེན་པོའི་དབང་གནང་སྐབས། །བླ་མ་ཆོས་དབང་ཀུན་བཟང་གཟིགས་སྣང་


CMR002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྤྲུལ་སྐུའི་སྐུ་སྨད་བྱམས་བཞུགས་མཛད་པ་དེ། །སྤྲུལ་སྐུ་ཉིད་ཀྱི་སྐུ་སྨད་ཡིན་པ་ལ། །རྐེད་པ་ཡན་དེ་རྡོ་རྗེ་འཆང་ཆེན་པོ། །སྐུ་མདོག་མཐིང་ག་གཙང་མཐིང་མདོག་ལྟ་བུ། །དབུ་རྒྱན་སྙན་ཆ་མགུལ་རྒྱན་ལོངས་སྤྱོད་རྫོགས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །དབང་དེ་མ་ཚར་བར་དུ་དེ་ལྟ་བུ། །མིག་གིས་ཡང་ཡང་བལྟས་ཀྱང་དངོས་སུ་མཐོང་། །དེ་ནས་འགྱུར་བ་མེད་པའི་དད་པ་ཐོབ། །བུམ་སྐུ་ནང་རྟེན་རྣམས་ཀྱང་ཕྱག་ཏུ་བཏང་། །འབུལ་སྣ་ཆག་ཕྱི་བྱས་པ་ཐུགས་ལ་འཕྲོད། །ཕྱག་རྡོར་གཤེད་དམར་ཚེ་དབང་རྣམས་ཀྱང་ཐོབ། །དུས་ཕྱིས་རང་ལོ་བཞི་བཅུ་ཙམ་གྱི་དུས། །རྗེ་འབངས་སོག་པོ་ལྷ་དཔལ་སྤྲུལ་པའི་སྐུ། །ལྷོ་པ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་ལ། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་རྫོགས་པར་ཞུས། །ལྷོ་པ་སྤྲུལ་སྐུས་ཐུགས་ལ་བཏགས་པར་མཛད། །སི་ཏུ་སྐུ་སྐྱེ་ལན་གཉིས་མཇལ་བ་དང་། །རྗེས་རེས་ངེད་ཅག་སྤུན་གཉིས་ན་བ་ལ། །ཐུགས་དམ་སྐྱབས་འཇུག་ཞུས་དུས་སི་ཏུ་ཡིས། །ད་རེས་མི་སྐྱོན་གསུངས་ནས་དགོངས་པ་མཛད། །མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མ་ལ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་


CMR002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡང་གསང་བླ་མེད་ཕྱག་དྲུག་མགོན་པོ་སོགས། །དབང་ལུང་འགའ་ཡི་འབྲེལ་པ་དད་པ་ཐོབ། །ཟུར་མང་ཁྲི་པ་དཀོན་མཆོག་བསྟན་འཛིན་ལས། །རས་ཆུང་ཚེ་སྒྲུབ་དབང་ལུང་ཆ་ཚང་དང་། །དམ་ཚིག་རྒྱ་མཚོའི་ལུང་སོགས་འབྲེལ་པ་ཐོབ། །ཝ་པ་སྐུ་སྐྱེ་རིག་འཛིན་རྒྱ་མཚོ་ལ། །འཇའ་ཚོན་གཏེར་ཁའི་དབང་ལུང་ཚན་ཆེར་ཐོབ། །རང་གི་ཇོ་ཇོ་རཱ་ག་ཨ་སྱ་ལ། །རྒྱ་ཆེན་སྤྱོད་རྒྱུད་བྱང་ཆུབ་སེམས་བསྐྱེད་དང་། །དགོངས་འདུས་རྡོར་ཕྲེང་སྒྲུབ་ཐབས་རྒྱ་མཚོ་དང་། །སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལ་སོགས་པ། །དཔག་པར་དཀའ་བའི་དབང་ལུང་རྒྱ་མཚོ་ཐོབ། །སྔ་ཕྱི་ལན་གྲངས་མང་དུ་བསྙུང་བ་ལ། །ཚེ་དབང་ལ་སོགས་རྗེས་གནང་ལ་སོགས་པ། །དབང་བསྐུར་ཁྲི་ནི་ར་ཆེན་ལྷག་གམ་སྙམ། །དེ་དག་བར་སྐབས་ཕྱག་ཆེན་རྫོགས་ཆེན་དང་། །རྩ་རླུང་གཅོད་ཁྲིད་ལ་སོགས་ངོ་སྤྲོད་དང་། །གེགས་ཆེན་བོགས་འདོན་རིམ་པར་གྲངས་ལས་འདས། །བླ་མ་བསྟེན་ཅིང་ཐོས་བསམ་བྱས་པ་ཡི། །ས་བཅད་དྲུག་པ་ཐོ་ཙམ་དེ་ཡིས་ཚང་།། ༈ །།དེ་ལ་སྔ་སོར་སྒྲུབ་པ་བྱས་པའི་ཚུལ། །ཆོས་དབང་ཀུན་བཟང་ཉིད་ཀྱིས་བྲིས་འདུག་པ། །ཡི་དམ་དབང་དྲག་པདྨའི་སྒྲུབ་


CMR002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་བསྙེན་སྒྲུབ་ཐོན་ཚུལ་གྱི་ཐོ་ཡིག་མི་བརྗེད་པའི་ཡི་གེ་ཡོད་དོ་ཨང་། ༄༅། །ན་མོ་བུདྡྷ་ཡ། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་མ། །རཏྣ་གླིང་པ་ཚེ་དབང་གྲགས་པ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཞི་བ་ཁྲོས་པ་དྲག་པོ་རྩལ། །སྲིད་གསུམ་དབང་དུ་སྡུད་མཛད་མཁའ་འགྲོ་མ། །ཕྱི་ནང་བར་ཆད་སེལ་མཛད་ཆོས་སྐྱོང་ཚོགས། །བཀའ་སྲུང་གཏེར་བདག་བཅས་ལ་ཕྱག་འཚལ་ལོ། །འདིར་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས། བདག་གིས་རྡོ་རྗེ་དྲག་པོ་རྩལ་གྱི་བསྙེན་སྒྲུབ་བྱས་ཚུལ་ནི། ཐོག་མར་ཀུན་དྲིལ་ཡིད་བཞིན་ནོར་བུ་ལ། བདུན་གསུམ་བསྒྲུབས་པ་བྱས། བསྙེན་པ་འབུམ་ཚོ་བདུན་སོང་། འཐོར་བསྙེན་ཁན་པས་བྱེ་བ་གཅིག །གུར་དྲག་གི་གསང་སྒྲུབ་ཟླ་བ་ཕྱེད་གསུམ་བྱས། སྤོག་ཆོག་ལན་གསུམ་བྱས་ནས་བསྙེན་པ་བྱེ་བ་གཉིས་ཐོན། དྲག་པོའི་ཧཱུཾ་སྒྲུབ་ཞག་བཅུ་ལ་བསྙེན་པ་འབུམ་ཚོ་བཞི་དང་ཁྲི་ཚོ་དྲུག་སོང་། ཚེ་དཔག་མེད་ལ་བདུན་ཕྲག་གཅིག་ལ་བསྙེན་པ་འབུམ་ཚོ་གཅིག་ཁྲི་ཚོ་བཞི་སོང་། དྲག་པོའི་ནང་སྒྲུབ་ཟླ་བ་གཅིག་ལ་བསྙེན་


CMR002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེ་བ་གཅིག་སོང་། ཕྱི་སྒྲུབ་ཟླ་བ་གཅིག་དང་ཞག་བདུན་ལ་བསྙེན་པ་བྱེ་བ་གཅིག་སོང་། ཡང་གསང་བླ་མེད་དོན་གྱི་སྙིང་པོ་ལ་ཟླ་བ་གཅིག་དང་ཞག་བཅུ་ལ་བསྙེན་པ་འབུམ་ཕྲག་བདུན། །ལས་སྦྱོར་གྱི་བསྙེན་པ་འབུམ་ཚོ་གསུམ། དངོས་གྲུབ་ཉེ་བ་ཁྲི་ཚོ་གཅིག །ཐམས་ཅད་སྦྲེལ་བས་བྱེ་བ་གཅིག་དང་ཁྲི་ཚོ་གཅིག་སོང་། སྡིག་པའི་དགོས་སྒྲུབ་ཞག་གསུམ་ལ། བསྙེན་པ་ཁྲི་ཚོ་གཅིག་དང་སྟོང་ཚོ་ལྔ། འཇམ་དཔལ་སྐུའི་སྒྲུབ་པ་ཞག་བདུན་ལ་བསྙེན་པ་འབུམ་གཅིག་དང་ཁྲི་ཚོ་ལྔ་སོང་། ་རྟ་མགྲིན་གསུང་གི་སྒྲུབ་པ་ཞག་བདུན་ལ་བསྙེན་པ་འབུམ་ཕྲག་གཅིག་དང་ཁྲི་ཚོ་བཞི་ཐོན། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་ཞག་བདུན་ལ་བསྙེན་པ་འབུམ་ཚོ་གཅིག་དང་ཁྲི་ཚོ་གཅིག་སོང་། མཁའ་འགྲོའི་གསང་སྒྲུབ་ཞག་བདུན་བྱས། བསྙེན་པ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས་སྟོང་ཕྲག་གཉིས་ཐོན། ཡཀྵ་མེ་དབལ་གྱི་དགོས་བསྒྲུབས་ཞག་བརྒྱད་བྱས། བསྙེན་པ་སུམ་འབུམ་ཉི་ཁྲི་གཅིག་སྟོང་ཐོན། ཡང་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་ཞག་བརྒྱད་བྱས། བསྙེན་པ་འབུམ་ཚོ་གསུམ་ཐོན། སྲིད་གསུམ་ཟིལ་གནོན་ཟླ་བ་གཅིག་དང་། ཞིག་གསུམ་ལ་བསྙེན་པ་བྱེ་བ་གཅིག་ཐོན། ཡང་ཨ་རྩིག་


CMR002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་བསྙེན་བྱེ་བ་གཅིག་སོང་། ཁྱུང་དམར་མེ་ཕྲེང་ཐོག་རྒོད་འཐོར་བསྙེན་འབུམ་ཚོ་གཅིག །མདོར་ན་དྲག་པོའི་སྒྲུབ་པ་འདི་རྣམས་མི་ཚིག་གིས་བར་མ་ཆོད། མེ་ཉི་སྤངས་ནས་སྙིང་རུས་ཀྱི་ངང་ནས་འབད་པ་ཡིན་ནོ། །འདི་རྣམས་ཀྱི་དུས་སུ་ཡང་སྤྱིར་སྙིགས་མའི་དུས་དང་ཁྱད་པར་དུ་བདག་དབང་པོ་ཐ་མའི་ཡང་མཐའ་ཡིན་ན་ཡང་། རྟོགས་དང་རྟེན་འབྲེལ་སོ་སོའི་གཞུང་ནས་བཤད་པའི་ཟུར་ཙམ་གྱིས་སྒྲུབ་པ་ལ་སྤྲོ་བ་སྐྱེ་བ་ཙམ་བྱུང་། འདི་ལྟར་བསྒྲུབས་པའི་དགེ་ཚོགས་གང་མཆིས་དེས། །ནམ་ཞིག་ཚེ་ཡི་འཕེན་པ་ཟད་ནས་ཀྱང་། །བེམ་པོ་དང་ནི་རིག་པ་བྲལ་བའི་ཚེ། །པདྨ་འབྱུང་གནས་རྒྱལ་བ་འོད་དཔག་མེད། །སྐྱབས་མེད་བདག་གི་ལམ་སྣ་དྲང་དུ་གསོལ། །རྡོ་རྗེ་དྲག་པོ་རྩལ་གྱིས་རྒྱབ་ནས་བསྐྱོར། །རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་མཐའ་ནས་བརྟེན། །ཡང་དག་བདེ་ཆེན་ཞིང་དུ་བསྐྱལ་ནས་ཀྱང་། །རྒྱལ་བ་འོད་དཔག་མེད་མགོན་དེ་ཉིད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་རོ་གཅིག་ཤོག །དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་སོགས། །བདེན་པར་སྨྲ་བ་རྣམས་ཀྱིས་བདེན་ཚིག་གིས། །སྨོན་ལམ་དེ་ནི་མྱུར་དུ་འགྲུབ་གྱུར་ཅིག །སྨོན་


CMR002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་ཚེ་ཐུང་བའི་རྟེན་འབྲེལ་རེད་གདའོ།། ༈ ཡང་སྒྲོལ་དཀར་བྱེ་བ་གཅིག་སོང་ངག་མཚམས་ཡིན། འཐོར་བསྙེན་བྱེ་བ་གཅིག་དང་གཉིས་ཐོན། ཡང་ངག་མཚམས་བྱས་པའི་ཚེ། སྒྲ་པ་བྱབ་པའི་མཐར་ཐུག་འབུམ་ཕྲག་གཅིག །སེང་གདོང་མ་འབུམ་ཕྲག་གསུམ། ནཱ་ག་རཀཱ་འབུམ་ཕྲག་བདུན། འཐོར་བསྙེན་ཚེ་གཟུངས་འབུམ་ཚོ་གཅིག །དུར་ཁྲོད་བདག་པོ་འཐོར་བསྙེན་ཁན་པས་འབུམ་ཚོ་ལྔ། ཛམ་དམར་བྱེ་བ་གཅིག །སྨེ་བརྩེགས་འབུམ་ཚོ་གཅིག །ཡི་གེ་དྲུག་པ་བྱེ་བ་བཞི་སོང་། འདི་རྣམས་རང་ལོ་ཉེར་བརྒྱད་ངོ་ལོན་ཚུན་གྱི་ཐོ་ཡིག་ཡིན། མངྒ་ལཾ། བཀྲ་ཤིས་ཤོག །ཅེས་པ་ཆོས་དབང་ཀུན་བཟང་ཉིད་ཀྱི་སྔ་མོ་ནས་ཡི་གེ་བྲིས་ནས་གདའོ། །རྒྱབ་སོར་མཚམས་ཡུན་རིང་བསྡད་རྗེས་ནི། རང་ལོ་ཞེ་བདུན་ལྕགས་མོ་ཡོས་ལོ་ཡི། དགུན་ཟླ་ར་བའི་ཕག་ཟླའི་ཚེས་བཞི་ཉིན་ཞག་དུས། མཚམས་ལོ་དྲུག་ལ་ཟླ་བ་བཞི་ཆག །བཟླས་པ་ཡིག་དྲུག་བྱེ་བ་ང་བརྒྱད། ཚེ་སྒྲུབ་བྱེ་བ་བཅུ་བདུན། ཡོངས་བསྡོམས་དུང་ཕྱུར་གཅིག་དང་བྱེ་བ་གསུམ། གཏོར་མ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ་དང་སྟོང་ཕྲག་བཞི་གྲུབ་པ་ཡིན་ནོ། །ཟེར་བ་འདི་གླེགས་ཤིང་ལ་བྲིས་


CMR002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གདའོ། །འདས་ཁ་དྲིས་པས། ཡང་གཏོར་མ་ཚར་གྲངས་ཁྲི་ཚོ་དྲུག་དང་སྟོང་ཚོ་བདུན། ཛམ་དམར་དང་རྣམ་སྲས་ཆུ་སྦྱིན་ཁྲི་ཚོ་དོན་དྲུག །རྣམ་སྲས་མདུང་དམར་ཅན་འབུམ་ཕྲག་གཅིག་དང་དྲུག་ཁྲི། ཚེ་སྒྲུབ་གསང་འདུས་བཞི་འབུམ་དགུ་ཁྲི། བཟློག་པའི་རིགས་ཐམས་ཅད་ཀྱི་སྔགས་ལ་སུམ་ཁྲི། རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྔགས་རིང་ཐུང་བསྲེ་མ་ལ་དུང་གཅིག་ལ་བྱེ་བ་ཉེར་ལྔ་ཆག་ཐམས་ཅད་བསྡོམས་པས་དུང་གཅིག་དང་བྱེ་བ་ཉེར་གཅིག་ཐོན་ཡོད་ཅེས་འདས་ཁ་གསུངས་སོ། །དེ་ལྟར་སྔ་ཐོག་སྐུ་ན་གཞོན་པ་དང་། །སྐུ་ལུས་བདེ་བས་གུ་རུ་དྲག་པོ་ཡི། །པོད་གཞུང་སྒྲུབ་པ་ཐམས་ཅད་བྱས་པའི་སྐབས། །ཐིག་རྩ་མཁས་ཕྱིར་སོ་སོའི་དཀྱིལ་འཁོར་ཡང་། །གཞུང་བཞིན་རྡུལ་ཚོན་བཀོད་ནས་བྲི་བ་དང་། །ཕུར་པ་ལ་སོགས་སྒྲུབ་རྫས་སོ་སོར་འཛོམས། །ངག་མཚམས་འཁོར་ཡུག་སྟན་དྲོད་མ་ཡལ་བར། །དེ་དུས་ཕལ་ཆེར་དགུན་སྒང་དུས་ལ་ཐུགས། །གོས་ཟས་སྲབ་ཀྱང་ལུས་གནད་སང་ངེར་བྱས། །རྣ་བ་སད་ནས་ཕྱིས་སུ་པགས་པ་བརྗེས། །ཐུན་དྲུག་བཟུང་ནས་མཆོད་བསྟོད་བསྐང་གསོ་དང་། །གཏོར་འབུལ་སྤྲོས་བཅས་རོལ་མོ་དབྱངས་དང་བཅས། །དེ་འདྲ་གཞན་


CMR002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཁྱོངས་མཁན་མེད་པ་འཁྱོངས། །རང་ལོ་བཞི་བཅུ་ཞེ་གཉིས་ནས་བཟུང་སྟེ། །ལོ་གྲངས་བཅུ་གསུམ་མཚམས་ཀྱི་དམ་བཅའ་མཛད། །དེ་སྔོན་ཟླ་གསུམ་རྒྱལ་བ་རྒྱ་མཚོ་ཡི། །ལྷ་དགུ་བསྙེན་པ་ཟླ་གསུམ་བྱས་སྐབས་སུ། །རིན་རྒྱལ་འདས་ལ་ཉེ་བས་མཚམས་གྲོལ་ནས། །དཀྱིལ་འཁོར་དེ་ཉིད་སྟེང་ནས་དབང་བསྐུར་བས། །ལྷ་དགུ་བར་ཆད་དབང་དུ་ཤོར་གསུངས་ནས། །དེ་ཕྱིས་ལྷ་ལྔ་ཁོ་ནའི་ཐུགས་དམ་མཛད། །མཚམས་ཀྱི་དང་པོ་ལྷོ་པ་སྤྲུལ་སྐུའི་དྲུང་། །ཚེ་སྒྲུབ་ལོ་བཞུགས་ཁས་ལེན་བྱས་གདའ་བས། །ལོ་གཅིག་བར་དུ་གནམ་ལྕགས་རྡོ་རྗེ་ཡི། །ཕྱི་ནང་གསང་བ་ཡང་གསང་སྒྲུབ་པ་མཛད། །དེ་ནས་ལོ་བདུན་ངོ་དང་བརྒྱད་ཀྱི་བར། །རྒྱལ་བ་རྒྱ་མཚོ་ལྷ་ལྔ་གཙོ་འཁོར་བསྒྲུབ། །བར་སྐབས་ལོ་རེ་ཟླ་རེ་ཟླ་གཉིས་ཙམ། །སྐུ་གསུམ་སྒྲུབ་པའི་བླ་མ་སྤྲུལ་སྐུ་དང་། །བདེ་མཆོག་སྙན་བརྒྱུད་ཕྱི་སྒྲུབ་ཟླ་གཅིག་བསྙེན། །རྒྱུན་དུ་སུ་རུ་པ་དང་གཏོར་མ་ནི། །བརྒྱ་རྩ་མ་ཆག་གཙང་སྦྲ་དོ་དམ་དང་། །སྔགས་གྲངས་བཞག་པའི་དུང་གི་ཕྲེང་བ་སོགས། །གཏོར་མ་བཏང་ཚུལ་དེ་ཉིད་ནང་ལྟར་མཛད། །ཚེས་བཅུ་དང་ནི་དགུ་གཏོར་གཉིས་པོ་ཡང་། །དོ་དམ་བཅའ་འདོན་ཞིབ་


CMR002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱས་པ་དང་། །ལོ་རེ་བཞིན་དུ་ཕྱག་བཞི་པ་དང་ནི། །དམ་ཅན་མདོས་ཀྱང་ཆག་མེད་བཅའ་བ་དང་། །མར་ངོ་རེ་ལ་གཏོར་ཟློག་རེ་རེ་མཛད། །ལོ་ཤས་གཅིག་ལ་འཁྲུལ་འཁོར་མ་ཆག་དང་། །དུས་རྣམས་ཀུན་ཏུ་ཉམས་ལེན་ཕྱག་ཆེན་དང་། །ཐོད་རྒལ་རྣམས་ལ་ཐུགས་དམ་གཡེལ་བ་མེད། །རྒྱུན་དུ་བདེ་སྨོན་མ་ཆག་གཡར་དམ་བཅས། །དགེ་བ་གང་སྒྲུབ་རྣམས་ཀྱི་མཇུག་ཉིད་དུ། །བདེ་ཆེན་ཞིང་དུ་སྐྱེ་བའི་བསྔོ་སྨོན་གདབ། །ཉལ་ཁ་ལུས་སྦྱིན་རྒྱས་པ་ཆག་མེད་ཡིན། །དེ་ཡིས་ས་བཅད་བདུན་པ་ཚང་བའོ།། ༈ །།དེ་ནས་སྒྲུབ་པའི་རྟགས་དང་མཚན་མ་ནི། །སྒྲུབ་གཞུང་སོ་སོའི་རྟགས་ཡིག་དང་མཚུངས་པའི། །རྨིས་ལྟས་ཡ་མཚན་དཔག་མེད་བྱུང་འདུག་པ། །སྒྲུབ་པ་ཐོན་པའི་འཕྲལ་དུ་ཇོ་ཇོ་ལ། །རཱ་ག་ཨ་སྱས་བདག་གིས་བཤད་ན་ཡང་། །ངེས་ཀྱང་མ་བྲིས་ཁོང་གི་བྲི་སྲོལ་མེད། །ད་ནི་བརྗེད་ཅིང་ཡིད་ལ་མི་འདུག་ཅིང་། །ཧ་ཅང་མང་བས་བྲི་མུ་མེད་པའང་ཡིན། །ད་ལྟ་བདག་གི་ཡིད་ལ་ཡོད་པ་ཡིས། །ཆེ་ལོང་ཙམ་ཞིག་འདི་རུ་བྲི་བ་ནི། །སྤྱིར་ནི་སྒྲུབ་པ་བྱས་པ་ཕལ་ཆེར་ལ། །མར་མེ་འཛིན་དང་ཡོན་ཆབ་གཏོར་མ་འཛིན། །བག་


