Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་རཱ་ག་ཨ་སྱའི་རྣམ་ཐར་ཡི་མུག་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་འཆལ་གཏམ།


 
previousརྣལ་འབྱོར་རཱ་ག་ཨ་སྱའི་རྣམ་ཐར་ཡི་མུག་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་འཆལ་གཏམ།no next

རྣལ་འབྱོར་རཱ་ག་ཨ་སྱའི་རྣམ་ཐར་ཡི་མུག་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་འཆལ་གཏམ།


CMR002_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྣལ་འབྱོར་རཱ་ག་ཨ་སྱའི་རྣམ་ཐར་ཡི་མུག་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་འཆལ་གཏམ་ཞིག་ཡོད་དོ། །


CMR002_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འགྲོ་བའི་གཉེན་གཅིག་དེ་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་ཡོངས་རྫོགས་དགེ་བའི་བཤེས། །རབ་འབྱམས་གཞུང་ལུགས་སྨྲ་བ་ཡིད་འོང་བ། །ཐ་མལ་རྨོངས་པའི་བླུན་སྒོམ་བདག་འདྲ་ལ། །རྣམ་ཐར་དགོས་གསུངས་འཁྲུལ་ལམ་ཅོ་འདྲི་ལགས། །ཡོན་ཏན་ཡོད་པར་དགོངས་ནས་གསུངས་སྲིད་ན། །རྒྱ་མཚོའི་ཀློང་དུ་མེ་ཚོལ་ཇི་བཞིན་ནོ། །ཡོན་ཏན་མེད་ལ་ཡོད་ཅེས་བླ་མའི་རྫུན། །སྨྲས་ན་རང་གི་སྡོམ་གསུམ་རྩད་ནས་འཇིག །ཅུང་ཟད་ཙམ་ལ་སྒྲོ་བཏགས་བསྟོད་བྱས་ན། །ངན་པས་


CMR002_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རང་བསྟོད་མཁས་པས་ཁྲེལ་བའི་རྒྱུ། །འོན་ཀྱང་མཆེད་གྲོགས་རབ་འབྱམས་པ་ཡི་བཀའ། །བཅག་པར་མི་རུང་རྟེན་འབྲེལ་གནས་ཡོད་སྙམ། །རྫུན་ཚིག་མི་འདྲེས་དྲང་པོའི་ལོ་རྒྱུས་ཤིག །སྨྲས་ལ་ཕན་ཡོན་ཉེས་དམིགས་ཅི་ཡང་མེད། །གོ་རིམ་མེད་པར་གང་དྲན་འཆོལ་བར་སྨྲ། །ཨེ་མ་སྤྲང་ཕྲུག་རཱ་གའི་མིང་ཅན་བདག །སྐྱེས་པའི་ཡུལ་ནི་ངོམ་དུ་རུང་བའི་ཡུལ། །སྔོན་ཚེ་སྐྱེས་ཆེན་དུ་མ་བྱོན་པའི་ས། །གནས་རི་མེད་ཀྱང་གནས་ཀྱི་མིང་ལྡན་པ། །ས་གཞི་ཆོས་འབྱུང་འདྲ་བའི་དཀྱིལ་དུ་སྐྱེས། །བྱིན་གྱིས་བརླབས་པའི་ཕ་ནི་བྱ་རོག་གདོང་། །མ་ཡི་རྨི་ལམ་སྐབས་


CMR002_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱུང་ཞེས་ཐོས། །ལས་ཀྱི་ཕ་ནི་ཇོ་རུ་སྔོ་མདུང་ཞེས། །ཐ་མལ་བྲན་གྱི་ཁྱིམ་དུ་ཁོ་བོ་སྐྱེས། །ལུས་ཀྱི་ཕ་ནི་དཔོན་རིགས་ཨ་ནུ་ཞེས། །བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གདུང་ལས་ཆད། །མཁའ་སྤྱོད་པ་སོགས་གྲུབ་ཐོབ་མང་པོ་དང་། །རྒྱ་ཧོར་རྒྱལ་པོའི་ལུང་དང་ལས་ཀ་བླངས། །ནུས་ལྡན་སྔགས་པ་བརྒྱུད་མར་བྱུང་བའི་རྒྱུད། །སྔགས་འཆང་པདྨ་དབང་དྲག་ཅེས་བྱ་ཡིན། །བཅུ་དགུ་ལོན་ཚེ་དྲུང་པ་ཚེར་ལུང་པས། །དབུས་སུ་སོང་དང་ལེགས་པོ་འོང་གསུངས་བརྫངས། །དྲུང་པས་གྲྭ་ཚང་མི་སྣ་གཉིས་པོ་ལ། །འདི་ནི་ཨ་ནུའི་བུ་ཡིན་གྲལ་བཞག་གྱིས། །གསུངས་པའི་བཀའ་བཀོད་ངོས་ཀྱིས་གནང་བར་མཛད། །རུས་རིགས་བཟང་པོར་སྐྱེས་པའི་རྣམ་ཐར་ཡིན། །འོན་ཀྱང་གྲལ་ཆེན་བཅུ་བཞིའི་ཐ་མར་བཞག །མདོང་མོའི་ཇ་འདྲེན་མ་ཤེས་ཡི་རེ་མུག །རང་ལོ་དྲུག་ནས་ཡི་གེ་བྲི་ཀློག་བསླབས། །ལོ་ངོ་བརྒྱད་ནས་གཏོར་བསྔོས་རྒྱུན་དུ་བྱས། །ལོ་ངོ་དགུ་ནས་མི་ཟས་དཀོར་ལ་འབགས། །རིག་པ་ཤེས་རབ་ཆེ་ཞེས་ཀུན་གྱིས་སྨོན། །རྒྱ་ཡིག་བོད་ཡིག་གཏེར་ཡིག་མང་པོ་དང་། །དཀར་རྩིས་ནག་རྩིས་ས་དཔྱད་གཏོ་ཆོག་རིགས། །མདོས་ཟློག་བསྐང་བའི་རིགས་དང་དྲག་སྔགས་


