Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཕྱིའི་རྣམ་ཐར་ཀུན་ཁྱབ་སྙན་པའི་འབྲུག་སྒྲ།
   
   
   
   
   
   
   


 
no previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཕྱིའི་རྣམ་ཐར་ཀུན་ཁྱབ་སྙན་པའི་འབྲུག་སྒྲ།next

སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཕྱིའི་རྣམ་ཐར་ཀུན་ཁྱབ་སྙན་པའི་འབྲུག་སྒྲ།


CMR003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བྱེ་མ དྷཱན སྱབི གྷ ཎྜ ནི རྒྱུ ཥ ནཱ མ ནི ཆ ན ཀཱ ཡ ནི ཡཱ མ བ ཛྲ སྱ པྲ ཥཱ བི མོ ཀྟ བིཧ ར ཏི སྨ། །
སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཕྱིའི་རྣམ་ཐར་ཀུན་ཁྱབ་སྙན་པའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །


CMR003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨཱ་སིདྡྷི་ཕ་ལ་ཧཱུྃ། ཆོས་སྐུ་རང་བཞིན་གདོད་ནས་རྣམ་དག་འོད་མི་འགྱུར་བའི་ལྷ་ལམ་ཀུན་ཁྱབ་ཡངས་པ་ཆེན་པོ་ལ། །ལོངས་སྐུ་མཚན་དཔེའི་གཟི་བརྗིད་དཔལ་འབར་མཁྱེན་དང་བརྩེ་བའི་ཆ་ཤས་ཡོངས་རྫོགས་ནམ་མཁའི་ནོར་བུ་ཤར། །སྤྲུལ་སྐུ་གང་ལ་གང་འདུལ་བྱེ་བ་ཕྲག་བརྒྱ་གྲངས་འདས་ཐུགས་རྗེའི་འོད་ཀྱིས་འགྲོ་བའི་མུན་སེལ་བ། །སྐུ་གསུམ་སྟོན་པ་འགྲོ་བའི་སྤྱི་དཔལ་བསླུ་མེད་པདྨའི་རྒྱལ་པོར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྟོང་ཉིད་ཤེས་རབ་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུར་སྟོན་ཡུམ་གྱི་ཚུལ། །བྱིན་རླབས་དངོས་གྲུབ་གར་


CMR003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་མ། །མཚོ་རྒྱལ་མ་དེས་བདག་སྐྱོངས་ཤིག །ཉི་མ་དང་ནི་འོད་ཟེར་བཞིན། །ཐ་མི་དད་ཀྱང་སོ་སོར་སྣང་། །འགྲོ་བའི་མུན་པ་སེལ་བའི་འཕྲུལ། །བཻ་རོ་ཤུད་པུ་སོགས་ལ་འདུད། །མི་ལས་འདས་ཀྱང་མི་གཟུགས་ཀྱིས། །སྒྲུབ་བརྒྱུད་བསྟན་པ་སྤེལ་བའི་གར། །སྟོན་མཛད་པད་འབྱུང་བསྟན་པའི་རྒྱན། །དབང་དྲག་རྒྱ་མཚོ་གང་དེ་རྒྱལ། །དེ་ཉིད་བསམ་བཞིན་འགྲོ་བའི་དོན། །སྤྲུལ་པའི་སྐུ་སྟོན་ཟབ་གཏེར་བདག །ཨོ་རྒྱན་ཆེན་པོས་མཚན་གསོལ་བའི། །མི་འགྱུར་རྡོ་རྗེ་ཞབས་བརྟན་གསོལ། །དེ་ལྟར་མཆོད་པར་བརྗོད་ནས་བཤད་པར་དམ་བཅའ་བ་


CMR003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ སྤྱིར་རྣམ་ཐར་གྱི་ངོ་བོ་དང་དབྱེ་བ་དགོས་ཆེད་དང་རྣམ་ཐར་དངོས་སོ། །དང་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ནི་གཅིག་པ་སྟེ་དེའི་རྣམ་པར་ཐར་པ་ནི་ཡོ་ག་སྐོར་གསུམ་གྱི་རྒྱུད་སྡེ་རྣམས་སོ། །སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ནི་རིགས་རྣམ་པ་ལྔར་ངེས་སོ། །དེའི་རྣམ་པར་ཐར་པ་ནི་ཀྲི་ཡོག་སྡེ་གསུམ་གྱི་རྒྱུད་སྡེ་རྣམས་སོ། །སྤྲུལ་སྐུ་ནི་སྐལ་བཟང་གི་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱའོ། །དེ་དག་གི་རྣམ་པར་ཐར་པ་ནི་སྡེ་སྣོད་གསུམ་མོ། །དེ་དག་ལེགས་པར་བཤད་པ་ལ་ལུང་གི་བསྟན་པ་ཞེས་བྱ་བའོ། །རྣམ་ཐར་དེ་དག་གི་རྗེས་སུ་སྒྲུབ་པར་བྱེད་པ་ལ་རྟོགས་པའི་བསྟན་པ་ཞེས་བྱའོ། །དེས་ན་སྤྱིར་རྣམ་ཐར་གྱི་ངོ་བོ་ནི་ཆོས་ཐམས་ཅད་ཡིན་ནོ། །དེ་ལ་འདིར་སྤྲུལ་སྐུ་རིན་པོ་ཆེ་མི་འགྱུར་རྡོ་རྗེ་ཁོ་ནའི་རྣམ་ཐར་བྱེ་བྲག་ཏུ་འཆད་དོ། །དེ་ལ་ཡང་དབྱེ་ན་རྣམ་གྲངས་ལྔར་ངེས་ཏེ། གདུལ་བྱ་ལས་དག་པ་དང་མ་དག་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་ཅིང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཕྱིའི་རྣམ་ཐར་དང་། རྣལ་འབྱོར་པ་རང་གི་དག་པའི་སྣང་བ་ལ་དེ་ལྟ་བུ་བྱུང་ཡང་གདུལ་བྱ་སྤྱི་མཐུན་གྱི་མཐོང་བའི་ཡུལ་དུ་མ་གྱུར་པ་ནང་གི་རྣམ་ཐར་དང་། ཤིན་ཏུ་རྟོགས་དཀའ་བ་ལྐོག་གྱུར་གྱི་དོན་


CMR003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་ཐོབ་པ་མ་གཏོགས་པའི་སྤྱོད་ཡུལ་དུ་མ་གྱུར་པ་སྐྱེས་རབས་ཀྱི་ཕྲེང་བ་དྲན་ཚུལ་སོགས་ནི། བློ་ཆུང་དང་ལོག་ལྟ་ཅན་སོགས་ལ་བློར་ཤོང་དཀའ་བས་གསང་བའི་རྣམ་ཐར་དང་། གསང་སྔགས་གསང་བའི་གནད་སྦྱོར་སྒྲོལ་གྱི་ཕྱག་ལེན་དམ་རྫ་ས་དང་གསང་བར་གཉེར་དུ་གཏད་པ་རྣམས་ནི་རང་གི་སློབ་དཔོན་ནམ་དམ་སེལ་མེད་པའི་མཆེད་གྲོགས་རྡོ་རྗེ་སྤྱན་ནམ། དམ་ཚིག་གཙང་བའི་སློབ་མ་མ་གཏོགས་གཞན་ལ་མ་གསང་ན་མཁའ་འགྲོའི་བཀའ་ཆད་འོང་བས་ཡང་གསང་གི་རྣམ་ཐར་རོ། །ཀུན་རྫོབ་འཁྲུལ་ངོ་མ་ཡིན་པར་ངེས་དོན་ཁོ་ནའི་དབང་དུ་བྱས་པའི་ཡེ་ཤེས་སྤྲུལ་རྒྱུད་དང་དེའི་ལོ་རྒྱུས་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་རོ། །དེས་ན་སྔོན་གྱི་རིག་འཛིན་འཇའ་ཚོན་སྙིང་པོ་ལ་སོགས་ཕལ་ཆེར་གྱིས་སོ་སོར་ཕྱེས་ཏེ་བཀོད་པའི་ཕྱག་ལེན་བཞིན་དུ་འདིར་ཡང་སོ་སོར་བཀོད་པར་སྤྲོ་སྟེ། དེ་ལ་འདིར་ནི་ཕྱིའི་རྣམ་ཐར་བཀོད་པའོ། །དེ་ལ་རྒྱལ་བ་གཡུང་སྟོན་པས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ཡང་། །བསྟོད་ར་ཆེ་བས་བླ་མ་ཟོབ་པོར་བཏང་། །ཞེས་གསུངས་པ་ལྟར་སློབ་མ་དད་པ་ཅན་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཅན་དག་


