Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
སྐྱབས་གནས་རཱ་ག་ཨ་སྱའི་དགུང་ལོ་རེ་ལྔ་ཚུན་གྱི་རྣམ་ཐར་གྱི་མཇུག་དད་པའི་མྱུ་གུ་ཐར་པའི་ལམ་སྟོན།
   


 
previousསྐྱབས་གནས་རཱ་ག་ཨ་སྱའི་དགུང་ལོ་རེ་ལྔ་ཚུན་གྱི་རྣམ་ཐར་གྱི་མཇུག་དད་པའི་མྱུ་གུ་ཐར་པའི་ལམ་སྟོན།next

སྐྱབས་གནས་རཱ་ག་ཨ་སྱའི་དགུང་ལོ་རེ་ལྔ་ཚུན་གྱི་རྣམ་ཐར་གྱི་མཇུག་དད་པའི་མྱུ་གུ་ཐར་པའི་ལམ་སྟོན།


CMR002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྐྱབས་གནས་རཱ་ག་ཨ་སྱའི་དགུང་ལོ་རེ་ལྔ་ཚུན་གྱི་རྣམ་ཐར་གྱི་མཇུག་དད་པའི་མྱུ་གུ་ཐར་པའི་ལམ་སྟོན་ཅེས་བྱ་བ་བཞུགས་སོ། །


CMR002_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་རཏྣ་ཡེ། །སད་ན་ལེགས་དང་ཀླུ་ཡི་རྒྱལ་མཚན་སོགས། །སྤྲུལ་པའི་འོད་ཟེར་ལས་སྤྲུལ་འགྲོ་བའི་མགོན། །བསྟན་པའི་གསལ་བྱེད་གདུལ་བྱའི་དཔལ་གྱུར་པ། །འདྲེན་མཆོག་བླ་མ་དམ་པའི་ཞབས་ལ་འདུད། །བདག་སོགས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །སྙིགས་དུས་མགོན་དང་སྐྱབས་གཞན་མི་འདུག་པས། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་གུ་རུ་རྗེ། །བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །དམ་པ་དེ་ཡི་མཛད་ཕྲིན་རྣམ་པར་ཐར། །རྒྱས་པ་ཕྱི་ནང་གསང་བ་ཡང་གསང་སོགས། །ཉིད་ཀྱིས་མཛད་པ་དེ་ཡི་གླེགས་བམ་


CMR002_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །དོན་གཉེར་འགའ་ཡི་ཆེད་དུ་བདག་གིས་འདིར། །ཅུང་ཟད་བཀོད་པ་ལྷ་དང་བླ་མ་ཡིས། །བཀའ་གནོང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས་དགུང་ལོ་རེ་ལྔ་གླང་ལོ་ནས། །རྩེ་གཅིག་བསྒྲུབ་པའི་དམ་བཅའ་མཛད་དགོངས་ནས། །ཕྱི་མཚམས་བཅད་ནས་ནང་མཚམས་མ་བསྡམས་སྐབས། །བདག་སོགས་རྩ་གྲྭ་རྒྱུན་ཏུ་འདུག་རྣམས་ལ། །རཏྣ་ལུགས་སོགས་གཏེར་ཁ་གོང་འོག་གིས། །དབང་ལུང་ཅུང་ཟད་འཕྲོ་མ་གང་ལུས་དང་། །མི་འགྱུར་རྡོ་རྗེའི་གནམ་ཆོས་ཡོངས་རྫོགས་ཀྱི། །དབང་ལུང་བཀའ་གཏད་ཡོངས་སུ་རྫོགས་པ་དང་། །ཉིད་ཀྱིས་


CMR002_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རི་ཆོས་གླེགས་བམ་དང་། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྒྱས་བསྡུས་སོགས། །ཉིད་ཀྱི་མཛད་ཆོས་ཡོངས་སུ་རྫོགས་པ་ཡི། །དབང་ལུང་མ་ལུས་ཡོངས་སུ་རྫོགས་པར་མཛད། །སླར་ཡང་ཕྱི་མཚམས་ནང་མཚམས་ལེགས་བཅད་ནས། །རྩེ་གཅིག་སྒྲུབ་པའི་ངང་ལས་མ་གཡོས་ཤིང་། །དགོངས་པ་གཏད་ནས་ཞལ་བཀོད་གནང་བ་ལྟར། །གོང་དུ་རྒྱས་འབྲིང་རྣམ་གསུམ་བཞེངས་པའི་སྟེང་། །འདུལ་བའི་སྡེ་སྣོད་གླེགས་བམ་བཅུ་གཉིས་དང་། །མདོ་ཡི་སྡེ་ལ་གླེགས་བམ་སུམ་ཅུ་དང་། །དམ་ཆོས་དཀོན་མཆོག་བརྩེགས་པའི་གླེགས་བམ་ལྔ། །ཤེས་རབ་ཁྲི་པ་གླེགས་བམ་བཞི་དང་ནི། །དམ་ཆོས་ཕལ་པོ་ཆེ་ལ་གླེགས་བམ་བཞི། །གསར་མའི་རྒྱུད་འབུམ་གླེགས་བམ་བཅོ་བརྒྱད་དེ། །རྒྱལ་བས་ཇི་ལྟར་གསུང་པའི་དམ་པའི་ཆོས། །ལོ་པཎ་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་གྱིས། །གངས་ཅན་ལྗོངས་འདིར་ཅི་བཞིན་འགྱུར་བ་ཡི། །བཀའ་འགྱུར་མ་ལུས་ཡོངས་སུ་རྫོགས་པར་གྲུབ། །གཞན་ཡང་རྟ་མཆོག་རོལ་པའི་པོ་ཏི་གཉིས། །གུ་རུའི་བཀའ་ཐང་རྒྱས་པའི་པོ་ཏི་གཅིག །ཆེ་རྒྱུད་གུར་དྲག་རྒྱུད་སོགས་པོ་ཏི་གཅིག །དེ་ལྟར་དམ་ཆོས་གླེགས་བམ་དེ་