CMR002_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །རི་མོ་འབུར་སྐུ་ཐིག་ཚ་གར་དང་དབྱངས། །དབང་བསྐུར་རབ་གནས་སྦྱིན་སྲེག་སྒྲུབ་ཐབས་རིགས། །རྒྱ་སྒྲ་བོད་སྒྲ་བཀླག་ཐབས་ལ་སོགས་པ། །རིག་གནས་ཆེ་ཕྲ་ཀུན་ལ་འབྲེལ་པ་བཞག །བློ་གསལ་དབང་རྣོན་བྱས་པའི་རྣམ་ཐར་ཡིན། །བློ་ངན་ཤེས་པ་མང་ཡང་སྐར་འཚོགས་བཞིན། །མཐར་ཕྱིན་གཅིག་ཀྱང་མ་བྱུང་ཡི་རེ་མུག །ཕ་རྒན་ཕན་ནས་ཡབ་སྲས་མན་ཆོད་ཀྱི། །འབྲི་སྟག་ཀར་འབྲུག་རྙིང་མ་དགེ་ལྡན་སོགས། །འབྲེལ་ཐོགས་བླ་མ་སུམ་ཅུ་སོ་བསྒྲུང་ལ། །གནས་སྐབས་སོ་སོར་དབང་ཁྲིད་གདམས་པ་ཞུས། །པོད་ཆུང་ཚད་ལ་གཞལ་ནས་ལྔ་བཅུ་ཙམ། །དེ་དག་ལུང་ཐོབ་ཙམ་རེ་མ་ཡིན་པར། །རང་གིས་བསྒྲུབས་ཤེས་གཞན་ལ་འཆད་ཀྱང་ཤེས། །མཁས་གྲུབ་བླ་མ་བསྟེན་པའི་རྣམ་ཐར་ཡིན། །འཇའ་ཚོན་སྙིང་པོ་མ་མཇལ་ཡི་རེ་མུག །བཅུ་གཅིག་ལོ་ལ་ཀུན་དྲིལ་ཟླ་གཅིག་བསྒྲུབས། །སྤོས་ཀྱི་དྲི་ལྡན་རོལ་མོའི་སྒྲ་གྲག་ཐོས། །དེ་ནས་བཟུང་སྟེ་རྒྱུན་དུ་ལོ་རེ་བཞིན། །ཟླ་རེ་ཟླ་གཉིས་ཟླ་བ་གསུམ་བཞི་རེ། །དབུས་སུ་སོང་ཚེ་མ་གཏོགས་བསྙེན་སྒྲུབ་བྱས། །རང་ལོ་སོ་བདུན་ལོན་པ་མན་ཆད་དུ། །སྒྲུབ་པ་ཆེ་ཕྲ་བརྒྱ་ཕྲག་བརྒལ་ཙམ་


CMR002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། །སོ་སོའི་གཞུང་ལྟར་རྨིས་ལྟས་ཐོན་ཙམ་བྱུང་། །དངོས་སུ་མ་འགྲུབ་ལྷ་མང་ཡི་རེ་མུག །ལོ་ལྔ་ལོན་དུས་འབྲུག་པའི་ཆོས་རར་ཕྱིན། །ཉན་མི་ཤེས་ཀྱང་གནས་འགྱུ་གསལ་པོར་འཕྲིག །ལོ་བདུན་ལོན་ཚེ་མི་ལའི་མགུར་འབུམ་བལྟས། །ཞི་གནས་དྲན་མེད་ངང་ལ་ཡུན་རིང་འབྱམས། །བཅུ་གཅིག་ལོ་ལ་ཡབ་ཀྱིས་གནས་འགྱུ་སྤྱད། །བཅུ་དྲུག་ལོ་ལ་དྲུང་པའི་ཁྲིད་ཆེན་ཐོབ། །མ་བརྗེད་ཙམ་རེ་རྒྱུན་ཏུ་གནས་འགྱུ་སྐྱོང་། །ཡུན་རིང་བོགས་སྐྱེད་མ་བྱུང་ཡི་རེ་མུག །མགོ་གཙང་བཅུ་དགུའི་ལོ་ལ་གཙུག་ཕུད་ཕུལ། །ཉི་ཤུར་དགེ་ཚུལ་དགེ་སློང་སྡོམ་པ་ཞུས། །སྡོམ་གསུམ་ཐོབ་ནས་རྩ་བའི་སྡོམ་པ་རྣམས། །མ་ཉམས་སྲོག་ལྟར་བསྲུང་བས་རང་ཡིད་ཆེས། །ཕྲ་ཞིབ་ལྟུང་བར་གསོ་སྦྱོང་བཤགས་བསྐང་འབད། །ད་ལྟ་སུམ་ལྡན་རྡོ་རྗེ་འཛིན་པར་རློམས། །སྡོམ་པ་དམ་ཚིག་གཙང་བའི་རྣམ་ཐར་ཡིན། །འོན་ཀྱང་དམ་ཚིག་ས་ཡ་འབུམ་སྡེ་སོགས། །ཕྲ་ཞིབ་ལྟུང་བའི་ཆར་རྒྱུན་ཡི་རེ་མུག །གྲྭ་ཚང་ཕྱིན་འདྲོག་ཐོ་རངས་ལྐོག་བསང་བཏང་། །ཡུད་ཙམ་གཉིད་པས་ཟངས་མཁར་ཀླུ་བཙན་དང་། །ཡུལ་ལྷ་དཀར་པོ་དབུས་མི་ཚོང་དཔོན་གཟུགས། །རྡོ་དཀར་ཞོན་ནས་དྲུང་དུ་བྱུང་བ་