CMR002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དྲོ་བྱིན་ཆགས་དད་པ་དག་སྣང་ཆེ། །ངེས་འབྱུང་སྐྱེ་དང་དད་གུས་དབང་མེད་ཀྱིས། །ཨོ་རྒྱན་དྲན་པས་མཆི་མ་འཁྲུགས་པ་བྱུང་། །ཁྱད་པར་གུ་དྲག་སྒྲུབ་པ་ཡུན་རིང་སྐབས། །རྔ་དང་རྔ་ལྕག་མེད་འབར་ཚྭ་ཚྭ་འཕྲོ། །ཕྲེང་བར་མེ་སྟག་ཚྭ་ཚྭ་ཡང་ཡང་འཕྲོ། །དཀྱིལ་འཁོར་ནང་དུ་དགུན་སྒང་ཆང་ཕུད་ལ། །རླངས་པ་གནམ་ལ་ཐུག་པར་འཕྱུར་བ་དང་། །ཉམས་དང་རྨི་ལམ་མ་ཡིན་མངོན་སུམ་དུ། །ནུབ་གཅིག་བཅོམ་ལྡན་སངས་རྒྱས་སྨན་གྱི་བླ། །སྐུ་མདོག་སྔོན་པོ་ནམ་མཁའ་དང་བའི་མདོག །དབུ་ལ་གཙུག་ཏོར་མཛོད་སྤུ་དཀར་པོ་ཅན། །ཕྱག་གཡས་ཨ་རུ་ར་ནི་ལོ་མར་བཅས། །ཕྱག་གཡོན་ལྷུང་བཟེད་ལྟེ་བའི་ཐད་ན་འཛིན། །སྐུ་ལ་ཆོས་གོས་གོས་ཆེན་གསེར་མདོག་མནབས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང་། །ཆེ་ཆུང་ཁང་རྩག་ལས་ནི་མཐོ་བ་གཟིགས། །མིག་ནི་འཁྲུལ་ལམ་སྙམ་ནས་ཕྱིས་ནས་བལྟས། །ཡུན་རིང་བར་དུ་མངོན་སུམ་གསལ་བར་མཇལ། །རྒྱལ་བ་གཅིག་བསྒྲུབས་ཀུན་གྱིས་ངང་གསུངས་པས། །གུར་དྲག་སྒྲུབ་པས་སྨན་བླ་འོང་སྲིད་ཀྱང་། །སྨན་བླ་དར་ལིང་དམར་པོའི་ཆོས་གོས་ཡིན། །ཆོས་གོས་སེར་པོ་བྱུང་བས་ཡིད་མ་ཆེས།། །རྒྱལ་འགོང་


CMR002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཡིན་ནམ་བསམ་པའི་ཚེ། །ཕྱིར་ནུབ་ཐོ་རངས་སྔར་ནུབ་འདྲ་བ་ཡིས། །སྨན་ལྷ་དངོས་ལྟར་ཤིན་ཏུ་གསལ་བ་ལ། །ཆོས་གོས་དར་ལིང་དམར་པོ་ཡིན་པ་གཅིག །དངོས་སུ་ཡུན་རིང་མཇལ་བ་དེ་ཕྱིས་ནས། །སྨན་དང་སྨན་ཡིག་སྨན་ཁུག་ལ་ཡང་བརྩོན། །མཚམས་ལ་བཞུགས་རྗེས་ཚེས་བརྒྱད་དུས་མཆོད་ལ། །སྨན་ལྷའི་ཆོ་ག་མ་ཆག་བྱེད་པ་ལ། །མར་མེ་བརྒྱ་དང་ལྷ་བཤོས་སྤོས་ཐུར་དང་། །དུང་ཆོས་དྲི་ཆབ་བརྒྱད་སོགས་དཀའ་གནད་མཛད། །གདུང་རྟེན་ལའང་སྨན་ལྷ་བཞེངས་པས་གྲུབ། །སྔ་སོར་གྲོང་ཆོག་མཛད་པའི་སྐབས་ཤིག་ཏུ། །ནུབ་གཅིག་མ་གཅིག་ལབ་ཀྱི་སྒྲོན་མ་དེ། །དབུ་རྒྱན་ཐོར་ཚུགས་རིས་དཀར་རལ་ག་ཅན། །འཁོར་ཡང་དེ་འདྲ་ལྔ་ཙམ་གྱིས་བསྐོར་ནས། །ཌཱ་དྲིལ་བཀྲོལ་ཞིང་སིལ་ཆོམ་དང་བཅས་བྱོན། །ཆོས་དབང་ཀུན་བཟང་རྣམ་ཤེས་སྤར་ཚུལ་བྱས། །ཕུང་པོ་དེ་ཉིད་གྲི་ཁུག་གིས་བཤས་ནས། །ལྤགས་པ་དེ་ལ་ལྤགས་པ་བཞི་རེད་ནས། །ཤིན་ཏུ་ཆེ་བས་ཕྱོགས་བཞིར་ཡོལ་བ་བྲེས། །དེ་ཡི་མདུན་དུ་མཁའ་འགྲོ་དེ་རྣམས་དང་། །བླ་མ་ཆོས་དབང་ཀུན་བཟང་ཉིད་ཀྱང་བཞུགས། །ཤ་ཁྲག་རྣམས་ལ་ཕུང་པོ་


CMR002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་བྱས། །དེ་ནས་ལྤགས་པ་ཐང་ཁུགས་ལྟར་བསྡུས་ནས། །ཆོས་དབང་ཀུན་བཟང་ཉིད་ཀྱི་ལུས་སུ་གྱུར། །ལུས་སྦྱིན་དེ་ལྟར་གྱིས་གསུངས་མ་གཅིག་ནི། །འཁོར་བཅས་མི་སྣང་འཇའ་ལྟར་ཡལ་བ་ཡིས། །རྨི་ལམ་གསལ་པོ་མདའ་རིས་རག་མོར་བྱུང་། །དེ་ཕྱིན་ལུས་སྦྱིན་རང་དང་གཞན་ལའང་བྱས། །ལུས་སྦྱིན་འགྲིགས་ཆོག་དཔེ་ཡང་བརྩོམས་པར་མཛད། །དབུས་ནས་ཕྱིན་ནས་ཡུན་རིང་མ་སོང་སྐབས། །བདག་གིས་བྱས་པའི་ཟིན་བྲིས་ལ་བརྟེན་ནས། །སྒར་ལུགས་མགོན་པོའི་ཆོ་ག་དུས་གསུམ་དང་། །ཕྱག་བཞི་པ་ཡི་དགྱེས་པའི་གཏོར་སྒྲུབ་ནི། །ཞག་བདུན་བྱས་པས་སྒྲུབ་གཏོར་དེ་ཉིད་ལ། །བདུད་རྩི་བབས་ཏེ་གཞི་ཡི་སྟེང་དུ་ཞིམ། །དེ་ཕྱིས་མགོན་པོ་བྱིན་རླབས་ཆེ་གསུངས་ནས། །མདོས་ཀྱང་ལོ་དུས་ཆག་མེད་བཅའ་བ་དང་། །ཉིད་ཀྱི་གཟིམས་ཁང་བཀབ་ནས་ལོ་མང་པོར། །ཕོ་རོག་འཁོར་ཞིང་རེས་འགའ་བྱ་རོག་དེ། །ཕར་ཐད་བྲག་གི་ནང་དུ་ནུབ་མོའང་ཉལ། །དེ་ནི་མགོན་པོའི་རྒྱུད་ནས་གསུངས་དང་མཚུངས། །སྐབས་ཤིག་བསྙུང་དུས་སྒྲོལ་དཀར་དབང་བརྒྱ་བྱས། །ཁོ་རང་རྨི་ལམ་ནམ་མཁར་སྒྲོལ་དཀར་ནི། །འཇའ་འོད་ལས་གྲུབ་མཇལ་ཕྱིར་


CMR002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐུའང་བྲིས། །གདུང་རྟེན་ལའང་སྒྲོལ་དཀར་བཞེངས་པ་འགྲུབ། །དུར་ཁྲོད་བདག་པོ་ཞག་བདུན་སྒྲུབ་པའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་སྣང་བ་ལ། །ཀི་སྒྲ་བཤིར་སྒྲ་གཅར་མོ་བྱུང་ཙམ་ན། །མཚམས་ཁང་སྟེང་དུ་དུར་ཁྲོད་བདག་པོ་ནི། །ཡབ་ཡུམ་ཀེང་རུས་ལུས་ཅན་མངོན་རྟོགས་ལྟར། །བོང་རིང་སྤྲིན་ལ་ཐུག་གདའ་བསམ་པ་གཉིས། །ཞལ་ནས་བཤུད་པ་དྲག་པོ་བྱེད་འདུག་པ། །རླུང་འཚུབ་གཅིག་ལ་འགྱུར་ནས་དེ་མ་ཐག །རཱ་ག་ཨ་སྱ་གྲོང་ཆོག་ལྡོམ་བུ་དུས། །སོག་པོས་སྐྲག་པ་ཆེན་པོ་ཡོད་པ་ལ། །རླུང་འཚུབ་དེ་ངོས་ཕྱོགས་སུ་སོང་རྨིས་གསུངས། །དེ་སྐོར་མགོ་ཐོན་བར་ཆད་མེད་པར་བྱུང་། །དེ་སྐོར་རཱ་ག་ཨ་སྱ་གྲོང་ཆོག་ལ། །འབྲོག་པ་གཅིག་གི་ས་རུ་སོང་བ་ལ། །རྐུན་དོགས་ཆེ་ཞིང་རྟ་གཅིག་ལས་མེད་པ། །ཅོག་བུའི་སྒོ་རྩར་བཏགས་ནས་ཉལ་བ་ལ། །ཐོ་རངས་གཉིད་སད་རྟ་ལ་བལྟས་ཙམ་ན། །བ་མོ་ནང་དུ་རྟ་དེ་བཏགས་ཚུགས་ལ། །ལངས་ནས་གདའ་བས་ཡུད་ཙམ་སོང་བ་དང་། །རྟ་ཡི་རྐང་པའི་རྨིག་པའི་མཚམས་དེ་ནས། །སིར་སྒྲ་དང་བཅས་མེ་ལྕེ་འབར་བྱུང་བ། །རྟ་ཡི་ལག་པའི་འོག་བར་ཐམས་ཅད་ཁྱབ། །སྤུ་ལ་


CMR002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུག་ཙམ་རེ་རྟ་ཡི་འོག །དཔེར་ན་མེ་ཞགས་བརྒྱབ་པ་ལྟ་བུ་བྱུང་། །རྟས་ཀྱང་ཚོར་བས་རེ་ཞིག་འགྲོགས་ཤོམ་བྱས། །དེ་ནས་མེ་དེ་ཡར་ནས་སོང་བ་དང་། །ས་ལ་བསྣམ་ཞིང་རྐང་ལག་ཡང་ཡང་བརྡབ། །དེ་དུས་ཆོས་དབང་ཀུན་བཟང་མཚམས་ལ་ཡོད། །རྟ་ནི་གཅིག་པུ་དེ་ལས་མེད་པའི་ཕྱིར། །རྐུན་དོགས་ཆེ་ཕྱིར་རྟ་དེ་ཤོར་དོགས་ནས། །དེ་ནུབ་ཁོང་གི་དུར་ཁྲོད་བདག་པོ་ལ། །རྦད་བསྐུལ་བཀའ་བསྒོ་གཏོར་འབུལ་བྱས་པར་གདའ། །ད་ནི་ང་ཡི་ནུ་བོ་འདི་ལ་ཡང་། །ངག་ནུས་ཤིག་ནི་གདའ་བསམ་ངེས་ཤེས་སྐྱེས། །ཡང་ནི་བཀའ་སྲུང་ལྷ་སྨན་འདི་ཉིད་ཀྱིས། །སྒྲུབ་པ་ཞག་པོ་བདུན་ནི་མཛད་པའི་ཚེ། །དངོས་སུ་རྩིག་པའི་གསེང་ནི་ཐམས་ཅད་ནས། །བུང་བའི་སྐད་ཙམ་ཙིར་སྒྲ་སྒྲོག་པ་དང་། །རྨི་ལམ་ཕོ་བྲང་མཁར་ནི་མཐོན་པོའི་རྩེར། །སྙག་གི་ཁང་པ་ཡོད་པའི་ནང་དུ་ཕྱིན། །དེ་ན་ལྷ་སྨན་གཙོ་འཁོར་ལྔ་པོ་ནི། །གཙོ་མོ་ཁྲི་ནི་མཐོན་པོའི་སྟེང་དུ་བཞུགས། །ལྔ་ཀ་མཛེས་མ་ལྟ་བས་ཆོག་མི་ཤེས། །སྐུ་ལ་ལྔ་ཀས་བཀྲ་ཤིས་ཁ་བཏགས་ནི། །དངུལ་མདོག་མ་ཡི་ཕོད་ཁ་རེ་རེ་མནབས། །དབུས་མོ་བཞིན་དུ་མུ་ཏིག་ཀོ་ཟོ་སོགས། །མུ་ཏིག་ཁོ་ནས་རྒྱན་ཆ་མང་པོས་


CMR002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །ཁོང་ལ་ལྟ་ཞིང་འཛུམ་ནས་དགའ་དགའ་བྱས། །ང་ཡི་གཏོར་མ་འདི་ལྟར་བཅས་ན་ནི། །ང་དགའ་བཀྲ་ཤིས་བདེ་ལེགས་འབྱུང་གསུངས་ནས། །འབྲས་དཀར་ཟན་ལ་གཏོར་མ་བཅས་ནས་བསྟན། །འོག་ཏུ་ཟླུམ་པོ་ཟོ་ཞབས་འདྲ་བའི་སྟེང་། །ཀོང་བུའི་གཟུགས་འདྲ་པདྨ་འདབ་བཞིའི་བྱས། །དེ་སྟེང་ལྕོག་རྡོག་འདྲ་བའི་ཟླུམ་པོ་བཞག །དེ་ཡི་རྩེ་དང་ལྟོ་བར་མེ་ཏོག་བརྒྱན། །འོག་གདན་ཟླུམ་པོའི་སྟེང་ནས་འཁོར་བཞི་པོ། །ལྷ་བཤོས་རྩེ་ཏོག་འདྲ་བ་བཞི་བཞག་པ། །པདྨ་འདབ་བཞི་མཚམས་ཀྱི་ཧར་བར་ནས། །གཙོ་བོའི་ཕྱེད་ཙམ་སླེབས་པ་དཀར་ཐིག་བརྒྱན། །དེ་འདྲ་རྨི་ལམ་ལུང་བསྟན་གསལ་བྱུང་བས། །ལོ་ཤས་གཅིག་ལ་གཏོར་མ་དེ་བཅས་པས། །དེ་ཚེ་བཀྲ་ཤིས་བདེ་ལེགས་བྱུང་བ་སྟེ། །ཕྱིས་ནས་ཆོས་སྒོ་བ་ཡི་ལུགས་བྱས་སོ། །གྲུ་པ་ཚང་གིས་སྐུ་རིམ་ལ་བྱོན་ནས། །ཚུར་ལམ་འོང་བས་དཔོན་ཚང་བྱད་ཁ་ཆེ། །དེ་ཡི་སློང་ནི་ཡིན་ནམ་སྙམ་པ་ཡིས། །ལམ་དུ་དཔུང་པ་གཡས་ལ་གྲིབ་ཞིག་ཕོག །རི་ཁྲོད་བསླེབས་ནས་ཐུ་སྟེ་ཟུག་གཟེར་ཆེ། །རླུང་ལོག་ལ་ནི་འགྲོ་ལ་ཁད་པ་བྱུང་། །དེ་མ་ཐག་ཏུ་སི་ཏུ་རིན་པོ་ཆེ། །བསོད་ནམས་རྣམ་རྒྱལ་


CMR002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྟེན་ཡིན་ངེས་པའི། །རཱ་ཧུ་ལ་ཡི་གསེར་ཐང་འཇིགས་པ་དེ། །ཆོས་དབང་ཀུན་བཟང་ཉིད་ཀྱི་ཞབས་སུ་བཏིང་། །ཡི་དམ་དྲག་པོའི་ང་རྒྱལ་བརྟན་པོ་ཡིས། །ཞལ་ཐང་དེ་སྟེང་ཨོང་རྡེབ་འགའ་མཛད་པས། །དེ་མ་ཐག་ཏུ་བསྙུངས་གཞི་རབ་གཅིག་ཕན། །དེ་ནས་རུབ་རྒྱུ་ཉི་མ་མདུང་གང་ལ། །ཆག་མེད་མཛད་ཅིང་ཕྱག་རྡོར་ཅུང་ཟད་བསྙེན། །དེ་སྐོར་གྲོང་ཆོག་གཅིག་ལ་བྱོན་པའི་སར། །ཐོ་རངས་མ་གཉིད་འདོན་པ་བྱེད་བསམ་ཚེ། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་ཕྱག་བཞི་པ། །སྤྱི་བོའི་གཙུག་ན་བྱ་རོག་དབུ་དང་བཅུ། །ཕྱག་བཞི་ཆུ་སྲིན་རྒྱལ་མཚན་རལ་གྲི་དང་། །མདའ་གཞུ་སྦྲུལ་ཞགས་སྐུ་ལུས་སྤྱན་གྱིས་གང་། །སྐུ་སྨད་ཁང་པས་སྒྲིབ་སོང་མ་མཐོང་སྟེ། །སྐུ་སྟོད་དེ་ནི་ཡུན་རིང་མངོན་སུམ་མཐོང་། །དེ་ཕྱིར་དྲང་སྲོང་སྐུ་ཡང་ཕྱག་བཟོ་མཛད། །དེ་མདུན་རྟེན་གཏོར་བཅས་ནི་བཞག་པ་ལ། །གསར་བུའི་ལྟས་ན་འཕྲལ་དུ་ན་བ་དང་། །རྩེག་སྒྲ་ལ་སོགས་གཉེན་ཆ་ཆེ་བར་བྱུང་། །རྟ་གཉིས་རྐུན་མས་ཁྱེར་དུས་ཕྲིན་ལས་ཀྱིས། །རྟེན་གཏོར་དེ་ཉིད་ཁྱེར་ནས་འཕང་ཟིན་པས། །རྐུན་མ་ཡོད་ཕྱོགས་སེར་བ་དྲག་པོ་བརྒྱབ། །ར་


CMR002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་བ་རྣམས་སེར་བས་གནོད་པོ་བྱུང་། །རྐུན་མ་འགྲོ་ས་མ་རྙེད་ཞག་གཉིས་ལུས། །རྟ་གཉིས་སྒྱུར་བས་ར་མདའ་ལོན་ནས་སྣང་། །ས་སྨད་རྒྱ་འགྲོགས་ཕྱོགས་སུ་ཕེབས་པའི་དུས། །དུད་ཚང་རིམ་གྲོལ་གཟའ་ཡི་མདོས་བཅས་ཚེ། །ནོར་རྣམས་ཕྱིར་ལ་བསྡུས་ནས་ཤོག་ཅིག་གསུངས། །དེ་ནས་གཟའ་མདོས་ཡར་ལ་ཕུལ་ཙམ་གྱིས། །མདོས་སྣ་གཏད་པའི་བྲག་དེ་ཉིལ་ནས་ཀྱང་། །ངོམ་ཆུ་ལ་ཐུག་ལམ་ཡང་འགག་སོང་བས། །བླ་མ་དེ་ལ་དགོངས་པ་ཡོད་ཟེར་དང་། །ནུས་པ་ཆེ་བར་ཐམས་ཅད་ཧ་ལས་གྱུར། །དེ་རྗེས་དུས་ཕྱིས་བླ་མ་སྤྲུལ་སྐུ་ཡིས། །བསྒྲུབས་པ་བྱས་ཚེ་ནུབ་གཅིག་རྨི་ལམ་དུ། །ཆོས་སྐྱོང་རཱ་ཧུ་ལ་ནི་མངོན་རྟོགས་ལྟར། །བྱུང་ནས་ཁོང་ཉིད་མཆན་ཁུང་དུ་བཅུག་ནས། །མཐུན་མཐུན་བྱས་ནས་ཤོད་ནས་ཁང་ཐོག་ཁྱེར། །དེ་ཚེ་རང་ཉིད་ཕྱག་རྡོར་བསྒོམས་པ་ཡིས། །དངོས་སུ་གྱུར་ནས་གཟའ་ཡི་སྙིང་ཁར་ཞུགས། །དྲག་ཏུ་གཟིར་བས་དམ་ལ་ཐོགས་གྱུར་ཏེ། །གནོད་པ་མི་བྱེད་བསྟན་པ་བསྲུང་བ་ཡི། །ཁས་བླངས་དམ་བཅའ་ཐ་ཚིག་ཕུལ་བར་གྱུར། །དེ་ཕྱིར་ཟླ་རེའི་ནང་དུ་གཏོར་འབུལ་རེ། །མ་བྱིན་ན་ནི་མི་དགའི་རྟགས་འབྱུང་ཞིང་། །


CMR002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཤུགས་ལ་འཁོར་བར་གྱུར་པ་དང་། །འདས་དུས་ལའང་གྲིབ་གཞི་ཞད་མ་བྱུང་། །ཐུགས་དམ་ལ་ནི་གྲིབ་གཞི་བསྐྱར་དོགས་པས། །སྲུང་འཁོར་བཏགས་དང་དམིགས་པ་ལ་སོགས་པ། །ཨེ་དགོས་བླ་མོ་དོན་གྲུབ་ཀྱིས་གསུངས་ནས། །ཁས་ལེན་བྱུང་གདའ་ཨུ་དོགས་བསམས་ནས་བསྒྱུར། །ཚད་ཕུ་འདྲ་བས་གྲིབ་གཞི་མ་བསྐྱར་རོ། །རཱ་ཧུ་ལ་ཡིས་གནོད་པ་མི་བྱེད་ཅིང་། །བསྟན་པ་བསྲུང་ཞེས་སྨྲས་པའི་ཁས་ལེན་ནི། །ཕྱག་རྡོར་སྤྲུལ་པ་ཆོས་རྗེ་གཡའ་བཟང་བ། །ཨོ་རྒྱན་ཐུགས་སྤྲུལ་བླ་མ་ཁོང་དང་གཉིས། །དེ་མིན་བྱུང་རབ་རྣམ་ཐར་མཐོང་ཐོས་མེད། །འདི་ནི་གུ་དྲག་བསྒྲུབས་པ་ཀུན་ཐེམ་པའི། །གྲུབ་རྟགས་བླ་ན་མེད་པ་ཡིན་པ་སྟེ། །རྗེས་འཇུག་རིགས་རྒྱུད་གྲྭ་རིས་ཀུན་གྱིས་ཀྱང་། །མཆོད་བསྟོད་བྱས་ན་ལྷ་འདྲེའི་ཐ་ཚིག་བརྟེན། །གནོད་པ་ཆུང་ཞིང་མགོན་སྐྱབས་སྡོང་གྲོགས་བྱེད། །གཟའ་ཡི་བསྙེན་སྒྲུབ་བྱེད་ནི་མ་མྱོང་སྟེ། །ཉི་མ་མདུང་གང་དགུ་མཐའ་དགུ་ཕུད་པ། །དེ་ཉིད་ཞི་བའི་སྒྲུབ་པར་སོང་བ་འདྲ། །གཟའ་འདི་རྟགས་མཚན་ཤིན་ཏུ་གསལ་བྱུང་གསུངས། །སྔ་ཐོག་རྟ་ཉུང་རྟ་དྲེལ་གོད་མང་སྐབས། །ལོ་དུས་བཞིན་དུ་ཞིག་གསུམ་རྡོ་བྲང་དུ། །