CMR002_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་། །བེཟླུར་མཐོན་མཐིང་ལྟ་བུའི་ཤོག་བུ་ལ། །རིན་ཆེན་གསེར་དངུལ་རྒྱུ་སྐར་བཀྲ་བ་འདྲ། །པདྨ་རཱ་གའི་མདོག་མཚུངས་གླེགས་ཤིང་ལ། །ལེ་བརྒན་དར་གྱིས་མདོག་མཚུངས་གླེགས་ཐག་བཅས། །རབ་ཏུ་གནས་པ་དང་བཅས་ལེགས་པར་གྲུབ། །གཞན་ཡང་ཚེ་དཔག་ཞལ་ཐང་སྟོང་སྐུ་གཉིས། །དེ་བཞིན་སྨན་བླའི་ཞལ་ཐང་སྟོང་སྐུ་གཅིག འོད་མདོ་ཞིང་བཀོད་ཚེ་རྒྱུད་བཀའ་ཐང་དང་། །པདྨ་དཀར་པོ་ཚེ་མདོ་གནམ་ཆོས་སོགས། །སོ་སོ་ནས་གསུང་ཞིང་བཀོད་བཅུ་གསུམ་བཅས། །གཟའ་སྐར་བཟང་པོའི་ཡར་ཚེས་བཅོ་ལྔ་ལ། །རབ་ཏུ་གནས་པའི་ཆོ་ག་དང་བཅས་གྲུབ། །དེ་ལྟར་རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཚེ། །ཞལ་གཟིགས་ལུང་བསྟན་ལ་སོགས་མཐའ་ཡས་ཀྱང་། །གཞན་ལ་ཤིན་ཏུ་གསང་བར་མཛད་པ་ལས། །བདག་ལ་ཅུང་ཟད་སྐབས་འགར་གསུངས་པ་ནི། །ཆུ་ཕོ་བྱི་བའི་ལོ་འཇུག་རྨི་ལམ་དུ། །བདག་ནི་གཟིམས་མལ་འདི་རུ་བཞུགས་འདུག་པས། །ཞྭ་དམར་སྤྲུལ་སྐུ་ཁོ་བོའི་པང་དུ་བྱོན། །བདག་གིས་ལངས་ནས་ཕྱག་འཚལ་སྙམ་ལགས་ཀྱང་། །ལངས་རྒྱུ་གཏན་ནས་མ་རྙེད་པ་ཞིག་བྱུང་། །དེ་བརྡ་སྤྲུལ་སྐུ་བྱོན་ནས་མི་སྣང་


CMR002_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཞྭ་དམར་སྤྲུལ་སྐུ་ངོམ་གཤིས་ཕེབས་ཡོད་ཀྱང་། །བདག་གིས་མཇལ་ནི་ཐུབ་པ་མི་འདུག་གསུངས། །གླང་ལོར་ཞྭ་དམར་སྤྲུལ་སྐུ་ཡར་ཕེབས་ཀྱང་། །ཕྱག་དང་མཎྜལ་རྒྱང་ནས་ཕུལ་བ་ལས། །འཇལ་མ་ཕོད་པས་དེ་ག་མངོན་དུ་གྱུར། །དེ་རྗེས་རྒྱལ་བའི་དབང་པོ་དབུས་བཞུགས་ཚེ། །ནུབ་ཕྱོགས་ཁ་ཊཾ་གཅིག་ནི་བཙུགས་འདུག་པས། །དེ་ཡི་དབུས་ཀྱི་རྭ་དེ་ཆག་འདུག་རྨིས། །རྒྱལ་བའི་དབང་པོ་ཞིང་ཁམས་བརྗེ་བ་འདྲ། །གསུངས་ནས་བདག་ལ་བཀའ་བཀོད་གནང་བ་ལྟར། །ཟླ་བ་འགའ་ཟུང་སོ་ནས་མངོན་དུ་གྱུར། །ཡང་ནི་དྲུང་པ་སྐུ་ཁམས་བདེ་དུས་ཤིག །དམག་ནི་བརྒྱ་ཕྲག་ཙམ་གྱིས་བསྐོར་འདུག་པས། །འདི་ལ་ཇི་ལྟར་བྱས་ན་ཕན་སྨྲས་པས། །རྟ་ནི་བརྒྱ་ཙམ་བཏང་ན་ཨེ་ཕན་བསམ། །ཟེར་བའི་སྒྲ་ཞིག་རྣ་བར་གྲག་བྱུང་བས། །ཁྱེད་ཚང་སྐུ་རིམ་རྟ་ནི་བརྒྱ་ཙམ་གྱི། །འགྲོ་སྒོ་བྱེད་དགོས་སྐག་ཅིག་ཡོད་དམ་སྨྲས། །སྐུ་རིམ་འབད་ཀྱང་ཕན་པར་མ་གྱུར་ཏོ། །ཡང་ནི་སྟག་ལོར་སྐབས་ཤིག་རྨི་ལམ་དུ། །ང་ཡི་རྣ་བའི་རྩེ་མོ་དུང་ལེབ་ཙམ། །རི་བོ་ཆེ་པ་ཞིག་གིས་བཅད་འདུག་པས། །སྔར་ནས་ཁྱེད་ཚོ་རྨ་མེད་ཡིན་ནོ་ཞེས། །ཀོ་ལོང་ཆེན་པོས་ཁ་ངན་མང་པོ་


