Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
བླ་མ་དབོན་ཆུང་ནམ་མཁའི་དྲིས་ལན་དྲག་ལུའི་སྐྱེ་གནས་ལུང་བསྟན།
   
   
   


 
previousབླ་མ་དབོན་ཆུང་ནམ་མཁའི་དྲིས་ལན་དྲག་ལུའི་སྐྱེ་གནས་ལུང་བསྟན།next

བླ་མ་དབོན་ཆུང་ནམ་མཁའི་དྲིས་ལན་དྲག་ལུའི་སྐྱེ་གནས་ལུང་བསྟན།


CMR002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བླ་མ་དབོན་ཆུང་ནམ་མཁའི་དྲིས་ལན་དྲག་ལུའི་སྐྱེ་གནས་ལུང་བསྟན་ཡོད།།


CMR002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་ཨ་མི་ཏ་བྷ་ཡེ། །དབོན་ཆུང་བླ་མ་ནམ་མཁའ་ཡིས། །དྲག་ལུར་རྟགས་མཚན་ཅི་བྱུང་ཞེས། །ཡང་ནས་ཡང་དུ་དྲིས་ན་ཡང་། །གསལ་པོ་མེད་ན་བཤད་མི་རུང་། །དགའ་ཕྱིར་ལེགས་པོ་བཤད་ན་ནི། །མི་ཆོས་བླ་མའི་རྫུན་ཡིན་པས། །འདུལ་ཁྲིམས་སྡོམ་པ་འཆོལ་བར་གསུངས། །དེ་ཕྱིར་ཡང་ཡང་བརྟགས་དཔྱད་བྱས། །འཕྲལ་དུ་མ་བཤད་དེ་ཡི་དོན། །བར་དོའི་རྣམ་ཤེས་མཐོང་བ་ལ། །ལྷ་ཡི་མིག་ནི་རྣམ་དག་པ། །ཐོབ་དགོས་དེ་མིན་དངོས་སུ་ནི། །བར་དོའི་རྣམ་ཤེས་མི་མཐོང་བར། །དམ་ཆོས་མངོན་པའི་གཞུང་ལས་བཤད། །ཉམས་དང་རྨི་


CMR002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་སོགས་དང་། །རང་ཉིད་ཤི་བའི་སྣང་བ་ཡིས། །ཚེ་འདས་རྣམས་དང་འཕྲད་ན་ནི། །གསོན་དུས་གང་སྨྲས་ཚིག་རྣམས་དང་། །ཤི་ཁ་བྱུང་རབ་ལ་སོགས་པ། །ཡིད་ཆེས་དན་ཏིག་གཏམ་དང་བཅས། །ཆ་འཕྲེང་མང་པོ་བསྐུར་བ་ནི། །ཚེ་འདས་རྣམ་ཤེས་མ་ཡིན་ཏེ། །དྲི་ཟ་པི་ཤ་ཙི་དང་ནི། །དྲི་ཟ་ཁྱབ་བྱེད་ཅེས་བྱ་དང་། །གནོད་སྦྱིན་རྟོགས་འདོད་ཅེས་བྱ་དང་། །ཝ་ར་ཧི་ཏ་ཞེས་བྱ་དང་། །ཚེ་འདས་དེ་ཡི་ལུས་བཟུང་ནས། །དེ་ལྟར་སྨྲ་བ་ཡིན་པའི་ཚུལ། །ཚེ་འཕོས་ཇི་ལྟར་འགྱུར་བ་ཡི། །མདོ་ལས་ཐུབ་པས་རྒྱ་ཆེར་གསུངས། །ཤི་ནས་བདུན་