CMR002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་ནས་རཱ་ག་ཨ་སྱས་མཛད་པ་ཡི། །རྟ་གཟུངས་ཆོ་ག་ཚར་མང་བསགས་པ་དེས། །རྟ་གོད་ཆོད་ཅིང་དྲེལ་ཕྲུག་རྟེའུ་མང་སོས། །དེ་ནས་དཔེ་དེ་སྔགས་པ་གཅིག་ལ་ནི། །དཔེ་ནི་གཅོད་རྒྱུ་གཡར་བས་རྟ་གོད་ལངས། །དེ་ཕྱིར་དཔེ་འདི་མི་སྤེལ་བཀའ་རྒྱ་མཛད། །དེ་ཉིད་གཏོར་བསྔོས་ཐུགས་དམ་འགའ་མཛད་པའི། །ཉིན་གཅིག་ཉི་ཤར་ཉི་མའི་དཀྱིལ་འཁོར་ལ། །རེ་མནྟ་ཡིས་ཆིབས་ནས་བྱོན་པ་གཅིག །མངོན་སུམ་ཉིད་དུ་གསལ་བར་ཞལ་གཟིགས་ནས། །དེ་ཕྱིར་རྔོག་ཆག་བརྒྱ་ཁ་བུད་པ་འཛོམས། །མ་ཐོང་ནང་དུ་ཕེབས་སྐབས་སྐུ་རྒྱལ་གྱི། །བསང་དང་གསོལ་ཁ་མཛད་པའི་དེ་ནུབ་ལ། །རྨི་ལམ་སྐུ་རྒྱལ་བཙན་གཟུགས་བགྲེས་པོ་བྱོན། །ཡུལ་འདིར་རི་དྭགས་བདའ་སོགས་གང་གནོད་བྱས། །ང་ཡང་རྒུད་ནས་ཡོད་ཟེར་ཕྱག་འཚལ་རྨིས། །སྐུ་རྒྱལ་འདི་ནི་བཙན་མགོན་བེག་རྩེ་དང་། །གནོད་སྦྱིན་ཤན་པ་དམར་ནག་ཡིན་པར་བཤད། །གར་མཁན་མཆོག་སྟེ་ས་བརྒྱད་སེམས་དཔའ་ཡིན། །དེ་ཡིས་ཕྱག་ནི་འཚལ་ཞིང་གུས་འདུད་པ། །ཡཀཱ་མེ་དབལ་སྤྲུལ་པ་ཡིན་པའི་དོན། །དབྲོ་བོར་ཕེབས་དུས་དེ་ཡི་ཡོན་བདག་ཚོར། །བཀག་ནགས་མ་ཐུ་གསུངས་པས་


CMR002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུས་ཏེ། །ཕྱིར་ལོ་ཕེབས་དུས་ཉམས་དང་རྨི་ལམ་མཚམས། །བཀག་ནགས་གྲིབ་ནས་རི་དང་མཉམ་པ་ཡི། །ནག་པོ་ཆེན་པོ་གཟུགས་དངོས་མི་གསལ་བ། །གཅིག་གིས་ཁོང་ལ་ཕྱག་ནི་འཚལ་བྱུང་བ། །བཀག་ནགས་བཀག་རོགས་བྱས་པས་དགའ་བ་དང་། །དེ་ཡང་མེ་དབལ་སྤྲུལ་པའི་རྟགས་སུ་ངེས། །དམ་ཅན་བསྙེན་སྒྲུབ་སོགས་ནི་མ་མཛད་དེ། །གསོལ་ཀ་ལ་ནི་བརྩོན་པར་མཛད་སྐབས་སུ། །ནུབ་གཅིག་ཉམས་དང་རྨི་ལམ་འདྲེས་པའི་མཚམས། །མགར་ནག་མངོན་རྟོགས་དང་བཅས་ཞལ་གཟིགས་ཏེ། །དེ་ཚེ་དེ་ལ་བསྟོད་པ་འདི་མཛད་པའོ།། ༈ ཧཱུྃ། དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །སྐུ་མདོག་སྨུག་ནག་འབར་བ་ལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །དམ་ཉམས་དགྲ་བོ་ཟས་སུ་ཟོ། །སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད། །སངས་རྒྱས་བསྟན་པའི་བྱ་ར་གྱིས། །ཕྱག་གཡས་རྡོ་རྗེའི་དབྱུག་པ་ཕྱིར། །སྡང་དགྲ་གནོད་བྱེད་ཚེ་སྲོག་གཅོད། །གཡོན་པས་སྤུད་པའི་གཡབ་མོ་འཛིན། །ཉམས་པའི་དགྲ་བོའི་བླ་ཚེ་སྦྱད། །སངས་རྒྱས་བསྟན་པ་སྲུང་བ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །ཞེས་འདོད་གསོལ་དང་བཅས་


CMR002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྟོད་པའོ། །བསྟོད་པ་འདིར་ཡང་ཕྱིར་ནངས་མ་བརྗེད་པས། །མཚར་འདོད་ཡི་གེར་བྲིས་ནས་བཞག་འདུག་གོ །སྐབས་ཤིག་ཆབ་མདོར་བྱུང་དུས་ཐོ་རངས་ཤིག །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །མགོན་ཁང་རྩེ་ནས་འཇིགས་བྱེད་མ་ཧེའི་ཞལ། །སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ། །སྐུ་ལུས་མགོན་ཁང་ཉིད་དང་མཉམ་པར་མཐོང་། །དེ་མཐོང་དེ་ཕྱིར་ལེགས་ཤིང་དགེ་བར་བྱུང་། །ལོ་གཅིག་དབྱིས་དོ་མཚོ་ནག་ཁ་དེ་ན། །ངེད་ཅག་སྤུན་གཉིས་མཉམ་དུ་ཆར་འབོད་བྱས། །ཞག་བདུན་དེར་བསྡད་དྲག་ལས་འགའ་བྱས་སྐབས། །བླ་མ་ཆོས་དབང་ཀུན་བཟང་རྨི་ལམ་ལ། །དགེ་བསྙེན་ཆེན་པོའི་ཕོ་བྲང་ནང་དུ་ཕྱིན། །ལྕགས་ཀྱི་སྒོ་ཕོག་ལ་སོགས་ཡོད་པ་ཡི། །ཕོ་བྲང་ལོངས་སྤྱོད་ལ་སོགས་ཡོད་པའི་དབུས། །དགེ་བསྙེན་ཚོང་དཔོན་གོས་སྔོན་ཅན་དུ་སྤྲུལ། །དགའ་དགའ་བྱས་ཤིང་བ་སོ་ལས་གྲུབ་པའི། །ཐམ་ཁ་ཆེན་པོ་བརྒྱད་ནི་ཕུལ་བ་ལས། །གཅིག་དེ་ཆག་ཤོར་བདུན་དེ་ཁྱེར་འོང་རྨིས། །དེ་ཕྱིར་ལོ་མང་བདེ་སྐྱིད་ལྡན་པ་སྟེ། །ལྷ་འདྲེ་རྣམས་ནི་ཤིན་ཏུ་གཞུང་བཟང་བས། །གསོལ་མཆོད་བྱས་ན་གྲྭ་རིས་རིགས་རྒྱུད་ལ། །


CMR002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་འདིས་ཀྱང་སྡོང་གྲོགས་བྱེད་དམ་སྙམ། །འདི་ལ་ལེགས་པར་དཔྱད་ན་རྟེན་འབྲེལ་ཆེ། །དེ་བས་རྗེས་མ་སྐུ་མཚམས་བསྡམས་བྱས་ནས། །གནམ་ལྕགས་རྡོ་རྗེ་ལོ་གཅིག་བསྙེན་པ་ལ། །བྱེ་བ་བཅོ་ལྔ་ཙམ་ནི་སོང་བ་འདྲ། །དེ་ཚེ་རྨི་ལམ་བུམ་པ་ཆེན་པོ་གཅིག །འདུག་པའི་ནང་ན་ཚེ་དཔག་བཞུགས་པ་མཇལ། །རང་ལུས་རྩ་གསུམ་འཁོར་ལོ་བཞི་པོ་རྣམས། །མེ་ལོང་གཟུགས་ལྟར་རང་གི་མཐོང་བ་ཡིས། །ལྟེ་བའི་རྩ་མདུད་ནང་དུ་ཚེ་བུམ་ནི། །བདུད་རྩིས་ཁེངས་པ་མཐོང་བའི་རྨི་ལམ་བྱུང་། །གསང་འདུས་དང་པོ་ཅུང་ཟད་སྒྲུབ་པ་ནི། །རྒྱུན་བསྙེན་ཕྲེང་སྐོར་མ་ཆག་ཙམ་རེ་ལ། །ཚེ་སྒྲུབ་བཏོན་ཚད་གནམ་ལྕགས་རྡོ་རྗེ་ཡིན། །དེས་ཀྱང་གསང་འདུས་ཟབ་པའི་གནད་གོ་མཛད། །དེ་ནས་རྒྱལ་བ་རྒྱ་མཚོ་ཁོ་ནའི་ཚེ། །ནུབ་གཅིག་ཉམས་དང་རྨི་ལམ་འདྲེས་མཚམས་སུ། །ནུབ་ཕྱོགས་ངོས་ནས་ནམ་མཁའ་ཁྱབ་པ་ཡི། །མགོན་པོ་བེར་ནག་ཅན་ཞིག་གསལ་བར་མཇལ། །ནུབ་གཅིག་ཨོ་རྒྱན་ཆེན་པོ་དངོས་ལྟ་བུ། །ཤིན་ཏུ་གསལ་བ་རྨི་ལམ་ཡུལ་དུ་མཇལ། །ཕྱིར་ཉིན་དགའ་སྟོན་ཚོགས་འཁོར་བཤམས་པའི་ཚེ། །ཨ་མས་ཁ་ལྟས་ངན་པས་རྟེན་འབྲེལ་འཆུག །དེ་ལ་


CMR002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཆེན་པོ་མཛད་དོ་སྐད། །བདུད་འདུལ་རྡོ་རྗེར་ལི་མ་འབུལ་རྒྱུ་བསྐུར། །ཕྱག་ཏུ་ཐེང་ནུབ་རྨི་ལམ་ནམ་མཁའ་ནས། །ཨོ་རྒྱན་ཆེན་པོ་ཞི་མ་ཁྲོ་ཡི་སྐུ། །ཤིན་ཏུ་ཟིལ་ཆེ་གཟི་བརྗིད་འབར་བ་མཇལ། །དེ་ལྟར་ཨོ་རྒྱན་མཇལ་བ་ལན་གཉིས་ཡིན། །ཟུར་མང་སྙན་བརྒྱུད་བདེ་མཆོག་བསྙེན་པའི་ཚེ། །ཆོས་དབྱིངས་རྡོ་རྗེ་མངོན་སུམ་ལྟ་བུར་མཇལ། །ལྟ་ན་སྡུག་པའི་བུད་མེད་མང་པོ་ཡིས། །དངོས་གྲུབ་རྫས་དང་བདུད་རྩི་ཡང་ཡང་དྲངས། །ཁྱད་པར་ཡེ་ཤེས་ཌཱཀྐིའི་མཚན་རྟགས་ཅན། །མི་ལས་འདས་པའི་ལྷ་མོ་གཅིག་བྱུང་ནས། །ཤེས་བཞིན་རྩ་རླུང་ཉམས་ལེན་དམིགས་རིམ་བཅས། །སྦྱོར་བ་བྱས་པས་དགའ་བཞིའི་ཡེ་ཤེས་ནི། །རྒྱུད་ནས་བཤད་ལྟར་ངོ་ཡི་ཟིན་པ་སོགས། །རྨིས་ལྟས་ཡ་མཚན་ངོ་མཚར་དུ་མ་དང་། །དངོས་སུ་རྟོགས་པ་ལའང་བོགས་ཆེ་བས། །དེ་ཕྱིས་བདེ་མཆོག་ལྷ་ལྔ་ཐུགས་དམ་མཛད། །མཚམས་ལ་བཞུགས་ནས་ལོ་ནི་གཅིག་གཉིས་དུས། །ནུབ་གཅིག་དངོས་སུ་སྟེང་ནས་མནན་ནས་བྱུང་། །སུ་ཡིན་སྙམ་ནས་ལག་པས་ཉུལ་ཙམ་ན། །བུད་མེད་ནུ་མ་ཆེན་མོ་ཅན་ཞིག་འདུག །ང་ནི་རབ་བྱུང་བླ་མ་ཡིན་པ་ལ། །བརྙས་བཅོས་


CMR002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོས་སྟེང་ནས་མནན་བྱུང་བར། །དུམ་རྒྱུ་ཡུ་མེད་ཁ་མཆུ་མི་བྱེད་རེ། །སྨྲས་ཤིང་མནའ་བསྐྱར་ཡར་ལ་ལོང་བསམ་ཛ། །བུད་མེད་འཕུར་ནས་མཐོང་ཁ་ནང་ནས་སོང་། །གཅེར་བུ་མགོ་ལ་ཐོར་ཅོག་ཅན་གཅིག་གདའ། །དེ་ཉིད་ལྷ་འདྲེ་གང་ཡིན་མ་འབྱེད་ཀྱང་། །དེ་སྔོན་རྫོགས་ཆེན་ཐོབ་ཀྱང་ཉམས་ལེན་མེད། །དེ་ནས་བཟུང་སྟེ་རྫོགས་ཆེན་ཉམས་ལེན་འདོད། །འོད་དང་ཐིག་ལེ་འཕེལ་ཚེ་རྟགས་མཚན་ཐོན། །དེ་ཕྱིར་དེ་ཡི་རྫོགས་ཆེན་བཀའ་སྲུང་མཆོག །སྔགས་སྲུང་ཨེ་ཀ་ཙ་ཏི་ཡིན་པར་སྣང་། །ཕྱག་ཆེན་ཉམས་ལེན་གཙོ་བོ་ཡིན་པ་ལ། །བདག་ལ་རྟོགས་འབུལ་ཡང་ཡང་བྱས་པ་སྟེ། །མཚམས་ལ་བསྡད་ནས་ལོ་དྲུག་དུས་ཙམ་ལ། །སྤྲོས་བྲལ་ངོ་བོ་མཐོང་ངེས་བྱུང་ནས་གདའ། །འདས་ཁའི་སྔར་ལོའི་དུས་ནས་སྣང་སེམས་གཉིས། །དབྱེར་མེད་ཉམས་ཀྱི་རོ་གཅིག་དངོས་རྟོགས་ཏེ། །བསྐྱེད་རྫོགས་ཟུང་དུ་འཇུག་ངེས་བྱུང་ནས་གདའ། །རྫོགས་ཆེན་ཉིན་མཚན་མེད་པར་མིག་གིས་ནི། །འགྱུར་ལྡོག་ལྟ་སྟངས་ཙམ་ཞིག་བྱས་པ་ནས། །ཉི་ཟེར་མི་དགོས་སྣོད་བཅུད་ཐམས་ཅད་ཀུན། །འཇའ་འོད་ཐིག་ལེ་ཐིག་ཕྲན་ཁྲ་ཆེམ་མེ། །མིག་བཙུམ་སྨིན་མཚམས་ཐད་དུ་


CMR002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པ་ན། །ཐིག་ལེ་བཅོ་ལྔའི་ཟླ་ལྟར་དཀར་བ་དང་། །མཐིང་ག་ལ་སོགས་དུས་རྣམས་ཀུན་ཏུ་མཐོང་། །ཐིག་ལེའི་ནང་དུ་ཀུན་ཏུ་བཟང་པོ་དང་། །རིགས་ལྔའི་སངས་རྒྱས་ཞི་ཁྲོའི་ལྷ་རྣམས་ནི། །དང་པོ་ཞལ་སྤྱན་མི་གསལ་ཁ་དོག་གསལ། །ཕྱིས་ནས་སྤྱན་ཞལ་རྒྱན་དང་ཆ་ལུགས་རྫོགས། །གྲངས་མེད་དཔག་ཏུ་མེད་པ་དངོས་སུ་མཇལ། །དེ་ཕྱིས་རྫོགས་ཆེན་ཟབ་པའི་ངེས་ཤེས་ཐོབ། །སེམས་ངོ་དང་བསྲེས་ཁྲེགས་ཆོད་ཟུང་དུ་མཇུག །རིག་པ་ཚད་ལ་ཕེབས་པར་གྱུར་ནས་ནི། །དེ་ནས་མ་སྒོམ་ན་ཡང་ཆོག་གསུངས་ལྟར། །རེ་ཞིག་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར། །དེ་ལ་མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར། །ཀུན་ཀྱང་སྣང་ལ་རང་བཞིན་མ་གྲུབ་པ། །སྐུ་ནི་རི་བོ་ཙམ་དུ་ཆེ་བར་གཟིགས། །དེ་ཕྱིས་དགོངས་འདུས་མཁའ་འགྲོའི་ལས་བྱང་དེ། །ཚེས་བཅུ་ནམ་བྱུང་འདོན་ཅིང་ཚོགས་ཀྱང་མཛད། །གཉིད་དུ་སོང་མ་ཐག་ཀྱང་འཇའ་འོད་དང་། །ཐིག་ལེ་ཐིག་ཕྲན་ཁྲ་ཆེམས་འགྲོ་འདུག་པས། །དེ་ཕྱིར་ཐོད་རྒལ་ལྟ་བ་མ་མཛད་ཀྱང་། །མ་བལྟས་ན་ཡང་ཕ་ཆེར་འཆར་རོ་གསུངས། །གཏོར་མ་འབུམ་གཏེར་ཐུགས་དམ་མཛད་པའི་སྐབས། །


CMR002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་ཆུ་སྦྱིན་ཐེབས་ཙེར་ཆུ་བླུགས་པས། །དོར་བར་མ་བྱས་ཟག་པ་མེད་པ་ལ། །ཆུ་དེ་མི་སྣང་ཐེབས་རྩེ་སྐམ་པོ་རེད། །ཡི་དྭགས་ཀྱིས་ནི་དངོས་སུ་འཐུང་བ་ནི། །ལན་གྲངས་འགའ་རེ་བྱུང་བ་མཚར་རོ་གསུངས། །མགོན་པོས་མདོས་ཆེན་བཅའ་དུས་ལ་སོགས་པ། །དགུན་ལ་ནང་མཆོད་བདུད་རྩི་ཁོལ་བ་དང་། །འཕྱུར་ཞིང་གཞི་ཐོག་མང་དུ་འབོ་བ་ནི། །ལན་གྲངས་གཉིས་གསུམ་ཙམ་ཞིག་བྱུང་བ་ཡིན། །དེ་ལྟར་ཉམས་ལེན་སྒྲུབ་པའི་རྟགས་མཚན་ནི། །ཁོ་རང་གསུངས་པ་ཕལ་ཆེར་བརྗེད་ན་ཡང་། །རིགས་རིམ་ཡིད་ལ་གང་ཡོད་བྲིས་པ་སྟེ། །ས་བཅད་བརྒྱད་པ་དེ་ཡིས་ཚང་བའོ།། །དེ་ནས་འགྲོ་དོན་བསོད་ནམས་བསགས་ཚུལ་གཉིས།།འདས་པའི་རབ་དང་དེ་ཡི་རྟགས་རྣམས་ལས། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །ཉེར་བཞིའམ་ཉེར་ལྔའི་དུས་ཙམ་ལ། །མཆེད་གྲོགས་རིབ་མདའ་བླ་མ་བརྩོན་འགྲུས་ཀྱིས། །ཞིང་སྐྱོང་དང་ནི་དམ་ཅན་མགར་ནག་གི །དབང་ལུང་ཞུ་ཟེར་དེ་ནུབ་གཏོར་མ་བཅས། །རྨི་ལམ་ཟ་དམ་མགོན་ཁང་ནང་དེ་ནས། །གཡག་ནག་གཉིས་དང་རྭ་སྐྱེས་རུ་མདུད་ཅན། །བྱུང་ནས་ཁོང་ལ་བརྡུང་ཤོམ་སྐྲག་སྔངས་ཆེ། །མི་ནི་འཕྲུག་


CMR002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱོན་པ་གཅིག་གིས་བཤུགས། །ཁྱོད་རང་འདུག་ཚུགས་ན་ནི་སྡོད་གཅིག་ཟེར། །ཕྱིར་ནངས་དབང་གཏོར་བཤིག་ནས་དབང་ལུང་བཤོལ། །དེ་ཕྱིར་དབང་ལུང་ཆོས་སྒོ་དོགས་པར་མཛད། །རཱ་ག་ཨ་སྱ་ལོ་གྲངས་བཅུ་གསུམ་ལ། །མཚམས་བསྡམས་ཚེ་ན་མཚམས་གཡོག་ལ་དམིགས་ནས། །ལོ་རེ་ཟླ་བ་རེ་རེ་མཚམས་བསྡམས་པ། །དེ་མན་རྒྱུན་དུ་ལྡོམ་བུ་གྲོང་ཆོག་སྟེ། །རེ་ཆམ་སྒོམ་གསུམ་སྡེ་ནི་ཕལ་ཆེར་གྱིས། །སྐུ་རིམ་རྐྱེན་བཟློག་མཁས་འདུག་བྱས་ནི་འབོད། །ཕན་ཐོགས་ནུས་པ་བྱིན་རླབས་ཆེ་བར་གྲགས། །ཚེ་འདས་དོན་ལ་བཟང་མཐོང་བྱེད་ནས་འབོད། །དེ་ཕ་ཕེབས་ན་འགྱོད་པ་མེད་དོ་ཟེར། །དེ་ཚེ་ཚེ་འདས་མང་པོའི་འཕོ་འདེབས་དུས། །འཕོ་བ་ཐེབས་རྟགས་གསལ་པོ་བྱུང་གྲངས་མང་། །འཕོ་བ་ཐེབས་ན་འགྲོ་དོན་ཆེ་ཤོས་ལགས། །ཤི་བསྔོ་གསོན་བསྔོ་ཤི་ཤོག་གསོན་ཤོག་མང་། །དེ་དག་ནམ་ཞིག་བྱང་ཆུབ་རྒྱུར་འབྱུང་བས། །དེ་ཡང་འགྲོ་དོན་རྣམ་གྲངས་ཆེ་ཤོས་ཡིན། །དངུལ་བཟང་བསོད་ནམས་རྡོ་རྗེའི་རིགས་རྒྱུད་པ། །བླ་བརྒྱུད་མ་ཆད་ཡོངས་གྲགས་བླ་ཆེན་ཏེ། །རི་པ་བག་ཡོད་ཁུ་དབོན་དཔོན་སློབ་འགའ། །འབུལ་བ་ཆེན་པོ་