CMR002_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས། །ཡང་ནི་རང་གི་སྐྲ་ནི་བྱེར་སོང་རྨིས། །གསུངས་ནས་ཞག་པོ་འགའ་ཡང་མ་ལོན་དུས། །ངང་པ་ཐང་ནས་པདྨ་ཆུ་ཡིས་ཁུར། །ཁོང་དང་ས་དེའི་ཀླུ་གཉིས་སྔར་ཞིག་ནས། །ཅུང་ཟད་འགྲས་པར་ཡོད་པའི་དོན་རེད་གསུངས། །དེ་ཕྱིར་ཡུལ་དེས་ཀླུ་ལ་དགོངས་པ་གཏད། །དགོངས་ཞག་ཚེ་ལ་དགེ་རྩ་བསྔོ་སྨོན་གཟབ། །དེ་ནས་སྐྱེ་གནས་བརྟགས་པ་བྱས་པའི་ཚེ། །ཀླུ་གདོན་གྱིས་ནི་མ་བཏང་བ་ཡི་རྟགས། །བྱུང་གསུང་ཁྱུང་དམར་སྦྱིན་སྲེག་དྲག་པོ་མཛད། །དེ་ནས་ཀླུ་དེ་ཅུང་ཟད་ཉམས་ཐུབ་གསུངས། །སླར་ཡང་སྐྱེ་གནས་བརྟགས་པ་བྱས་པའི་ཚེ། །པདྨ་དག་པའི་ཞིང་དུ་སྐྱེས་པ་ཡི། །སྒྲ་ཞིག་གསལ་པོར་རྣ་བར་གྲག་ནས་བྱུང་། །ད་ནི་ཁྱེད་ཀུན་མྱ་ངན་མ་བྱེད་གསུངས། །ཡང་ནི་བཀའ་འགྱུར་བཞེངས་པའི་སྐབས་ཤིག་ལ། །ཁོ་བོ་ན་ནས་བཀའ་འགྱུར་ལུས་སྙམ་ཚེ། །ཁོང་གིས་རྨི་ལམ་བཀའ་འགྱུར་དཀར་ཆག་ནི། །གསར་པ་ཁྱོད་ཀྱིས་ང་ལ་གཏད་བྱུང་རྨིས། །ཁྱོད་ཀྱིས་བཀའ་འགྱུར་མཐའ་ནི་འགྲུབ་གསུངས་པས། །གོང་དུ་སྨོས་ལྟར་མཐའ་རུ་ཕྱིན་པར་གྱུར། །ཡང་ནི་ཉིད་ཀྱི་དབོན་རིགས་གཞོན་ནུ་གཅིག །གློ་བུར་དྲག་པོས་གཡང་ལྷུང་ཤི་བའི་


CMR002_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ཕ་ཟོག་ནང་རྟེན་ལ་སོགས་ཕུལ་ནས་ཀྱང་། །ང་ཡི་བུ་དེ་ཐུགས་རྗེས་འཛིན་དགོས་ཞེས། །མ་དེས་མྱ་ངན་ཆེན་པོ་བྱེད་པ་ལ། །སྒྲིབ་སྦྱང་བསྔོ་སྨོན་ལ་སོགས་གཟབ་ནས་ཀྱང་། །དེ་སྐབས་རྨི་ལམ་བརྟགས་པ་མཛད་པའི་ཚེ། །སྲོད་ཐུན་བདག་གིས་རྨི་ལམ་བུ་ཆུང་ཞིག །མེ་ཡི་ནང་དུ་བསྲེག་ལ་ཁད་འདུག་པ། །བདག་གིས་བསྲེག་ཏུ་མ་བཅུགས་བཤུག་པ་དང་། །ཕྱིས་ཐུན་སྨར་ཁམས་དཔོན་རིགས་གཅིག་གི་བུར། །སྐྱེ་བར་འདུག་པ་ཁོང་གིས་གཟིགས་གྱུར་པས། །མ་ཁྱོད་ད་ནི་མྱ་ངན་མ་བྱེད་གསུངས། །དེ་སོགས་གཞན་གྱི་སྐྱེ་གནས་མཐོ་དམན་དང་། །རྐྱེན་ཁག་ཡོད་མེད་ལ་སོགས་གསལ་ན་ཡང་། །གཞན་ལ་ཅུང་ཟད་ཙམ་ལས་གསུངས་པ་མེད། །དེ་ཕྱིར་འདིར་ཡང་ཟུར་ཙམ་ལས་མ་སྨོས། །དེ་ནས་མེ་སྦྲུལ་ལོ་མགོའི་རྨི་ལམ་དུ། །ཞྭ་དམར་པས་ནི་ཁྱེད་ཉིད་མ་བྱུང་གསུངས། །ཐུགས་དགོངས་མི་མཉེས་ཚུལ་དུ་མཛད་འདུག་ཅེས། །ཟེར་བའི་སྒྲ་ཞིག་གསལ་བར་གྲག་བྱུང་བས། །འོད་དཔག་མེད་དང་ཞྭ་དམར་གཉིས་པོ་ནི། །ངོ་བོ་གཅིག་པར་འོད་དཔག་མེད་པ་ཡི། །ཞིང་དེར་ང་རང་མྱུར་དུ་ཕྱིན་པའི་བརྡ། །ཡིན་ནམ་སྙམ་ཞེས་བདག་ལ་གསུངས་པ་