CMR002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །དེ་སྐབས་རྨི་ལམ་སླ་ང་སྟེང་ངོས་ནས། །ཞིང་སྐྱོང་ཡབ་ཡུམ་གྱེན་དུ་བྱུང་བ་ལ། །ཡུམ་གྱི་སྐྱ་འཕོང་ཁོ་བོ་བསྐྱོན་པ་ཡི། །བདེ་སྟོང་འདྲེས་པའི་ཏིང་འཛིན་བཟང་པོ་སྐྱེས། །འདུ་ཁང་སྒོ་དེར་རང་བྱུང་རྒྱལ་མོ་ནི། །ཤིན་ཏུ་གསལ་བ་རྨི་ལམ་ཡུལ་དུ་མཇལ། །ཀླུ་མོའི་རྒྱལ་དུ་འཕགས་མོའི་ཚོགས་ཆུང་བྱས། །རྨི་ལམ་སྐྱ་པ་དཀར་སེར་དམར་ལྗང་གཤར། །ཕྱག་རྡོར་གསང་བ་བསྟན་པའི་རྒྱུད་ཀྱི་དཔེ། །ལེགས་པོ་བདག་ལ་བྱིན་རྨིས་རྟེན་འབྲེལ་ལེགས། །ར་སྒྲེང་མཇལ་དུས་ཧོར་གྱིས་འཇིགས་པ་ཆེ། །སྐྱ་མའི་རྟ་རྒྱུག་བྱས་པའི་རྗེས་སུ་རྒྱུག །ཐག་རིང་རྐང་པར་རྨ་ཡོད་སྐྱིད་པ་གྲུག །འགྲོ་རྒྱུ་མེད་ཀྱང་དེ་ཉིན་རྟ་དང་མཉམ། །གནས་ཀྱི་བྱིན་རླབས་རེད་སྙམ་དད་པ་འཕེལ། །ཉིན་པར་ཤོ་རྗེས་མི་དེས་གཉིད་ཡུལ་བཅའ། །དེ་རིང་སྐྱ་མའི་རྒྱུག་དང་བོང་མཉམ་པ། །གཡོ་ཅན་རེད་ཟེར་གྲོགས་དང་འབུལ་དཔོན་པས། །བཀའ་བཀྱོན་ཐུགས་སྣང་མཛད་པས་ཡི་རེ་མུག །བསམ་ཡས་མཇལ་དུས་རྟ་མགྲིན་སྐུ་དེ་ནི། །བྱི་རུ་མར་ཁུའི་ནང་ནས་བཏོན་འཕྲལ་འདྲ། །ཤངས་ཀྱི་རྩེ་ནས་མར་ཁུའི་ཐིགས་པ་ནི།།ན་རེ་ཐིགས་ལ་ཁད་དུ་འདུག་པ་མཐོང་། །


CMR002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་རྣམས་ཀུན་ལ་དྲིས་པས་མ་མཐོང་ཟེར། །དབུས་གནས་རགས་རིམ་མཇལ་བའི་རྣམ་ཐར་ཡིན། །ཟམ་བུ་ཙཱ་རི་མ་མཇལ་ཡི་རེ་མུག །གྲྭ་ཚང་བསྡད་འཕྲལ་ནུབ་གཅིག་ཉལ་ཁ་རུ། །ཉོན་མོངས་རྟོག་པ་ངན་པ་གཅིག་སྐྱེས་ནས། །གཉིད་མ་ཐག་ཏུ་གཟུགས་མེད་སྒྲ་གྲག་པ། །དཔོན་སློབ་ཐམས་ཅད་མཁྱེན་པ་འདི་ཉིད་བྱམས་པ་དངོས་སུ་འཇིག་རྟེན་དུ་བྱོན་པ་ཡིན་ཀྱང་ད་ཁྱེད་གདུལ་བྱ་རྣམས་ཀྱི་སེམས་རྒྱུད་ལ་འདི་འདྲ་འཆར་ཞིང་འདུག །ཟེར་བས་དེ་ཕྱི་ཆོས་ཁྲིམས་པ་བས་ཀྱང་། །དཔོན་སློབ་གཟིགས་ཡོད་སྙམ་དུ་སྐྱག་པ་ཆེ། །བསྒྲིགས་དང་འགལ་བ་སྐད་ཅིག་ཙམ་མ་བྱས། །བསྒྲིགས་དང་བཅའ་ཁྲིམས་རང་དོན་ཡིན་པར་གོ །དགེ་འདུན་ཀུན་ལ་དག་སྣང་དཔག་མེད་སྦྱངས། །རང་ཉིད་ཀུན་གྱི་ཐ་མལ་ཡིན་པར་བསམ། །རིན་པོ་ཆེ་དང་སློབ་ཆུང་དགེ་རྒན་གཉིས། །ཕལ་ཆེར་ཁྱབ་རྐང་བཞི་རེ་རྟག་པར་བཟུང་། །འཛིན་ཆོས་ཁྱབ་འབྲིང་དཔོན་པོ་ཡུན་རིང་བྱས། །འཛིན་ཆོས་དཔེ་ལུང་དེ་ཡང་གུས་པས་ཉན། །ཁྲིད་ཅེས་བྱ་བ་ལོགས་ན་མེད་དོ་སྙམ། །གཞུང་བཞིན་གནས་ཆོག་སྨན་བླ་ཆོས་སྤྱོད་ཀུན། །ཁེར་འདོན་ཕེར་བ་བཟུང་ཞིང་ཆུ་ལེན་སྐབས། །རང་དོན་ཆོས་


CMR002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཕལ་ཆེར་རེས་མོས་བཏོན། །རིག་གཞུང་རྒྱ་མཚོ་འཇམ་དབྱངས་བཞེད་པ་གཉིས། །དབུ་ནས་ལྡེབ་བུ་འགའ་ཆེན་བློ་འཛིན་བྱས། །གཙང་དུ་ཚོགས་ཆེན་དབུས་སུ་དཔོན་སློབ་དྲུང་། །ནང་དོན་དབུ་ནས་སྐྱོར་བ་ཆད་མ་ཤོར། །བཀའ་བཅུ་སྲུང་མེད་མཉམ་དུ་ཚོགས་ལངས་དུས། །འཇམ་དབྱངས་དཀར་པོས་རྩོད་རྒྱལ་གདམས་པ་བྱས། །ཁོང་ཉིད་མཁས་ཀྱང་རྒྱལ་ཁ་བདག་གིས་ལོན། །གཙང་དུ་གཟས་འཛིན་ཉིན་པར་ངག་བཅད་ནས། །འཇམ་དབྱངས་དམར་པོའི་ཤེས་རབ་རིལ་བུ་བསྒྲུབས། །བཙུན་ཆུང་རྣམས་ཀྱིས་ཐོབ་ཤོར་བྱས་ནས་ཁྱེར། །རིལ་བུ་སུ་མང་ཤེས་རབ་ཆེ་བ་འདྲ། །བསྡུས་ར་རྐང་ཁྱབ་གོ་བ་ཆེ་བར་སྐྱེས། །ཐར་རྒྱན་ཡང་ནི་རྫོགས་ལ་ཁད་ཙམ་བཟུང་། །དབུ་མ་ཊིག་ཆུང་འགྲེལ་པ་དོན་གསལ་སོགས། །དཔེ་ལྟས་བྱས་ཤིང་ཁྱབ་རྐང་འགའ་རེ་བསླབས། །གྲྭ་པ་བསྒྲིགས་མཐུན་བྱས་པའི་རྣམ་ཐར་ཡིན། །འདུག་གཉུག་ཐུང་བས་མཁས་པའི་མིང་མ་ཐོགས། །སློབ་གཉེར་སླེབས་སྒོ་མ་བྱུང་ཡི་རེ་མུག །ཐམས་ཅད་མཁྱེན་པའི་དྲུང་ནས་ཕྱག་ཆེན་ཁྲིད། །བློ་སྦྱོང་གཉིས་དང་བྱང་སྡོམ་བསྡུས་པ་དང་། །ཕག་མོའི་དབང་གཉིས་བདེ་མཆོག་དབང་