CMR002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ནས་ཕེབས་བྱུང་བ། །རཱ་ག་ཨ་སྱ་ངག་མཚམས་དམ་པ་ཡིས། །བླ་མ་ཆོས་དབང་ཀུན་བཟང་ལ་ཞུས་ཏེ། །གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཡོངས་རྫོགས་དང་། །ཀིང་ཀང་དམར་ནག་གུར་དྲག་ཡོངས་རྫོགས་གནང་། །རི་པས་ཁྲོ་ཆུ་བསྒྲུབས་པས་ནུས་པ་ཐོན། །ཁམས་ཕྱོགས་ཁྱབ་པའི་གྲགས་པ་ཆེན་པོ་བྱུང་། །ཟུར་རིའི་གྲྭ་པ་ཀར་ཤོད་སྤྲུལ་སྐུ་ཡིས། །གཡོ་རུའི་རྒྱལ་བ་རྒྱ་མཚོའི་ཞལ་ཐང་བཞེངས། །ཡོན་ལ་རྒྱུ་ནི་དངོས་པོ་མི་ལེན་ཏེ། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །དབང་ལུང་འདོད་ཟེར་དེ་ཞོར་དུས་གཅིག་ལ། །བླ་མ་ཕྲིན་ལས་དང་ནི་གཉིས་ཀ་ལ། །ཐུགས་རྗེ་ཆེན་པོ་ཡོངས་རྫོགས་དབང་ལུང་གནང་། །བླ་མ་རྟོགས་ལྡན་ཙཱ་རི་པ་ཞེས་པས། །འབུལ་བ་བསྣམས་ནས་ཁྲོས་མ་ཞུ་རུ་བྱུང་། །དེ་ལ་ཁྲོས་མའི་དབང་ལུང་གཅོད་སོགས་གནང་། །བླ་མ་དགེ་སློང་ལྟ་སྒོམ་ལྷུན་གྲུབ་ལ། །ནད་བྱུང་སྐུ་རིམ་ཅིས་ཀྱང་མ་ཕན་པར། །ནཱ་ག་ཀླུ་འདུལ་གནང་ནས་སྒྲུབ་པས་བདེ། །དེ་ལ་པདྨ་འོད་འབར་དབང་ལུང་རྫོགས། །དེ་ཡི་ལོ་གསུམ་ཕྱོགས་གསུམ་བསྒྲུབས་པ་ཐེམ། །བླ་མ་རྟོགས་ལྡན་པདྨ་རིག་འཛིན་ལ། །ལས་བཞིའི་སྦྱིན་སྲེག་དཀྱིལ་འཁོར་ཐིག་རྩ་


CMR002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས། །ཆོས་འབྲེལ་ལུང་འབྲེལ་ཅུང་ཟད་གནང་བ་ཡིན། །དེ་བཞིན་བླ་མ་གྲགས་པ་དབང་ལྡན་དང་། །བླ་མ་ཡང་དག་ལ་སོགས་སྔ་ཐོག་གིས། །རཱ་ག་ཨ་སྱས་བུ་ཆེན་ཕལ་ཁྱེར་གྱིས། །ཆོས་དབང་ལའང་དབང་འབྲེལ་ལུང་འབྲེལ་ཞུས། །སྔགས་འཆང་ཚེ་རིང་འབུམ་དང་བསོད་ནམས་འབུམ། །ཕ་བུ་གཉིས་ལ་ཁྲོ་ཆུའི་དབང་ལུང་གནང་། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་དབང་ལུང་སོགས། །རཱ་ག་ཨ་སྱ་བདག་གིས་ཞུས་པ་ཡིན། །མི་འགྱུར་རྡོ་རྗེ་འཁྲུངས་ནས་ཆུང་ངུའི་དུས། །ཞལ་ཡང་གྲག་མི་ཐུབ་དུས་བསྙུང་བའི་ཚེ། །མཚན་ལ་བླ་མ་ཆོས་དབང་གདན་འདྲེན་བྱུང་། །ཐུ་བས་མཚན་ལ་བྱོན་ནས་ཡུམ་སྲས་ལ། །བྱབ་ཁྲུས་རྗེས་གནང་འགའ་རེ་བྱས་ཞེས་གསུངས། །གཞན་ཡང་སྔགས་འཆང་མང་པོར་དབང་ལུང་དང་། །མི་ནི་ཆེ་འབྲིང་བར་མ་མང་པོ་ལ། །རྗེས་གནང་དང་ནི་ཚེ་དབང་བརྒྱ་རྩ་སོགས། །མདོས་ཟློག་ཞི་ཁྲོ་ཀུན་རིག་ལ་སོགས་པ། །དེ་ཡང་བླ་མ་སྤྱི་ཡི་ཕྱག་སྲོལ་ལྟར། །བླ་མིང་ཐོག་ནས་སྐུ་མཚམས་མ་བསྡམས་པར། །ལོ་གྲངས་ཉི་ཤུའི་བར་དུ་འགྲོ་དོན་མཛད། །རྣམ་སྲས་དམར་སེར་མགར་བ་དམར་ནག་དབང་། །ཉིད་


CMR002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཀརྨ་དོན་ཡོད་ལ་ཐོབ་པའི། །ཆུང་ངུའི་དུས་ཀྱི་ལུང་ཡིག་བརྗེད་ཐོར་གསལ། །ལུང་ནི་རྒྱས་པར་བདག་གིས་བྱས་བསམ་སྟེ། །ཁོང་གིས་མི་སྤེལ་བཀའ་རྒྱ་དམ་པ་ཡི། །རྣམ་སྲས་དམར་སེར་མགར་བ་དམར་ནག་དང་། །ལྷ་སྨན་དང་ནི་ལྔ་ཡི་དབང་ལུང་རྣམས། །འདས་རྒྱུའི་དབྱར་ཁ་བླ་མ་རྒྱལ་མཚན་དང་། །ནམ་མཁའ་པདྨ་འགྲོ་དོན་གསུམ་པོ་ལ། །བརྒྱུད་པ་གཏད་པའི་ཚུལ་དུ་གནང་གྲུབ་པ། །དེ་ནི་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། །གཅིག་བརྒྱུད་ངེས་པའི་ཧཱུྃ་ནག་སྙིང་ཐིག་ལ། །བླ་མ་རྒྱལ་མཚན་ཉིད་ལ་གནང་གྲུབ་འདུག །བརྒྱུད་པ་གཏད་པ་འདས་རྒྱུ་ཤེས་ན་ཡང་། །དེ་བས་བྱེད་རྒྱུ་མེད་པ་ལྟ་བུར་སྣང་། །འབྲི་སྟག་ས་སྐྱ་གཏེར་སྟོན་གདུང་རྒྱུད་སོགས། །འདས་ཁ་གཅིག་བརྒྱུད་གདམས་པ་གནང་བ་དང་། །བཀའ་སྲུང་རྩིས་ཆེན་བཀའ་བབས་བརྒྱུད་པ་གཏད། །བཀའ་སྒོ་དམ་བཞག་མཛད་པ་ཕྱག་སྲོལ་ལགས། །འགྲོ་དོན་བྱས་པའི་ས་བཅད་བརྒྱད་པའོ།། །།ལོ་གྲངས་བཅུ་གསུམ་མཚམས་གཡོག་བྱས་པའི་ཚེ། །ང་ལ་སྤྱན་ཡའི་འདུ་ཤེས་མི་བྱེད་པར། །རྩ་བའི་བླ་མ་ཡིན་ལ་ཡིན་བཞིན་བསྒོམས། །ལྡོམ་བུ་གྲོང་ཆོག་མཚམས་རྒྱུགས་ཡིན་པར་


CMR002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དེ་བྱས་མཚམས་ལ་བསྡད་དང་ཕན་ཡོན་མཉམ། །ཡང་ཡང་སྨྲས་པས་དེ་དོན་ཡིད་བཞག་ནས། །ཅི་རྙེད་བདག་གི་བུག་སྒོར་སྤྱན་ལམ་ཕབ། །བདག་གིས་བྲན་ནས་ཟས་རྣམས་གཏོར་བསྔོས་དང་། །ཆས་ཀ་གཞན་རྣམས་མཎྜལ་ལ་དམིགས་ཕུལ། །རྐང་བཞི་པ་རྣམས་བསྐང་རྫས་དམིགས་ནས་ཕུལ། །ཤི་གསོན་འབྲེལ་ཐོགས་རྣམས་ལ་བསྔོ་བ་བྱས། །དེ་ཕྱིར་ཁོང་ལ་དཀོར་སྒྲིབ་ཅུང་ཟད་མེད། །ལ་ཆེན་ཁྱེད་གཉིས་རུ་མགོ་གཅིག་པའི་ཕྱིར། །དགེ་ཕྱོགས་གང་འགྲུབ་ངེད་རང་མཆེད་གཉིས་དང་། །བློ་སེམས་གཅིག་པའི་གྲྭ་སློབ་ཐམས་ཅད་དང་། །འཚོ་བ་མཐུན་རྐྱེན་སྦྱོར་བའི་ཡོན་བདག་སོགས། །ཀུན་གྱིས་ཐོབ་ངེས་གཅིག་གི་སྒེར་ཟོག་མིན། །ཆོས་ཀྱི་ཕན་ཡོན་ནམ་མཁའ་ལྟ་བུ་སྟེ། །ཤ་ཐུད་བཞིན་དུ་བགོས་པས་ཆུང་མི་འགྲོ། །བླ་མ་དབོན་པོ་གཉེར་པ་གྲྭ་འཁོར་སོགས། །བློ་སེམས་གཅིག་པ་ཀུན་གྱིས་ཚང་མ་ཐོབ། །དེ་ཕྱིར་སྔ་ཕྱིར་བསོད་ནམས་ཚོགས་རྫོགས་ཐབས། །ཚེ་དཔག་རིགས་ལྔ་འོད་དཔག་སྟོང་གིས་བསྐོར། །རཱ་ག་ཨ་སྱ་རྨི་ལམ་དང་བསྟུན་པའི། །བདེ་ཆེན་ཞིང་བཀོད་གནས་འདུས་ཐང་ཀ་དང་། །རྣམ་སྲས་སེར་པོ་སྐྱ་བརྒྱད་


CMR002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་བཞེངས། །ཚེ་དཔག་སྟོང་སྐུ་ཨོ་རྒྱན་སྟོང་སྐུ་དང་། །སྨན་བླ་གནས་འདུས་བདེ་ཆེན་ཞིང་བཀོད་གསུམ། །བླ་མ་ཡི་དམ་ཆོས་སྐྱོང་ཀུན་འདུས་གསུམ། །ས་སྐུའི་ཐུབ་དབང་གསེར་དངུལ་གསོལ་བ་སྟོང་། །ཚེ་དཔག་གསང་འདུས་ལ་སོགས་གཏོར་མགྲོན་གྱི། །ཞལ་ཐང་ཆེ་བ་བཅུ་གསུམ་ཕྱིར་དར་གསུམ། །འོད་དཔག་མེད་དང་ཐུགས་རྗེ་ཆེན་པོ་ཡི། །མདོ་རྒྱུད་བསྡུས་པའི་དངུལ་བྲིས་པོ་ཏི་གཅིག །བཀའ་ཐང་རྣམ་ཐར་གསེར་ཕྲེང་གཉིས་པོ་ནི། །དངུལ་གྱིས་བཞེངས་པའི་གླེགས་བམ་ཆེ་བ་གཅིག །སྨན་མདོ་རྒྱལ་བ་རྒྱ་མཚོའི་རྒྱུད་གཉིས་པོ། །དངུལ་གྱིས་བྲིས་པའི་གླེགས་བམ་ཆུང་བ་གཉིས། །དཔེ་ཕྲན་ཟ་མ་ཏོག་དང་རྒྱུད་ལ་སོགས། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་པོ་ཏི་གཉིས། །འདུལ་བའི་གཞི་གསུམ་མི་ཏྲ་པོ་ཏི་གཅིག །འདོན་ཆའི་པོ་ཏི་ཆེ་ཞིང་རིང་བ་རྣམས། །སྔ་ཕྱིར་བྲིས་པ་བརྒྱད་དགུ་ཙམ་ཞིག་དང་། །གནམ་ཆོས་པོ་ཏི་བཅུ་གསུམ་ཆ་གསུམ་དང་། །གསང་འདུས་ཐུགས་སྒྲུབ་གཞུང་པོད་ཆེ་བ་གཉིས། །འཇའ་ཚོན་སྐོར་གྱི་པོ་ཏི་སྔ་ཕྱི་བདུན། །རྒྱལ་བ་རྒྱ་མཚོ་གཅིག་ཤེས་ཀུན་གྲོལ་སོགས། །ཀར་ལུགས་ཆོས་སྐོར་པོ་ཏི་གཉིས་ཙམ་ཞིག །བུམ་སྒྲུབ་ཕོ་བྲང་


CMR002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཉིས་ཟངས་བུམ་སོགས། །སྒྲུབ་ཆེན་ཆ་ལག་ཡོངས་སུ་རྫོགས་པ་དང་། །ཞི་ཁྲོའི་ཕོ་བྲང་ཆ་གཉིས་ཆེས་དཀར་བཅས། །སྨན་བླའི་ཕོ་བྲང་དབུས་གཙང་སྲོལ་ཡོད་ལྟར། །དེ་སྔ་ལོ་གྲངས་ཕྱེད་བརྒྱད་ཚེ་འབར་བཙུགས། །བུམ་སྒྲུབ་ལན་བཞི་དགོངས་འདུས་ལན་གསུམ་དང་། །ཐུགས་སྒྲུབ་དང་བཅས་སྒྲུབ་ཆེན་ལན་བརྒྱད་བཙུགས། །སྒྲུབ་ཕྲན་འུར་འདོན་ལན་གྲངས་དུ་མ་སྟེ། །ཇ་མར་ནས་སོགས་ཕལ་ཆེར་དེ་ལ་བཏང་། །རི་བཤུ་མང་ཇ་སྔ་ཕྱི་ལན་མང་པོ། །བླ་མ་རྣམས་ལ་འབུལ་བ་ཅི་འབྱོར་གཟབ། །དགོན་པ་འགའ་ལ་དགོན་གསོས་སྤྱི་འབུལ་སོགས། །ལ་ཆེན་དགེ་བའི་ཕྱོགས་ལ་ཅི་ཐེང་བྱས། །དེ་དག་ཐམས་ཅད་མཆེད་གཉིས་དབོན་པོ་བཞི། །གཉེར་པ་གཉིས་དང་གྲྭ་མང་བཅས་པ་ཡིས། །ཀུན་གྱི་བློ་སེམས་གཅིག་ལས་གྲུབ་པ་ཡིན། །དགེ་རྩ་ཡང་ནི་དེ་བཞིན་སྤྱི་སོར་ཐོབ། །འོན་ཀྱང་བླ་མ་ཆོས་དབང་ཀུན་བཟང་ཉིད། །མདོ་རྒྱུད་རྒྱ་ཆེན་ཐུགས་སྦྱང་མ་མཛད་པས། །ཐེག་ཆེན་སེམས་བསྐྱེད་དེ་ཡིས་སྙིང་མ་ཚིམ། །གཞན་གྱི་དགེ་བ་རང་གིས་མི་ཐོབ་ཅིང་། །རང་གིས་བྱས་པའི་དགེ་བ་ཆུད་མི་ཟ། །རྒྱུ་དང་རྒྱུ་བའི་རྩ་བ་འདེད་དགོས་


CMR002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཐེག་དམན་སེམས་བསྐྱེད་དེ་ཉིད་ཐུགས་ལ་འཆང་། །ཁོང་རང་སྒེར་ཟོག་ངོས་བསྐལ་ལ་དམིགས་ནས། །ཐུགས་རྗེ་ཆེན་པོ་རིགས་ལྔ་སངས་རྒྱས་སྟོང་། །ཨོ་རྒྱན་བརྒྱ་རྩ་གཏེར་སྟོན་གླིང་པ་བརྒྱད། །ཚེ་འབར་ཀོང་བུ་ཆེན་པོ་གཉིས་དང་ནི། །རྒྱལ་བ་རྒྱ་མཚོའི་ཞལ་ཐང་ཆེ་བ་གཉིས། །ཡི་དམ་དཀྱིལ་འཁོར་ཐང་ཀ་བཅུ་གསུམ་ཙམ། །དཀྱིལ་འཁོར་ཐིག་རྩ་ཆོས་དབང་ཉིད་ཀྱིས་མཛད། །གཏོར་མགྲོན་ཞལ་ཐང་ཆུང་བ་བཅུ་གསུམ་དང་། །གཏོར་མགྲོན་ཙཀ་ལི་གོང་ཤམ་ལྡན་པའི་ཕྲེང་། །འོད་དཔག་པར་སྐུ་ཚོན་གསོལ་སྤྱན་འབྱེད་ཅན། །སྟོང་ཕྲག་གཅིག་དང་སྒྲུབ་པའི་ཆ་ལག་དང་། །གདོང་ལྔ་ལ་སོགས་ཞལོ་དང་ཁྱུང་གི་སྐུ། །ཕྱི་རབས་རྣམས་ཀྱིས་མ་ཕྱི་ཉན་པ་ཡི། །སྨན་རཀ་སྣོད་སོགས་སྤུས་གཙང་མང་པོ་དང་། །བླ་མ་ཉིད་ཀྱི་སྐུ་ཚད་ཨོ་རྒྱན་གྱི། །ལྡེར་སོ་གསེར་ནི་འཐུག་པོས་གཡོགས་པ་དང་། །ལུས་ཚད་མཆོད་རྟེན་དངུལ་གྱིས་གཡོགས་པ་སོགས། །བླ་མ་ཆོས་དབང་ཀུན་བཟང་ཁོ་རང་གིས། །ཕྱག་བཟོ་རྒྱུ་བ་འོ་བརྒྱལ་ཆེན་པོ་མཛད། །དེ་བཞིན་ཚེས་བཅུའི་འགྲིགས་ཆོག་པོ་ཏི་དང་། །དགོངས་འདུས་སྐར་མཛོད་ཞི་བརྔན་བསང་གསོལ་བསྐོར། །དར་ནག་


CMR002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་ཆོས་གོས་པད་ཞྭ་སོགས། །ཉིད་ཀྱིས་བདག་བཟུང་ཁྱད་པར་བ་རྣམས་དང་། །རཱ་ག་ཨ་སྱས་སྒར་ཆས་སྒྲུབ་ཆེན་ཆས། །དབང་དཔེ་ཙཀ་པོད་པོ་ཏི་དྲུག་བདུན་སོགས། །ཕལ་ཆེར་ཉིད་ཀྱིས་ཞལ་ཆོས་མཛད་ནས་བཞེངས། །དེ་དག་ལ་བསྟན་ལོ་བདུན་འགྲོ་དོན་བྱུང་། །དཀོར་རྫས་རྒྱུ་ཡི་དངོས་པོ་ཕལ་ཆེར་བ། །དགེ་སོགས་བསོད་ནམས་བསགས་པའི་ཕྱིར་བཏང་བ། །དེ་ཡིས་ས་བཅད་དགུ་པོ་ཐོ་ཙམ་ཚང་།། །།འདས་པའི་རབ་དང་དེ་ཡི་རྟགས་བྱུང་ཚུལ། །མ་འདས་གོང་ནས་འདས་རྟགས་བྱུང་ཚུལ་རྣམས། །འཆི་རྟགས་ཡིན་པས་ལྟས་ངན་གྲ་རུ་བསྒང་། །འདས་རྗེས་རྟགས་རྣམས་བར་དོ་རྣམ་གསུམ་ལ། །གྲོལ་བའི་རྟགས་དེ་བཟང་པོའི་རྟགས་སུ་བཤད། །དང་པོ་འཆི་རྟགས་ངན་པ་ཚེ་ཐུང་རྟོགས། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །དགུང་ལོ་ཉེར་བཞིའམ་ཉེར་ལྔ་ལོན་དུས་ཙམ། །ནུབ་གཅིག་གློ་བུར་བསྙུངས་ནས་འདས་ལ་ཁད། །ལྷ་རྗེ་རིན་རྒྱལ་མཁས་པས་མི་སྐྱོན་ཟེར། །དགུན་སྒང་ས་སྐམ་ནེམ་ཐིག་མེད་པ་ལ། །གསོལ་སྨན་འདྲེན་པའི་སྨན་ཆུ་གསོལ་ཞལ་དུ། །བགྲང་ནས་ཡོད་པས་གནམ་ནས་ཆུ་ཟག་ནས། །སྨན་


CMR002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནང་དུ་སོང་བས་གསོལ་མ་ཉན། །རཱ་ག་ཨ་སྱར་རྣམ་རྟོག་ཆེན་པོ་བྱུང་། །རྨི་ལམ་བརྟགས་པས་བླ་མ་གཞོན་ནུ་གཅིག །འདས་ནས་འདུག་པའི་ཐུགས་དམ་བསྐུལ་མ་དང་། །གདུང་བཅས་བདག་གིས་བྱས་པ་ཞིག་རྨིས་པས། །དེ་ཕྱིར་རྒྱུན་དུ་རྣམ་རྟོག་ལངས་དོགས་ནས། །ཁོ་རང་སོགས་ལ་སྨྲ་བར་མ་བྱས་ཀྱང་། །ང་བས་སྔོན་ལ་ཆོས་དབང་ཨེ་མི་འདས། །བསམ་པ་འདི་ནི་མ་བརྗེད་ཡང་ཡང་དྲན། །དེ་དུས་སྙུང་གཞི་དེ་ཉིད་མྱུར་དུ་ཕན། །སྟག་ལོ་ནས་བཟུང་ལོ་རེ་མ་ཆག་པར། །ཆོས་དབང་སྙུང་བའི་རྐྱེན་བྱས་མང་ཇ་དང་། །ཀརྨར་ཟླ་རེར་མི་མགོ་བཞི་ལྔ་ཙམ། །བསྐང་གསོ་ཡང་ནི་ལན་གྲངས་འགའ་རེ་ཚུགས། །འབུམ་ཚར་ཡང་ན་དྲུག་ཅུ་རྩ་རེ་སོགས། །ཁྱད་པར་སྦྲུལ་ལོའི་དཔྱིད་ཀར་ཚབས་ཆེན་སྙིང་། །ལྷ་རྗེ་རྣམས་ཀྱིས་རྩ་ཡང་ཆད་འདུག་ཟེར། །རཱ་ག་ཨ་སྱས་ཚེ་དབང་བརྒྱ་རྩ་དང་། །འབུམ་ཚར་བཅུ་བདུན་སྟེབས་གཅིག་སྟོན་པའི་སྐབས། །སྡིག་སྒྲ་དང་བཅས་མེ་ཁང་ཀྲམ་ཞིག་ཆག །དབྱར་དུས་སྦྲུལ་ཡང་ཁྱིམ་ན་ཕྱིན་འདུག་པས། །བཀའ་བརྒྱད་མདོས་ཆེན་གསར་བསྒྲིགས་བྱས་པ་བཅས། །དེ་ཡིས་སྦྲུལ་ལོའི་སྐུ་སྐག་འགྱུར་ཙམ་བྱུང་། །རྟ་


CMR002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ལོ་སར་ནང་དུ་འདས་རྒྱུ་ཡིན། །སྦྲུལ་ལོའི་དབྱར་དང་སྟོན་སོའི་སྐབས་རྣམས་ནས། །རཱ་ག་ཨ་སྱས་རྨིས་ལྟས་ལོག་གྱུར་ནས། །ཁང་པ་ཆེན་པོ་ཅིག་གིས་ནང་ན་ནི། །ཅོག་པུ་གཅིག་ནི་ཕུབ་ནས་གདའ་བའི་ནང་། །རང་གི་བུ་ཆེན་བླ་མ་གཅིག་འདས་གདའ། །སྒོ་དེར་སོང་བས་སྐྱེས་པ་བུད་མེད་འགས། །ཐུགས་དམ་ཡུན་རིང་མ་བཞུགས་ཟེར་ཞིང་འཕྱ། །ཉིན་གཅིག་གུང་ཚིགས་ཚར་འགྲོགས་ཅུང་ཟད་འཐུམ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ངེད་ཚང་བླ་མ་འདས་ཟེར་སྒྲ་ཞིག་གྲག །ནུབ་གཅིག་རྨི་ལམ་ཐན་བྱ་རྣ་བ་ཅན། །དབུས་ཀྱི་རོང་ན་ཡོད་པ་དེ་ཕྱིན་བྱུང་། །ཞྭ་དམར་སྤྲུལ་སྐུ་ཞིང་ནི་བརྗེ་ཁ་ལ། །བྱ་འདི་ཉིན་བྱེད་གླིང་དུ་བྱུང་བ་ཡིན། །ཐན་ཡིན་མི་ལེགས་སྨྲས་པ་རྨིས་པ་དང་། །རྒྱུན་དུ་བྱ་རོག་འཁོར་བ་ད་ལོ་མེད། །བྱ་རོག་ཁྲ་བོ་གྲྭ་པ་འགའ་རེས་མཐོང་། །ཁྱིམ་སྐྱིལ་ཞ་ལ་འཁྲང་སོར་སྤང་ཤ་རྡོལ། །དངོས་སུ་རཱ་ག་ཨ་སྱ་རང་ཉིད་ཀྱི། །སྙིང་གི་ཐད་ཀྱི་པགས་པ་དེ་ཉིད་ལ། །ཚེར་མ་བཙུགས་འདྲའི་ཚགས་ཀྱུ་ལན་མང་བྱུང་། །ནུབ་འགའ་གཉིད་མི་ཕེབས་པར་བྱ་ཡལ་སོང་། །འོན་ཀྱང་དེ་ཚེ་སེམས་ཀྱི་ཆོ་འཕྲུལ་ཡིན། །སྙམ་དུ་ལྟ་