CMR003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གིས། སངས་རྒྱས་ཀུན་དང་བླ་མ་མཉམ་ཞེས་དང་། །བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་པར་ཡང་མི་ལྟའོ། །ཞེས་པའི་དོན་ལ་བསམས་ནས། བླ་མ་སོ་སོའི་སྐྱེ་བོ་ལ་ཡང་སར་གནས་སེམས་དཔའ་ཙམ་དུ་བསྟོད། བླ་མ་སར་གནས་ཙམ་ལ་སངས་རྒྱས་ཙམ་དུ་བསྟོད་པའི་རྣམ་ཐར་དག་ཡོད་པར་སྣང་མོད་ཀྱི། འདིར་ནི་དེ་ལྟར་མི་བྱ་སྟེ། མ་མཐོང་བ་ཞིག་མཐོང་ཞེས་མི་ཆོས་བླ་མའི་རྫུན་སྨྲས་ན་ནི་བདག་གི་སོ་སོར་ཐར་པའི་སྡོམ་པ་འཆོར་བ་དང་། བསྟོད་འོས་སྨད་པ་དང་སྨད་འོས་བསྟོད་པ་གཉིས་ཉེས་པ་མཉམ་སྟེ། ལྕེ་ལ་གླང་དོར་ལྔ་བ་རྒྱས་རྨོ་བར་བཤད་པའི་རྣམ་སྨིན་ལ་འཇིགས་པ་དང་། སྐྱེས་བུ་དམ་པ་མིན་པ་ཞིག་དམ་པ་ཡིན་ནོ་ཞེས་བསྒྲགས་ཤིང་བསྟོད་ན་སྐྱབས་ལ་བསླུ་བའི་བདུད་དེ། རང་གཞན་ཐམས་ཅད་ཕུང་བའི་རྒྱུ་ཡིན་པར་གསུངས་པའི་ཕྱིར་རོ། །ཡོན་ཏན་གྱི་ཆ་ཅུང་ཟད་མཐོང་བ་ལ་སྒྲོས་བཏགས་ནས་ཆེན་པོར་བསྟོད་པར་ཡང་མི་རུང་སྟེ། མི་བསྐྱོད་ཞབས་ཀྱིས་དོན་ཏིལ་འབྲུ་ཙམ་ལ་སྒྲོས་ཏ་ལའི་ལོ་མ་ཙམ་བཏགས་ནས་བསྟོད་པ་ཡང་ཇོ་བརྫུར་གསུངས་པས་སོ། །སྙན་ངག་པ་ལ་བཀག་པ་མེད། །བྱི་བ་ལ་ནི་གླང་ཆེན་དང་། །ཕྱུག་པོའི་བུ་ལ་རྣམ་ཐོས་བུ་བཞིན་


CMR003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་སྙན་ངག་གི་བསྟོད་པ་ལ་འགལ་བ་མེད་ཅེས་མཁས་པ་རྣམས་བཞེད་ཀྱང་། བསྟོད་མི་འོས་པ་ལ་སྙན་ངག་གིས་བསྟོད་ན་ཡང་ངག་འཁྱལ་ཡིན་པར་བཤད་ལ། ངག་འཁྱིལ་ནི་མི་དགེ་བཅུའི་ཡ་གྱལ་དུད་འགྲོར་སྐྱེ་བའི་རྒྱུ་ལགས་སོ། །དེ་ནས་དེ་དག་ལྟ་བུ་ནི་འདིར་བཀོད་པར་མི་བྱའོ། །རྫུན་མ་འདྲེས་པར་དྲང་པོའི་ཚིག་གིས་བསྟོད་པར་འོས་པ་སུ་ལ་བསྟོད་ཀྱང་ཕན་ཡོན་མཐའ་ཡས་མོད། ཁྱད་པར་བླ་མའི་ཡོན་ཏན་ཕྱོགས་བཅུར་བསྒྲགས་པ་གསང་སྔགས་ཀྱི་དམ་ཚིག་ཏུ་བཤད་ཅིང་། གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པའི་རྒྱུར་བཤད་པའི་ཕྱིར་འདིར་སྤྲུལ་སྐུ་འདིའི་ཡོན་ཏན་གྱི་ཆ། རང་གིས་མངོན་སུམ་དུ་མཐོང་ཞིང་ཐོས་པ་རྣམས་སྒྲོ་བཏགས་སྐུར་འདེབས་གཉིས་ཀ་སྤངས་ནས་དྲང་པོར་འཆད་པར་བྱའོ། །འོ་ན་ཁོང་གི་རྣམ་ཐར་ཁོ་རང་གིས་མཛད་འོས་ཀྱི་ཁྱོད་ཀྱིས་མི་འོས་ཞེ་ན། འདུལ་བ་དང་མདོ་སྡེ་རྣམས་ནས། ཉན་ཐོས་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་སྟོན་པས་གསུངས་པ་དང་། རྗེ་མི་བསྐྱོད་ཞབས་ཀྱིས་དཀོན་མཆོག་འབངས་ཀྱི་རྣམ་ཐར་མཛད་ནས་དེའི་ཁྲིད་ཡིག་ཀྱང་མཛད་པ་དང་། གཞན་ཡང་གྲུབ་མཐའ་དག་ལ་སློབ་མ་སྐྱེས་བུ་དམ་པ་རྣམས་ཀྱི་


CMR003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་དང་ཆེ་བརྗོད་རྡོ་རྗེ་སློབ་དཔོན་དེས་མཛད་པ་ཤིན་ཏུ་མང་ལ། འཇའ་ཚོན་པའི་རྣམ་ཐར་ནོར་བུ་རྒྱན་པས་མཛད་པ་སོགས། སློབ་དཔོན་སློབ་མ་གཉིས་ཀ་ཡིན་པ་རྣམས་ཀྱིས་མཛད་པ་ཡང་མང་ཞིང་། རྗེ་སངས་རྒྱས་དབོན་གྱིས་གཞོན་ནུ་རོ་རྩེད་སྐུ་ཞང་ལྷ་རིན་པོ་ཆེས་བསྒྲིགས་པ་སོགས་སྐུ་ཉེ་དག་གིས་བསྒྲིགས་པ་དང་། གྲུབ་མཐའ་སོ་སོའི་སྤྲུལ་སྐུ་རྣམས་སྐུ་ན་ཕྲ་མོའི་རྣམ་ཐར་དྲུང་སྐོར་རྒྱུས་ཡོད་རྣམས་ཀྱིས་བསྒྲིགས་པ་ཁོ་ན་དང་། མཐོང་བ་དོན་ལྡན་སྐུ་ན་ཕྲ་མོའི་རྣམ་ཐར་དྲུང་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་པས་བསྒྲིགས་པ་སོགས་དང་པོའི་བདག་རྐྱེན་མཁན་དེས་བསྒྲིགས་པ་དང་། རང་རང་གི་རྩ་བའི་སློབ་མ་ཞིག་གིས་བསྒྲིགས་པ་ནི་རྣམ་ཐར་ཕལ་ཆེར་ཡིན་པས། བདག་གིས་ཅི་ནས་ཀྱང་བསྒྲིགས་བབ་པའོ། །དེ་ཡང་སྐུ་ན་ཕྲ་མོའི་སྐབས་རྣམས་རང་རང་གི་ཐུགས་ལ་བརྗེད་ནས་བྲི་རྒྱུ་ཡང་མེད་དེ། རཏྣ་གླིང་པའི་རྣམ་ཐར་ལས། རང་ཉིད་ལས་ཅན་ཡིན་པ་རུ། །མ་ཤེས་ཆེད་འཛིན་མེད་པ་དེས། །ཕལ་ཆེར་བརྗེད་པའི་དབང་དུ་སོང་། །ཆུང་དུ་བྱིས་པའི་རྣམ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །སྐྱེས་བུ་ལ་ལ་དག་ཡོན་ཏན་ཐམས་ཅད་གསང་ནས་རྟགས་རྟེན་འབྲེལ་