CMR002_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། །སྒྲོལ་དཀར་སྨན་བླ་བྱམས་ཆོས་ལམ་རིམ་སོགས། །རྒྱལ་དབང་བཅུ་པའི་བླ་མའི་རྣལ་འབྱོར་དང་། །ཕྱག་ཆེན་ངོ་སྤྲོད་ཐུགས་རྗེའི་སྒོམ་ལུང་ཐོབ། །སླེབས་ཚོད་ལེགས་པས་སྐལ་བ་བཟང་པོར་སེམས། །ལས་འཕྲོད་བསོད་ནམས་ཆེ་བའི་རྣམ་ཐར་ཡིན། །འོན་ཀྱང་དཔོན་སློབ་ཞིང་བརྗེས་ཡི་རེ་མུག །མངའ་རིས་ཚུལ་ཁྲིམས་དབུ་མཛད་རྡུལ་བྲལ་དང་། །གསེར་ཟླ་དབོན་པོས་དོན་མེད་གནོད་པ་བསྐྱལ། །རིང་པོར་མ་ཐོགས་སྨྱོ་དང་ཧུར་ཐུམ་ཤི། །གཞན་ཡང་འགའ་རེས་ཕྲག་དོག་གནོད་པ་བྱས། །གནོད་པ་ཆེ་ཆུང་དང་མཚུངས་མི་དགེར་གྱུར། །ཕ་མྱེས་བཀའ་སྲུང་འཁོར་བའི་རྣམ་ཐར་ཡིན། །བདག་གིས་བསམ་ངན་གནོད་སེམས་མ་བཟུང་ཡང་། །བདག་ལ་བརྟེན་ནས་གཞན་གནོད་ཡི་རེ་མུག །བླ་མ་ལོ་རྒན་དྲུང་རམ་རྒྱལ་རོང་བ། །དྲུང་རམ་ཀུན་འཕེལ་ཡེར་པ་མཐར་ཕྱིན་ལ། །ལྐོག་ཏུ་རྙིང་མའི་དབང་ལུང་འགའ་རེ་ཕུལ། །དྲུང་རིམ་ཀུན་འཕེལ་དྲུང་རམ་འཕེལ་རྒྱས་དང་། །དགེ་སློང་ཡང་ཤེས་ཀརྨ་དབང་པོ་དང་། །དྲུང་རམ་ཤེས་རབ་སྨན་ལོ་ཆེ་བ་ལ། །རྒྱ་ནག་ལུགས་ཀྱི་རྩིས་འགའ་ཕར་ལ་བསླབས། །ཁམས་ཀྱི་ཡོན་ཏན་དབུས་གཙང་གྲྭ་སར་


CMR002_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །ཡོན་ཏན་ཡར་ཁུར་བྱས་པའི་རྣམ་ཐར་ཡིན། །ཉམ་ཆུང་གྲགས་པས་ཀུན་གྱིས་མི་རྩིས་མེད། །ལྐུགས་པ་དགའ་ཕོར་མཐོང་བས་ཡི་རེ་མུག །གཉེར་པ་ཞལ་ངོ་བླ་མ་ཝ་རྒན་གཉིས། །ཁྱོད་ཀྱིས་དྲག་སྔགས་མང་པོ་ཤེས་འདུག་པས། །སྐུ་དགྲ་འགའ་རེ་མེད་པར་བྱེད་རོགས་དགོས། །གོས་ལག་ལ་སོགས་ཕན་ཐོགས་ཆེར་བྱེད་གསུངས། །བཙུན་ཆུང་དྲི་མེད་རྩིས་པས་དགྲ་གཅིག་ལ། །དྲག་སྔགས་བྱེད་རོགས་གྱིས་དང་ཁྱེད་ཉིད་ཀྱི། །གང་དགོས་བྱ་བ་རྒྱུན་དུ་ངས་བསྒྲུབ་ཟེར། །དེ་དག་རུང་ངམ་རྨི་ལམ་བརྟགས་པའི་ཚེ། །བྱས་ན་ཕ་རོལ་མྱུར་དུ་བརླག་འགྱུར་ཏེ། །རང་ལ་ལྟུང་བ་ཚབས་ཆེན་ཕོག་པའི་ཚུལ། །རྒྱལ་བའི་དབང་པོས་རྨི་ལམ་ཡུལ་དུ་བསྟན། །ཤིན་ཏུ་བཀྲེས་ཤིང་དགོས་མེད་ཨུས་ཐུག་ཀྱང་། །ཉེས་སྒྲིབ་བསམས་ནས་ལག་ཏུ་མ་བླངས་སོ། །རྒྱུ་འབྲས་རྣམ་སྨིན་འཛེམ་པའི་རྣམ་ཐར་ཡིན། །འོན་ཀྱང་ཁོང་རྣམས་མ་མཉེས་ཡི་རེ་མུག །དགེ་འདུན་ཁྲི་ཕྲག་མང་པོའི་ཚོགས་ཞལ་མཇལ། །དཀྱིལ་འཁོར་ཆེན་པོ་དུ་མའི་བུམ་ཆུ་བཏུང་། །སྐུ་གདུང་དྲུང་དུ་སོར་མོ་གཅིག་ཕུལ་ནས། །ཟླ་དྲུག་ཙམ་དུ་ཞི་གནས་ལྷུན་འཐུགས་སྐྱེས། །ཇོ་