CMR002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངང་དུ་བཞག་ལ་བྱས། །རྣམ་རྟོག་བསླང་བ་དེ་ཉིད་འདྲེ་ཡིན་སྙམ། །མ་སྨྲས་གསང་ཞིང་གཉེར་པ་དབོན་པོ་ལ། །ལྡོམ་བུ་འཁོར་བའི་འབུམ་བརྒྱས་ཁ་ཨེ་ཁང་། །ལན་འགའ་སྨྲས་ཀྱང་ཇ་ནས་རྒྱ་རེས་ཤོར། །བླ་མ་ཆོས་དབང་ཀུན་བཟང་ཁོ་རང་ཡང་། །ཉི་མ་ཕྱི་དྲོ་རེད་པ་ཁོ་ན་རྨིས། །ཁྱད་པར་ཨོ་རྒྱན་སྐུ་ཚད་བཞེངས་པའི་སྐབས། །ཐུགས་སྒྲུབ་དཀྱིལ་འཁོར་བྲིས་པ་མ་ཡིན་པ། །བློས་བསླང་འདྲ་བ་ཆེན་པོ་དངོས་སུ་ཕྱིན། །དང་པོ་ལྷོ་ཡི་སྒོ་ནས་ནང་དུ་ཞུགས། །དཀྱིལ་འཁོར་ལྷ་ཚོགས་དངོས་སུ་མཇལ་ཚར་ནས། །ཤར་གྱི་སྒོ་ནས་ཕྱིར་ལ་འོང་བ་རྨིས། །ལྷོ་སྒོ་ཚེས་འདས་འཇུག་པའི་སྒོ་ཡིན་པས། །ངན་ནམ་སྙམ་པའི་རྣམ་རྟོག་གཅིག་ཀྱང་བྱུང་། །སྐུ་འདྲ་གསེར་གྱིས་རང་གཡོགས་བྱས་པ་དེས། །ལྷོ་ཕྱོགས་སེར་པོ་ཡིན་པའི་དོན་ཡིན་ནམ། །བཟང་ངན་ཅི་ཞེས་རྡུལ་བྱང་བསྐུར་ནས་བྱུང་། །ངན་པར་གོ་ཡང་རཏྣ་ཐོད་ཕྲེང་རྩལ། །ལྷོ་ན་བཞུགས་པས་སྐྱོན་ནི་མེད་དམ་སྟེ། །གང་ལྟར་དག་སྣང་བཟང་པོ་རེད་ཅེས་སྤྲིང་། །དེ་ནས་ཟུག་ཟེར་བསྙུང་གཞི་མ་ཕོག་ཀྱང་། །ཡི་ག་ཇེ་འགགས་ཀེང་རུས་ལྟར་སོང་ཟིན། །དྲག་ལུ་འདས་རྗེས་རཱ་ག་ཨ་སྱ་བདག །ཁང་པའི་སྟེང་དུ་


CMR002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་ཤུན་མང་པོ་བརྩེགས། །ཁྲི་མཐོན་སྟེང་དུ་བསྡད་ནི་གདའ་བ་ལ། །ཁྲི་དེ་ལོགས་ནས་ང་ཡང་མགོ་འཇུག་ལོགས། །ཤོད་དུ་བྲུལ་སྟེང་ཁྲི་དང་འབུལ་ཀུན་ཡང་། །ང་ཡི་སྟེང་དུ་ཐམས་ཅད་བྲུལ་བྱུང་རྨིས། །དེ་ནི་གཉེར་པ་ལ་ཡང་བཤད་པ་ཡིན། །བླ་མ་འདས་དུས་ཟླ་བ་གསུམ་བཞི་ནས། །ལུང་པ་འདི་ནང་ཤི་ཕོ་གསོན་པོ་ཡི། །འདུ་ཚོགས་ཤིན་ཏུ་ཆེ་བ་ཐམས་ཅད་ཀྱང་། །ནང་འཛིང་བྱུང་བ་འདྲ་བ་ཐམས་ཅད་ཀྱང་། །ངུ་འབོད་ཕོ་ཤར་བྱེད་པ་ཡང་ཡང་རྨིས། །དེ་ནས་ལོ་འཇུག་མགོ་ཟླའི་ཟླ་མཇུག་ལ། །བྱད་ཟློག་ཁྲོ་ཆུའི་སྒྲུབ་ཆེན་བྱེད་ན་ཡང་། །ཀླུ་གདོན་ཐུལ་བའི་རྟགས་ཤིག་མ་གཏོགས་པ། །སྲུང་བའི་རྟགས་ནི་གསར་པོར་མ་བྱུང་ཞིང་། །ཆོས་དབང་གཟིམས་ཁང་ཐད་ཀྱི་ནམ་མཁའ་ལ། །ཚེས་བརྒྱད་ཟླ་བ་གཅིག་ནི་ཤར་གདའ་བ། །ཇོ་འཁོར་བཞིན་དུ་འཁོར་ཞིང་འདུག་པ་རྨིས། །དེ་ནས་ལོ་སར་རྒྱལ་ཟླའི་ཉི་ཤུ་སྐོར། །ལོ་རིམ་མདོས་བཅས་བླ་མ་བསྙུང་ཡོད་ཟེར། །དམིགས་རྟེན་མཎྜི་ཁ་གང་བསྐུར་བྱུང་བས། །བརྟགས་པ་བྱས་ནུབ་ཀརྨ་ཡིན་བསམ་པའི། །ལྷ་ཁང་གཅིག་གི་ནང་དུ་སླེབས་ཙམ་ན། །ཀརྨ་པ་ཡི་སྐུ་ཀུན་མགོ་འཇུག་


CMR002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལོག །ཐམས་ཅད་སྤྱི་བོར་ས་ལ་བཙུགས་ནས་གདའ། །བདག་གིས་མང་པོ་ཡར་ལ་སླར་བཞག་པས། །དེ་མ་ཐག་ཏུ་མགོ་འཇུག་ལོགས་ཏེ་ཐལ། །མཆོད་བཤམས་གོང་དུ་བདག་གིས་མི་རྩེབ་སར། །སངས་རྒྱས་སྐུ་ནི་གཙུག་ཏོར་ཡོད་པ་འགའ། །དེ་དག་ཐམས་ཅད་མགོ་འཇུག་ལོགས་གདའ་བས། །ང་ནི་རྩེབ་ས་མ་རེད་ཐབས་མེད་སྙམ། །དཀོར་གཉེར་དགེ་སློང་འདྲ་བ་ཞིག་འདུག་པར། །འདི་འདྲ་སྔར་དུས་བྱུང་རབ་ཨེ་ཡོད་སྨྲས། །དབང་ཕྱུག་རྡོ་རྗེ་འདས་ཁ་བྱུང་ཟེར་བས། །འོ་ན་རྒྱལ་བའི་དབང་པོ་འདས་རྒྱུ་རེད། །སྨྲས་ནས་ང་རང་ངུས་པའི་རྨི་ལམ་བྱུང་། །དེ་དགོང་ཆོས་དབང་ཐུ་བྱུང་ཕེབས་དགོས་ཟེར། །རྨི་ལམ་ངན་པས་དེ་རིང་མི་འགྲོ་སྨྲས། །ཕྱིར་ནུབ་སོང་བ་ཤ་ཞུ་རུས་སྐམ་ནས། །འདི་ལ་མི་ནི་འོང་བ་མི་འདུག་སྙམ། །འོན་ཀྱང་ཚེ་དབང་ལ་སོགས་གང་དྲགས་བྱས། །ཅེས་ཀྱང་མི་ཕན་ཐབས་སྡུག་བྱུང་བ་རྣམས། །གཅོད་ཀྱིས་འདུལ་ཞིང་འདུལ་བྱ་ཡིན་གསུང་ཕྱིར། །གཅོད་ཚོགས་ཞག་ལྔ་བྱས་པའི་རྨི་ལམ་ལ། །གཅོད་ཚོགས་འདི་ཡིས་བསོད་ནམས་ཚོགས་རྫོགས་པས། །ཕན་ཡོན་དཔག་ཏུ་མེད་ཅེས་ལུང་བསྟན་བྱུང་། །ཆུ་ཡི་མཐའ་གཏད་འབྱུང་བའི་མཐའ་


CMR002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་བྱས། །ཚད་པ་རེད་ཕྱིར་མེ་ཡི་མཐའ་གཏད་བསྐྱུར། །དེ་དགོང་ཤི་སོས་བརྟགས་པ་བྱས་པའི་ཚེ། །ཅི་མི་སྐྱ་འཆི་ཟེར་བའི་སྒྲ་ཞིག་གྲག །འོན་ཀྱང་དེ་ཉིད་སྨྲས་ཤས་མ་ནུས་ཤིང་། །ད་རུང་འཆི་བསླུ་རིགས་གསུམ་གྲིབ་སེལ་བྱས། །ངེད་གཉིས་དངོས་སུ་འཛིངས་མོ་མ་བྱུང་ཡང་། །རྨི་ལམ་ཁྱེད་ཀྱིས་གནམ་ཆོས་མི་དད་པས། །འཇིག་རྟེན་ངོས་ནས་འོ་ཅག་སྤུན་ཡིན་ཡང་། །ཆོས་དུས་ང་དང་དམ་ཚིག་ཆག་སྨྲས་ནས། །ང་རང་སྡུག་དྲག་ཐལ་བ་འགམ་ཤོམ་བྱས། །དེ་ནས་ཁོང་སྐྱུར་ང་རང་མཁར་ནང་དུ། །འགྲོ་སྙམ་བུད་ནས་འོང་བ་རྨིས་པ་ཡི། །རྟེན་འབྲེལ་རྨི་ལམ་ངན་པ་ཨེ་འགྱུར་གྱིས། །གནམ་ཆོས་དབང་ནི་མང་དུ་བྱས་ན་ཡང་། །དེ་བས་ཕན་ཐོགས་མེད་པའི་རྟགས་ཀྱང་བྱུང་། །ང་ལ་རལ་པ་རིང་པོ་འདུག་པ་དེ། །ཝལ་སེ་གོག་ནས་ཕ་ཟད་སོང་བ་རྨིས།། །བསོད་ནམས་འགའ་མེད་ལོ་བར་བསོད་ནམས་སྐྱེས། །ད་ནི་འགྲིབ་ཟེར་བ་ཡི་སྒྲ་ཞིག་ཐོས། །རྒྱུ་རྣམས་གཏོར་དགོས་འོང་བའི་རྟགས་སུ་གོ །ཤི་ཡང་དེ་བས་ལྷག་ནི་མེད་བསམས་ནས། །བྱང་ཆུབ་སེམས་བསྐྱེད་རྒྱས་པར་འབོགས་པ་དང་། །ཐུགས་སྒྲུབ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་


CMR002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །རྗེས་གནང་གང་ཟབ་སྟོང་དང་གཅིག་བརྒྱ་བསྐུར། །དུས་ཀྱི་འཆི་བ་བཟློག་པར་མ་ནུས་ཀྱང་། །ང་རང་འགྱོད་མེད་བློ་ཁ་རྫོགས་པར་བྱུང་། །འདས་རྟགས་འཆི་རྟགས་ལྟས་ངན་བྱུང་ཚུལ་ནི། །བྲི་བའི་དགོས་པ་ཆེན་པོ་མི་འདུག་ཀྱང་། །མཐོང་བ་པོ་ཡིས་རང་རེ་མི་རིག་དཔེ། །དགོངས་པ་རྨི་ལམ་ཙམ་ཡང་མ་འདུག་ཅེས། །ཕལ་ཆེར་ཀུན་གྱིས་འཕྱ་བའི་གནས་འགྱུར་བར། །ཤེས་ཀྱང་བྱེད་ཐབས་ཅི་ཡང་མི་གདའ་ན། །སྨན་དང་སྲུང་བ་རིམ་གྲོས་མ་ཕན་ནས། །བྱེད་པ་ཟད་པ་འདི་ནི་གོ་བར་གྱིས། །མདོ་རྒྱུད་ཀུན་ནས་དུས་ཀྱི་འཆི་བ་ལ། །བཟློག་ཐབས་མེད་པར་གསུངས་པ་དེ་ལགས་སོ། །དེ་ནས་འདས་རྟགས་བཟང་པོའི་རྟགས་བཤད་པ། །མ་ནིང་གཏོར་དབང་བརྒྱ་རྩ་བྱེད་པའི་སྐབས། །ཆོས་དབང་གཉིད་པ་མ་ཡིན་འཁྲུལ་སྣང་ལ། །ད་ལྟ་ང་ཡི་ལག་འདིར་རྡོ་རྗེ་དང་། །དྲིལ་བུ་བཞག་བྱུང་དེ་ནི་ལེགས་སམ་གསུངས། །སུན་མའི་རྟགས་འདྲ་མིན་ན་ལེགས་ཏེ་སྨྲས། །ནུབ་མོ་གཉིད་མེད་རྒྱུན་དུ་ཙོག་པུའི་སྐབས། །ཡུད་ཙམ་འཐུམ་པ་འདྲ་བའི་སྣང་བ་ལ། །ནམ་མཁའི་དབྱིངས་ནས་འོད་ཟེར་སྔོན་པོ་གཅིག །བྱུང་བས་ང་བཏུམ་ནམ་མཁའི་དབྱིངས་སུ་


CMR002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །དེ་མ་ཐག་ཏུ་གནམ་ས་བར་སྣང་ཀུན། །འཇའ་འོད་ཐིག་ལེ་ཐིག་ཕྲན་ཁྲ་ཆེམ་གང་། །དེ་དང་སེམས་ངོ་དབྱེར་མེད་གཅིག་ཏུ་འདྲེས། །བླ་མས་ངོ་སྤྱོད་མཛད་པ་འདི་རེད་བསམ། །དེ་འདྲ་བྱུང་བ་ལེགས་སམ་ཅི་ཡིན་གསུངས། །དག་སྣང་རེད་པས་ལེགས་སམ་སྨྲས་ན་ཡང་། །དེ་རྣམས་ཞིང་ཁམས་བགྲོད་པའི་རྟགས་སུ་གོ །སུན་བཟློག་དཔའ་བོ་གདན་བཞུགས་གྱིས་དང་གསུངས། །བྱས་པས་ཐང་དཀར་གཅིག་གིས་གཟིམས་ཁང་ཐད། །མ་ཟད་འདི་རུ་ལྡིང་ཞིང་འཕུར་བྱུང་བས། །དེ་ཡི་ནུབ་མོ་ཐོ་རངས་ཞིང་བརྗེས་སོ། །འདས་ཁ་ཞལ་ཆེམས་རྩ་ཚིག་གཅིག་གཉིས་གསུངས། །ངེད་རྣམས་མི་དོགས་ཁྱེད་རང་མ་ཡེངས་ཞེས། །གསལ་འདེབས་འདས་ལ་ཁད་ནས་མང་དུ་བྱས། །འཕོ་བ་བྱས་ན་ལེགས་པོ་ཡིན་མོད་ཀྱང་། །ས་ཆའི་སྲོལ་ལ་ཐུགས་དམ་མ་བཞུགས་ན། །ཡོན་བདག་དད་ལོག་གྲ་རིས་ངོ་མྱ་བས། །ཞག་བདུན་བར་དུ་བཞུགས་དགོས་ཞུས་པ་ཡིས། །འདས་ནུབ་ཐེ་བའི་ཞག་དྲུག་ཉི་མ་བདུན། །དེ་ཡི་བར་དུ་འདུག་པར་དམ་བཅའ་བྱས། །ཉིན་བདུན་ཉིན་པར་འོད་དཔག་མེད་བྱོན་པས། །དེ་ལ་ངོས་མ་ཟིན་ན་རེ་མེད་པས། །དེ་


CMR002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ངོ་སྤྲོད་གྱིས་ཞེས་ཡང་ཡང་གསུངས། །བཅུ་དྲུག་ཆེད་པའི་བཅུ་བདུན་ཐོ་རངས་འདས། །གདུང་བཅས་ཐུགས་དམ་བསྐུལ་མ་བྱས་ནས་ནི། །འགྲོགས་དོགས་སྤྱོད་ལམ་གཟབ་པ་ཞག་གསུམ་བྱས། །བྱ་ཁྱུ་འགྲོགས་དང་ཁྱི་འཛིང་ཁྱི་ཁ་འུར། །དེ་འདྲ་བྱུང་ན་འགྲོགས་དོགས་ཆེ་བའི་ཕྱིར། །ཞག་གསུམ་ཉི་མ་དྲོས་བཞི་འཕོ་བའི་དུས། །འཕོ་བའི་དམིགས་པ་གསལ་འདེབས་རྒྱས་པར་བྱས། །དེ་དང་འགྲོགས་ཀྱང་སྐྱོན་མེད་བཞུགས་ཀྱང་ལེགས། །སྙམ་ནས་པད་ཞྭ་སྙན་དར་གསོལ་བ་དང་། །མཆོད་བཤམས་མཆོད་པ་མར་མེ་སྤོས་སོགས་བཤམས། །གྲྭ་མང་མདུན་ཚོགས་རྒྱལ་བ་རྒྱ་མཚོ་བཏང་། །གདུང་ཞལ་ལྟ་མི་ཀུན་ལ་ཞལ་བསྟན་ཀྱང་། །བཞུགས་ཆད་དུས་བར་གྲོལ་རྟགས་མ་བྱུང་ཞིང་། །བཀྲག་མདངས་གསོན་པའི་དུས་བས་བཟང་བ་དང་། །མཁུར་ཤ་འཐེན་ཀྱང་སྔ་ལྟར་རང་བ་དང་། །སྤྱན་འབྲས་འབུར་ཞིང་ཤངས་ཀྱང་མ་རྡིབ་འབུར། །དཔྲལ་བའི་རྩ་ཡང་ལངས་བ་ཀུན་གྱིས་ཤེས། །ཞག་དྲུག་ཉི་མ་བདུན་གྱི་དུས་ཀྱི་ཚེ། །ཉི་མའི་རྣ་ཚར་སོགས་ནི་མ་ཡིན་པར། །དམར་སེར་ཤས་ཆེ་ཁ་དོག་ལྔ་ལྡན་པའི། །འཇའ་ཚོན་ཟླ་གམ་གསལ་པོར་སྔ་དྲོར་


CMR002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད། །ཕྱིར་ནངས་ཞག་བདུན་ཉིན་ཡང་དེ་ལྟར་བྱུང་། །དེ་སྐོར་དཔལ་རི་རྩེ་ཡི་རི་ཁྲོད་ན། །སྦས་པའི་རྣལ་འབྱོར་རྫོགས་ཆེན་པ་གཅིག་ཡོད། །དེ་ཡི་དངོས་སུ་མིག་གིས་མཐོང་ཚུལ་རྣམས། །རྫོགས་ཆེན་ཆོས་ཀྱི་རྒྱུས་ཡོད་མ་གཏོགས་པ། །གཞན་ལ་སྨྲས་ན་རྫུན་དང་འུད་དུ་མཐོང་། །ཆོས་དབང་བསྙུངས་ནས་ཡོད་པས་དུས་དེ་ལ། །བར་སྣང་སྤྲིན་ནི་དཀར་པོ་འདྲ་བའི་གསེབ། །མཁའ་འགྲོ་དཀར་མོ་སྐུ་འབྲས་ཆུང་ངུ་འགས། །མང་པོས་གར་སྟབས་བྱེད་པ་མཐོང་འདུག་གོ །མཁའ་འགྲོའི་ཞིང་ཁམས་གནས་སུ་བསུ་བའི་ལྟས། །འདས་དུས་གཟིམས་ཁང་ཐད་ཀྱི་ནམ་མཁའ་ལ། །འོད་ནི་སྨུག་པོ་མཆོང་མདོག་ཀ་བ་ཙམ། །ཁྱུག་ཁྱུག་འཁྱུག་པའི་རྩེ་མོ་དཀར་ཡོལ་འདྲའི། །འོད་ཀྱི་པདྨ་དཀར་པོ་གཅིག་གི་སྟེང་། །མི་ནི་དཀར་པོ་ཤ་མདོག་གསལ་དྭངས་ལ། །སྐུ་སྨད་པདྨའི་སྦུབས་སུ་ནུབ་པ་ཞིག །ཇེ་མཐོར་ནམ་མཁའི་དབྱིངས་སུ་འཇའ་ལྟར་ཡར། །དེ་ནི་རྫོགས་ཆེན་རྒྱུད་ནས་གསུངས་པ་ཡི། །རྡོ་རྗེ་སེམས་དཔའི་སྣ་ཐག་ལམ་ཞེས་པ། །ཆོས་སྐུ་ཐོབ་པའི་རྟགས་ནི་དངོས་སུ་སྣང་། །ཐུགས་དམ་གྲོལ་ཉིན་ནམ་མཁའི་དབྱིངས་དེ་ནས། །བླ་མ་པཎ་ཞྭ་


CMR002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་མནབས་པ་ཞིག །ནུབ་ཕྱོགས་ནམ་མཁའི་དབྱིངས་སུ་ཏ་ལེར་ཐལ། །དེ་ནི་བདེ་ཆེན་ཞིང་ཁམས་བགྲོད་པའི་རྟགས། །འདས་ནས་བདུན་ཕྲག་གསུམ་ལ་ཉེ་བའི་སྐབས། །རཱ་ག་ཨ་སྱས་ཆོས་དབང་རྣམ་ཤེས་བཀུག །བར་དོའི་ངོ་སྤྲོད་རྣམས་ནི་བྱེད་པའི་དུས། །ཆར་མུན་སེར་བ་འདྲ་བའི་ནག་པོ་ཡིས། །མི་ནི་དཀར་པོ་གཅིག་ནི་དེད་ནས་བྱུང་། །ངོ་སྤྲོད་ཚར་བས་མུན་པ་སེར་བ་ཡལ། །མི་དཀར་དེ་ཡང་འཇའ་ལྟར་ཡར་ནས་སོང་། །དེ་ལྟར་དངོས་སུ་མཐོང་སྣང་སྣ་ཚོགས་དང་། །བླ་མས་ཉིན་བཞིན་ངོ་སྤྱོད་མཛད་ལུགས་ཀྱིས། །ང་རང་ཤི་ནས་བར་དོར་འཁྱམས་པ་སྟེ། །ཡིན་ནམ་སྙམ་ཞིང་ཐེ་ཚོམ་སྐྱེས་སོ་སྐད། །ཐུགས་དམ་གྲོལ་ནས་ད་རུང་ཞག་གསུམ་བར། །ཤ་བཀྲག་ཅུང་ཞིག་ཉམས་ཤིང་ཨ་འབྲས་ལ། །ཅུང་ཞིག་ཀོ་ཁོ་བྱུང་ཙམ་མ་གཏོགས་པར། །ད་རུང་གཞན་ལྟར་རོ་ངོ་མ་བཅས་པས། །གདུང་ཞལ་རྗེས་མ་རྣམས་ཀྱང་མགུ་བར་བྱུང་། །གདུང་བཅས་བཤིག་ནས་གནས་ཡིག་སྦྱར་དུས་ཀྱང་། །བསྐྱོར་སོགས་མི་དགོས་ཀྲོག་གེ་ཚུགས་ཐུབ་སྐད། །གདུང་ནི་བཞུས་ཉིན་སྔ་དྲོའི་ནམ་མཁའ་ལ། །སྤྲིན་འཇའ་མང་པོ་མཐོང་ཟེར་ངས་མ་མཐོང་། །དེ་ནུབ་རཱ་ག་ཨ་