CMR003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་རྩིས་མེད་པར་ཆོས་ཉམས་ལེན་གཙོ་བོར་སྟོན་པ་དག་གི །རང་རང་གིས་རྣམ་ཐར་མཛད་ཀྱང་མི་གསལ་ཏེ། རྗེ་མི་ལས། ང་འཇམ་དཔལ་བཤེས་གཉེན་པའི་རྣམ་འཕྲུལ་ཟེར་བ་སོགས་ང་ལ་སྐུར་འདེབས་ཡིན། ང་རང་བསྒོམས་པས་གྲུབ་པ་ཐོབ་པ་ཡིན་གསུངས་པ་དང་། གཙུག་ལག་ཕྲེང་བས་ལར་སྐྱེ་བ་མ་དྲན་འཆི་བ་དྲན་གསུངས་པ་ལྟ་བུའོ། །སློབ་མ་བླུན་དད་ཅན་གྱིས་བརྩམས་པ་ལ་བསྟོད་ར་ཆེ་དྲགས་པས་སྤངས་ལ། སྙན་ངག་མཁན་གྱིས་བསྟོད་པ་ནི་གོ་དཀའ་ཞིང་། དེ་ངེས་པ་ཡིན་ནམ་སྙན་ངག་གི་རྒྱན་བཏགས་པ་ཡིན་འབྱེད་དཀའོ། །དེས་ན་འདི་ལ་ནི་སྐྱོན་དེ་དག་མེད་དེ་གོ་སླ་ཞིང་ངེས་པའོ། །འོ་ན་ཁྱོད་ལྟ་བུ་བྱ་བྲལ་ཉམ་ཆུང་། ཆོས་དང་འཇིག་རྟེན་གང་ས་ནས་ཁྱེར་ཁ་དང་མཁོས་ཅི་ཡང་མེད་པ་ལ། སྐྱེས་བུ་དམ་པ་འདི་ལྟ་བུར་སློབ་མར་འབྱུང་བ་ནི་ཆེར་མ་འོས་སོ་ཞེ་ན། དེ་ནི་བདེན་མོད་ཀྱི་ངེས་པ་ཡོད་པ་མིན་ཏེ། རྗེ་བཙུན་མར་པས། བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །ཞེས་ལུང་བསྟན་པ་དང་། སྤོམ་བྲག་པ་ལ་འཇིག་རྟེན་གྱི་མཁྱེན་རྒྱ་མེད་པས་གྲྭ་སློབ་རྣམས་ཀྱིས་ཕུད་པ་ལྟ་བུ་བྱས་པས་རས་ཆེན་


CMR003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདན་ས་མ་ཟིན། ་ཁྱེར་ཁ་དང་དྲག་མི་ཆེ་བ་ལ་གྲུབ་ཆེན་ཀརྨ་པ་སློབ་མར་གྱུར་ཏེ་ཞལ་ཆེམས་ལ་ཡང་། བརྒྱུད་པ་འདི་བླ་མ་བས་སློབ་མ་བཟང་བ་ཁོ་ན་འབྱུང་བ་རྟེན་འབྲེལ་ཡིན། ང་ཡན་གྱི་བརྒྱུད་པ་ཐམས་ཅད་ཀྱི་གདུལ་བྱ་འགྲོ་དོན་ཁྱོད་གཅིག་པུ་ལ་འོང་གསུངས་པ་དང་། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་དེ་རི་ཕུག་པའི་རྟོགས་ལྡན་སྒྲུབ་པ་བ་ལྟ་བུ་དྲག་དང་འཁྱེར་ཁ་མེད་པ་ལ། སློབ་མ་གྲུབ་ཐོབ་སྐྱེར་ཐོང་བ་བྱུང་སྟེ། འགྲོ་དོན་དང་ཕྲིན་ལས་ཀྱི་བོད་ཡུལ་ཁྱབ་སྟེ་རྒྱ་ནག་རྒྱལ་པོས་ཀྱང་འབུལ་བ་རྒྱ་ཆེན་བསྐུར་རོ། །ང་ཡི་བླ་མ་ནི་རྨོག་ཅོག་པ་ཡིན་པས་དེར་ཟང་ཟིང་གི་མཎྜལ་འབུལ་དགོས་གསུངས་པས། གྲྭ་པ་རྣམས་ཕྱོགས་གཅིག་ཏུ་ཁྲིམས་བྱས་ཏེ། བླ་མ་དང་གདན་ས་དེ་ང་རོང་ཆེ་བ་ལ་རི་ཕུག་སྦག་སྦག་ལ་འབུལ་བ་བསྐྱལ་བ་མི་འཐད་ཚུར་བསྐྱལ་ན་འོས་མིན་ཟེར་ནས་གཅིག་གིས་ཀྱང་གྲོགས་མ་བྱས་ཛ། ཚོང་དཔོན་གོས་སྔོན་ཅན་རྟ་ནག་པོ་ཞོན་པ་དྲེལ་མང་པོ་དེད་པ་གཅིག་བྱུང་ནས་འབུལ་བ་རྣམས་བཀལ་གྲོགས་བྱས་ནས་ཉིན་ལམ་མང་པོར་བསྐྱལ། རྨོག་ཅོག་པའི་རི་ཁྲོད་ཉེ་ལོགས་ཤིག་ཏུ་བསླེབས་པ་དང་། ངེད་ཅག་རི་རབ་ཁོང་གསེང་ན་གནས་པའི་མགོན་པོ་ཡིན་


CMR003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁར་སང་ནས་ཁྱོད་སེམས་མི་བདེ་བར་འདུག་པས་གྲོགས་ལ་འོང་བ་ཡིན། དོ་ནུབ་རྒྱ་གར་གྱི་དུར་ཁྲོད་ཞིག་ཏུ་སློབ་དཔོན་དྷ་ན་སཾ་ཀྲྀ་ཏས་ཚོགས་འཁོར་མཛད་པ་ན་ངེད་རྣམས་འགྲོ་དགོས་པ་ཡིན་ཟེར་ནས་རླུང་འཚུབ་མ་ཞིག་ཏུ་གྱུར་ཏེ། ཚོང་དཔོན་དཔོན་གཡོག་དྲེལ་ཁྱུ་དང་བཅས་པ་མེད་པར་སོང་བས། ཆས་ཀ་རྣམས་དེ་ཀར་ལུས་པ། ཡར་དག་བྱེད་ནས་བསྐྱལ་དགོས་བྱུང་། དེར་རྨོག་ཅོག་པ་ལ་དངོས་པོ་རྣམས་ཕུལ་ནས་དབང་ལུང་གི་ལྷག་མ་རྣམས་གསན། ཉམས་ལེན་རྟོགས་པ་ཤར་ཚུལ་རྟོགས་འབུལ་བྱས་པ་ན། ད་ངེད་རང་གཉིས་ཁང་ཐོག་ལ་ལངས་དང་གསུངས། ཁང་ཐོག་ན་ཕེབས་དང་ཕྱག་འཁར་བེར་སྒྲ་དེ་གནམ་དུ་ཕྱོར་ལ། བ་ལ་མཛོ་སྐྱེས་ཟེར་བ་གྱིས་ལ་འོ་དོད་གསུམ་གྱིས་གསུངས་དེ་ལྟར་བྱས་པས། འོ་ང་བ་དང་འདྲ་བ་ལ། ཁྱེད་མཛོ་དང་འདྲ་བ་སྐྱེས་པ་ཡིན་གསུངས་སྐད། ཕ་གླང་བུ་མཛོ་ཟེར་བའི་ཁ་ངག་ཀྱང་དེ་ནས་བྱུང་ཚོད་གདའོ། །དེ་ནས་བདག་ལྟ་བུ་ལུགས་གཉིས་ཀྱི་མཁོས་ཁ་མེད་ཀྱང་སློབ་དཔོན་དུ་མི་རུང་བའི་དམ་ཚིག་གི་ཆག་ཉམས་ནི་མེད་པས་མི་རུང་བའི་ངེས་པ་ནི་མེད་དོ། །འོ་ན་ཁྱོད་ལ་མཁོས་དང་ཤེས་རྒྱ་མེད་བཞིན་དུ། བྱ་བྲལ་