CMR002_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡང་ནི་སྐབས་ཤིག་དུས་ཀྱང་སྙིགས་མར་སོང་། །གཞན་ཕན་འགྲོ་དོན་འོང་བར་མི་འདུག་ཅིང་། །ཁྱེད་རང་སྤུན་ཚོ་ཁ་ཉ་མ་རེད་སྐབས། །བདག་ཀྱང་ད་ནི་ཤི་ན་ལེགས་སོ་སྙམ། །ཡང་ཡང་གསུངས་པས་ཟླ་བ་འགའ་ཡི་སོ། །ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གཉིས་ལ། །ཞབས་སོགས་ཅུང་ཟད་སྐང་པ་བསྙུང་གཞི་བྱུང་། །དེ་ཚེ་ལྷ་རྗེ་ལ་སོགས་ངེད་ཅག་གིས། །ཁྱེད་ཉིད་དགུང་ལོ་མཐོ་ཕྱིར་བསྙུང་གཞི་འདིའི། །ཅི་བྱེད་ཚོད་མེད་སྐུ་རིམ་གང་དྲག་ཞིག །བཀའ་བཀོད་གནོང་དང་མྱུར་དུ་བྱེད་དོ་ཞུས། །དེ་ཚེ་ཉིད་ཀྱིས་ཞལ་ནས་གསུངས་པ་ནི། །ད་ལོ་ང་ལ་ཁོ་བོ་མི་དོགས་ཏེ། །སང་ཕོད་ནས་ནི་ཅིས་ཀྱང་ཕན་མི་འགྱུར། །སྐུ་རིམ་བྱེད་ན་ཚེ་མདོ་གང་འགྲུབ་ཐོན། །ཅེས་གསུངས་དེ་ཕྱིར་ཆེ་མདོ་འབུམ་ཐེར་དང་། །སྒྲོལ་མ་འབུམ་གཏེར་ཕྱེད་གཉིས་གདུགས་དཀར་ནི། །ཁྲི་རྫོགས་གཉིས་དང་བཀའ་འགྱུར་ལན་གྲངས་གཉིས། །ཚེ་དཔག་སྟོང་ཆོག་གཉིས་དང་འཆི་བསླུ་དང་། །ཕྱོགས་ཀྱིས་རི་བཤུ་ལན་གཉིས་ཆབ་མདོ་སོགས། །དགོན་པ་ཆེ་རིམ་རྣམས་ལ་ནོར་འགྱེད་ནི། །ལན་གཉིས་བྱས་ཤིང་གཞན་ཡང་སྐུ་རིམ་ནི། །གང་དྲག་རྒྱུན་ཆད་མེད་པ་


CMR002_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བྱས། །དེ་ནས་སྤྲུལ་གྱི་ལོ་འཇུག་སྟོན་གྱི་དུས། །འཕགས་པ་ལྷ་ཉིད་གདན་འདྲེན་བྱེད་ཞུས་པས། །འཕགས་པ་ལྷ་ནི་སྤྱན་རས་གཟིགས་སྤྲུལ་ཡིན། །གདན་འདྲེན་ཐུབ་ན་ང་ཡང་འདུན་པ་ཆེ། །གསུངས་པས་མྱུར་དུ་སྤྱན་འདྲེན་སྙན་གསན་ཕུལ། །དེ་སྐབས་ཡང་ནི་ཁོང་གིས་རྨི་ལམ་དུ། །ཁོང་གི་མདུན་དུ་དགེ་བཤེས་ཆས་བཟང་ཞིག །བདག་ལ་དགྱེས་ཚུལ་དང་བཅས་བྱོན་པ་རྨིས། །དེ་ཉིད་ཁོང་གི་བཀའ་སྲུང་ཡིན་འདུག་པའི། །ཁོང་ནི་འདི་རུ་ཕེབས་པའི་བརྡ་རེད་གསུངས། །དེ་ནས་རྒྱུན་ཡང་རིང་པོར་མ་འགོར་བར། །སྤྲུལ་པའི་སྐུ་ཡི་སྒར་ཉིད་འདི་རུ་ཕེབས། །ཚེ་དབང་ལ་སོགས་བཀའ་དབང་མང་པོ་དང་། །ལུགས་གཉིས་ཐུགས་བརྟག་ཤིན་ཏུ་ཆེ་བར་མཛད། །བླ་མ་དགུང་ལོ་ཡང་ནི་མཐོ་བ་ཚུན། །བསྙུང་གཞི་གཏན་ནས་དྲག་རང་མ་ཐུབ་ཀྱང་། །ལྷ་རྗེ་ལ་སོགས་སྐུ་རིམ་གང་དྲག་གྱིས། །ད་རུང་འཕྲལ་དུ་དོགས་ཤས་ཅུང་ཞེས་གསུངས། །སྤྲུལ་སྐུ་ཉིད་ལ་མཎྜལ་རྟེན་དུ་ནི། །རྟེན་དང་མཆོད་ཆ་རྟ་དྲེལ་གོ་ཁྲབ་དང་། །མཛོ་ནོར་གོས་དར་ལ་སོགས་འབུལ་བ་ནི། །བརྒྱ་འབུལ་གཅིག་དང་སྣ་གྲངས་ང་བདུན་ཕུལ། །དེ་སྐོར་ཡོན་བདག་ཀུན་གྱིས་