CMR002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་ཉམས་རྨིས་མཚམས། །དབུ་བུམ་རིལ་ཡོད་ཟེར་བའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །ཞགོ་གསུམ་གདུང་སྒོ་ཐེལ་གྱིས་མནན་པས་བཞག །བུམ་ཧྲིལ་ཞིག་འཆོར་བསམས་ནས་སྨྲ་མ་ཕོད། །དེ་བས་དབུ་ནི་བུམ་ཧྲིལ་མ་ཞིག་པར། །མི་རྣམས་འགའ་ལ་རྟེན་ཞལ་སྟོན་རྒྱུ་རྙེད། །དེ་དུས་མ་རིག་ཕྱིས་སུ་བལྟས་པ་ཡིས། །དཔྲལ་ཟུར་གཡོན་དུ་འབུར་དུ་དོད་པ་ཡི། །ཐོར་བརྩེགས་ཨོ་རྒྱན་ཡི་གེ་ཕྲེང་གཅིག་ཙམ། །འདུག་པ་རྣམ་བཅུ་དབང་ལྡན་ཡིན་ནམ་སྨྲས། །དེ་ནི་ཁོ་བོ་ངོ་མཚར་སྐྱེ་བ་བྱུང་། །ཚེམས་རྣམས་མ་ཆག་ཧྲུགས་སེ་བྱོན་འདུག་པ། །ལ་ལ་བཅག་པའི་སོ་རྐང་ནང་དེ་ན། །ཡུངས་ཀར་ལྟ་བུའི་རིང་བསྲེལ་གསུམ་བཞི་རྙེད། །དེ་ཡང་དང་པོ་མི་གདའ་མུས་ཀྱིས་རྙེད། །འཇིགས་བྱེད་མེ་ཡི་སྤུ་གྲིའི་སྐུ་གཅིག་ནི། །སྐུ་ཡི་རྣམ་པ་རུ་ཅོ་དང་བཅས་པ། །ཧ་ལམ་གསལ་བ་གཅིག་ནི་མ་གཏོགས་པ། །འབྱོན་འོས་ལྷ་ཡི་སྐུ་ནི་མ་བྱོན་ནོ། །ཨ་ཡིག་སྔོན་པོ་གསུམ་ཙམ་གསལ་བ་དང་། །ཧཱུྃ་ཡིག་དཀར་སྔོ་གཉིས་ནི་ཧ་ལམ་གསལ། །ལན་ཛའི་ཨོ་དང་ཡི་གེ་དབུ་ཅན་གྱི། །དབྱངས་གསལ་ཚང་མ་མིན་པའི་ཡིག་འབྲུ་འགའ། །བྲིས་པ་ལྟ་བུ་ཤིན་ཏུ་གསལ་པོ་


CMR002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བུམ་པ་ནོར་བུ་ཤིན་ཏུ་གསལ་པོར་གདའ། །ཤ་རི་རམ་དུ་གྲགས་པའི་རུས་པ་ནི། །སྲ་ཞིང་ལྕགས་ཆོད་པ་ནི་འགའ་བྱུང་དང་། །ཐུགས་ལྗགས་སྤྱན་གསུམ་ཡང་ནི་སྟོན་རྒྱུ་རྙེད། །བདུན་ཕྲག་གཉིས་ཉིན་ཁོ་རང་གཟིམས་ཁང་དུ། །དགོངས་རྫོགས་ལ་དམིགས་བུམ་སྒྲུབ་བཙུགས་ཤོམ་ནས། །ཉེར་དགུའི་ནུབ་མོ་དཀྱིལ་འཁོར་སྤོས་པའི་ནུབ། །བླ་མ་ཞི་གནས་དེར་བཞུགས་རྨི་ལམ་དུ། །ནམ་མཁར་འོད་དཔུང་འཁྲིགས་པའི་དཀྱིལ་དབུས་ནས། །མི་དཀར་རྟ་དཀར་ཁྲ་རྨོག་དཀར་པོ་ཅན། །དེ་རྒྱབ་བུད་མེད་མཛེས་མ་རྒྱན་བཟང་ཞིག །དེ་གཉིས་བར་སྣང་ཁམས་ལ་བྱུང་བ་ལ། །མི་འགས་གཏེར་སྲུང་སྨྱོ་ཁ་རེད་ཟེར་བའི། །སྨྱོ་ཁ་མི་འདྲ་མཁའ་རི་འདྲ་དོ་བསམ། །དེ་འདྲ་བྱུང་བ་ཅི་ཡིན་ཟེར་བ་ནི། །བུམ་སྒྲུབ་བཀའ་སྲུང་མཁའ་རི་ལྕམ་དྲལ་གཉིས། །དམ་ཚིག་དབང་གིས་བྱོན་པ་ཡིན་པར་འདུག །འདས་ནས་བདུན་ཕྲག་ལྔ་ནི་འགྲོ་ལ་ཁད། །སྦོ་ཟླའི་བཅུ་དགུར་ལྷ་བཟོ་བ་ཕེབས་ནས། །ཉི་ཤུའི་ཉིན་པར་གདུང་རྟེན་སྤྱན་རས་གཟིགས། །བཞེངས་པའི་དབུ་བཙུགས་སྲོག་ཤིང་བཙུགས་པའི་ཉིན། །ནམ་ལངས་ནས་ནི་མུན་ཆུ་མ་སྨུག་བར། །ནམ་མཁའ་གཡའ་


CMR002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྤྲིན་ནི་ལྕོང་སྒོང་མེད། །རླུང་དང་སེར་བུ་མེད་པའི་ཡུ་མི་འགུལ། །ཆོས་སྐུ་ཐོབ་པའི་ཕྱི་རྟགས་ངོ་མཚར་བྱུང་། །འདས་ནས་བདུན་ཕྲག་དྲུག་པ་བདུན་པའི་སྐབས། །གདུང་རྟེན་བཞུགས་པའི་མཆོད་བཀྱག་བཟོ་བའི་ཕྱིར། །རི་ཁྲོད་གཡས་བསྐོར་རྒྱབ་ནས་ས་བརྐོས་པས། །རྡོ་ཡི་དུང་དཀར་རང་བྱོན་ཁྲུ་གང་དང་། །རལ་གྲི་རང་བྱོན་སོར་བཞི་ཙམ་ཞིག་རྙེད། །དེ་ནི་ངོ་མཚར་ཤིན་ཏུ་ཆེ་བ་དང་། །རི་ཁྲོད་འདི་ཡང་རིན་པོ་ཆེ་པ་ཡིན། །གསུངས་པ་དེ་བཞིན་གནས་གཅིག་ཡིན་པར་གོ །གདུང་རྟེན་རྒྱལ་བ་རྒྱ་མཚོ་སྨན་གྱི་ལྷ། །ཚེ་དཔག་གསུམ་ནི་མི་ཚད་ཆེ་སྡད་ཙམ། །དགོངས་ཞག་ནང་དུ་ཆེ་བཟོ་ཧ་ལམ་འགྲུབ། །སླར་ཡང་སྒྲོལ་དཀར་མི་ཚད་ལས་ཆེ་བ། །དགོངས་ཞག་ཚར་ཉིན་སྲོག་ཤིང་ཚུགས་པར་བྱས། །འདས་རྟགས་འདས་ཚུལ་ས་བཅད་བཅུ་པའོ།། །།དེ་ལྟར་འདས་རྟགས་བྱུང་བ་ལ། །ཕན་ཡོན་དགོས་པ་ཅི་ཞེ་ན། །ཡིད་ཆེས་སྐྱེས་ཕྱིར་ལུང་འདྲེན་ནི། །གསར་མའི་བཀའ་གདམ་གླེགས་བམ་ནས། །ཇོ་བོ་རྗེ་ཡིས་བཀའ་བསྩལ་པ། །རྣལ་འབྱོར་སྤྱོད་པའི་དབུ་མ་པ། །དབུ་མའི་དབྱིངས་སུ་དབུ་མར་འགྲོ། །ཤི་ལྟས་ནམ་


CMR002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དྭངས་བ་ཡིན། །ཚུལ་ཁྲིམས་གཙང་མའི་མེ་ཏོག་འབབས། །བྱང་ཆུབ་སེམས་ལ་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱོན། །ཁྲིམས་གཙང་ཕུང་པོ་གཙང་ན་སྟེ། །ལྷ་རྣམས་ཀུན་གྱིས་བསུ་བར་བྱེད། །ཕྱིར་མི་ལྡོག་པ་དུང་འཁྱིལ་ཏེ། །འཁོར་བ་མི་སྤངས་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱོན་པར་བཤད། །སྤྱིར་ནི་དམ་པ་གཤེགས་པ་ལ། །ལྷ་ཡི་སྔ་ལྟས་འཇའ་འོད་འབྱུང་། །གནས་ལུགས་སྔ་ལྟས་སྤྲིན་མེད་ཡིན། །ཅེས་གསུངས་དེ་ནི་དགོངས་འདུས་ཀྱི། །རྩ་བའི་རྒྱུད་ཆེན་པད་སྡོང་བརྩེགས་པ་ལས། །གདོས་བཅས་ལུས་དང་བྲལ་བའི་ཚེ། །རྡུལ་བྲལ་མཁའ་ལ་འོད་ཟེར་འཇའ། །ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས། །སྐུ་གསུམ་ཐོབ་རྟགས་ཡང་འབྱུང་འགྱུར། །ཞེས་གསུངས་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། །གཞིར་སྣང་དག་པ་ཆོས་ཀྱི་དབྱིངས། །ལྷག་མེད་དབྱིངས་སུ་མྱ་ངན་འདས། །སྒྲ་དང་འོད་དུ་བཅས་ནས་ཀྱང་། །སྐུ་གསུམ་ཞིང་དུ་མངོན་འབྱུང་བ། །གདུལ་བྱ་རྣམས་ལ་ལྷག་མ་བཅས། །གདུང་དང་རིང་བསྲེལ་བཞག་ནས་ཀྱང་། །གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས། །རིམ་གྱིས་འདྲེན་པར་དེས་བྱེད་དོ། །ཞེས་


CMR002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་མཁའ་འགྲོ་སྙིང་ཐིག་ལས། །དེ་ཉིད་འདས་ཚེ་གདུང་བཞུ་བས། །འཇའ་འོད་ཟེར་དང་དུད་པའི་རྟགས། །གདུང་རིགས་ལྔའམ་གཅིག་འབྱུང་སྟེ། །རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས། །རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། །དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ། །གསུང་ཐོབ་རྟགས་སུ་མེ་འོད་སྒྲ། །འཇའ་ཚོན་ནམ་མཁའ་དྭངས་གསལ་ལ། །ངེས་པར་གསུང་ཐོབ་རྟགས་ཡིན་ནོ། །གདུང་ཚད་ངེས་པ་མེད་པར་གསུངས། །སྐུ་གདུང་འབར་བའི་རྒྱུད་ཆེན་ལས། །རིགས་ལྡན་མྱ་ངན་འདས་པ་ལ། །འདི་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྗེས་ཤུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་འབྱུང་བར་འགྱུར་བ་སྟེ། །འདི་ནས་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདིས་འགྱུར་རོ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདིས་ནི་ཆོས་ཉིད་བར་དོ་ལ། །སྐད་ཅིག་ཉིད་ནི་བཅོ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །རིང་བསྲེལ་ཉིད་ནི་ཁྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་


CMR002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །འདི་ནི་འབྱུང་བས་བཤིགས་པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སོ། །ཞེས་གསུངས་རྟགས་གྲོལ་རྒྱུད་ལས་ཀྱང་། །སྤྲིན་མེད་ནམ་མཁའ་དྭངས་བར་འགྱུར། །ནམ་མཁའ་གཡའ་དག་འབྱུང་བར་འགྱུར། །རླུང་དང་སེར་བུ་འབྱུང་མི་འགྱུར། །རིང་བསྲེལ་ཕྲ་ཞིང་མང་བར་འགྱུར། །འཇའ་དང་རིང་བསྲེལ་ཕྲ་མོ་མང་།།འཇའ་འོད་རིང་བསྲེལ་དཔག་མེད་འབྱུང་། །འཇའ་ཚོན་ཁ་དོག་སེར་གསལ་དང་། །འཇའ་ཚོན་ཁ་དོག་དམར་གསལ་འབྱུང་། །ཞེས་སོགས་མང་དུ་གསུངས་པ་དང་། །ཐུགས་རྗེ་ཆེན་པོ་དོན་ཏིག་གཞུང་ལས་ཀྱང་། །སྐྱེས་བུ་དེ་ཉིད་འཆི་འཕོའི་དུས་ཉིད་དུ། །ཕྱི་རྟགས་ཆོས་སྐུའི་མཚོན་པ་སྤྲིན་མེད་མཁའ། །ལོངས་སྐུ་འཇའ་འོད་སྤྲུལ་སྐུ་མེ་ཏོག་འཆར། །དེ་དག་སྐྱེ་བ་ལྔ་ཡི་རིགས་ལྔ་ཡི། །ཞིང་དུ་སྐྱེས་ནས་སངས་རྒྱས་ཐོབ་པའི་རྟགས། །སྤྲུལ་སྐུའི་རྟགས་སུ་སྤྲུལ་པ་སྣང་བ་དང་། །དེ་དག་སྐྱེ་བ་གཅིག་གིས་སྐུ་གསུམ་འགྲུབ། །ཐུགས་ལྗགས་སྤྱན་ཚེམས་ལ་སོགས་འབྱོན་པ་དང་། །ལོངས་སྐུའི་སྐུ་དང་ཕྱག་མཚན་ཡིག་འབྲུ་འབྱོན། །སྤྲུལ་སྐུའི་རྟགས་སུ་རིང་བསྲེལ་ཕྲ་ཞིང་མང་། །དེ་དག་ངེས་པར་བར་དོར་མངོན་སངས་རྒྱས། །ཞེས་


CMR002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་མ་གཅིག་གྲུབ་པའི་རྒྱལ་མོ་ཡིས། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས། །མཁའ་སྤྱོད་ཁྲིད་པར་བྱེད་ཚེ་རྟགས་དང་འཇའ་འོད་ནི། །སྐུ་གདུང་རིང་བསྲེལ་ཤ་རིལ་འབྱུང་འགྱུར་ཏེ། །ཐེ་ཚོམ་ཡོད་པ་མ་ཡིན་ནོ་ཞེས་གསུངས། །དེ་ལྟར་གཞུང་ནས་བཤད་དང་མཐུན་ཚུལ་ནི། །ཞི་ཁྲོའི་གཞུང་ནས་བཤད་པ་ཇི་ལྟ་བར། །ཐུགས་དམ་འོད་གསལ་ཟིན་པའི་རྟགས་ལ་ནི། །བར་དོ་ལོངས་སྐུ་ཐོབ་པའི་རྟགས་གསུམ་ནི། །ནང་རྟགས་ཤ་བཀྲག་ཡུན་རིང་མ་ཡལ་དང་། །གསང་རྟགས་ཨ་ཡིག་ཧཱུྃ་ཡིག་འབྱོན་པ་དང་། །ཕྱི་རྟགས་ནམ་མཁའ་སྤྲིན་མེད་གཡའ་དག་ནས། །གདུང་རྟེན་མགོ་ཚུགས་སྲོག་ཤིང་ཚུགས་དུས་འབྱུང་། །བར་དོ་ལོངས་སྐུ་ཐོབ་པའི་རྟགས་གསུམ་ནི། །ཕྱི་རྟགས་འཇའ་ནི་ཐུགས་དམ་གྲོལ་ཉིན་འབྱུང་། །ནང་རྟགས་སྐུ་དང་ཡིག་འབྲུ་ཕྱག་མཚན་འབྱོན། །སྤྲུལ་སྐུ་ཐོབ་རྟགས་དབུ་ནི་བུམ་ཧྲིལ་དང་། །རིང་བསྲེལ་སིལ་བུ་གསུམ་བཞི་ཙམ་ཞིག་འབྱོན། །སྤྲུལ་སྐུ་ཞེས་པ་སྐུ་སྐྱེ་མ་ཡིན་ཏེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཞེས་བྱ་བ། །བདེ་བ་ཅན་དུ་བརྫུས་སྐྱེས་ཡིན་པར་གསུངས། །ཕྱིར་མི་ལྡོག་རྟགས་དུང་དཀར་ཞེས་གསུངས་པ། །


CMR002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རྟེན་བཞག་པའི་མཆོད་བཀྱག་ས་བརྐོས་པར། །རྡོ་ཡི་དུང་དཀར་རྙེད་པར་ཆ་མཐུན་ནོ། །སྤྲུལ་སྐུའི་རྟགས་སུ་སྤྲུལ་པ་སྣང་ཞེས་པ། །བླ་མ་ནམ་མཁར་བྱོན་པ་མཐོང་བ་དང་། །མི་དཀར་ཡར་སོང་ནམ་མཁར་ཡར་མཐོང་བ། །དེ་དག་སྤྲུལ་པ་སྣང་བ་ཞེས་བྱའོ། །གདུང་ནི་བཞུས་ཉིན་མེ་ཏོག་ཆར་པ་དང་། །ཡོན་བདག་དད་ཅན་འགའ་རེས་མཐོང་ཟེར་ཡང་། །ཨེ་བདེན་མི་ཤེས་རང་གིས་མ་མཐོང་ངོ། །མེ་ཏོག་ཆར་བབས་ཟེར་བ་སྨྲ་མི་སྤོབས། །དེ་བཞིན་གསར་མའི་གྲོང་ཁྱེར་སྒྲོལ་འཁོར་ནས། །འཇའ་འོད་ནམ་མཁའ་དྭངས་གསལ་བ། །ངེས་པར་ཐུགས་ཐོབ་རྟགས་སུ་ཡིན། །གདུང་ཚད་ངེས་པ་མེད་པར་གསུངས། །རིང་བསྲེལ་ཕྲ་མོ་མང་པོ་འབྱུང་། །ཞེས་གསུངས་ལུང་འདྲེན་དེ་དག་ལ། །ཤེས་རབ་ཅན་གྱིས་དཔྱད་པ་ན། །ཆོས་ལ་སྤྲོ་བ་བསྐྱེད་པ་ཡིན། །ཆོས་བྱས་མི་འཆི་གསུངས་པ་མེད། །དེ་ནས་ཕྱི་མའི་སྐྱེ་བ་ལུང་བསྟན་ནི། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །མཚམས་ལ་བཞུགས་ནས་ལོ་ངོ་ལྔ་དྲུག་དུས། །ཡིག་འབྲུ་གསལ་པོ་བར་སྣང་ཁམས་སུ་མཐོང་། །བྱ་ལོ་ཨོ་ཚེ་ཕུར་ཧུ་ལུ་རཱི་ཡེ་སྭཱ་ཧཱ། །ཀོང་པོའི་ཡུལ་གྱི་སྟོབས་དང་གཟི་


CMR002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ནི། །ཞེས་པའི་གནམ་ཡིག་གསལ་པོར་མཐོང་བ་དང་། །ང་བརྒྱད་ཐུབ་ཅེས་ཟེར་བའི་སྒྲ་ཞིག་ཐོས། །དེ་དོན་བླ་མ་ཉིད་ཀྱང་ཧ་གོ་ནས། །ང་བདེ་བ་ཅན་དུ་ཞྭ་དམར་བ་སངས་མ་རྒྱས་བར་དུ་མི་ཕྱིན་པ་འདྲ་གསུངས་སྐད། ཞྭ་དམར་བ་ནི་བྱམས་པ་ཡིན་པར་བཤད། །བླ་མ་ཆོས་དབང་ཀུན་བཟང་འདས་ནས་ནི། །ཞག་བདུན་ཐུགས་དམ་གྲོལ་བའི་ནུབ་མོ་ལ། །རཱ་ག་ཨ་སྱས་གར་སྐྱེས་བརྟགས་པ་བྱས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་དེ་ལ། །གདུག་རྩུབ་བཙན་དྲག་ཅན་དུ་སྐྱེ། །ཞེས་པའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །ཕར་ལ་བལྟས་པས་གཟིམས་ཁང་ཆེན་པོའི་ནང་། །གོས་འབོལ་ལྔ་དྲུག་བརྩེགས་པའི་ཁྲི་ཡི་སྟེང་། །གོས་ཆེན་སེར་པོའི་བེར་གཉིས་སྟོང་པར་གདའ། །བླ་མ་ཆོས་དབང་ཀུན་བཟང་སྐྱེ་བ་ནི། །ཁྲི་འདིའི་བདག་པོ་འོང་རྒྱུ་རེད་དོ་བསམ། །ང་རང་ཡིད་ཀྱིས་གསལ་པོར་ཤེས་པར་བྱུང་། །གོང་གིས་སྔགས་དེའི་དོན་ཅི་ཞེ་ན། །ཨོ་ཞེས་བྱ་བ་བཀྲ་ཤིས་པའི་དོན། །ཚེ་ཕུར་ཞེས་པ་ཚེ་ཕུར་སྲོག་ཕུར་ཏེ། །བྱིས་སྦ་དེ་ནི་མི་འཆི་ཚར་ཐུབ་བོ། །ཧུ་ལུ་ཞེས་པ་བོད་སྐད་ཞུགས་ཅིག་ཡིན། །རྣོ་ཡེ་ཞེས་པ་མི་ཡི་སྙིང་པོ་སྟེ། །སྭཱ་ཧཱ་