CMR003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་འཆི་ཁ་མ་འཆི་ཆིས་ཐུགས་དམ་དགེ་སྦྱོར་ལ་མི་འབུང་བར། རྣམ་ཐར་སོགས་ཀྱི་རྩམ་དང་བསྟན་པའི་རྒྱ་བསྐྱེད་རྒྱུ་རང་ལ་ཅི་ཡང་མེད་བཞིན་དུ་ཡོད་པ་བརྫུ་བ་འདི་ཅི་ལ་བྱེད་སྙམ་ན། དེ་ཡང་བདེན་མོད་ཀྱི། རིག་འཛིན་བདུད་འདུལ་རྡོ་རྗེ་ལ་མཚམས་སྒྲུབ་ཀྱི་དམ་བཅའ་ཕུལ་བ་ན། ཁྱོད་རིག་འཛིན་རྒས་པོ་གཅིག་ད་མཚམས་སྒྲུབ་དགོས་རྒྱུ་མེད། དེ་བས་སྤྲུལ་སྐུ་འདིའི་ཆགས་ཕྱི་གྱིས་དང་ཤཱཀྱ་ཐུབ་པའི་ཆགས་ཕྱི་ཡང་དེ་ཡིན། ཨོ་རྒྱན་པདྨའི་ཆགས་ཕྱི་ཡང་དེ་ཡིན་གསུངས། གཞན་ཡང་དགེ་བའི་བཤེས་གཉེན་མང་པོ་དང་། རྙིང་མ་ལ་དད་ཅིང་ཡོན་ཏན་ཤེས་པ་ཐམས་ཅད་ཀྱིས་ཀྱང་སྤྲུལ་སྐུའི་ཆགས་ཕྱི་སྔར་བྱས་པ་ལ་ལེགས་སོ་དང་། ད་རུང་དགོས་ཚུལ་གྱི་བསླབ་བྱ་མཛད། ཁྱད་པར་དུ་སྟོད་མངའ་རིས་དང་འབྲས་མོ་ལྗོངས་དང་ཤར་ཀཐོག་དང་རོང་བཙན་ཁ་བ་དཀར་པོ་སོགས་ནས་བྱོན་པའི། རྫོགས་ཆེན་གྱི་རྟོགས་ལྡན་བཟང་པོ་རྣམས་ཀྱིས་ཀྱང་། སྤྲུལ་སྐུའི་ཆགས་ཕྱི་སྔར་བྱས་པའི་ལེགས་སོ་རྐང་པའི་མཐིལ་སྤྱི་བོར་ལེན་པར་ཚད། སླར་ཡང་ཆགས་ཕྱི་དགོས་ཚུལ་གྱི་བསླབ་བྱ་ཁྱེད་ཤེས་རེམ་རེམ་གྱིས་མཛུབ་གུ་ནས་འཇུའོ། །སྤྲུལ་སྐུའི་སྐྱེས་རབས་དང་རྣམ་ཐར་རྣམས་ནས་ཀྱང་ཁོ་


CMR003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནི་སྐྱེ་བ་ཕལ་ཆེར་དུ་འབྲལ་བ་མེད་ཅིང་། ད་རེས་ཀྱང་ཆོས་བདག་གི་གཙོ་བོར་གསུངས་ཤིང་། སྤྲུལ་སྐུ་འདི་བདག་གི་མེ་ཏོག་ཕོག་པའི་ལྷ་སྐལ་དང་ཆོས་འདི་རྣམས་ཀྱང་བདག་གི་ཆོས་སྐལ་དུ་ངེས་པའི་ཕྱིར། གང་ཟག་དང་ཆོས་འདིའི་ཆགས་ཕྱི་འགྲུབ་ན་བདག་ད་རེས་མིར་སྐྱེས་པ་འདིའི་དོན་གོ་ཡང་དེ་ཡིན་པར་འདུག་སྙམ་ནས་བྲི་བ་ཡིན་ཏེ། གཞན་འཇིག་རྟེན་གྱི་བསྐོ་བཞག་དང་ཁེ་བ་དྲི་བ་སོགས་ནི་ང་ལ་མེད། རྣམ་ཐར་སོགས་བྲི་བ་འདི་ཆགས་ཕྱི་ཡིན་བསམ་པ་ཡིན་གྱི། སྤྲུལ་སྐུ་ལ་སྙན་གྲགས་བྱུང་ན་རང་ལ་ཡང་མཉམ་དུ་འོང་བསམ་པའི་གྲགས་འདོད་དང་། བརྩམས་ཆོས་པོ་ཏི་མང་ན་མཁས་པའི་མིང་ཐོབ་སྙམ་དུ་མཁས་འདོད་དང་། སྤྲུལ་སྐུ་ལ་གདུལ་བྱ་བྱུང་ན་མཐར་ང་ལ་ཕན་འོང་སྙམ་པའི་ཟ་འདོད་སོགས་ཡིན་མིན་ནི། ཡེ་ཤེས་དང་ལས་ལ་གྲུབ་པའི་ཡེ་ཤེས་སྤྱན་ལྡན་ལེགས་ཉེས་སྟོང་འཛིན་གྱི་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱིས་གཟིགས་ལ་དཔང་པོ་དང་དྲང་ཤན་མཛོད་ཅིག །ཨེ་མ་བྱ་བྲལ་རཱ་ག་ཨ་སྱ་བདག །ཆོས་ཁྲིད་མང་ཐོབ་མདོ་རྒྱུད་དུ་མ་མཐོང་། །ཕན་གནོད་རྒྱུ་འབྲས་ཤེས་ཕྱིར་རྫུན་མི་སྨྲ། །བྱང་ཆུབ་སེམས་བསྐྱེད་འགྲོ་ཀུན་ཕ་མར་གོ །དེ་ཕྱིར་མི་


CMR003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བསྐོར་བའི་བསམ་སྦྱོར་སྤངས། །གསར་རྙིང་མདོ་རྒྱུད་དུ་མའི་དབང་ལུང་ཕྱུག །ཡིད་མི་ཆེས་པའི་ཆོས་ཤིག་ཉམས་མི་ལེན། །སངས་རྒྱས་ཡིན་ཞེས་བླ་མ་མང་ཞིག་བསྟེན། །སྐུ་སྐྱེ་ཡིན་ཟེར་ཙམ་ལ་སྐྱབས་མི་ཞུ། །སེམས་ཅན་བསླུས་པའི་ཉེས་དམིགས་གང་ཡོད་ཤེས། །དམ་པ་མིན་པ་དམ་པར་ངས་མི་བསྟོད། །གཏེར་རྫུན་བདུད་སྤྲུལ་ཡིན་ཚུལ་ལུང་མང་མཐོང་། །གཏེར་རྫུན་རང་བཟོའི་ཕུག་ལ་ང་མི་འདུག །ཚེ་ལ་ལོང་མེད་ནམ་འཆི་ཆ་མེད་གོ །དོན་གཅིག་མེད་ན་དཔེ་མང་བྲི་མི་ཁོམས། །དེ་ཕྱིར་ཕྱི་རབས་རྣམ་དཔྱོད་ཡོད་པ་ཀུན། །རྣམ་ཐར་འདི་ལ་ཐེ་ཚོམ་ཡིད་གཉིས་སྤོངས། །ཐུགས་མི་ཁེངས་དང་ཐུགས་ལ་མི་ཤོང་བ། །ཇི་ལྟར་བྱུང་ཡང་མངོན་སུམ་མཐོང་བ་ཡི། །ཕྱི་ཡི་རྣམ་ཐར་འདི་ལ་ཁྲི་བསྣན་མེད། །བདེན་པའི་ཚིག་ལ་འདྲེ་ཡང་ཉན་ཞེ་ན། སྨྲ་ཤེས་དོན་གོའི་མི་ལ་ལྟ་ཅི་སྨོས། །དེ་ཕྱིར་མི་རྣམས་འདི་ལ་གུས་པས་ཉོན། །ཞེས་པ་འདི་ནི་སྔར་མཚན་ཉིད་པའི་དྲུང་རམ་བ་མཁས་པ་ཞིག་ན་རེ། རྣམ་ཐར་ལ་ངེས་པ་མེད། ལེགས་ལེགས་ཐམས་ཅད་དེ་བྲིས་ཞན་ཞན་གཅིག་ཀྱང་མ་བྲིས་པ་ཡིན་ཟེར་བ་དྲན་ནས། དེ་ལྟར་འདི་མིན་ནོ་ཞེས་པའི་ཡིད་ཆེས་


CMR003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྨྲས་སོ། །དེ་ཡན་གྱི་རྣམ་ཐར་གྱི་ཁོག་ཕུབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྣམ་ཐར་དངོས་ལ་ལེའུ་སོ་ལྔ་འབྱུང་བའི་དབང་དུ་བྱས་ཏེ། དང་པོ་དེ་བཤད་པ་ལ་ཡང་ཡུལ་དང་། དུས་དང་། རིགས་རུས་དང་། ཡབ་ཡུམ་སྟེ་གཟིགས་པ་ལྔའི་རྣམ་པས་སོ། །ཡུལ་ལ་ཡང་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་དང་། ཡབ་ཡུལ་བཤད་པ་དང་། འཁྲུངས་ཡུལ་བཤད་པ་དང་། མཐར་འགྲོ་དོན་གྱི་ཡུལ་བཤད་པའོ། །དེ་ལ་སྤྱིར་འོག་མིན་འཐུག་པོ་བཀོད་པའི་ཞིང་ན་ཐུབ་པ་གངས་ཆེན་མཚོའི་ཕྱག་མཉམ་བཞག་གི་སྟེང་ལྷུང་བཟེད་ནང་ན་སྤོས་ཆུའི་རྒྱ་མཚོ་ལ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་སྐྱེས་པའི་མེ་ཏོག་རེ་རེའི་སྟེང་ན་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད་པའི་ནང་ནས་མེ་ཏོག་བཅུ་གསུམ་པའི་ཟེའུ་འབྲུ་རེ་རེའི་ནང་ན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད་དོ། །དེ་ལ་ཟེའུ་འབྲུ་དབུས་མའི་ཕུམ་ཕྲུམ་གཅིག་གི་ནང་ན་སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་ཆགས་ནས་ཡོད་དོ། །སངས་རྒྱས་དེའི་བ་སྤུའི་ཁུང་རེ་རེ་ན་ཡང་འཇིག་རྟེན་གྱི་ཁམས་རེ་རེ་ཡོད་དོ། །དེ་ལ་འཇིག་རྟེན་འདི་ནི་སངས་རྒྱས་དེའི་ཐུགས་ཀའི་ཐད་དུ་ཡོད་པས།