CMR002_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་དགོས་ཟེར། །སྤྲུལ་སྐུ་ཉིད་ལ་ཅི་བྱེད་དགོངས་ཞུས་ཕུལ། །སྤྲུལ་སྐུའི་ཞལ་ནས་དེ་ག་ཆོག་འདུག་གསུངས། །དེ་ཕྱིར་བསྙུང་གཞི་ཤིན་ཏུ་ཐུ་བའི་སྐབས། །ཡོན་བདག་རྣམས་ཀྱིས་ཁྱེད་དང་མཇལ་དགོས་ཟེར། །འོན་ཀྱང་ཁྱེད་ཀྱི་བསྙུང་གཞི་ཐུ་བའི་སྐབས། །སྐུ་ལུས་ཀྱིས་ཀྱང་འཁྱོང་བར་མི་འདུག་ཞུས། །ང་ལ་ཅེས་ཀྱང་གནོད་པར་མི་འབྱུང་བས། །མཇལ་འདོད་འདུག་ན་མཇལ་དུ་འདུག་པས་ཆོག །གསུང་ཕྱིར་རང་གིས་གྲྭ་སློབ་མཐོ་དམན་དང་། །ངོམ་སྟོད་ཨ་ནུ་རྣམས་ཀྱིས་གཙོར་བྱས་པའི། །ཡོན་བདག་སེར་སྐྱ་མཐོ་དམན་ཀུན་གྱིས་མཇལ། །དེ་སྐབས་ཁོང་གི་དཔོན་རིགས་མི་གཅིག་ལ། །སྤྱན་གྱིས་གཟིགས་ནས་ཁྱོད་ཀྱི་ཕ་རྒན་དེ། །སྔར་ནས་འབྲུག་ལུགས་ཆོས་ལ་དད་པ་ཆེ། །ཕྱིས་ནས་བདེ་སྨོན་ལ་སོགས་འབད་བཅུག་ཀྱང་། །བདེ་བ་ཅན་དུ་སྐྱེ་བར་མ་གྱུར་ཏེ། །འབྲུག་ལུགས་དད་པ་ཆེ་བ་དེ་ཡིས་ཕྱིར། །མངའ་རིའི་ཕྱོགས་སུ་འབྲུག་པའི་རྟོགས་ལྡན་ནི། །གཞན་ལ་ཁྲིད་སྟོན་ནུས་པ་ཞིག་ཏུ་སྐྱེས། །དེ་ནས་ཚེ་འཕོས་སྐྱེ་བ་ཕྱི་མ་ལ། །བདེ་བ་ཅན་དུ་སྐྱེའམ་སྙམ་མོ་གསུངས། །གཞན་ཡང་གྲྭ་སློབ་མཐོ་དམན་ཐམས་ཅད་ལ། །རང་རང་


CMR002_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ས་མཚམས་དང་བསྟུན་ནས། །གེགས་སེལ་བོགས་འདོན་སྐབས་སུ་གང་བབས་དང་། །རྒྱུ་འབྲས་ཆོས་ལ་བླང་དོར་གལ་ཆེ་ཞིང་། །སྒྲུབ་ལ་བརྩོན་པའི་ཞལ་གདམས་ནན་ཏན་མཛད། །གྲྭ་སློབ་ཀུན་གྱིས་སྒྲུབ་པའི་དམ་བཅའ་དང་། །རང་རང་སྒྲུབ་ཚོད་དགེ་བ་ཁས་ལེན་ཞུས། །ཕལ་པ་རྣམས་ལ་བྱང་བུ་བསྔོ་སྨོན་མཛད། །དགེ་རྩ་ཁས་ལེན་བྱེད་པ་མང་དུ་བྱུང་། །དེ་ནས་ས་ཕོ་རྟ་ཡི་ལོ་མགོ་ལ། །ད་ལོ་ནས་ནི་ཇི་ལྟར་བྱས་གྱུར་ཀྱང་། །མི་ཕན་ཟེར་བའི་སྒྲ་ཞིག་གྲག་བྱུང་བས། །དེ་མ་ཐག་ཏུ་བདག་གི་སེམས་ཀྱང་དགའ། །དེ་ཉིད་འཆི་ལྟས་ཡིན་པར་འདུག་གོ་གསུངས། །དེ་ཚེ་ཉེ་གནས་པདྨ་ཐབས་མཁས་ཀྱིས། །རྗེ་ཉིད་ཞིང་ཁམས་གཤེགས་པར་འདུག་ལགས་ན། །སྤྱིར་དུ་མ་རྒན་སེམས་ཅན་ཐམས་ཅད་དང་། །སྒོས་སུ་བདག་སོགས་གྲྭ་རིགས་ཐམས་ཅད་ལ། །དད་པའི་རྟེན་ཏུ་ལན་གཅིག་ཕེབས་པར་ཞུ། །དེ་སྐད་ཞུས་ཚེ་ཉིད་ཀྱིས་ཞལ་ནས་ཀྱང་། །དེང་སང་དུས་ནི་སྙིགས་མར་གྱུར་པའི་སྐབས། །སེམས་དཔའ་རྣམས་ཀྱང་འགྲོ་དོན་དཀའ་འདུག་ན། །ང་ནི་འདི་རུ་འོང་སྨོས་མ་བྱེད་གསུངས། །ཞེས་ཀྱང་ཞིང་འདིར་སྤྲུལ་སྐུ་མི་འབྱོན་ན། །དངོས་སུ་བཞུགས་


CMR002_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པའི་དགོངས་གཏད་ཞུ། །སེམས་ཅན་ཀུན་གྱི་བར་ཆད་སེལ་བ་དང་། །དུས་བབས་ཚེ་ན་བདེ་ཆེན་ཞིང་ཁམས་སུ། །རྗེ་ཉིད་བཞུགས་པའི་མདུན་དུ་འདྲེན་པར་ཞུ། །གཞན་ཡང་ཉིད་ཀྱི་གྲྭ་རིགས་ཆེ་ཕྲ་དང་། །རིགས་རྒྱུད་ཆོས་རྒྱུད་རྣམས་ལ་ཁྱད་པར་དུ། །ཚེ་འདིར་བཀྲ་ཤིས་བདེ་སྐྱིད་ལྡན་ནས་ཀྱང་། །ཕྱི་མ་བདེ་ཆེན་ཞིང་དུ་འདྲེན་པ་དང་། །ཁ་ལག་འབྲེལ་ཚད་ཐུགས་རྗེས་འཛིན་པར་ཞུ། །སྒོས་སུ་བདག་སོགས་རྒྱུན་དུ་འདིར་འདུག་རྣམས། །ད་ནི་རེ་ས་གཞན་དུ་མེད་ངེས་པས། །ཅི་ལྟར་མཛད་ཀྱང་རྗེ་བཙུན་ཁྱེད་རང་དགོངས། །ལྷག་པར་སྒྲུབ་གནས་འདིར་ཡང་བཀྲ་ཤིས་ཤིང་། །ཡུན་དུ་གནས་པའི་དགོངས་གཏད་མཛད་དགོས་ཞུས། །དེ་ཚེ་ཁྱེད་རྣམས་མོས་གུས་མ་ཆུང་དང་། །ང་ནི་འདི་རུ་བཞུགས་ལས་ལྷག་ཙམ་གྱི། །ཐུགས་རྗེ་བྱིན་རླབས་འབྱུང་ཞེས་ཞལ་གྱིས་བཞེས། །ཡང་ནི་རྗེ་ཉིད་གཤེགས་པའི་དུས་ཚིགས་དང་། །ཡར་མར་ཚེས་བཅུ་དགུ་གཏོར་དུས་མཆོད་སྐབས། །རྗེ་ཉིད་དེ་དུས་ངེས་པར་འབྱོན་དགོས་ཞུས། །ཉིད་ཀྱིས་ཞལ་ནས་དུས་མཆོད་སྐབས་རྣམས་སུ། །འདུན་པ་རྩེ་གཅིག་གཏོད་དང་འབྱོན་ནོ་གསུངས། །ཉིད་ཀྱི་སྐུ་