CMR002_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་དྲུང་དུ་སོར་མོ་གཅིག་ཕུལ་ནས། །རྒྱ་ཆེན་སྤྱོད་རྒྱུད་ལུགས་ཀྱི་སེམས་བསྐྱེད་བླངས། །ལས་འབྲས་བཟང་པོ་བཞག་པའི་རྣམ་ཐར་ཡིན། །འོན་ཀྱང་བསྐོར་བ་མ་སོགས་ཡི་རེ་མུག །ཕ་ཡུལ་དུས་ལོག་བྱུང་ཐོས་སེམས་འཕྲེང་ཚེ། །རང་གི་མ་དང་ནུ་བོར་སྐྱོན་མེད་པ། །རྨི་ལམ་ཡུལ་དུ་ཆོས་སྐྱོང་ལུང་བསྟན་བྱུང་། །དབང་ཁྲིད་བཀའ་ལུང་ཉེ་བར་མཁོ་བ་རྣམས། །བླ་མ་ཝ་རྒན་དྲུང་ནས་ལྐོག་ཏུ་ཞུས། །ཀུན་རིག་མགོན་པོའི་དབང་བསྐུར་འཕོ་འདེབས་སོགས། །ཞོར་ལ་ལྐོག་ཏུ་བཟུང་ཞིང་ལྐོག་ཏུ་བསླབས། །འགྲོ་བར་འདོད་ཀྱང་དགོངས་པ་མ་བྱུང་ཚེ། །ཝ་རྒན་དྲུང་ནས་སྤྲུག་བཙན་བཀའ་གཏད་ཐོབ། །དེ་ནུབ་སྤྱག་བཙན་གསོལ་ཁ་བྱས་པ་ཡིས། །རྨི་ལམ་སྟག་ལུང་པ་ཡི་ཚོང་དཔོན་ནི། །ཆས་བཟང་རྟ་དྲེལ་འཁོར་གཡོག་མང་བ་ཞིག །ང་ནི་ཁམས་ཀྱི་ཕྱོགས་སུ་འགྲོ་བ་ཡིན། །ཁྱོད་ཀྱང་འགྲོ་ན་བདག་གིས་གྲོགས་བྱ་ཟེར། །དེ་ནས་རིང་པོར་མ་ཐོགས་དགོངས་པ་གནང་། །ཀོང་པོར་འཇའ་ཚོན་སྙིང་པོ་མཇལ་འདོད་ཀྱང་། །དེར་སོང་ཚེ་ལ་བར་ཆད་འབྱུང་བའི་ཚུལ། །རྨི་ལམ་མཐོང་བས་མ་སོང་བྱང་ནས་སོང་། །མེར་གཞུང་ཕྱིན་པས་རོགས་ངན་བརྒྱག་མ་


CMR002_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱོལ། །ཅི་བྱ་གཏོལ་མེད་ལྷ་གསོལ་བཀའ་བསྒོ་བྱས། །རྨི་ལམ་བདུད་རྩི་ཤེལ་མདོག་རོ་མངར་བ། །ཁྱོར་གང་བླུད་བྱུང་འཐུང་བས་ཕྱི་ཉིན་ལ། །ངོ་མི་ཤེས་པའི་གནས་བསྐོར་བ་ཞིག་གིས། །བརྒྱགས་མཐུད་འབུལ་ལྷུག་ཁྱིམ་བར་གྲྭ་པ་བྱས། །ལྷ་དང་སྲུང་མས་མ་བསླུས་རྣམ་ཐར་ཡིན། །འོན་ཀྱང་ཁོ་ལ་ཁ་མཆུ་ཡི་རེ་མུག །ཁམས་སུ་ཕྱིན་ནས་ལོ་གྲངས་བཅུ་གསུམ་བར། །ཤི་དགེ་གསོན་གནས་གྲོང་ཆོག་བླ་མ་བྱས། །འབུལ་བ་ཆེ་བར་བྱུང་ལ་གནང་སྦྱིན་མེད། །ཆུང་ལ་འཁོང་མེད་མ་ཕུལ་བདའ་སྙགས་མེད། །ལྡོམ་བུ་བཟང་བའི་གྲོང་ལ་ཆགས་པ་མེད། །མ་བྱུང་པ་ལ་སྡང་དང་མི་འགྲོ་མེད། །ཡོན་བདག་དབུལ་ཕོངས་དམན་ལ་ངོ་ཆུང་མེད། །མཐོ་དམན་ཡོན་ཏན་མཁས་ལ་ཆགས་སྡང་མེད། །ཆུང་ངུ་ནས་བཟུང་རྒས་བར་དཀོར་ཟོས་ཀྱང་།།མགོ་བསྐོར་ལོག་འཚོར་འགྲོ་བ་ཁམ་གང་མེད། །ཡོན་ཏན་ཆེ་ཞིང་ཕན་ཐོགས་ཆེ་བར་གྲགས། །རོ་སྙོམས་ལྡོམ་བུ་བྱས་པའི་རྣམ་ཐར་ཡིན། །དཀོར་ཕུད་ཐོབ་པ་ཆུང་བས་ཡི་རེ་མུག །རྩ་བརྒྱད་ལོ་ལ་ཡབ་རྒན་ཞིང་བརྗེ་བས། །དབང་ལུང་ལྷག་མ་ཞུས་ཟེར་རྨི་ལམ་བྱུང་། །ཕ་ཆོས་ཐམས་ཅད་ཞུ་ཝིག་


CMR002_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐེར་བྱས། །ལོ་མཇུག་ཞིང་བརྗེས་ཞག་བདུན་ཐུགས་དམ་བརྟན། །གདུང་སྦྱངས་འཇའ་འོད་རིང་བསྲེལ་མེ་ཏོག་ཆར། །ཐུགས་ལྗགས་སྤྱན་དང་དུང་དཀར་སྐུ་གཟུགས་བྱོན། །ཆས་ཀ་གང་ཡོད་གཤེགས་རྫོངས་བློ་ཁ་ཚིམས། །སློབ་དཔོན་དྲིན་ལེན་སོད་པའི་རྣམ་ཐར་ཡིན། །འོན་ཀྱང་སྲས་པོ་ཚེ་ཐུང་ཡི་རེ་མུག །སོ་གཅིག་ལོ་ལ་བླ་སྒྲུབ་སྒྲོལ་དཀར་བསྙེན། །ཉམས་བཟང་ཉིན་པར་ཕལ་ཆེར་ཁོར་ཡུག་འདྲ། །ཆོས་དྲུག་ནང་གི་གཏུམ་མོ་ཟླ་གཅིག་བསྒོམས། །ཉམས་བཟང་རྣམ་རྟོག་སྒོམ་ཤར་ཟླ་གསུམ་ཙམ། །དྲུང་པའི་འདྲ་སྐུའི་དྲུང་དུ་ཚོགས་མཆོད་ཕུལ། །ཞག་གཅིག་སྤྱོད་ལམ་ཀུན་ཏུ་འབྲལ་མེད་འདྲ། །དྲུང་པའི་སྤྲུལ་སྐུས་བསྐོ་འཇའ་བཀའ་དབང་གནང་། །ཟླ་བ་བརྒྱད་དགུར་སྤྱོད་ལམ་ཕལ་ཆེར་དང་། །འདྲེས་པའི་བདེ་སྟོང་ཉམས་ལེན་སྐྱེད་ཆེར་བྱུང་། །ཁྲིད་ཆུང་གཉིས་བཙུགས་ཁྲོམ་དབང་བྱས་པའི་ཚེ། །བུམ་ཆུ་སུམ་ལོགས་ཙམ་དུ་འཕེལ་བར་བྱུང་། །སོ་ཞིག་བུད་པར་དུང་དཀར་འདྲ་བ་དང་། །རྩེ་ནས་རིང་བསྲེལ་བྱུང་བ་སིལ་བུར་ཡལ། །གཞན་ཡང་མཚམས་དང་གྲོང་ཆོག་བྱས་སྐབས་འགར། །རྨི་ལམ་དག་སྣང་ཕྲན་བུ་གྲངས་ལས་འདས། །