CMR003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གཞན་དུ་དགེ་སྡིག་བསྐལ་པར་སྤྱད་པ་བས་འདིར་སྐད་ཅིག་སྤྱད་པས་སྟོབས་ཆེ་བར་བཤད་དོ། །འཇིག་རྟེན་འདི་ཁོ་ན་ལ་ཡང་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟེ། དེ་དག་གི་རྡོ་རྗེ་གདན་བྱེ་བ་ཕྲག་བརྒྱ་ན་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། ཨོ་རྒྱན་ཡུལ་བྱེ་བ་ཕྲག་བརྒྱ་ན་ཨོ་རྒྱན་པདྨ་བྱེ་བ་ཕྲག་བརྒྱ་བྱོན་ནོ། །ད་ལྟ་འདི་ན་ཇི་ལྟར་ཡོད་པ་ལྟར་བསྟན་པའི་འཕེལ་འགྲིབ་ཀྱང་མཚུངས། འཇིག་རྟེན་འདི་ནས་གཏེར་སྟོན་བྱོན་པ་ལྟར་བོད་གངས་ཅན་བྱེ་བ་ཕྲག་བརྒྱར་ཡང་། གཏེར་སྟོན་མིང་དང་རུས་དང་གཏེར་ཆོས་ཡང་དེ་དང་འདྲ་བར་བྱེ་བ་ཕྲག་བརྒྱ་སྟེ། དེ་ནི་སངས་རྒྱས་དེ་དག་མཛད་པ་མཉམ་པའི་ཕྱིར་ཕར་ཕྱིན་གྱི་བཤད་པ་རྒྱས་པ་རྣམས་ནས་གསུངས་སོ། །དེ་ལྟར་ཨོ་རྒྱན་པདྨ་བྱེ་བ་ཕྲག་བརྒྱའི་རེ་རེ་ལ་ཡང་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། སྤྲུལ་པ་རེ་རེས་སྨིན་གྲོལ་ལ་བཀོད་པའི་གདུལ་བྱའི་སེམས་ཅན་བྱེ་བ་ཕྲག་བརྒྱ་བརྒྱ། དེ་དག་རེ་རེས་འགྲོ་བའི་དོན་མཛད་པ་ཡང་ཚད་ལས་འདས་པར་བཤད་དོ། །དེ་ལ་གླིང་བཞི་བྱེ་བ་ཕྲག་བརྒྱའི་ནང་ནས་གླིང་བཞི་འདི་ནི་ཀུན་གྱི་དབུས་མ་སྟེ། སྟོང་སྤྱི་ཕུད་ཀྱི་ཡང་ལྟེ་བ་ལྟ་བུ་ཡིན་པར་བཤད་དོ། །གླིང་བཞི་འདི་ལ་ཡང་གླིང་


CMR003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞི་དང་། གླིང་ཕྲན་བརྒྱད་དང་བཅུ་གཉིས་གྲགས་ཆེ་ཡང་། འཛམ་གླིང་འདིའི་མཐའ་སྐོར་དུ་ཟླ་བའི་གླིང་དང་། གསེར་གླིང་དང་། ནོར་བུ་གླིང་དང་སེང་ག་ལའི་གླིང་སོགས་གླིང་གཡོག་ཕྲན་བུ་ནི་མང་དུ་ཡོད་པར་བཤད་དོ། །དེ་ལ་སངས་རྒྱས་སྟོང་འབྱོན་ཞིང་དམ་པའི་ཆོས་དར་བས་མཆོག་ཏུ་བཤད་པ་ལྷོ་རྒྱལ་འཛམ་བུ་གླིང་། མཚོ་མ་དྲོས་པ་དང་ཤིང་ཛམ་བུ་པྲི་ཤིའི་འབྲས་བུ་མཚོར་ལྷུང་དུས་འཛམ་གྱི་སྒྲ་འབྱུང་བའོ། །གླིང་འདི་ལ་ཡང་ཡུལ་ཆེན་པོ་ཉི་ཤུ་རྩ་བཞི། ཡུལ་ཕྲན་དགུ་བཅུ་རྩ་དགུ། མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། མཐའ་འཁོབ་བརྒྱ་དང་རྩ་བརྒྱད། ཡང་འཁོབ་སྟོང་དང་རྩ་གཉིས་ཡོད་པའི་ནང་ནས། མཐའ་འཁོབ་ཁ་བའི་ལྗོངས་ཡིན་ནོ། །འོ་ན་མཐའ་འཁོབ་ཀྱི་ཡུལ་འདིར་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའི་རིགས་ཅན་ཅིའི་ཕྱིར་འཁྲུངས་ཞེ་ན། རྒྱ་གར་གྱི་ཨ་ཙ་ར་ཕལ་པ་རྣམས་ཀྱིས་བོད་མཐའ་འཁོབ་ཏུ་འཕགས་པ་མི་འབྱུང་། རྒྱ་གར་ནི་འཕགས་པའི་ཡུལ་ཡིན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དགྲ་བཅོམ་རང་སངས་རྒྱས་རྣམས་འབྱུང་གི་བོད་དུ་མི་འབྱུང་བར་འདོད་དོ། །འོན་ཀྱང་བོད་མཐའ་འཁོབ་ཡིན་ཀྱང་


CMR003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་ཞིང་ཁམས་ཡིན་པས། བྱང་ཆུབ་སེམས་དཔའ་མང་དུ་འབྱུང་བ་སྟེ། བཀའ་གདམས་བུ་ཆོས་རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་ཐམས་ཅད་ཀྱིས་རྡོ་རྗེའི་གླུ་བླངས་ཏེ་ལུང་བསྟན་པ། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤྱིར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་བ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་མཎྜལ་ཡོད། །དྲི་ཞིམ་པོ་པདྨའི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་


CMR003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །མི་ཁྱོད་ཀྱི་ཞིང་ཁམས་དེ་ན་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །འབྲུ་སྣ་ཚོགས་སྨིན་པའི་ཞིང་ས་ཡོད། །འབྲུ་བང་མཛོད་རྒྱས་པའི་རྟགས་སུ་བཟང་། །ཤིང་སྣ་ཚོགས་སྐྱེས་པ་ནགས་ཀྱི་ཁྲོད། །གནས་ཁང་བཟང་འཕེལ་བའི་རྟགས་སུ་བཟང་། །ཆུ་མི་ཆེ་རྒྱ་མཚོ་ཆེན་པོ་མེད། །ཆུ་མི་ཆུང་ཆུ་བོ་དཔག་མེད་འབབས། །ཆུ་སྙོམས་པས་ཡུལ་མི་རྟགས་ཏུ་བདེ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཤར་ལྷུན་པོའི་ཁ་ནས་ཉི་མ་ཤར། །ཕྱོགས་གཞན་གསུམ་མ་ནོར་ཤུགས་ལས་ཤེས། །འཆར་མི་སྔ་སྔ་དུས་བསམ་གཏན་འཕེལ། །འཆར་མི་ཕྱི་ཉི་འོད་སྨིན་པ་ལས། །ལུས་བག་ཕེབས་བདེ་བར་སྤྱོད་པར་བྱེད། །རྒས་མི་སྔ་ཕོ་རབ་མདུན་གཏམ་འཕེལ། །རྒས་མི་ཕྱི་མཛངས་མའི་ལས་རྣམས་འགྲུབ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང་། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་