CMR002_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རྟེན་ལ་གང་བཞེངས་དང་། །གདུང་མཆོད་ལ་ཡང་ཇི་ལྟར་བྱེད་ཞུས་པས། །གདུང་མཆོད་རྒྱལ་བ་རྒྱ་མཚོ་ཐོན་དང་ལེགས། །སྐུ་རྟེན་འབྲུ་གསུམ་རྒྱལ་བ་སྤྱི་སྒྲུབ་ལྟར། །རྣམ་པ་ཨོ་རྒྱན་ཆ་ལུགས་ཡིན་པ་ལ། །ངོ་བོ་བདག་དང་དབྱེར་མེད་འགྱུར་རོ་གསུངས། །གསུང་རྟེན་ལ་ནི་མན་ངག་རྙིང་དགོངས་རྒྱུད། །ཚེ་སྒྲུབ་རྒྱུད་དང་ཐུགས་རྗེ་ཆེན་པོའི་རྒྱུད། །དེ་སོགས་དངུལ་གྱིས་གླེགས་བམ་གཅིག་དང་ནི། །ཁྲོ་བོའི་གཞུང་པོད་ལེགས་པ་གཅིག་བཞེངས་གསུངས། །ཐུགས་རྟེན་ལ་ནི་བདེ་གཤེགས་སྐུ་གདུང་བརྒྱད། །ཁྲུ་གང་ཡན་ཆད་དངུལ་གྱིས་བྱུགས་པ་བཞེངས། །ང་ཡི་རྟེན་དང་རིང་བསྲེལ་ལ་སོགས་པ། །བྱུང་ཚད་གདུང་རྟེན་དེ་དག་ནང་དུ་ཞོག །རབ་གནས་ལ་སོགས་ལེགས་པར་བྱས་ནས་ཀྱང་། །ལྷ་ཁང་འདི་ལ་སྐོར་ལམ་བདེ་བ་ཞིག །ཐོན་ན་གཞན་ལ་ཕན་ཐོགས་འབྱུང་ངོ་གསུངས། །དེ་ནས་ཟླ་བ་གཅིག་གཉིས་ཙམ་ཞིག་ལ། །སྙུང་གཞི་དྭངས་སམ་ཉམས་པའི་ཚུལ་ཡང་བྱུང་། །དེ་ནས་འགྲོ་དོན་སྨར་ཁམས་ཕྱོགས་སུ་བྱོན། །ཐབས་མཁས་ཀྱང་ནི་ཉེ་སྐོར་ལྡོམ་བུར་སོང་། །བསྙུང་གཡོག་ངེད་ཅག་འགའ་ཟུང་ལས་མེད་སྐབས། །ཉིད་ཀྱི་ཞལ་ནས་ད་ནི་རྒྱལ་མཚན་


CMR002_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། །ཀ་གདོང་འདི་རུ་སྒོ་ཁྲི་ཅིག་བཙུགས་ནས། །དེ་ཡི་སྟེང་དུ་ཁ་གང་ཞིག་ཀྱང་ཐེང་། །དེ་ཡི་སྟེང་དུ་ཅོག་ཕུ་ཞིག་ཕུབ་དང་། །ང་ནི་ཐུགས་དམ་འདུག་པའི་སྟངས་ཤིག་བྱེད། །གསུངས་ཀྱང་བསྙུང་གཞི་ཧ་ཅང་མི་ཐུ་ཕྱིར། །དེ་འདྲ་བྱེད་ནས་དགོས་པ་མེད་དོ་ཞུས། །དེ་འདྲ་བྱེད་པས་སྐྱོན་ནི་ཅི་ཡོད་གསུངས། །དེ་ཡང་བདག་ལ་འདས་པའི་བརྡ་བསྟན་འདུག །སྐབས་ཤིག་ས་གཡོས་ཆེན་པོ་བྱུང་བ་ནས། །རིམ་གྱིས་བསྙུང་གཞི་ཐུ་བའི་རྣམ་པ་བྱུང་། །སྤྲེལ་གྱི་ཟླ་མཐའ་ནས་བཟུང་སྐབས་འགའ་ལ། །ཐབས་མཁས་འོང་ནི་ཨུ་གདའ་ཡང་ཡང་གསུངས། །དེ་སྐོར་བསྙུང་གཞི་ཧ་ཅང་མི་ཐུ་ཡང་། །དེ་ནི་འདས་པའི་བརྡ་རུ་འདུག་གོ་སྙམ། །འབོད་དུ་བཏང་ཡང་སླེབས་ནི་མ་ཐུབ་པར། །བྱ་ཟླའི་ཚེས་གཅིག་སྤྲུལ་པའི་དཀྱིལ་འཁོར་བསྡུས། །ཆར་པ་དཀོན་ཞིང་གནམ་ཡང་གཡེར་བའི་སྐབས། །འཕྲལ་དུ་གདུང་ཆར་ཡུལ་ཀུན་ཁྱབ་པར་བབས། །དགོངས་པ་སྤྲོས་བྲལ་ཆོས་སྐུའི་ངང་ལ་བཞུགས། །དགེ་འདུན་བརྒྱ་ཕྲག་ཕྱེད་དང་གཉིས་ཙམ་གྱིས། །གདུང་མཆོད་ཚེས་པ་བཅུ་བདུན་བར་དུ་གཟབ། །དེ་ནས་རྒྱུད་སྡེ་བཞི་དང་འབྲེལ་བ་ཡི། །དཀྱིལ་འཁོར་བཞི་ཡི་