CMR002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཕྱེད་བཞིའི་ཚུན། །ཚེ་འདས་གསོན་པོའི་ལུས་ལྟར་ཡོད། །དེ་ཡང་ཡིད་ལུས་རྨི་ལམ་འདྲ། །ཉི་ཟླ་མེད་ཀྱང་ཡིད་ལུས་ཀྱིས། །འོད་ཀྱིས་གསལ་བ་གཅིག་ཡོད་དེ། །བདུན་ཕྲག་ཕྱེད་བཞི་ཕར་འདས་ནས། །ཚེ་འདིའི་ལུས་འདི་ཇེ་ཇེ་བརྗེད། །ཕྱི་མ་གར་སྐྱེས་ལུས་འདི་ནི། །ཡིན་པའི་སྣང་བ་བྱུང་བ་ནི། །བར་དོའི་བཤད་པ་རྣམས་ནས་གསུངས། །དེ་ཕྱི་ཚེ་འདས་རྨིས་པ་ན། །དགའ་ཞིང་ལེགས་པར་བྱུང་བ་རྣམས། །ཚེ་འདིས་བླ་དེ་ཡིན་པ་སྟེ། །ཕ་མྱེས་བླ་ཡི་བསྲུང་བ་ཟེར། །ཚེ་འདས་རྨིས་པས་གོད་ཚགས་སོགས། །མི་དགའ་ཁ་སྨྲས་འབྱུང་བ་ནི། །ཟ་འདྲེའི་ཚེ་འདས་ལུས་བཟུང་ནས། །གསོན་ལ་མགོ་གཡོག་བྱེད་པ་ཡིན། །རྣལ་འབྱོར་རིག་པ་དྭངས་བ་ཡིས། །ཚེ་འདས་བཀུག་གཞུག་བྱང་བཞུས་དུས། །དངོས་སམ་ཉམས་སྣང་རྨི་ལམ་དུ། །ཁུག་པའི་རྟགས་དང་དྲངས་པའི་རྟགས། །འབྱུང་བར་ཐུགས་སྒྲུབ་གཞུང་ནས་གསུངས། །ཡི་དམ་ལྷ་ལ་གསོལ་བཏབ་ནས། །རང་གཞན་གར་སྐྱེ་བརྟག་པའི་ཐབས། །དཔའ་བོ་གཅིག་སྒྲུབ་རྒྱུད་ལ་སོགས། །གསར་རྙིང་ཀུན་ནས་རྒྱ་ཆེར་གསུངས། །འོན་ཀྱང་དེ་ལ་སླ་མོ་མེད། །རྟེན་ནི་བྱིན་རླབས་ཅན་བཤམས་


CMR002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཆོད་པ་མཎྜལ་བརྒྱ་རྩ་ཕུལ། །ཕྱག་དང་སྐོར་བ་བརྒྱ་རྩ་བྱེད། །ཤ་ཆང་སྒོག་པ་ལ་ཕུག་སྤང་། །ཁྲུས་བྱས་སྤོས་བདུག་གོས་གསར་གྱོན། །མི་གཙང་ཟས་འཛེམ་ངག་བཅད་ནས། །སྔགས་བཟླས་གཞན་དུ་མ་ཡེངས་པར། །བྱས་པས་ཉམས་སམ་རྨི་ལམ་དུ། །རབ་ལ་ལུང་བསྟན་འབྱུང་བའམ། །ཐ་མ་བརྡ་ནི་སྟོན་པར་བཤད། །གལ་ཏེ་གསལ་བར་མ་གྱུར་ན། །མཆོད་པ་ཕྱག་དང་བསྐོར་བ་རྣམས། །སུམ་ལོག་བྱས་ན་གསལ་བར་གསུངས། །རང་རེ་ཧུབ་ལ་ཤ་ཚོད་བྱེད། །ཁྲུས་དང་ཕྱག་བསྐོར་མི་འཁྱོང་ཞིང་། །ངག་མི་གཅོད་པར་སྨྲ་བ་མང་། །དེ་ཕྱིར་གསལ་པོ་ག་ལ་འབྱུང་། །དེ་ཚོ་ཡིད་ལ་ཟུངས་མཛོད་དང་། །ལར་གྱི་གོ་བ་ཆེན་པོ་ཡོད། །དྲག་ལུ་འཆི་ཁ་ཟླ་གཅིག་གོང་། །ཐོ་རངས་ཉམས་སྣང་གསལ་བ་ལ། །དྲག་ལུ་དངོས་སུ་བདག་གིས་དྲུང་། །མཚམས་ཁང་ཉལ་བའི་དྲུང་དུ་བྱུང་། །ཁ་ངོ་ཅུང་ཟད་སྒྲེ་ལོག་ནས། །མིག་རྩ་དམར་དང་ཁྱུགས་སེ་གདའ། །ང་ཡི་མཚམས་ཁང་འདི་ན་ནི། །འོང་དོན་མེད་དེ་ཅི་ཡིན་བསམ། །དངོས་སུ་ཡིན་སྣང་བྱུང་བ་དེས། །བཟང་ངན་ཅི་ཡིན་མ་ཤེས་པས། །མ་སྨྲས་གསང་ནས་བསྡད་པ་