CMR003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཅེས་ལུང་བསྟན་པའི་བོད་ཁ་བ་ཅན་ནོ། །སྤྱིར་བོད་ཁ་བ་ཅན་དུ་བྱང་ཆུབ་སེམས་དཔའ་མང་པོ་དག་འཁྲུངས་བའི་ལུང་ཡང་འཕགས་པ་གླང་རི་ལུང་བསྟན་པའི་མདོ་ལས། མ་འོངས་པའི་དུས་ན་བོད་ཡུལ་དུ་དཀོན་མཆོག་གསུམ་གནས་ཤིང་མཆོད་གནས་ཆེན་པོ་བྱེད་པ་དང་། ཡུལ་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་གནས་སུ་འགྱུར་ཞིང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་ལམ་ཚོལ་བའི་ངང་ཚུལ་ཅན། ཐེག་པ་ཆེན་པོ་ལ་དད་པས་ཏིང་ངེ་འཛིན་ལ་གཞོལ་བར་འགྱུར་རོ། །ཞེས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། །ལི་ཡུལ་བོད་ཀྱི་གྲོང་ཁྱེར་དེར། །སྐྱེ་བ་དག་ཀྱང་བཞེས་འགྱུར་ཞིང་། །མི་དང་འདྲ་བ་སྣང་བར་འགྱུར། །ཞེས་དང་། འོ་ན་ཇི་ལྟར་སྣང་ཞེ་ན། འཇམ་དཔལ་གཅིག་པུའི་སྐྱེ་བ་ལ་ཡང་ལྔ་བརྒྱ་འབྱུང་སྟེ། སུམ་བརྒྱ་ནི་རབ་ཏུ་བྱུང་བའི་ཚུལ་དུ་འབྱུང་ལ། ཉིས་བརྒྱ་ནི་ཁྱིམ་པའི་ཚུལ་དུ་འབྱུང་བར་གསུངས་པས། ཕྱག་རྡོར་དང་སྤྱན་རས་གཟིགས་དང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་ཡང་དེ་བས་མི་ཉུང་བར་ངེས་སོ། །དེར་མ་ཟད་ཇོ་བོ་ཐུགས་རྗེ་ཆེན་པོ་སྤྲེའུའི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་


CMR003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་བརྒྱ་རྩ་བརྒྱད་བཞུགས་པ། ཉང་ཤའི་སྤྱན་ཅན་གྱིས་གཟིགས་པར་གསུངས་སོ། །དེ་ལྟར་བོད་ཁ་བ་ཅན་ལ་ཡང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གམ་ལྔར་བཤད་པའི་མདོ་ཁམ་སྒང་། དེ་ལ་གླིང་ཁྲི་གོང་འོག་བར་གསུམ་ལས་བར་མའོ། །དེ་ལ་སྒང་ཆེན་ལྔར་བརྩི་བའི་དབང་དུ་བྱས་ན་ཚ་བ་སྒང་སྟེ། ལྷོ་ཟླ་ངང་མས་ཕར་བཅད་དང་། །དངུལ་ཆུ་དལ་འབྱམས་ཀྱིས་ཚུར་བཅད་དེ། །བར་དེ་ན་སྒང་གཅིག་ཡོད་པ་དེ། །ཚ་བའི་རྫ་སྒང་རིང་མོ་ཡིན། །མཁས་པས་བརྩིས་ན་སྒང་དྲུག་ཡོད། །ཅེས་བཤད་པ་ནི། རྫ་ཆུ་ངོམ་ཆུའི་བར་འདི་མདོ་ཁམས་ཟལ་མོ་སྒང་ཡིན་ཅིང་། དེའི་ནང་ནས་ངོམ་གྱི་ཡུལ་ཏེ། ཡུལ་འདིའི་ཆེ་བཤད་དྲུང་མཁའ་སྤྱོད་པའི་རྣམ་ཐར་སོགས་ཡིག་ཚང་ལས་འབྱུང་བའི་དོན་བསྡུས་ཏེ་ཚིགས་སུ་བཅད་པ་ནི། ཨེ་མ་ཧོ༔ ཡབ་ཡུམ་ངོམ་དུ་རུང་བའི་ཡུལ། །ཕུ་ན་རྒྱལ་ཆེན་བཅོ་བརྒྱད་ཡོད། །ཡུལ་ལྷ་བཟང་པོ་ངོམ་དུ་རུང་། །ལྷ་གཞན་ལ་མི་སྨོན་ལྷ་ཡིས་ངོམ། །མདའ་ན་མདའ་ཆེན་བཅོ་བརྒྱད་ཡོད། །གནས་གཞི་བཟང་པོ་ངོམ་དུ་རུང་། །ཡུལ་གཞན་ལ་མི་སྨོན་ཡུལ་གྱིས་


CMR003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ། །བར་ན་ས་འགག་བཙན་པོ་ཡོད། །མཐའ་དམག་བྱུང་དུས་ངོམ་དུ་རུང་། །འུར་ཞོག་པ་ཚོ་རྫོང་གིས་ངོམ། །ཕུ་ན་རྩྭ་ཁ་བཟང་པོ་ཡོད། །འབྲོག་པ་རྣམས་ལ་ངོམ་དུ་རུང་། །བེལ་ལུག་རྣམས་ཀྱང་རྩྭ་ཡིས་ངོམ། །སྨད་ན་ཆུ་མི་བཟང་པོ་ཡོད། །ལོ་ཉེས་བྱུང་དུས་ངོམ་དུ་རུང་། །ཚོང་པ་རྣམས་ཀྱང་ནས་ཀྱིས་ངོམ། །དེ་ཕྱིར་ངོམ་ཞེས་བྱ་བ་ཡིན། །ཞེས་བྱའོ། །དེ་ལྟར་ངོམ་གྱི་ཡུལ་དུ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་འབྱོན་པ་ཡང་། ཆོས་རྒྱལ་རཏྣ་གླིང་པའི་ཆོས་བདག་སྐྱེས་བུ་བྱེ་བྲག་གི་ལུང་བྱང་ཤོག་སེར་དུ་ཨོ་རྒྱན་ཆེན་པོས་ལུང་བསྟན་ཏོ། །རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་། །གཏེར་སྟོན་ཁྱོད་དང་རྟེན་འབྲེལ་འགྲིགས་པའམ། །འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད། །ཅེས་གསུངས་པ་དང་མཐུན་ནོ། །ངོམ་གྱི་ཡུལ་ལ་ཡང་སྟོད་སྨད་བར་གསུམ་དང་སྡེ་མི་གཅིག་པ་མང་ཞིག་ཡོད་པ་ལས། ངོམ་སྟོད་རོ་ལོ་ཞེས་བྱ་བ་རི་བོ་ཆེ་དང་ཆབ་མདོ་ཡི་སྡེ་མཚམས་ཀརྨ་དང་རི་བོ་ཆེའི་བར་ཡིན། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་གསུངས་ལས། ཁོ་བོ་རི་ཆབ་ཀྱི་སྡེ་མཚམས་སུ་སྐྱེས་ཞེས་གསུངས་ཟེར་བ་དང་། ཁོ་བོ་ཀརྨ་དང་རི་བོ་ཆེའི་བར་དེར་སྐྱེས་གསུངས་ཟེར་


CMR003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངག་རྒྱུན་དང་བཀའ་འབུམ་ལ་འདུག་པ་དང་མཐུན་ནོ། །དེ་ཡང་མར་ཐང་དཔལ་གྱི་རི་བོ་ཆེ་དང་ཐག་ཧ་ཅང་མི་རིང་ཞིང་ཉེ་བས་རྐང་ཐང་མགྱོགས་པས་ཉིན་གཅིག་གིས་སླེབ་པ་ཡིན་པས། འདིར་འཁྲུངས་བ་ཡང་རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་བཏོན་པའི་ལུང་བྱང་ལས་ཨོ་རྒྱན་ཆེན་པོས་ལུང་བསྟན་པར་སྣང་སྟེ། ཤུད་པུ་དཔལ་སེང་བླ་མ་ཡབ་ཡུམ་གྱིས། །རིན་ཆེན་མཎྜལ་ཆོས་ཀྱི་འཁོར་ལོ་ཕོག །ཡི་དམ་ལྷ་དབང་རིག་པའི་རྩལ་དབང་ཐོབ། །གསང་མཚན་པདྨ་མཆོག་གྲུབ་རྩལ་དུ་བཏགས། །མ་འོངས་མདོ་ཁམས་རི་ཆེན་ཉེ་བ་ན། །རྡོ་རྗེའི་མཚན་འཛིན་ཁ་བྱང་འཛིན། །སྐུ་གསུམ་ལྷུན་གྲུབ་སྨེ་བས་བརྒྱན། །མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་གྱུར། །ཞེས་གསུངས་པ་དང་མཐུན་པའོ། །དེ་ལྟར་ལུང་བསྟན་པའི་ངོམ་སྟོད་དང་གྲོང་རོ་ལོ་དང་དེའི་རྩེའི་སྐུ་མཁར་ནི་ཡབ་ཡུམ་གྱི་བཞུགས་གནས་སྤྲུལ་སྐུ་ཉིད་ཀྱི་ཡང་བཞུགས་གནས་ཏེ་དེའི་ཡོན་ཏན་ནི། ཨེ་མ་ཧོ༔ འཁོར་ལོ་སྡོམ་པའི་གསུང་གི་གནས། །འོག་མིན་ཀརྨའི་ལྷོ་ཡི་ཕྱོགས། །མར་ཐང་དཔལ་གྱི་རི་བོ་ཆེའི། །བྱང་གི་ཕྱོགས་སུ་ཉེ་བའི་ས། །འདོད་དགུ་འབྱུང་བའི་ཚོང་དུས་