CMR002_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་གཏོར་མ་ཡོན་ཆབ་འཛིན་པ་དང་། །སྨྱོན་པ་ཐུལ་དང་ནད་པ་སོས་པ་དང་། །ཆར་པ་ཁུག་དང་སྲིའུ་སོས་པ་དང་། །བཀའ་བསྒོ་བསྲུང་སྐུད་ཙམ་རེས་གདོན་ཕྲན་བྲོས། །རི་མེར་མཆེད་པར་སྒྲོལ་མར་གསོལ་བཏབ་པས། །དེ་ནས་མཆེད་པར་མི་འགྱུར་ལན་འགར་བྱུང་། །འཕོ་བ་བཏབ་པར་སྐག་སྒྲ་གྲག་པ་དང་། །སྒྲུང་དང་ཁོལ་བུར་བྱི་དང་རླངས་པ་ཐོན། །འཕོ་བཏབ་རོ་ལ་འཇའ་ཚོན་ཡིག་འབྲུའང་བྱོན། །རྟགས་མཚན་ཅུང་ཟད་བྱུང་བའི་རྣམ་ཐར་ཡིན། །གྲོང་ཆོག་རྒན་པོ་རེད་པས་ཡི་རེ་མུག །སོ་བདུན་རང་ལོའི་ལོ་མཇུག་ནས་བཟུང་སྟེ། །བཅུ་གསུམ་ལོ་ལ་བསྒྲུབ་པའི་དམ་བཅའ་བཟུང་། །ངག་མཚམས་དམ་པར་ཐུགས་རྗེ་ཆེན་པོ་བསྒྲུབས། །ཉམས་དང་རྨི་ལམ་འཁྲུལ་པའི་གནས་སྐབས་འགར། །རྒྱ་བོད་གྲུབ་ཆེན་བཀའ་བརྒྱུད་བླ་མའི་ཚོགས། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྒྲུབ་དང་མ་སྒྲུབ་འབྲེལ་པ་ཡོད་དམ་མེད། །དུ་མ་མཐོང་ཞིང་རེས་འགའ་དབང་བསྐུར་ཅིང་། །ཆོས་གསུངས་རེས་འགར་བརྡ་ཡི་ཆོས་ཀྱང་བསྟན། །རྨི་ལམ་བསྐྱེད་རིམ་བསྒོམས་པས་རང་གི་ལུས། །ཡི་དམ་དངོས་སུ་གྱུར་ཅིང་གདོན་བཏུལ་སོགས། །


CMR002_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་རྩེ་གཅིག་སྒོམ་པའི་རྣམ་ཐར་ཡིན། །བདུད་ཀྱིས་བསླུ་བ་ཡིན་དོགས་ཡི་རེ་མུག །བདེ་ཉམས་གསལ་ཉམས་མི་རྟོགས་ཉམས་མྱོང་སྐྱེས། །བར་དོ་དམྱལ་བ་ལ་སོགས་གནས་སྦྱོང་ཤར། །རྨི་ལམ་དྭགས་པོ་མཇལ་བས་རྐྱེན་བྱས་ནས། །སྔོན་གྱི་ཉམས་རྟོགས་ཐམས་ཅད་ཤུན་པར་བུད། །རང་སེམས་སྤྲོས་བྲལ་ངོ་བོ་རྗེན་པར་མཐོང་། །རྟོགས་ལྡན་མིང་ཐོགས་བྱས་ཀྱང་རུང་བ་ཙམ། །ངོ་བོ་རྗེན་པར་མཐོང་བའི་རྣམ་ཐར་ཡིན། །འོང་ཀྱང་མཉམ་རྗེས་མ་འདྲེས་ཡི་རེ་མུག །ཀུན་བྱང་སེམས་མ་ཉམས་དམ་དུ་བསྲུང་། །རྩ་རླུང་ཐིག་ལེའི་དམིགས་རིམ་འགའ་རེ་བསྒོམས། །བདག་ལུས་དབབ་ལྡོག་བཀྲམ་པ་ཚད་དུ་ལོང་། །བདེ་སྟོང་ཉམས་སྐྱེས་དགའ་བཞིའི་དོན་ཡང་རིག །རྩ་རླུང་ཐིག་ལེ་བསྒོམས་པའི་རྣམ་ཐར་ཡིན། །སེམས་རྟགས་བྱུང་ཡང་ལུས་རྟགས་དྲོད་མ་སྐྱེས། །རས་རྐྱང་ཐུབ་ཙམ་མ་བྱུང་ཡི་རེ་མུག །རྒྱལ་བའི་ཐུགས་དང་འགྲོ་དྲུག་སེམས་ཅན་སེམས། །རང་སེམས་ངོ་བོ་དབྱེར་མེད་སྟོང་པར་རྟོགས། །ཕྱི་ནང་སྣོད་བཅུད་འབྱུང་བཞི་ལ་སོགས་དང་། །བསྲེས་ནས་སྒོམ་ཚེ་དབྱེར་མེད་རོ་གཅིག་འདྲ། །ཕྱི་རོལ་ས་རྡོ་རི་བྲག་དངོས་པོ་ཀུན། །བཅོས་ནས་