CMR002_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་མཆོད་པ་ཕུལ། །ཀུན་རྫོབ་འབྱུང་བའི་མེ་ལས་འདས་པ་ཡི། །ཡེ་ཤེས་ལྔ་ཡི་མེ་ཡིས་གདུང་སྦྱངས་སྐབས། །སྤྲིན་དཀར་བཀྲ་ཤིས་རྟགས་བརྒྱད་རྣམ་པ་དང་། །འཇའ་ཚོན་སྣ་ལྔ་ལ་ལས་མཐོང་བ་བྱུང་། །རྟེན་མཆོད་གོ་ཁྲབ་རྟ་དྲེལ་གོས་དར་དང་། །ནོར་སོགས་སེ་ར་ཧྲག་རིམ་གྲངས་ཀ་ནི། །སྟོང་ཕྲག་གཅིག་ལས་ལྷག་ཙམ་གདུང་མཆོད་ཕུལ། །གདུང་ལ་བྱོན་པའི་རྟེན་ནི་འདི་ལྟ་སྟེ། །དབུ་ནི་བུམ་རིམ་དབུ་ཀླད་ངོ་མཚར་བྱོན། །བུམ་ཧྲིལ་ངོས་དེར་ཆེ་མཆོག་གུར་དྲག་དང་། །རྡོ་རྗེ་གྲོ་ལོད་སྐུ་སོགས་གསལ་བར་བྱོན། །ལྗགས་ཀྱི་དབང་པོ་པདྨའི་འདབ་ལྟར་བྱོན། །དེ་ཡི་དཀྱིལ་དུ་ཨ་ཡིག་གཟུགས་ཀྱང་སྣང་། །ཐུགས་ནི་རིན་པོ་ཆེ་ཡི་དབྱིབས་ལྟར་བྱོན། །ཚེམས་རྣམས་མེ་ཡིས་མ་ཉམས་སིལ་བུར་བྱོན། །འགྲམ་རུས་གཡོན་པར་རྒྱལ་བ་རྒྱ་མཚོ་ནི། །ལྷ་ལྔ་གཙོ་འཁོར་ལྔ་པོ་གསལ་བར་བྱོན། །ཕྱག་གི་ཚིགས་བར་ཨོཾ་ཡིག་དཀར་པོ་ནི། །ཤིན་ཏུ་གསལ་བ་བྲིས་པ་ལྟ་བུར་སྣང་། །རྩིབ་མའི་ངོས་ལ་དུང་དཀར་གཡས་འཁྱིལ་སོགས། །བཀྲ་ཤིས་རྟགས་བརྒྱད་གཟུགས་རྣམས་ཕལ་ཆེར་བྱོན། །ཞབས་ཀྱི་རྐང་ལ་བདེ་མཆོག་ལྷན་སྐྱེས་ནི། །ཕག་མོ་ཡུམ་དང་བཅས་པ་


CMR002_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱོན། །གདུང་གི་ཞུན་ལ་སྤྱན་རས་གཟིགས་དབང་སྐུ། །ཞལ་གཅིག་ཕྱག་གཉིས་འབུར་དོད་གསལ་བར་བྱོན། །གདུང་རུས་ཕལ་ཆེར་ཤ་རི་རམ་དུ་བྱོན། །དད་ལྡན་འགའ་རེའི་ལག་ཏུ་རིང་བསྲེལ་བྱོན། །དེ་ནས་ཉིད་ཀྱིས་ཞལ་བཀོད་ཡོད་པ་ལྟར། །ཨོ་རྒྱན་སྐུ་ཉིད་མི་ཚད་ལས་འདས་པ། །རིན་ཆེན་གསེར་གྱིས་འཇིམ་གཡོགས་བྱས་ཏེ་བཞེངས། །མན་ངག་རྙིང་དགོངས་རྒྱུད་དང་ཚེ་དཔག་རྒྱུད། །པདྨ་རྒྱལ་པོའི་རྒྱུད་དང་ཟབ་པའི་རྒྱུད། །དོན་ཡོད་ཞགས་པའི་རྒྱུད་དང་གུ་རུ་ཡི། །བཀའ་ཐང་སྡེ་ལྔ་དངུལ་གྱིས་ལེགས་པར་བཞེངས། །ཞི་ཁྲོའི་གཞུང་པོད་གཤར་བྲིས་ལེགས་པར་འགྲུབ། །ཐུགས་རྟེན་སྐུ་གདུང་བརྒྱད་པོ་མདའ་ཚད་ལྷག །ཡང་ནི་བྱང་ཆུབ་མཆོད་རྟེན་རྩག་ཚད་ཙམ། །རིན་ཆེན་དངུལ་གྱིས་གཡོགས་པ་ལེགས་པར་བཞེངས། །སྐུ་ཚབ་མཆོད་རྟེན་སོ་སོའི་ནང་གཞུག་ལ། །གོང་དུ་སྨོས་པའི་རྟེན་ནི་བྱོན་ཚད་དང་། །སྤུ་རི་རྒྱ་གར་ལི་མ་ཁམས་ཆེ་བ། །ཐུབ་པའི་རིང་བསྲེལ་ནང་གཞུག་ལྡན་པ་གཅིག །ཆོས་ཀྱི་དབང་ཕྱུག་སྐུ་འདྲ་བྱིན་རླབས་ཅན། །རྒྱལ་བའི་དབང་པོས་ཕྱག་བླུག་མཛད་པ་གཅིག །ཀརྨ་པ་ཡིས་ཕྱག་བཟོ་