CMR003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཧ་ཅང་ཐག་ཀྱང་མི་རིང་བ། །རྫ་རྒྱལ་གོ་བོ་ཁྱུང་ཕུག་སོགས། །གནས་ཆེན་མང་པོས་བསྐོར་བའི་དབུས། །མཁའ་སྤྱོད་པ་དང་དོན་ལྡན་ཞབས། །སྒམ་པོ་པ་དང་མི་བསྐྱོད་རྗེ། །སྐྱེས་ཆེན་མང་པོ་འཁྲུངས་པའི་ཡུལ། །སྔོན་མོ་ནས་ཕྱུག་ངོམ་གྱི་ལུང་། །སྐྱེས་ཆེན་མཇལ་བར་དཀའ་རྣམས་དང་། །ཆོས་དང་འཇིག་རྟེན་བདེ་ལེགས་ཀུན། །ཡུལ་འདིར་འདུ་ཞིང་འཁོར་བའི་ཕྱིར། །ངོམ་གཤིས་འཁོར་མོ་མདོ་ཞེས་གྲགས། །ཁོལ་དུ་དོད་པ་རོ་ལོ་ཞེས། །རོ་ཞིག་བྱུང་ཡང་ལོ་བའི་ས། །ས་ཡི་མིང་ཡང་བཟང་ངོ་ཞེས། །བེ་རི་རྒྱལ་པོ་ཀེ་རིང་ཞེས། །གློ་བུར་སྤྲུལ་པའི་རྒྱལ་པོས་བསྟོད། །ཕུ་ན་སོ་རྒྱལ་དོན་གྲུབ་ཅེས། །སྤང་རི་ས་དཔལ་ཕུན་སུམ་ཚོགས། །ས་དཔྱད་ཁྲ་བོ་རི་རྩིས་ནས། །བཤད་པའི་དོན་ལྟར་དཔྱད་ཤེས་ན། །བྱ་རྒོད་སྤུང་འདྲའི་རི་བོ་བཤད། །དེ་ལ་རྒྱབ་རི་བྱས་པ་ན། །མི་རབས་བཅུ་གསུམ་ཡར་འགྲོར་བཤད། །དེ་ལ་གནས་པའི་གཞི་བདག་ཀྱང་། །དཀར་ཕྱོགས་ལོངས་སྤྱོད་ལྡན་པ་སྟེ། །ངོམ་རྒྱལ་མཚོ་བཀྲའི་ཕྱག་མཛོད་པ། །ཡིན་པར་གྲགས་ཤིང་ཀུན་གྱིས་ཤེས། །མདའ་ན་དགེ་བསྙེན་དབྱིས་དོ་ཞེས། །ཕོ་བྲང་གཡུ་མཚོ་བརྗིད་ཅིང་


CMR003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ། །པད་འབྱུང་རྗེ་དང་རང་བྱུང་བའི། །དམ་གནས་རྡོ་རྗེ་བདུད་འཇོམས་ཞེས། །དགེ་བསྙེན་དྲག་རྩལ་ལྡན་པ་གནས། །གཡས་ན་བྲག་དཀར་མདའ་སྟོང་དབྱིབས། །དེལ་ཆུང་ཁྲོ་བོའི་སྤྱན་འབྲས་འདྲ། །གཡོན་ན་བྱ་རྒྱལ་ཁྱུང་ཆེན་གྱིས། །གནམ་འཕང་གཅོད་འདྲའི་རི་བོ་ལ། །རིན་ཆེན་དངུལ་གྱི་གཏེར་ཁ་ཡོད། །མདུན་ན་ས་དཔལ་ཆུ་ཤིང་ཕྱུག །རིན་ཆེན་སྤུངས་པ་འདྲ་བ་ཡོད། །ཐད་ཀྱི་ཆུ་མིག་ཆབ་རོམ་ལ། །རང་བྱུང་དུང་དཀར་གསལ་བ་ཡོད། །གཞན་ཡང་དེ་ཡི་ཉེ་སྐོར་ན། །བཙན་གནས་བྲག་དམར་བརྗིད་པ་དང་། །གུར་འདྲ་དམར་ཆེན་གཏོར་མ་འདྲ། །རི་ཡིས་རྔ་བརྡུང་རོལ་མོ་སྒྲོག །བྲག་ལ་སྒོ་ཡི་དབྱིབས་འདྲ་ཡོད། །ཕྱག་རྡོར་རྒྱུད་ལས་གསུངས་པ་ཡི། །གཏེར་སྒོ་འདྲ་བ་དག་ཀྱང་ཡོད། །དེ་དབུས་སྐྱེས་པོས་བརྩེགས་པའི་མཁར། །ལྔ་ཐོག་ལྡན་པའི་ནང་དུ་ནི། །སྤྲུལ་སྐུ་ལྷུམས་སུ་ཞུགས་པ་དང་། །གཞོན་ནུའི་རོལ་རྩེད་རྒྱུན་བཞུགས་དང་། །ད་ལྟ་མགོན་ཁང་མངའ་གསོལ་ནས། །སྒྲུབ་ཁང་རྒྱུན་གྱི་བཞུགས་གནས་སོ། །དེ་ལྟར་ལུང་བསྟན་པ་དང་མཐུན་པའི་ཡུལ་བཤད་ནས། པདྨ་བཀའ་ཐང་རྒྱས་པ་འགའ་


CMR003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནས། གཏེར་སྟོན་བརྟག་པའི་སྐབས་ནས། རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེའུ་རིགས། །ཞེས་གསུངས་པས་རིགས་མཐོ་བ་ལ་འཁྲུངས་པར་གསུངས་པ་དང་འདི་མཚུངས་ཚུལ་ནི༔ སྤྲུལ་སྐུ་འདི་ཡི་གདུང་རིགས་ནི་བོད་ཆོས་རྒྱལ་གྱི་གདུང་རིགས་འོད་གསལ་ལྷའི་རྒྱུད་ཡིན་ཅིང་། བར་སྐབས་ནས་དྲུང་ཆེན་མཁའ་སྤྱོད་པ་སོགས་གྲུབ་ཆེན་དང་། རྒྱ་ཧོར་དུས་དང་རྒྱ་དུས་གཉིས་ཀའི་ལུང་ལས་ཀདམ་པ་དང་ཡོད་ཚུལ། རྒྱས་པར་ནི་དྲུང་མཁའ་སྤྱོད་པའི་རྣམ་ཐར་རྒྱས་བསྡུས་འབྲིང་གསུམ་སོགས་ལས་གསལ་ཅིང་། བོད་ཆོས་རྒྱལ་གྱི་གདུང་རིགས་དངོས་ཏེ། རྒྱལ་རབས་གསལ་མེ་ལས། མངའ་བདག་འོད་སྲུང་ལ་སྲས། རྗེ་དཔལ་འཁོར་བཙན། དེ་ལ་སྲས་གཉིས། སྐྱི་དེ་ཉི་མ་མགོན་དང་། བཀྲ་ཤིས་བརྩེགས་གཉིས། བཀྲ་ཤིས་བརྩེགས་ཀྱི་སྲས་གསུམ་ཡོད་པའི་ནང་ནས་འབྲིང་པོ་འོད་སྡེ། །འོད་སྡེ་ལ་སྲས་བཞི་ཡོད་པའི་ནང་ནས། ཁྲི་སྡེ་ཁྲི་སྡེའི་རྒྱུད་ཤར་ཙོང་ཁའི་རྒྱལ་པོ་སྤྱན་སྔ་དོན་ཆེན་པ་ལ་སོགས། མདོ་སྨད་ཀྱི་བཙད་པོ་ད་ལྟ་བཞུགས་པ་རྣམས་ཡིན་ནོ། །ཞེས་དང་། སྐྱི་དེ་ཉི་མ་མགོན་དང་། བཀྲ་ཤིས་བརྩེགས་པ་གཉིས། འདི་ནས་ལ་སྟོད་གཙང་སྟོད།