CMR002_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བརྟག་བསྒོམས་པ་མ་ཡིན་པར། །ཤུགས་འབྱུང་ངོ་བོ་སྟོང་ལ་རང་བཞིན་གསལ། །དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན་དུ་མཐོང་། །སྟོང་ཉིད་ལྟ་བ་རྟོགས་པའི་རྣམ་ཐར་ཡིན། །འོན་ཀྱང་གཞན་སྣང་རྫུ་འཕྲུལ་སྟོན་མ་ནུས། །ས་རྡོ་རྣམས་ཀྱང་སྲ་མཁྲེགས་དེ་ག་རང་། །སྟོང་སྒྲོབ་འུར་སྒོག་འདྲ་བས་ཡི་རེ་མུག །མཚམས་བསྡམས་ལོ་གསུམ་ལྷག་ཙམ་སོང་བ་ནས། །དངོས་སུ་མངོན་ཤེས་ཐོགས་པ་མ་མཆིས་ཀྱང་། །ཉམས་དང་རྨི་ལམ་འཁྲུལ་པའི་གནས་སྐབས་འགར། །སྔོན་གནས་སྐྱེ་བ་འགའ་ཞིག་དྲན་པ་སྙམ། །དུས་ཕྱིས་གནམ་ཆོས་ནང་གི་སྐྱེས་རབས་དང་། །གཏེར་རྙིང་འགའ་ཡི་ལུང་བསྟན་ཚིག་ཟུར་མཐུན། །བདུད་འདུལ་རྡོ་རྗེའི་ཤོག་སེར་ལུང་བསྟན་ལ། །ཅོག་རོ་ཀླུ་ཡི་རྒྱལ་མཚན་སྤྲུལ་པར་གསུངས། །དེ་ཕྱིར་ཟུར་ཙམ་འབྲིར་སྤོབས་འདི་ལྟ་སྟེ། །ཐུབ་པའི་ཞལ་མཐོང་འཕགས་པ་ཀུན་དགའ་བོའི། །སློབ་མར་གྱུར་པ་དགེ་སློང་དྷ་ཡི་མིང་། །ཀླུ་སྒྲུབ་སློབ་མ་རྒྱལ་རིགས་པཎྜི་ཏ། །ཛཱ་ཡེ་མངྒ་ལ་ཞེས་ཆོས་སྲིད་སྐྱོང་། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྲས་ཐ་ཆུང་། །མཇིང་ཡོན་སད་ན་ལེགས་ཞེས་བོད་ཁམས་དབང་། །དུས་གསུམ་མཁྱེན་


CMR002_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་མཛོད་རབ་དགའི་མིང་། །གཡུང་སྟོན་ཆེན་པོའི་དབོན་པོ་རྒྱ་ནག་གིས། །རྒྱལ་པོའི་བླ་མཆོད་བྱེད་པ་གཡུང་ཆུང་བ། །ཀོང་པོའི་ཡུལ་དུ་གཏེར་ཕྲན་གནས་ཀྱི་སྒོ། །འབྱེད་པའི་ཆགས་ལམ་རྣལ་འབྱོར་ཤྭ་རིའི་མིང་། །ལྷ་སའི་ཕྱོགས་སུ་ཇོ་ཤཱཀ་རྣམ་གཉིས་ལ། མཆོད་པ་བཀུར་སྟི་འགྲུབ་པའི་ཚོང་དཔོན་ཞིག །གར་སྐྱེས་ཟུར་ཙམ་ཤེས་པའི་རྣམ་ཐར་ཡིན། །འོན་ཀྱང་ཁྲིམས་བཅད་ངག་འཁྱལ་རྣམ་སྨིན་གྱིས། །སྐབས་རེར་དམན་པའི་ལུས་གྱུར་ཡི་རེ་མུག །མཚམས་བསྡམས་ལོ་གྲངས་བཅུ་ཙམ་ལོན་པའི་དུས། །ཉམས་དང་རྨི་ལམ་རྟེན་འབྲེལ་ལ་བརྟེན་ནས། །དབང་དྲག་རྒྱ་མཚོའི་སྤྲུལ་སྐུར་ངོས་བཟུང་ནས། །དབང་ལུང་ཕུལ་ཅིང་བརྟན་བཞུགས་རྟེན་འབྲེལ་བསྒྲིགས། །སྐུ་ཚེའི་བར་ཆད་བསལ་ཅིང་གནམ་ཆོས་ནི། །ངོ་མཚར་པོད་ཆུང་བཅུ་བཞི་ཙམ་ཞིག་བྱུང་། །གནས་སྒོ་འགའ་ཟུང་ཕྱེས་ཤིང་རྟེན་འབྲེལ་འགྲིགས། །པད་འབྱུང་བསྟན་ལ་ཕན་པའི་རྣམ་ཐར་ཡིན། །འོན་ཀྱང་བར་ཆད་དབང་བཙན་བཟློག་དཀའ་བས། །ས་གཏེར་མི་ཐོན་སྐུ་ཚེའི་བར་ཆད་དོགས། །འགྲོ་བ་བསོད་ནམས་དམན་པས་ཡི་རེ་མུག །རྗེ་འབངས་ཤུད་པུ་དཔལ་སེང་སྐྱེ་བའི་མཐའ། །


CMR002_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་མི་འགྱུར་རྡོ་རྗེ་འདི་ཉིད་དུ། །སྐྱེ་བ་ཀུན་ཏུ་འབྲལ་བ་མེད་པ་དང་། །ཕལ་ཆེར་བླ་སློབ་རེས་མོས་གྱུར་པ་དང་། །ད་རེས་གཏེར་བློན་ཆོས་ཀྱི་བདག་པོ་རུ། །ལུང་བསྟན་གསལ་ཞིང་ཆག་ཕྱི་གང་འགྲུབ་བྱས། །ཚེ་རབས་ལས་འཕྲོ་བཟང་བའི་རྣམ་ཐར་ཡིན། །འོན་ཀྱང་བར་ཆད་རྐྱེན་མང་ལམ་འགྲོ་དཀའ། །ཆོས་ལ་བར་ཆད་མང་བས་ཡི་རེ་མུག །སྤྲང་རྒན་བདག་ལ་བབ་ཐོབ་འོས་མེད་ཀྱང་། །ཚེ་རབས་དུ་མའི་སྨོན་ལམ་རྣམ་དག་པས། །སྦྱངས་པ་སྔོན་སོང་སྐལ་ལྡན་ལས་འཕྲོ་ཅན། །རང་ལ་ལྟོས་བཅས་སློབ་བུ་འགའ་རེ་མཆིས། །ལས་ཅན་སློབ་མ་འདུས་པའི་རྣམ་ཐར་ཡིན། །འོན་ཀྱང་བར་ཆད་དབང་གིས་ལམ་མི་འགྲོ། །འབྲས་མེད་ཐ་མལ་པར་གྱུར་ཡི་རེ་མུག །ཆེད་དུ་ཟས་ནོར་དོན་གཉེར་མ་ལགས་ཀྱང་། །མིག་འབྲས་གསལ་ཚེ་ལོ་ཤས་དབང་དང་ལུང་། །ཁྲིད་སོགས་གཞན་དོན་ཅི་འཕེལ་བྱེད་པར་སེམས། །དེ་ནས་ཚེ་མཇུག་ཅི་འདུག་སྒྲུབ་ལ་དྲིལ། །དཀོར་རྫས་ཀུན་ཀྱང་དགེ་ཕྱོགས་གང་འགྲུབ་བསམ། །དམ་ཆོས་བྱེད་སྙམ་ཡོད་པའི་རྣམ་ཐར་ཡིན། །འོན་ཀྱང་བསམ་ཚད་ཐོག་ཏུ་ག་ལ་ཁེལ། །རྐྱེན་དང་བར་ཆད་རྒོད་པས་ཡི་རེ་