CMR002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གཞི་ཚུགས་ཟེར་བར་འཇུག །བྱ་ལོ་ཞེས་པ་བྱ་ཡི་ལོ་པར་སྐྱེ། །ང་བརྒྱད་ཐུབ་ཅེས་བྱ་བ་དེ་བར་དུ། །བར་ཆད་མེད་པར་ངེས་པར་ལུང་བསྟན་ཏོ། །དེ་ནས་དེ་དོན་རྒྱས་པར་བཀྲོལ་བ་ནི། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །གུ་དྲག་ལ་སོགས་དྲག་པོའི་བསྒྲུབས་པ་ཐེམ། །ཅི་ཐུབ་ཅི་ནུས་ལྷ་བྲི་རྟེན་བཞེངས་བྱས། །སངས་རྒྱས་བསྟན་དང་བླ་མའི་ཆོས་ལུགས་ལ། །ཞེན་ཆེ་རུས་ཆེ་དད་པ་ཆེ་བ་དང་། །ཚེ་འདིར་བསྟན་པའི་ཆག་ཕྱི་འགྲོ་བའི་དོན། །བྱེད་བསམ་བྱེད་འདོད་མང་སྟེ་ལོང་མ་བྱུང་། །དེ་དག་རྣམས་ལ་སེམས་ཐོག་ཡོད་པ་དང་། །ཚེ་རབས་སྔ་མར་བླ་དྲག་གདུག་རྩུབ་ཅན། །ལན་གཉིས་སྐྱེས་པའི་རྒྱུ་མཐུན་འབྲས་བུ་ཡིན། །ཀོང་པོའི་ཡུལ་དུ་བླ་བརྒྱུད་དམ་དཔོན་གྱི་རྒྱུད། །རྟ་ལོར་འདས་ནས་རྟ་ལོ་ལུག་ལོ་གཉིས། །ལུས་མི་ལེན་པར་ཟངས་མདོག་དཔལ་རི་དང་། །ཨོ་རྒྱན་ཡུལ་སོགས་དཔའ་བོ་མཁའ་འགྲོ་ཡི། །ཚོགས་གྲལ་འགྲིམ་ནས་སྤྲེལ་ལོར་ལྷུམས་སུ་ཞུགས། །བྱ་ལོ་ཤར་མ་ཐག་ཏུ་སྐུ་འཁྲུངས་ཏེ། །ན་སོར་ཕྱིན་ནས་བླ་མ་མཁས་པར་འགྱུར། །དགོན་སྡེ་ཆེན་པོའི་སྡེ་བདག་བླ་མར་འགྱུར། །ཁྲིམས་ཁ་ཚ་ཞིང་བཙན་དྲག་གདུག་རྩུབ་ཆེ། །སྡེ་


CMR002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་སུ་དམག་ཇག་དམོད་མོ་སྣང་། །མངའ་འོག་མནར་ཆེ་ལྐོག་ཏུ་འབར་ཤ་སྡིར། །དགུང་ལོ་ཡང་ནི་ལྔ་ཅུ་ང་བརྒྱད་ཐུབ། །དེ་རུ་སྐྱེས་ན་བྱམས་པ་མ་བྱོན་པར། །མི་ནས་མིར་སྐྱེ་དགེ་སྡིག་གཉིས་ཀ་ལས། །ཚབས་ཆེན་བསགས་ཤིང་སྐྱེ་རྒས་ན་འཆི་མྱོང་། །བྱམས་པའི་བསྟན་ལ་བྱམས་པ་ཞལ་མཇལ་ནས། །ཆོས་ཐོས་དེ་ནས་བདེ་བ་ཅན་དུ་སྐྱེ། །བདག་ལ་མངོན་པར་ཤེས་པ་མི་ལྡན་ཡང་། །འདས་གསོན་མཆེད་གཉིས་སྔ་ཕྱིར་བྱུང་བ་ཡིས། །ཡི་དམ་ལྷ་ཡི་ལུང་བསྟན་དཔྱད་པས་གོ །དེ་ཡང་གཞན་གྱིས་ལུགས་ལ་བཟང་པོ་སྟེ། །ས་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །སྐྱེ་རྒས་ན་འཆི་འཁོར་བའི་སྡུག་བསྔལ་ནི། །རྨི་ལམ་སྒྱུ་མར་རིག་པས་མི་སྐྲག་སྟེ། །འགྲོ་བའི་དོན་ལ་བསམས་ཤིང་མི་ལུས་ལེན། །ས་ཐོབ་མིན་པས་མི་ལུས་གྲངས་མང་ན། །སྡིག་པ་བསགས་པས་ངན་སོང་འགྲོ་ཉེན་ཆེ། །སྐྱེ་འཆིའི་ཕྲེང་བ་གྲངས་བགྲང་སུ་མི་ནུས། །དེ་བས་སྡུག་བསྔལ་ཀུན་བྲལ་བདེ་བའི་ཡུལ། །བདེ་བ་ཅན་དུ་མ་སྐྱེས་བློ་མི་བདེ། །བསམས་ནས་དགོངས་རྫོགས་དགེ་བ་བསྒྲུབས་པ་ལ། །ཁྲབ་དགུ་དྲེལ་བརྒྱད་རྟ་ནི་དྲུག་ཅུ་ལྔ། །རྒྱུ་ཡི་དངོས་པོ་


CMR002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་ཐོག་ཕལ་ཆེར་བཏང་། །མཆོད་ཆ་དཔེ་ཆ་གསེར་སྐུ་སྒར་ཆས་ཀྱང་། །ཤི་གསོན་ནོར་བགོས་འདྲ་བ་བྱས་ནས་བཏང་། །རྒྱལ་བ་རྒྱ་མཚོ་སྟོང་ཆོག་ལྷག་ངེས་དང་། །ཀུན་རིག་ཞི་ཁྲོ་མ་ཎི་བུམ་སྒྲུབ་དང་། །རི་བཤུ་མང་ཇ་གདུང་རྟེན་བཞེངས་གྲབས་སོགས། །དཔའ་རྩལ་བསྒྲུབས་ནས་བློ་མཉམ་དགོངས་རྫོགས་འགྲུབ། །དེ་ནས་དགེ་བ་ཐམས་ཅད་གཅིག་བསྡུས་ཏེ། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །མི་དང་ལྷ་རུ་སྐྱེ་བའི་སྒོ་ཆོད་ནས། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །བདེ་བ་ཅན་དུ་མྱུར་དུ་སྐྱེ་བ་ཡི། །བསྔོ་བ་སྨོན་ལམ་གནས་པར་དམིགས་པ་གཟབ། །ཐུགས་དམ་གྲོལ་ནས་ཞག་གཅིག་སོང་ཙམ་ནས། །ཉམས་དང་རྨི་ལམ་འདྲེས་པའི་སྣང་བ་ལ། །བདག་གི་དྲུང་དེར་ཆོས་དབང་ཀུན་བཟང་གིས། །དཀར་ཡོལ་ནང་དུ་ཆང་ཞིག་གསོལ་ཞིང་གདའ། །འདས་ཁ་གསོལ་འདོད་ཆེ་ཡང་གསོལ་ས་མེད། །སེམས་ཐོག་རེད་བསམ་ཕྱིར་ནངས་ཚོགས་འཁོར་བྱས། །ཞག་པོ་གཉིས་གསུམ་ཚོགས་ཆང་འདོད་ཡོན་བསྔོས། །དེ་སྐོར་གདུང་མཇལ་གདུང་འབུལ་འགའ་བྱུང་སྐབས། །ཁོང་རང་ལུས་ནི་ཅི་ཡང་མ་མཐོང་སྟེ། །གདུང་འབུལ་འདི་ཚོ་ལ་བསྔོ་བ་


CMR002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དགོས་ལེ་གདའ། །ཟེར་བའི་སྒྲ་ཞིག་ཉམས་ཀྱི་སྐབས་སུ་ཐོས། །དེ་ནས་གདུང་འབུལ་བྱས་པ་ཐམས་ཅད་དང་། །རྒྱུ་བ་རོགས་ལྡན་མེ་ཤིང་ཆུ་ལེན་སོགས། །འཕྲལ་དུ་བླ་མའི་དགོངས་པ་རྫོགས་པ་དང་། །ཕུགས་སུ་རང་རང་སོ་སོ་འཆི་བའི་ཚེ། །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གཟབ། །གདུང་བཞུས་ནུབ་པར་ཉམས་ཀྱི་སྣང་བ་ལ། །དབུ་བུམ་ཧྲིལ་ཡོད། ཟེར་བའི་སྒྲ་ཞིག་གྲག་པ་དེ་ལྟར་གདའ། །དེ་ནས་གནམ་གང་བདུན་ཕྲག་གཉིས་ཀྱི་ནུབ། །ཆོས་དབང་རྣམ་ཤེས་གར་སོང་བརྟོགས་པ་བྱས། །མ་ཟད་མེས་ན་བསྡད་ནས་གདའ། །ཟེར་བའི་སྒྲ་ཞིག་ཉམས་ཀྱི་སྐབས་ལ་ཐོས། །དད་ཞན་ཆེ་ཕྱིར་མ་ཟད་འཇང་ཡུལ་དུ། །རྒྱལ་བ་ཡབ་སྲས་མདུན་དུ་རྣམ་ཤེས་འཁོར། །དེ་རུ་ཡུན་རིང་ཡེངས་ན་མི་ཡི་ལུས། །ལེན་དོགས་ཉིན་བཞིན་བདེན་བདར་རྣམ་ཤེས་བཀུག །བླ་མ་ཆོས་ལུགས་རྣམས་ལ་མ་ཆགས་ཤིག །རྒྱལ་བ་ཡབ་སྲས་འཇང་ན་བཞུགས་པ་དེ། །དངོས་ནི་མ་ཡིན་སྤྲུལ་པ་ཙམ་དུ་ཡིན། །དངོས་དེ་བདེ་བ་ཅན་དུ་བཞུགས་ནི་ཡོད། །འཛམ་གླིང་འདི་རུ་དུས་ངན་སྙིགས་མར་ཐུག །ཚེ་ཐུང་ནད་མང་བར་ཆད་རྐྱེན་ངན་མང་། །


CMR002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡར་ལ་མི་དར་ནུབ་ལ་ཁད། །བསྟན་པའི་ཆག་ཕྱི་འགྲོ་དོན་འོང་དུས་མིན། །ངེད་ཅག་གསོན་པོ་རྣམས་ཀྱང་མི་རྟག་སྟེ། །ཁྱེད་རང་ལྟར་དུ་མྱུར་དུ་འཆི་རན་པས། །ཅི་དང་གང་ལའང་མ་ཆགས་མ་ཞེན་པར། །བདེ་བ་ཅན་དུ་ད་ལྟ་མྱུར་དུ་བྱོན། །བར་དོ་འདི་ན་འདུག་ཡུན་རིང་བ་ན། །འཁྲུལ་སྣང་མང་ཞིང་ཚེ་སྔོན་ལས་ངན་སྙགས། །ངན་སོང་ཐར་མེད་གནས་སུ་ལྟུང་ཉེན་ཡོད། །དེ་བས་མ་ཡེངས་བདེ་བ་ཅན་དུ་བྱོན། །འོད་དཔག་མེད་པ་སྙིང་ལ་དུང་ངེ་སྒོམས། །ཞིང་ཁམས་དེ་རུ་སྐྱེ་བ་ལེན་ཐུབ་ན། །དེ་ནས་སྡུག་བསྔལ་མེད་ཅིང་ལྷུང་དོགས་མེད། །ང་དང་གྲྭ་སློབ་རྣམས་ལ་སེམས་མ་ཆགས། །རྫུ་འཕྲུལ་སྟོབས་ཀྱིས་འབྱོན་ནས་ལྟ་བས་ཆོག །རྔ་ཡབ་གླིང་གི་སྤྲུལ་སྐུ་ཨོ་རྒྱན་དང་། །ཡབ་སྲས་སོགས་ལ་མཇལ་དུ་འོང་བས་ཆོག །དེ་ཕྱིར་དང་པོ་བདེ་བ་ཅན་དུ་གཤེགས། །དེ་དོན་ངོ་སྤྲོད་རྒྱས་པ་ཡང་ཡང་དང་། །དམིགས་པའི་སྒོ་ནས་ཞིང་དེར་ཡང་ཡང་འཕངས། །དེ་ནས་བུམ་བསྒྲུབས་ཚུགས་ནས་ཞག་བདུན་སོང་། །གསང་འདུས་རིགས་དྲུག་གནས་འདྲེན་རྒྱས་པ་བྱས། །བདུན་ཚིགས་གསུམ་པ་ཚེས་བདུན་ནུབ་མོ་ལ། །ཆོས་དབང་རྣམ་ཤེས་གར་སོང་


CMR002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་བྱས། །ཉམས་དང་རྨི་ལམ་འདྲེས་པའི་སོ་མཚམས་ལ། །བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས། །དོན་ཡོད་གྲུབ་པ་ཞེས་པའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །དེ་ནས་བློ་བདེ་ལམ་སྣ་ཟིན་ཟི་སམ། །དེ་ནས་བདུན་ཚིགས་བཞི་པ་བཅུ་བཞིའི་ཉིན། །ཞི་ཁྲོ་བླུགས་ནས་རིགས་དྲུག་གནས་འདྲེན་དང་། །བྱང་བུ་ཡང་ནི་དེ་ཉིན་བཞུ་བར་བྱས། །དེ་ནུབ་ཆོས་དབང་ཀུན་བཟང་གར་སྐྱེས་བརྟགས། །ཉམས་དང་རྨི་ལམ་འདྲེས་པའི་ས་མཚམས་ལ། །བདེ་བ་ཅན་དུ་སོང་ཚར། ད་ནི་བར་དོ་ན་མེད། ཟེར་བའི་ལུང་བསྟན་ཚིག་གཉིས་གསལ་བར་ཐོས། །ལུང་བསྟན་དེ་དག་བྱེད་མཁན་སུ་ཞེ་ན། །སྤྱན་རས་གཟིགས་དང་འཇམ་དབྱངས་གཉིས་པོ་ནི། །གང་རུང་ཡིན་གྱི་གཞན་ནི་མིན་ངེས་པའི། །རྒྱུ་མཚན་ཡོད་དེ་བཤད་ནི་མི་རུང་ངོ། །བླ་མ་ཆོས་དབང་ཀུན་བཟང་ཁོ་རང་ཡང་། །འདས་རྒྱུའི་ལོ་ནི་གཉིས་གསུམ་གོང་ཙམ་ནས། །བདེ་བ་ཅན་དུ་སྐྱེ་འདོད་ལྷག་པར་ཆེ། །བདེ་སྨོན་རིགས་གཉིས་ཚིག་མེད་བསྔོ་བའང་མཛད། །དེ་དུས་བར་སྣང་གནམ་ཡིག་དོད་པ་ལ། །ཚེའི་རིག་འཛིན་ཞེས་པ་གསལ་པོ་མཐོང་ནས་འདུག་པ་དང་། ཞི་བ་ལྷུན་


CMR002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱས་པ་ཐོད་ཕྲེང་རྩལ། །ཞེས་པའི་ལུང་བསྟན་སྒྲ་ཞིག་ཐོས་འདུག་པས། །འདས་ཁའི་མཚམས་སྦྱོར་བཟང་ཞིང་འདས་མཆོད་དང་། །ངོ་སྤྲོད་གསལ་འདེབས་རྟེན་འབྲེལ་ལེགས་འགྲིགས་ན། །བདེ་བ་ཅན་དུ་སྐྱེ་ཡང་ཐུབ་སྲིད་དེ། །དེ་རུ་སྐྱེས་ནས་འཆི་བ་མེད་པའི་ཕྱིར། །ཚེ་ཡི་རིག་འཛིན་ཟེར་བ་དེ་ཡིན་ལ། །དེ་རུ་སྐྱེས་ན་ཉོན་མོངས་དུག་ལྔ་ཞི། །ནད་དང་སྡུག་བསྔལ་ཀུན་ཞི་གཅིག་ཀྱང་མེད། །ཞི་བ་ལྷུན་གྱིས་གྲུབ་པ་དེ་ཡིན་ལ། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་ཐོགས་པ་མེད། །ས་ལམ་ཡོན་ཏན་ཡེ་ཤེས་རིམ་པར་རྒྱས། །དཔེར་ན་པདྨ་ཐོད་ཕྲེང་རྩལ་དང་མཚུངས། །ཨོ་རྒྱན་དང་མཚུངས་པདྨའི་སྦུབས་ནས་འཁྲུངས། །རྒྱས་པ་ཐོད་ཕྲེང་རྩལ་ཞེས་དེ་ཡི་དོན། །དེ་ལྟར་བརྟག་པ་གསལ་བས་སེམས་བདེ་ཡང་། །བདེ་བ་ཅན་དུ་སྐྱེ་རྒྱུའི་གང་ཟག་དེས། །མི་སྐྱེ་དོགས་ཀྱིས་ཐེ་ཚོམ་ཆེ་བ་ན། །མེ་ཏོག་པདྨའི་སྦུབས་སུ་སྐྱེས་ཚར་ཡང་། །ལོ་གྲངས་ལྔ་བརྒྱར་མེ་ཏོག་ཁ་མི་བྱེ། །མེ་ཏོག་ནང་དེར་བདེ་སྐྱིད་ཕུན་སུམ་ཚོགས། །བདེ་བ་ཅན་དུ་པདྨའི་སྦྱབས་ཞུགས་ཀྱང་། །སངས་རྒྱས་གསུང་ཐོས་ཆོས་ནི་ཐོས་ན་ཡང་། །ཞལ་མ་མཐོང་བས་ཡིད་སེམས་མི་དགའ་བ། །འབྱུང་བར་


CMR002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་འདྲ་འོང་དོགས་ནས། །བདུན་ཕྲག་ལྔ་པ་ཉི་ཤུ་གཅིག་ཉིན་ལ། །ཐུགས་སྒྲུབ་རིགས་དྲུག་གནས་འདྲེན་བྱས་ནས་བརྟགས། །དེ་ནུབ་ཧ་ཀྱང་གསལ་པོར་མ་བྱུང་སྟེ། །སྔོན་ཚེ་རང་གིས་མཐོང་ཐོས་མེད་པ་ཡི། །བདེ་བ་ཅན་གྱི་སྨོན་ལམ་མང་པོ་ཞིག །བདག་གིས་རྨི་ལམ་ཡུལ་དུ་བཏོན་པ་རྨིས། །བདེ་བ་ཅན་དུ་པདྨའི་སྦུབས་ཞུགས་ཀྱང་། །དེ་རུ་སྐྱེ་བ་ལེན་ཡང་མ་ཚར་བསམ། །བདེ་སྨོན་རིགས་གཉིས་ཐུགས་དམ་བསྔོ་བ་གཟབ། །དེ་ནས་བདུན་ཕྲག་དྲུག་པ་ཉེར་བརྒྱད་ཉིན། །དགོངས་འདུས་ལུགས་ཀྱི་བྱང་བུ་ཕྱིར་ལྡོག་བྱས། །དེ་ནུབ་བརྟགས་པ་བྱས་པའི་ཉམས་སྣང་ལ། །ད་རུང་དཀོར་སྒྲིབ་དང་སྒྲིབ་པ་གཅིག་གདའ། །ཞེས་པའི་ལུང་བསྟན་སྒྲ་ཞིག་གསལ་པོར་ཐོས། །དེ་ནས་སྒྲིབ་སྦྱང་མི་འཁྲུགས་པ་ལྷག་པས། །བདུན་ཕྲག་རྗེས་མའི་རིགས་ལ་དེ་རང་བྱས། །ཚེས་ལྔ་དགོངས་ཞག་ཚང་བའི་ཉིན་པར་ལ། །གྲྭ་མང་ཞི་ཁྲོ་བླུགས་ཤིང་རང་ཉིད་ཀྱིས། །དགོངས་རྫོགས་ལ་དམིགས་ཐུགས་རྗེ་ཆེན་པོ་ནི། །ཕྱག་སྟོང་སྤྱན་སྟོང་སྒྲུབ་པ་འཇའ་ཚོན་ལུགས། །བྱས་ནས་ཞག་པོ་ཉེར་གཅིག་ཚང་བའི་ཕྱིར། །དེ་ཡི་སྒོ་ནས་བྱང་བུ་བཞུས་ནས་ཀྱང་། །


CMR002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནུབ་བརྟགས་པས་རྟོགས་ནི་ཅི་ཡང་མེད། །ཕྱིར་ནངས་ནམ་ལངས་ཞོགས་ཇ་བཏུང་བའི་རྗེས། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །དང་པོར་བར་སྣང་གནམ་ཡིག་མང་པོ་དོད། །དེ་ནས་མི་སྣང་ལུང་བསྟན་ཚིག་འདི་ནི། །ཤིན་ཏུ་གསལ་བ་རྣ་བས་ཐོས་པ་བྱུང་། །མེ་ཏོག་པདྨའི་སྦུབས་ན་སྐྱེས་ཚར་ནས། །དེ་རིང་སངས་རྒྱས་འོད་དཔག་མེད་དང་མཇལ། །དེ་སྐད་ཐོས་པས་འདས་པའི་སེམས་ནད་སངས། །དེ་ནས་དགོངས་ཞག་ཚར་ནས་ཞག་པོ་གཉིས། །ཚེས་དྲུག་ནུབ་པར་ཉམས་ཀྱི་སྣང་བ་ལ། །བླ་མ་ཆོས་དབང་ཀུན་བཟང་དེ་ཉིད་ནི། །མ་འདས་མ་བསྙུངས་དུས་དང་འདྲ་བ་ཡིས། །གོས་བཅས་ཞལ་ངོ་ཆོས་དབང་ཁོང་རང་དངོས། །ང་ཡི་མདུན་དེར་མངོན་སུམ་བཞིན་དུ་གདའ། །ཆོས་དབང་འདིས་ཚར་གདུང་ཡང་བཞུས་ཚར་དྲན། །ཡིད་མ་ཆེས་ནས་ཁྱེད་སུ་ཡིན་ཞེས་སྨྲས། །ང་ནི་ཆོས་དབང་ཀུན་བཟང་གི་བླ་ཡིན་ཟེར། །ཁྱོད་ག་ན་འདུག་ལེ་ཡིན་སྨྲས་པས། ང་ཤོད་ན་ཉལ་ཟེར། དེ་སྔ་བླ་དེ་ང་ཡི་མཚམས་ཁང་ན་ཡོད་ཟི་བསམ། །ཆོས་དབང་ཀུན་བཟང་གི་རྣམ་ཤེས་གར་ཡོད་སྨྲས་པས། བདེ་བ་ཅན་ན་ཐལ་ཟེར། འཇམ་པའི་དབྱངས་ཀྱིས་


CMR002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་རྒྱ་ནག་རྩིས་གཞུང་ལས། །སྤྱིར་ནི་མི་ལ་བླ་སྲོག་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད་པའི་དུས། །རྣམ་པར་ཤེས་པ་ལས་ཀྱི་རྗེས་སུ་འབྲངས། །བླ་ནི་དུར་ས་དཀར་རྩི་དེ་ལ་འཁོར། །དུར་ས་བཟང་ན་བླ་དགའ་མགོན་སྐྱོབ་ནུས། །དུར་ས་ཡིན་ན་བླ་རྒུད་ན་ཚ་འོང་། །ཕ་མཚུན་མཆོད་པའང་བླ་དེ་མཆོད་པ་ཡིན། །ཚེ་འདས་རྨིས་ན་ལེགས་པོ་འོང་བ་རྣམས། །བླ་དེ་ཡིན་གྱི་ཚེ་འདས་དངོས་མིན་གསུངས། །དཀར་རྩི་ཐལ་སོལ་ནང་གཞུག་བྱས་པ་འདིས། །བླ་ནི་མཆོད་ཁང་ཉིད་ལ་འཁོར་འོངས་པས། །བླ་ནི་རྨིས་གྲངས་མང་ན་འོངས་སྲིད་དེ། །བླ་ཡིན་བླ་མ་མིན་པར་ཤེས་པར་གྱིས། །ཚེ་འཕོས་ཇི་ལྟར་འབྱུང་བའི་མདོ་སྡེ་ལས། །དྲི་ཟ་པི་ཤ་ཙི་དང་ཁྱབ་བྱེད་དང་། །གནོད་སྦྱིན་ཝ་ར་ཧི་དང་རྟོགས་འདོད་དང་། །ཟ་འདྲེའི་འཆི་ཁ་དེ་ཡི་དབུགས་ལེན་ནི། །རོ་དེ་བདག་བཟུང་དེ་ནས་ཚེ་འདས་དེ། །ལུས་པོ་མངོན་སུམ་འདྲ་བའི་ལུས་བཟུང་ནས། །ཆ་འཕྲིན་བསྐུར་ཞིང་གསོན་དུས་གང་བྱས་དང་། །རྒྱུ་དང་སེ་ར་གར་ཡོད་ཅི་སྨྲས་སོགས། །དན་ཏིག་ཅན་གྱི་ཕྱི་འཕྲེང་བཀུར་བ་ནི། །ཕལ་ཆེར་ཟ་འདྲེ་དེ་དག་བསླུ་བ་