CMR002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་དུས་བླ་ནི་འཁྱམས་པ་རེད། །དེ་ནས་ནད་དེ་ལོག་ནས་ཐལ། །དེ་ཕྱི་ནད་པ་གཞན་ཞིག་ཏུ། །ཕྱིན་ནི་བྱུང་རྨིས་བླ་འཁྱམས་རྟགས། །ངན་པའི་རྟགས་སུ་གོ་བར་གྱིས། །དྲག་ལུ་ཤི་ནས་འཕོ་བ་བཏབ། །ཞག་པོ་གཉིས་ཙམ་སོང་བའི་ནུབ། །དྲག་ལུ་ང་ཡི་གྲ་ཁྲི་རྩར། །ཕོ་ཁ་བསྔས་ནས་ང་ཡི་ངོར། །ལྟ་ཞིང་འདུག་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་གསལ་བར་བྱུང་། །ཕྱིས་སུ་ཚངས་བུག་ཡང་མོ་གདའ། །འཕོ་བ་ངེས་པར་ཐེབས་ནས་གདའ། །འཕོ་བ་ཁོ་ནའི་ནུས་པ་ཡིས། །ངན་སོང་གནས་སུ་མི་སྐྱེ་བར། །རབ་ཏུ་དག་པའི་ཞིང་ཁམས་སམ། །ཐ་མ་ལྷ་མའི་ལུས་ཐོབ་གསུངས། །འོན་ཀྱང་ལྷ་མི་མི་འདོད་པར། །བདེ་བ་ཅན་དུ་དམིགས་བྱས་པས། །དེ་ནི་ཞིང་ཁམས་བཟང་དྲག་པས། །སྒྲིབ་པ་མཐོ་མཐོ་མ་བྱང་བར། །འགྲོ་རྒྱུ་མེད་པར་ཡིན་པར་སྣང་། །བདུན་གཉིས་སྐབས་སུ་བརྟགས་པ་བྱས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ། །དེ་ནས་བདེ་བ་ཅན་དུ་འགྲོ། །ཟེར་བའི་སྒྲ་ཞིག་ཐོས་པའི་ཚེ། །ཆུ་གཏོར་མང་དུ་བཏང་བཅུག་ཅིང་། །དྲུང་པ་ལ་སོགས་འབུལ་བ་བྱས། །དགེ་རྩ་བྱས་ཚད་