CMR002_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མུག །ཉམས་དང་རྨི་ལམ་ལྷ་ཡི་ལུང་བསྟན་དང་། །རང་གིས་མཐོང་དང་གནམ་ཆོས་ལུང་བསྟན་དང་། །རང་གི་སྨོན་ལམ་ཚོགས་གཉིས་རྒྱུ་འབྲས་དང་། །མདོ་རྒྱུད་རྣམས་ནས་གསུངས་པ་གོ་བསྟུན་ཏེ། །འདི་ནས་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨར་བརྫུས་སྐྱེས་དགེ་སློང་གྱུར། །བློ་བདེ་ཅུང་ཟད་ཡོད་པའི་རྣམ་ཐར་ཡིན། །འོན་ཀྱང་འཆི་རྐྱེན་ཟུག་གཟེར་ཡི་རེ་མུག །རང་གིས་ཤེས་ཤིང་མཐོང་བ་མ་མཆིས་ཀྱང་། །གནམ་ཆོས་ནང་ནས་གསུངས་པའི་དོན་བསྡུ་ན། །བདེ་བ་ཅན་གྱི་བརྫུས་སྐྱེས་དགེ་སློང་དེའི། །རྣམ་ཤེས་དུམ་བུ་ལྔ་རུ་གྱེས་གྱུར་ཏེ། །སྨན་བླའི་དྲུང་དུ་སེམས་དཔའ་འགྲོ་ལ་གཟིགས། །པད་འབྱུང་དྲུང་དུ་རིག་འཛིན་རྨ་བྱའི་མགྲིན། །འོད་མཚན་དབང་པོ་བརྒྱད་པའི་དབོན་རིགས་ཤིག །མི་འགྱུར་རྡོ་རྗེས་རིགས་བརྒྱུད་དབོན་པོ་ཞིག །ཚེ་ལོ་དྲུག་བརྒྱའི་སྐབས་སུ་རྒྱ་གར་དུ། །དགེ་སློང་གནས་བརྟན་བཅུ་དྲུག་མཇལ་བ་གཅིག །དེ་ལྔ་མ་གཏོགས་འཁོར་བར་མི་སྐྱེ་སྟེ། །མཐར་ནི་ཞིང་དེར་དགེ་སློང་དེ་ཉིད་ནི། །པདྨ་ཆུ་སྐྱེས་དྲི་མེད་ཅེས་བྱ་བའི། །དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཅིང་། །འབྲེལ་ཐོགས་ཕལ་ཆེར་ཞིང་དེར་སྐྱེ་


CMR002_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས། །མཐར་ཐུག་འབྲས་བུ་ཐོབ་པའི་རྣམ་ཐར་ཡིན། །ཐོབ་ཀྱང་སྡིག་ཆེན་འགའ་དང་འབྲེལ་པ་ཆེ། །སོ་སོས་བསགས་པའི་ལས་འབྲས་ཆུད་མི་ཟ། །འབྲེལ་ཐོགས་ཐམས་ཅད་སྐྱེ་འཆི་ཡི་རེ་མུག །གང་དྲན་ཆལ་ཆོལ་བྲིས་པའི་རྣམ་ཐར་འདི། །གཞན་གྱིས་མཐོང་ན་འུད་དང་ཟོབ་པོར་མཐོང་། །འཕྱ་བའི་སྐུར་འདེབས་མཚར་གཏམ་ལུང་པ་འགེངས། །དེ་ཕྱིར་གཞན་ལ་མ་བསྟན་སྦ་བར་ཞུ། །རྫུན་མེད་དྲང་པོའི་བསམས་པས་མགྱོགས་བྲིས་རེད། །བྲིས་ངན་ཐོབ་ཆ་མ་དག་ཡི་རེ་མུག །ཡི་མུག་ཉི་ཤུ་རྩ་ལྔའི་རྣམ་ཐར་འདི། །མཚམས་སྐབས་ཐུན་བར་ཞིག་གི་ཁོངས་ནས་ཕུལ། །འགྲོས་འགྲིམ་ནམ་འོང་ཆ་མེད་བསམ་པའི་ཕྱིར། །ཚེས་དྲུག་བཀའ་ཤོག་སླེབས་པས་དེ་ཡི་ཉིན། །རྫོགས་པར་བྲིས་པས་དགེ་ལེགས་འཕེལ་གྱུར་ཅིག །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་


CMR002_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR002_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤ་རི་རམ། ༈ རྩིབ་རུས་རྣམས་ལ་བཀྲ་ཤིས་རྟགས་བརྒྱད་བྱོན་པའོ།། ༈ ཚེམས། ༈ ཕྱི་ཚིགས་བར་མ་ལ་ཨོཾ།


CMR002_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༈ འགྲམ་རུས་གཡོན་པར་རྒྱལ་བ་རྒྱ་མཚོའི་ལྟ་ཚོགས། ཐུགས་རིན་པོ་ཆེའི་དབྱིབས། ༈ གདུང་གི་ཞུན་ལ་སྤྱན་རས་གཟིགས་འགྲོ་འདུལ་ཕྲུག་བཞི། ༈ ལྗགས། ༈ ཞབས་ཀྱི་རྐང་ལ་བདེ་མཆོག་ཡབ་ཡུམ་བྱོན།


CMR002_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༈ གུ་དྲག ༈ དབུ་བུམ་རིལ་ལ་བྱོན་པ་ཆེ་མཆོག ༈ གྲོ་ལོད། ༈ སྙིང་གི་དཀྱིལ་དུ་ཨོ་རྒྱན་བྱོན།


previousརྣལ་འབྱོར་རཱ་ག་ཨ་སྱའི་རྣམ་ཐར་ཡི་མུག་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བའི་འཆལ་གཏམ།no next