CMR002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཚེ་འདས་རྣམ་ཤེས་མིན་པར་ཐུབ་པས་གསུངས། །དེ་ཕྱིར་རང་གྲོལ་ཤི་ལོག་ལ་སོགས་ཀྱིས། །ཆ་ཕྲིན་ཐེབས་སོ་ཟེར་ཡང་ཡིད་མི་གཏད། །ལ་ལས་སྐུ་སྐྱེ་ཨེ་ཡོང་ཟེར་རོ་སྐད། །ས་ཐོབ་ན་ནི་དངོས་དེ་ཞིང་ཁམས་བཞུགས། །འགྲོ་བའི་དོན་ལ་སྤྲུལ་པ་འབྱོན་པ་སྟེ། །ས་ཐོབ་པ་ལ་ཡུན་རིང་ཐོག་གམ་སྙམ། །སྤྲུལ་པ་མིན་པའི་སྐུ་སྐྱེ་འབྱོན་དོགས་ན། །དགོངས་རྫོགས་གང་དྲག་བྱས་པ་གོང་དུ་གསལ། །ཆོས་དབང་འདས་ནས་ཟླ་ངོ་དྲུག་པའི་དུས། །ཀརྨ་སྐྱབས་ཀྱིས་ད་རུང་ཆོས་དབང་ཉིད། །བདེ་བ་ཅན་དུ་སྐྱེ་ངེས་ཡིན་ནམ་མིན། །ད་རུང་ལན་གཅིག་བརྟག་པ་བྱེད་དགོས་ཟེར། །ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་པ་བཞི། །ཐུབ་པས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིད། །བདེ་བ་ཅན་དུ་སྐྱེ་ངེས་ཡིན་ནམ་མིན། །དུས་མཆོད་ཐམས་ཅད་ཤིན་ཏུ་རྒྱས་པར་བྱས། །བླ་མ་ཆོས་དབང་ཀུན་བཟང་རྣམ་ཤེས་དེ། །གང་དུ་སྐྱེ་ཞེས་བརྟག་པའི་གདམས་པ་བྱས། །ཡི་དམ་ལྷ་ལ་གསོལ་བ་དྲག་ཏུ་བཏབ། །དེ་ནུབ་རྨི་ལམ་ཅི་ཡང་མ་བྱུང་སྟེ། །ཕྱིར་ནངས་ཉམས་ཀྱི་སྣང་བར་རྨི་ལམ་མིན། །མདུན་གྱི་བར་སྣང་ཡི་གེ་ཕྲེང་གཅིག་དོད། །ཆོས་དབང་བདེ་བ་ཅན་དུ་སྐྱེས་ནས་ཟླ་བ་


CMR002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷག་ཙམ་རེད། ཟེར་བའི་ཡི་གེ་གསལ་བར་མཐོང་ན་ཡང་། །དངོས་མིན་ཉམས་སྣང་ཡིན་པས་ཡིད་མ་ཆེས། །ཞོགས་ཇ་འཐུང་ནས་མགོ་ནི་བཏུམ་ནི་བསྡད། །ཉམས་དང་རྨི་ལམ་མ་ཡིན་མངོན་སུམ་དུ། །ཆོས་དབང་ཀུན་བཟང་བདེ་བ་ཅན་དུ་སྐྱེས་ངེས་ཐག་ཆོད་ཡིན། ཟེར་བའི་སྒྲ་ཞིག་བར་སྣང་ཁམས་ནས་གྲག །འདི་རྣམས་ཡི་དམ་ལྷ་ལ་གསོལ་བཏབ་ཅིང་། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས་པ་ཡི། །སྐྱེ་བ་བརྟག་པ་ཞེས་བྱའི་ལས་ཚོགས་ཏེ། །ཡི་དམ་ལྷ་ཡི་ལས་ཚོགས་ཡིན་མོད་ཀྱིས། །རང་གི་རྨི་ལམ་དང་ནི་མཐོང་བ་དང་། །ལྷབ་ཁ་མིན་ཞིང་མངོན་ཤེས་ཡོད་པ་མིན། །དེ་ཡིས་སྤྱི་དོན་ཕྱི་མའི་ལུང་བསྟན་རྫོགས། །སྤྱི་དོན་ས་བཅད་ལེའུ་དྲུག་པའོ།། །།དེ་ནས་ཆོས་ཀྱི་ཕན་ཡོན་བཤད་པ་ནི། །བདག་གི་བུ་ཆེན་བླ་མ་ཕྲིན་ལས་ལ། །ཨ་མ་ཆོས་སྐྱོང་སྐྱིད་ནི་ཉེ་ཆེ་བས། །འདི་ལྟར་རྒྱུན་དུ་མ་བྱོན་མཚམས་ལའང་བཞུགས། །ཞུས་པའི་དོན་ལ་ཀུ་རེ་ཡིན་སྲིད་དེ། །ཁུང་ནང་འཛུལ་ནས་བསྡད་པའི་མཐའ་འདི་ཡིན། །བླ་མ་ཆེ་བའང་མཚམས་གྲོལ་འགྲོ་དོན་གྱིས། །མཚམས་ལ་འདུག་ནས་ཅི་བྱེད་ཟེར་ནས་བྱོན། །དེ་བཞིན་སློབ་


CMR002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲྭ་པ་ཕལ་ཆེར་ཡང་། །ལ་ལས་བསམ་ཞིང་ལ་ལས་ངག་ནས་བཏོན། །བླ་མ་ཆོས་དབང་ཀུན་བཟང་ཞིང་གཤེགས་དེས། །ཚེ་སྒྲུབ་ལོ་བཞུགས་བྱས་ཤིང་རྒྱུན་དུ་བསྙེན། །ཚེ་དབང་སྔ་ཕྱིར་སྟོང་ཡང་ཨེ་མི་སོང་། །ཚེ་དཔག་སྟོང་སྐུ་ཚེ་ཐར་ཚེ་འབར་བཙུགས། །དེ་ཡིས་མ་ཕན་ཚེ་སྒྲུབ་རྫུན་དུ་གདའོ། །གུར་དྲག་པོད་གཞུང་ཡོངས་རྫོགས་བསྒྲུབས་པ་ཐེམ། །ཁྲོ་ཆུ་སེང་གདོང་ནཱ་ག་རཀྵ་དང་། །ཁྱུང་དམར་ལ་སོགས་བསྙེན་སྒྲུབ་ཚད་དུ་ལོང་། །ཚེས་བཅུ་དགུ་གཏོར་མདོས་བཟློག་རྒྱུན་བསྙེན་རེམ། །སྲུང་ཟློག་རླུང་འཁོར་ཆུ་འཁོར་སྲུང་འཁོར་མང་། །མང་ཇ་རི་བཤུ་གསུང་རབ་དེ་ཙམ་བཏོན། །སྲུང་ཟློག་རིམ་གྲོ་ཟེར་བ་རྫུན་དུ་གདའ། །མཚམས་དང་སྒྲུབ་པ་ཉམས་ལེན་དེ་ཙམ་བཟང་། །གཏོར་མ་སུ་རུ་པ་ལ་དེ་ཙམ་བཏང་། །ཚེ་ཐུང་ནད་མང་འདས་ཁ་ཆུ་མ་ཐར། །ཆོས་ཀྱི་ཕན་ཡོན་བཤད་པ་རྫུན་དུ་གདའ། །རྒྱུན་དུ་བསྐང་གསོ་གསོལ་ཀ་དེ་ཙམ་གཟབ། །བཀྲ་མི་ཤིས་པར་གཅིག་རྗེས་གཅིག་མ་བསླེབས། །བཀའ་སྲུང་ཆོས་སྐྱོང་མགོན་སྐྱོབ་རྫུན་དུ་གདའ། །སྡིག་ལ་བརྩོན་ཞིང་གསང་ཐུབ་ཙམ་མེད་པ། །ཕལ་ཆེར་ཚེ་རིང་ནད་མེད་བདེ་བར་གདའ། །དྲག་ལུ་འདས་དུས་


CMR002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྩིས་གསུང་རིམ་གཟབ། །དགོངས་ཞག་ཚར་ལོང་མེད་པར་ན་ཚ་བརྒྱུད། །གཏོ་རྩིས་སྲུང་རིམ་ཟེར་བ་རྫུན་དུ་གདའ། །ལྷ་རྗེས་རྩ་ཆུ་ཇེ་བདེ་ཇེ་ཡག་ཟེར། །མོ་མ་ཀུན་གྱིས་མི་འདས་ཁག་ཁུར་ཟེར། །རྩ་ཆུ་མོ་པྲའི་རྟེན་འབྲེལ་རྫུན་དུ་གདའ། །སྔར་ནས་དབང་བསྐུར་རྩིས་ན་ཁྲི་ཚོ་ལྷག །འདས་ཁ་དབང་ནི་སྟོང་དང་གཅིག་བརྒྱ་སོང་། །དབང་གིས་བར་ཆད་སེལ་བ་རྫུན་དུ་གདའ། །གསར་རྙིང་འཆི་བསླུ་རིགས་གསུམ་གྲིབ་སེལ་གསུམ། །རྟེན་འབྲེལ་བཅོས་ཀ་མ་བྱས་གཅིག་ཀྱང་མེད། །སུན་བཟློག་གསུམ་སོགས་ཟབ་ཁྱད་རྫུན་དུ་གདའ། །བསྙུང་གྲངས་མང་དུ་བསྡུས་པའི་གསོལ་ལྷག་སྨན། །སྡེར་མ་ཆེན་པོར་བླུགས་པས་ཕྱུར་གྱིས་གང་། །སྨན་གྱིས་ནད་ཕན་ཟེར་བ་རྫུན་དུ་གདའ། །རྐྱེན་བཟློག་ཕན་ཡོན་གཅིག་ཀྱང་མི་བདེན་ལྟར། །ཕྱི་མའི་ཕན་ཡོན་འདི་དང་མི་འདྲའམ། །བསམས་ཤིང་སྡུག་དྲག་ཡི་མུག་ག་ཆད་ནས། །ཆོས་དང་དཀོན་མཆོག་ལྷ་དང་སྲུང་མ་ལ། །རེ་འཁང་ཆེན་པོའི་ལོག་ལྟ་སེམས་ལ་ཞུགས། །དགའ་རབ་དབང་ཕྱུག་དངོས་སུ་ཕྱིན་པ་འདྲ། །ལོག་ལྟ་འདི་ནི་མི་དགེ་བཅུ་ཡི་ནང་། །ལྗིད་ཤོས་བཙོག་ཤོས་ཡིན་ཏེ་བར་ཆད་ཆེ། །


CMR002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བཅུ་པོ་གཞན་རྣམས་ཚབ་ཆེ་ཡང་། །དཀོན་མཆོག་གསུམ་ལ་དད་ན་བཤགས་པར་སླ། །དཀོན་མཆོག་བློ་ལོག་སྡིག་པ་བཤགས་ཐབས་མེད། །ཆོས་ལ་བློ་གཏད་མཚམས་དང་སྒྲུབ་པ་སོགས། །ཚེ་རིང་ནད་མེད་ཁོ་ནའི་དོན་དུ་མིན། །རིགས་དྲུག་སྡུག་བསྔལ་འདི་ལས་ཨེ་ཐར་ཡིན། །ཚེ་འདིའི་བསྲུང་རིམ་སྨན་དཔྱད་དབང་བསྐུར་སོགས། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་སོ། །གསུང་ཕྱིར་རྣམ་སྨིན་ནད་ལ་ཕན་མ་གསུངས། །ཕྱི་མའི་ཕན་ཡོན་དེ་ལྟར་སོང་མ་སོང་། །འཇའ་དང་རིང་བསྲེལ་རྟགས་མཚན་རྣམས་ལ་ལྟོས། །ལོ་བརྒྱད་མཚམས་བསྡམས་ཐུགས་དམ་བྱས་པ་ཡིས། །མ་ཕན་ཟེར་བའི་ཧམ་པ་ཨ་ལ་ལ། །སྐྱེ་འཆི་དབང་ཐོབ་སར་གནས་སེམས་དཔའ་ཆེ། །ཞྭ་ནག་ལྔ་པ་སུམ་ཅུ་སོ་གཉིས་འདིས། །བརྒྱད་པ་དགུ་པ་ཞེ་བརྒྱད་སྟེང་དུ་འདས། །ཐམས་ཅད་མཁྱེན་པ་དགུང་ལོ་སུམ་ཅུ་ཙམ། །ཞལ་སྔ་གོང་མ་སོ་དགུ་ཙམ་ལ་འདས། །རྗེ་བཙུན་སངས་རྒྱས་དབོན་དེ་ཞེ་བདུན་འདས། །གྲུབ་ཆེན་རྨ་སེ་ཞེ་བདུན་སྟེང་ན་འདས། །སི་ཏུ་ནོར་བུ་བསམ་འཕེལ་བཅུ་གསུམ་འདས། །དཔའ་བོ་སྤྲུལ་སྐུ་གོང་མ་བཅུ་གསུམ་ཙམ། །རིམ་གྲོ་བྱས་པའི་ཡུས་དེ་


CMR002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་ལ། །ཞྭ་དམར་དྲུག་པ་ལོ་གཅིག་བསྙུངས་བའི་ཚེ། །སྡེ་པ་གཙང་པ་ཆོས་རྗེ་སྒར་ཆེན་གཉིས། །ཕྱག་ཟོག་ཕལ་ཆེར་སྐུ་རིམ་ཁོ་ནར་བཏང་། །ནོར་བུ་རྒྱན་པ་དཔག་བསམ་དབང་པོ་དང་། །ཡུ་མོ་སྤྲུལ་སྐུའི་སྐུ་རིམ་གང་དྲག་བྱས། །རྒྱལ་བའི་དབང་པོ་སི་ཏུ་རྒྱལ་ཚབ་པ། །ཞབས་དྲུང་དཔའ་བོའི་ཅི་དགོངས་བསྲུང་རིམ་བྱས། །ཕན་པ་མེད་དོ་ཞབས་དྲུང་དཔའ་བོ་དང་། །ཞྭ་དམར་བ་གཉིས་ཟླ་གཅིག་ནང་དུ་འདས། །དེ་དག་ནུས་པ་བྱིན་རླབས་མེད་པ་དང་། །བསྲུང་རིམ་བདེན་པ་མེད་པ་མ་ལགས་ཏེ། །དུས་ཀྱི་འཆི་བ་བཟློག་ཐབས་མེད་དོ་ཞེས། །མདོ་རྒྱུད་ཀུན་ནས་གསུངས་པ་དེ་ཡིན་ནོ། །དུས་མིན་འཆི་བ་བསྲུང་རིམ་སྨན་དཔྱད་ཀྱིས། །ཕན་པའི་ལག་བླངས་ངེད་རང་རྣམས་ལ་མང་། །དེ་ཡང་བླ་མ་ཆོས་དབང་ཀུན་བཟང་ཉིད། །མེ་དབལ་སྤྲུལ་པའི་ཆར་རྟོགས་རིགས་བཟང་ཡང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་དབང་བཙན་ཏེ། །ད་རེས་ཆོས་སྒོར་མ་ཞུགས་སྡིག་སྤྱོད་ན། །དགེ་བ་མཐར་རྫོགས་ནད་མེད་ཚེ་ཡང་རིང་། །ཤི་ནས་མནར་མེད་དམྱལ་བའི་གནས་སུ་འགྲོ། །བན་དེ་མ་བྱས་སྒོམ་པ་བྱས་ན་ནི། །མཁས་ཤིང་ངག་ནུས་ཆེན་པོ་ཐོབ་པ་


CMR002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །སྔོན་ལས་དགྲ་དང་ཁ་མཆུ་མང་པོའི་མནར། །མཐུ་གཏད་སེར་འབོད་རྫས་ངན་མི་ཚེ་བསྐྱལ། །ཕྱི་མ་ལྷ་འདྲེ་གདུག་པ་ཅན་དུ་སྐྱེ། །དེ་ནི་ཚེ་སྔོན་རྟ་དཔོན་ལ་སྐྱེས་པའི། །རྒྱུ་མཐུན་འབྲས་བུ་ཚེ་འདིར་རྣམ་སྨིན་ནོ། །བླ་མ་རེད་ནས་ཚེ་སྒྲུབ་ཕྱག་རྫོགས་དང་། །རྒྱལ་བ་རྒྱ་མཚོ་དེ་ཙམ་མ་བསྒྲུབས་ནས། །དཀོར་མང་བསྡུས་ཤིང་ལྷ་བྲི་རྟེན་བཞེངས་ནས། །འདིས་ཁ་མཚམས་སྦྱོར་དེ་ཙམ་མ་ལེགས་ན། །གོང་དུ་བཤད་ལྟར་ཀོང་པོའི་བླ་མར་སྐྱེ། །ཆོས་དང་སྒྲུབ་པ་ཉམས་ལེན་བྱིན་རླབས་ཀྱིས། །དེ་དབང་མ་སོང་འདིས་ཁ་ཐམས་ཅད་འཇོམས། །སྔས་ཞབས་རྡོ་ལེབ་སེམས་ལ་ཟུག་རྔུ་མེད། །དེ་ཡང་མཁའ་འགྲོ་ཆོས་སྐྱོང་ཐུགས་རྗེ་ཡིན། །དཀོར་ཟས་དགྲ་ལ་མ་ཤོར་ཆུད་ཟོས་མེད། །དགོངས་རྫོགས་འགྲུབ་པས་བཀའ་སྲུང་བཟང་བ་ཡིན། །ངེད་རང་མ་ཤི་རྗེས་ན་ཡོད་པ་ཚོ། །རྟེན་འབྲེལ་འདི་ཙམ་ཨེ་འགྲིགས་ཅི་ཆ་ཡོད། །འཆི་བའི་སྡུག་བསྔལ་བར་དོའི་འཇིགས་སྐྲག་ནི། །གཞོན་ཤི་རྒས་ཤི་ཁྱད་པར་མེད་པར་གསུངས། །ལས་ངན་གང་ཡོད་ཚེ་འདི་ལ་སྨིན་ནས། །གཏན་དུ་བདེ་བའི་ཞིང་ཁམས་བགྲོད་པ་ན། །དེ་ནི་ཆོས་བྱས་འབྲས་བུ་མཆོག་


CMR002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། །ངན་སོང་གསུམ་སོགས་མི་བཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་གྱུར་ལས། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །གསུངས་པའང་འདི་ལྟར་འོང་བའི་སྨོན་ལམ་ལགས། །དེ་ཕྱིར་བླ་བླ་གྲྭ་གྲྭ་ཐམས་ཅད་ཀྱིས། །ཆོས་དང་དཀོན་མཆོག་ལྷ་དང་བཀའ་སྲུང་ལ། །ལོག་ལྟ་མ་བྱེད་ལྷག་པར་དད་གུས་བསྐྱེད། །མཚམས་སྒྲུབ་སྔགས་བསྙེན་སྲུང་ཟློག་བསྐང་གསོ་དང་། །གསོལ་མཆོད་ལ་སོགས་ངེས་ཤེས་བསྐྱེད་ཅིང་མཛོད། །འདི་ནི་གེགས་སེལ་གདམས་ངག་གནད་ཆེན་པོ། །གལ་ཏེ་འདི་ཉིད་ཡིད་ལ་མ་བཞག་ན། །འདི་ཕྱི་གཉིས་ཀའི་དོན་རྩ་འཆུག་ངེས་སོ། །དེ་ལྟར་ཆོས་ཀྱི་ཕན་ཡོན་བཤད་པ་ནི། །འོས་ཐུ་ཤེས་རབ་བཟོ་ཡི་བཤད་པའང་མིན། །གཙོ་ཆེར་མདོ་རྒྱུད་རྣམས་ལ་དཔང་པོ་བྱས། །སྔར་ནས་སྔ་ཕྱིར་ལན་གྲངས་མང་པོ་ལ། །བླ་མ་ཆོས་དབང་ལས་འཕྲོ་བཟང་ངན་རྣམས། །བརྡ་རུ་བྱུང་དང་ཚིགས་སུ་ལུང་བསྟན་དང་། །བསྟུན་ནས་ད་རེས་དགོས་པ་ཆེར་བྱུང་བས། །རྗེན་པུར་བུད་ནས་གོ་བདེ་གསལ་བར་བྲིས། །དེ་ལྟར་རྩོམ་ནི་དགོས་དོན་གང་ཞེ་ན། །ཤཱཀྱའི་དགེ་


CMR002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་པདྨ་རབ་དགའ་ཡིས། །ཆོས་དབང་བསྙུང་གྲངས་མང་བར་བསྙུང་གཡོག་བྱས། །བེད་ཆོད་ཟེར་ནས་བླ་མས་ཐུགས་རྩིས་ཆེ། །ཐུགས་འདྲིས་ཆེ་ཕྱིར་ཁོ་རང་སེམས་གནད་ཆེ། །ལོ་རྒྱུས་འབྲི་དགོས་ཟེར་ནས་ཤོག་བུ་གཏད། །བྲི་ཡང་མ་འདོད་བསྒྱུར་ནས་བཞག་པའི་ཚེ། །དགོངས་ཞག་བདུན་ཚིགས་བཞི་པའི་དུས་ཙམ་ལ། །ཆེ་བརྗོད་རྣམ་ཐར་བྲིས་ཞེས་ཟེར་བའི་བརྡ། །བླ་མ་ཆེ་བས་ཆེ་བ་འདོན། །ཟེར་བའི་ཚིག་དེ་ཉམས་སྣང་སྐབས་སུ་ཐོས། །དེ་ཕྱིར་དུས་གསུམ་རྣམ་ཐར་བྲིས་པའི་ཞོར། །གྲྭ་རིས་སློབ་མ་རྣམས་ཀྱི་ལོག་ལྟ་རྣམས། །སེལ་བའི་གེགས་སེལ་གསལ་བར་བཀོད་པ་འདི། །བཀའ་རྒྱ་མེད་པས་གྲྭ་པ་ཀུན་གྱིས་ལྟོས། །ཕྱི་མི་སུ་ལ་བསྟན་ཀྱང་ཉེས་སྐྱོན་མེད། །རྟོག་དཔྱོད་ལྡན་ན་ཆོས་དང་ཉམས་ལེན་ནི། །ཀུན་ལ་ཕན་པའི་གནད་འགགས་ཟབ་མོ་ཡོད། །རིགས་རྒྱུད་ཆོས་རྒྱུད་ཡུལ་ཕྱོགས་བཅས་པ་ལ། །དུས་རྣམས་ཀུན་ཏུ་བདེ་ལེགས་འཕེལ་བ་དང་། །འབྲེལ་ཐོགས་ཐམས་ཅད་བདེ་ཆེན་ཞིང་ཁམས་སུ། །སྐྱེས་ནས་བླ་མ་ཉིད་དང་མཇལ་བར་ཤོག། །བྷ་ཝནྟུ།།


previousབླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར།next