CMR002_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡི། །ཙནྡན་རྡོ་རྗེ་ཕག་མོའི་འདྲ་སྐུ་གཅིག །ཆོས་ཀྱི་དབང་ཕྱུག་སྐུ་འདྲ་ཁམས་ཆེན་གཅིག །གདུང་ཚྭ་འོད་དཔག་པར་སྐུ་སྟོང་ཕྲག་གཅིག །དེ་བཞིན་གདུང་ཚྭ་ཆུང་ངུ་སྟོང་ཕྲག་གཅིག །གཞན་ཡང་གུར་དྲག་ཕྱག་རྡོར་ཕྱག་བཞི་དྲུག །པར་སྐུ་རྣམས་ནི་བརྒྱ་ཕྲག་འགའ་ཟུང་དང་། །ཉིད་ཀྱི་པད་ཞྭ་ཆོས་གོས་རྣམ་སྦྱར་དང་། །ཞྭ་ཁྲ་རྡོར་དྲིལ་སྐུ་ཆས་ཆབ་ཚང་དང་། །གནམ་ཆོས་མ་ཡིག་ཉིད་ཀྱིས་ཕྱག་བྲིས་ལ། །པོ་ཏི་བཅུ་གསུམ་ཡོངས་སུ་རྫོགས་པ་དང་། །སོ་སོར་ཟུང་འཇུག་རྒྱས་པ་ཆ་ཚང་རེ། །གནོད་སྦྱིན་འཁོར་ལོ་ལ་སོགས་གང་འོས་པའི། །ནང་གཞུག་ཁྱད་འཕགས་ཤིན་ཏུ་མང་བར་བཞུགས། །དེ་ནས་ཐ་སྐར་ཟླ་བའི་ཚེས་བཅུ་ལ། །ཉིད་ཀྱིས་མཛད་པའི་ཆོ་ག་རྒྱས་པ་ལྟར། །རབ་ཏུ་གནས་པ་དང་བཅས་ལེགས་པར་གྲུབ། །ཞལ་བཀོད་གནང་ལྟར་སྐོར་ལམ་བདེ་བར་བྱས། །སྐུ་ཚབ་ཉིད་ལ་འབུམ་ཐེར་གྲངས་རྩིས་པས། །བརྒྱ་ཕྲག་བརྒྱད་ཅུའི་འབུམ་ཕྲག་འོང་འདུག་པས། །དེ་ཕྱིར་རྒྱུན་ཆད་མེད་ལྟར་སྐོར་མི་བྱུང་། །དུས་ངན་སྙིགས་མའི་སེམས་ཅན་མང་པོ་ཡིས། །ནད་གདོན་སེལ་སོགས་ཕན་ཐོགས་ཆེ་བར་བྱུང་། །འདི་ཡང་འགྲོ་དོན་སྒོ་ཞིག་ཡིན་ནམ་


CMR002_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ། །བདག་ནི་ཤེས་རབ་ཆུང་ཞིང་བློ་དམན་པས། །ཉིད་ཀྱིས་རྣམ་ཐར་ཚུལ་བཞིན་རྟོགས་དཀའ་བས། །བསྐལ་མང་གོང་ནས་ཚོགས་གཉིས་བསྐྲུན་པའི་མཐུས། །མཛད་ཕྲིན་རྣམ་དཀར་ཆུ་གཏེར་ཡངས་པ་ནས། །ངང་མའི་མཆུ་ཡིས་ཐིགས་གཅིག་བླངས་པ་ལྟར། །སྒྲོ་སྐུར་སྤངས་ཏེ་ཚུལ་བཞིན་བཀོད་པ་ཡང་། །དོན་མེད་རང་འདོད་བྱས་པ་མ་ལགས་ཏེ། །ཉིད་ལ་དད་འདུན་ཤིན་ཏུ་ཆེ་བ་ཡི། །གོ་འཇོ་ཀཿཐོག་ཕྱོགས་ཀྱི་བླ་མ་འགས། །ཉིད་ཀྱི་རྣམ་ཐར་གླེགས་བམ་འཇུག་དེ་ནི། །ཁྱོད་ཀྱིས་བྲིས་ཞེས་ཡང་ཡང་བསྐུལ་བྱུང་བས། །ཉིད་ཀྱིས་གསུང་སོགས་རྟགས་མཚན་བྱུང་བ་རྣམས། །འདིར་ནི་མ་གསང་དྲང་པོར་སྨྲས་པ་ལ། །ནོངས་པ་མཆིས་ན་ཉིད་ཀྱི་སྐུ་གསུང་ཐུགས། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཤགས། །ཚེ་འདིར་བར་ཆད་རྐྱེན་དུ་མི་འགྱུར་ཞིང་། །ཕྱི་མ་སྒྲིབ་པར་ཡང་ནི་མ་གྱུར་ཅིག །དགེ་བས་མ་གྱུར་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ནི་རྗེ་ཉིད་ཀྱི་དབོན་དུ་གྱུར་པ་བྷིཀཱུ་པྲ་ཝ་དྷ་ཛས་སྦྱར་བའོ། །མངྒ་ལཾ།།


previousསྐྱབས་གནས་རཱ་ག་ཨ་སྱའི་དགུང་ལོ་རེ་ལྔ་ཚུན་གྱི་རྣམ་ཐར་གྱི་མཇུག་དད་པའི་མྱུ་གུ་ཐར་པའི་ལམ་སྟོན།next