CMR002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་བསྔོས། །ཞག་པོ་འགའ་ཟུང་ཡི་དྭགས་ཀྱི། །ཡུལ་དུ་བསྒྲོད་དགོས་བྱུང་བ་ནི། །ལོ་མང་ཐོགས་སྣང་བྱུང་ཡང་སྲིད། །དེ་ནས་བདུན་ཕྲག་ལྔ་ཙམ་དུས། །བརྟགས་པ་བྱས་ཚེ་ཉམས་རྨིས་མཚམས། །མི་རུ་སྐྱེ་ཉན་ཡོད་ཟེར་བའི། །སྒྲ་ཞིག་ཐོས་པ་དེ་ཡི་དོན། །རྗེས་ནས་རྨི་ལམ་གསལ་བ་ལ། །འབྲི་གུང་ཕྱོགས་སུ་བུད་མེད་ཀྱིས། །ལུས་ལ་ཞུགས་པར་གྱུར་པ་འདུག །དགོངས་ཞག་ཚང་ནས་བྱང་ཞུས་ནུབ། །བརྟགས་པ་བྱས་པས་གསལ་པོར་བྱུང་། །མི་རུ་སྐྱེས་ཀྱང་སྐྱེ་དགོས་པ་ཅི་ཡིན་ཏེ། །སིལ་སྙན་མང་པོ་སི་ལི་ལི། །རོལ་མོ་མང་པོ་དི་རི་རི། །ཞེས་པའི་སྒྲ་ཞིག་གྲག་པ་དེ། །རྗེས་ནས་དགེ་རྩ་རྒྱ་ཆེ་ཞིང་། །ཞི་ཁྲོ་ལ་སོགས་བྱིན་རླབས་ཀྱིས། །དཔའ་བོ་མཁའ་འགྲོ་ཡི་དམ་ལྷས། །ཞིང་ཁམས་བསུ་བའི་སུན་མ་ཡིས། །བུད་མེད་ལུས་ཀྱིས་བྱིས་སྦ་ཞིག །ཟླ་ཞིག་ཁྲག་རལ་གྱུར་ནས་ཀྱང་། །བདེ་ཆེན་ཞིང་ཁམས་བགྲོད་པ་ཡི། །རྟེན་འབྲེལ་འགྲིགས་པ་ཡིན་པར་བརྡ། །དགོངས་ཞག་རྫོགས་ནས་ཞག་དྲུག་ནུབ། །བཅོ་ལྔའི་ནུབ་པར་བརྟགས་པ་བྱས། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །ད་ཨ་ནུའི་སྤོབས་པ་དེ་


CMR002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་འགྲོ་ལེ་ཡོད། །ཟེར་བའི་སྒྲ་ཞིག་ཐོས་པ་ཡི། །ད་ནི་བདེ་ཆེན་ཞིང་ཁམས་སུ། །སྐྱེས་ཏེ་ད་རུང་ཕྱིན་མ་ཚར། །བསམ་པ་རང་གི་སེམས་ལ་ཤར། །དེ་ནས་ཕུང་པོ་བཞུ་ཁ་ནུབ། །དྲག་ལུའི་རྟ་གཅིག་ཞོན་བྱས་ནས། །ད་ང་འགྲོ་རན་ཟེར་ནས་ཤར་ཕྱོགས་སུ། །ཐོགས་པ་མེད་པར་སོང་བ་རྨིས། །བླ་ནི་ཚེ་འདས་ལུས་བཟུང་ནས། །དུར་ས་དེ་ལ་གནས་སོ་ཞེས། །རྒྱ་ནག་རྩིས་ཀྱི་གཞུང་ལས་ནི། །གསུངས་པ་དེ་ཡང་བདེན་པར་སྣང་། །ས་འདེབས་ཚར་བའི་དུར་ས་ན། །བླ་དེ་འགྲོ་བར་ཡིན་པར་འདུག །དེ་ནས་རྒྱལ་ཟླའི་བཅོ་ལྔ་ལ། །བརྟགས་པ་བྱས་པས་ཉམས་སྣང་ལ། །ཡི་གེ་འབྲུ་ནི་ཡིད་ཡུལ་དུ། །ཡིག་འབྲུ་དམར་པོ་གཤར་ཡིག་ལ། །དྲག་ལུ་བདེ་བ་ཅན་དུ་སྐྱེས་ཚར། །ཞེས་པ་བྱུང་ཡང་སྨྲ་མ་སྤོབས། །དེ་ནས་བཅུ་བདུན་ནུབ་པར་ལ། །ཐལ་སོལ་ཁྱེར་བའི་གསེར་སྐྱེམས་བརྩམས། །དེ་ནུབ་ཐོ་རངས་རྨི་ལམ་ལ། །གཟུགས་མ་མཐོང་བས་མི་གཉིས་ཀྱིས། །ཁ་དལ་འདྲ་བ་བྱེད་ཅིང་གྲག །དྲག་ལུའི་རྟགས་དེ་ད་འོང་རན་ཟེར་བ་གྲག །གཅིག་གིས་རིན་པ་མི་ཚད་འཕྱིས་པ་ཡིན། ཟེར་བ་གྲག །དེ་ནས་ཕྱིར་ནུབ་བཅོ་བརྒྱད་ནུབ། །ཐུགས་རྗེ་


CMR002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བདག་མདུན་དང་། །གཏོར་བསྔོས་གསོལ་ཀ་བསྐང་བ་སོགས། །ཐམས་ཅད་ཤིན་ཏུ་རྒྱས་པར་བྱས། །མཆོད་པ་མཎྜལ་བཟང་བར་བཤམས། །ཁྲུས་དང་ཕྱག་འཚལ་བསྐོར་བ་བྱས། །དགོང་མོ་ངག་བཅད་རྩེ་གཅིག་ཏུ། །ད་རེས་རྟགས་ནི་གསལ་ན་རབ། །མ་གསལ་ཕྱིས་ནས་མི་བརྟགས་སྙམ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཚེ་འདས་དྲག་ལུའི་རྣམ་ཤེས་དེ། །གར་སྐྱེས་གསལ་བའི་ལུང་བསྟན་གསོལ། །དེ་སྐད་རྩེ་གཅིག་གསོལ་བཏབ་པས། །སྔ་ཐུན་ཉམས་དང་རྨི་ལམ་མཚམས། །འཇིག་རྟེན་གྱི་ཁམས་བདེ་བ་ཅན། །ཞེས་པའི་སྒྲ་ཞིག་ཐོས་སྙམ་བྱེད། །ཕྱི་ཐུན་ཐོ་རངས་ཙམ་གྱི་དུས། །དྲག་ལུ་བདེ་བ་ཅན་དུ་སྐྱེས། །སྣང་བ་མཐའ་ཡས་གསུང་གི་དབང་ཐོབ། །ཏིང་ངེ་འཛིན་གྱི་དབང་བརྒྱ་རྩ་ཐོབ། །ཟེར་བ་གཅིག་གསལ་བར་བྱུང་ངོ། །ད་ནས་ཞིང་དེར་སྐྱེ་ངེས་པས། །ཉེ་དུ་རྣམས་ཀྱང་མྱ་ངན་མེད། །སྔ་ཕྱི་ལོ་ཤས་མ་གཏོགས་པ། །གཅིག་ཀྱང་མི་རྟག་འཆི་དགོས་ན། །གཏན་ནས་གཏན་དུ་བདེ་སྐྱིད་ཅིང་། །དེ་ནས་སངས་རྒྱས་ཐོབ་པའི་ཞིང་། །སྐྱེ་རྒས་ན་འཆི་མེད་པའི་ཞིང་། །ཕྱིར་མི་ལྡོག་པའི་ས་


CMR002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཅིང་། །དྲག་ལུ་ཤི་བས་འཚིངས་བ་ཡིན། །མ་ཤི་རྗེས་ན་ལུས་པ་ཚོ། །ནམ་འཆི་གར་འགྲོ་ཅི་ཆ་ཡོད། །དམྱལ་བར་མི་འགྲོ་གདེང་ཅི་ཡོད། །ད་ལྟ་མེ་སྟག་མི་བཟོད་ན། །བསྐལ་པ་སྟོང་དུ་བཙོ་བསྲེག་གི །སྡུག་བསྔལ་མྱོང་ན་ཅི་འདྲ་ཁམས། །དེ་ཕྱིར་ད་ནི་མྱ་ངན་སྤོངས། །དབོན་ཆུང་ནམ་མཁའི་དྲིས་ལེན་འདི། །བརྩེ་སེམས་ཡོད་པ་རྣམས་ལ་སྟོན། །གཞན་ལ་བསྟན་པར་མི་བྱའོ། །རྟ་ལོ་སྟག་ཟླའི་བཅུ་དགུའི་ཉིན། །རཱ་ག་ཨ་སྱས་འཕྲལ་དུ་བྲིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་མ་དབོན་ཆུང་ནམ་མཁའི་དྲིས་ལན་དྲག་ལུའི་སྐྱེ་གནས་ལུང་བསྟན།next