CMR003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཙོང་ཁ། མདོ་སྨད། ཡར་ལུང་ཇོ་བོ་སོགས། བོད་ཀྱི་རྒྱལ་རྒྱུད་ཡིན་ངེས་རྣམས་ཡིན། ཞེས་གསུངས་པ་ལྟར། འདི་ནས་རྒྱལ་རྒྱུད་གཉིས་ཁམས་སུ་བྱོན་པ། གཅིག་ཤར་ཙོང་ཁར་བྱོན་པ་ཙོང་ཁ་རྒྱལ་པོ་དང་། གཅིག་ངོམ་དུ་བཞུགས་པ་གདོང་པོམ་ར་ཞེས་གྲགས་ཏེ། འདིའི་རྒྱུད་ལ་ལྷ་གདོང་དཀར་པོ་ཟེར་བ་འོད་གསལ་ལྷའི་གདུང་རྒྱུད་ཡིན་པ་དང་། བྱེས་གདོང་ཟེར་བ་གསར་ཕྱིན་ཡིན་པ་སྟེ། གོང་མ་རྒྱལ་པོའི་གདུང་རིགས་ཡིན་པར་གྲགས་སོ། །དེས་ན་བོད་ཀྱི་མི་རིགས་མ་ལགས་ཏེ། དེ་དག་གི་རྒྱལ་རབས་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་ཚིགས་སུ་བཅད་པ་ནི། ཨེ་མ་ཧོ༔ དང་པོ་བསྐལ་པ་བཟང་པོ་འདི་ཆགས་ནས། །འཛམ་གླིང་མི་རྣམས་ཕལ་ཆེར་རྫུས་ཏེ་སྐྱེས། །ལ་ལ་སྒོང་སྐྱེས་ལ་ལ་དྲོད་གཤེར་སྐྱེས། །ས་ཡི་ཞག་དང་མ་རྨོས་ལོ་ཐོག་ཟ། །དེ་དུས་ལྷ་ཡི་བུ་གཅིག་མི་ཡུལ་བབ། །མི་ཡི་ཟས་ཟོས་འཕུར་བར་མ་ནུས་ནས། །ལྷ་ཡུལ་མ་ཕྱིན་མི་ཡི་ཡུལ་དུ་ལུས། །དེ་ཡི་བརྒྱུད་པ་འོད་གསལ་ལྷ་ཡི་རྒྱུད། །རྒྱ་གར་རྒྱལ་པོའི་སྔ་བ་མང་བཀུར་རྒྱལ། །དེ་ཡི་རྒྱུད་པ་འཁོར་ལོས་སྒྱུར་རྒྱལ་ལྔ། །གླིང་བཞི་དང་ནི་ལྷ་གནས་ཕྱེད་དབང་བ། །


CMR003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་རྒྱལ་ང་ལས་ནུ་ཞེས་བྱ། །དེ་ནས་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ། །ལུས་འཕགས་ལ་སོགས་གླིང་ཆེན་བཞི་ཁ་དབང་། །དེ་རྗེས་དངུལ་གྱི་འཁོར་ལོས་སྒྱུར་རྒྱལ་གྱིས། །གླིང་ཆེན་གསུམ་དབང་དེ་རྗེས་ཟངས་ཀྱི་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་གཉིས་དབང་། །དེ་རྗེས་ལྕགས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱི། །འཛམ་གླིང་འདི་ཉིད་ཐམས་ཅད་དབང་བ་ཡིན། །དེ་ནས་བཟུང་སྟེ་རྒྱལ་རྒྱུད་མ་ཆད་པར། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་སྟེ། །འདས་པའི་སངས་རྒྱས་གསུམ་ལ་བསྙེན་བཀུར་དང་། །བསྟན་པའི་སྦྱིན་བདག་རྒྱལ་རྒྱུད་དེ་ཡིས་བྱས། །དེ་ཡི་རིགས་ལ་ཤཱཀྱ་རིགས་གསུམ་བྱུང་། །ཤཱཀྱ་ཆེན་པོ་ཤཱཀྱ་རི་བྲག་པ། །ཤཱཀྱ་ལི་ཙ་བྱི་དང་རྣམ་པ་གསུམ། །ཤཱཀྱ་ཆེན་པོའི་རྒྱུད་ལ་ཤཱཀ་ཐུབ་འཁྲུངས། །འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་ལྟར། །ཤཱཀྱ་ལི་ཙ་བྱི་ཡི་གདུང་རྒྱུད་དེ། །བྱང་སེམས་ནམ་མཁའི་སྙིང་པོའི་སྤྲུལ་པ་གཅིག །བོད་དུ་བྱོན་པ་བོད་ཀྱི་རྒྱལ་པོར་གྱུར། །བོད་ཡུལ་འདི་ནས་རྒྱལ་པོའི་སྔ་ཤོས་ཏེ། །བོད་རྗེ་གཉའ་ཁྲི་བཙད་པོ་ཞེས་སུ་གྲགས། །དེ་ནས་བཟུང་སྟེ་གདུང་རབས་བདུན་གྱི་བར། །སྐུ་གདུང་མ་བཞག་ལྷ་


CMR003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཇའ་ལྟར་ཡལ། །དེ་ནས་བཟུང་སྟེ་གདུང་རབས་མང་ཞིག་ན། །སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་སྟེ། །ལྷ་ཐོ་ཐོ་རི་སྙན་ཤལ་བྱ་བ་བྱོན། །ཕོ་བྲང་སྟེང་དུ་འཇའ་འོད་མེ་ཏོག་ཆར། །ཟ་མ་ཏོག་གི་གླེགས་བམ་ལ་སོགས་བབ། །དམ་པ་ཆོས་ཀྱི་དབུ་ཡང་དེ་ནས་རྙེད། །རྒྱལ་པོས་དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ། །དེ་ནས་བཟུང་སྟེ་རྒྱལ་རབས་ལྔ་པ་ནི། །སྤྱན་རས་གཟིགས་སྤྲུལ་སྲོང་བཙན་སྒམ་པོ་བྱོན། །ལྷ་ས་ལ་སོགས་གཙུག་ལག་བརྒྱ་རྩ་བཞེངས། །ཇོ་བོ་རྣམ་གཉིས་སྤྱན་དྲངས་ཆོས་སྲོལ་གཏོད། །ཡི་དམ་བཅུ་གཅིག་ཞལ་ནི་རང་བྱོན་བྱུང་། །ཐོན་མི་རྒྱ་གར་བཏང་ནས་ཡི་གེ་བསླབས། །རྒྱ་ཡིག་ལྔ་བཅུ་བོད་ཡིག་སུམ་ཅུར་ཕབ། །རྒྱལ་པོ་ཡབ་ཡུམ་བཅུ་གཅིག་ཞལ་ལ་ཐིམ། །དེ་ནས་བཟུང་སྟེ་རྒྱལ་རབས་ལྔ་པ་ན། །འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་བྱོན། །འཛམ་གླིང་སུམ་གཉིས་མངའ་ཡི་འོག་ཏུ་བསྡུས། །པད་འབྱུང་སྤྱན་དྲངས་བསམ་ཡས་གཙུག་ལག་བཞེངས། །མཐའ་དབུས་མཁས་པ་བརྒྱ་དང་རྩ་བརྒྱད་བསྡུས། །དམ་ཆོས་བསྒྱུར་ཞིང་བོད་ཁམས་ཆོས་ལ་བཀོད། །ཡོན་མཆོད་བཀའ་བགྲོས་མ་འོངས་སེམས་ཅན་དོན། །བླ་


CMR003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལྔ་དང་གསང་གཏེར་ཉི་ཤུ་ལྔ། །ཐུགས་གཏེར་བརྒྱ་རྩ་གཏེར་ཕྲན་བྱེ་བ་སྦས། །གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་རྩ་གཉིས། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་བཞག །མ་འོངས་རིམ་བཞིན་ཕྱིས་ནས་འགྲོ་བ་རྣམས། །གཏེར་ཆོས་གནས་སྒོས་ཐར་ལམ་བཀོད་ལུང་བསྟན། །རྒྱལ་རབས་གཉིས་ནས་ཕྱག་རྡོར་སྤྲུལ་པའི་སྐུ། །རྒྱལ་པོ་ཁྲི་རལ་འཛམ་གླིང་སུམ་གཉིས་དབང་། །འོད་འཇང་རྡོ་ཡི་ལྷ་ཁང་ལ་སོགས་བཞེངས། །ལོ་པཎ་སྤྱན་དྲངས་དམ་ཆོས་དར་རྒྱས་མཛད། །ཆོས་རྣམས་གསར་བཅད་སྐད་ཀྱིས་གཏན་ལ་ཕབ། །མཆེད་ཡ་བདུད་སྤྲུལ་རྒྱལ་པོ་གླང་དར་དེས། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་བསྣུབས། །ཕྱག་རྡོར་སྤྲུལ་པ་ལྷ་ལུང་དཔལ་རྡོར་གྱིས། །སྡིག་ཅན་རྒྱལ་པོ་དེ་ཉིད་བསྒྲལ་ན་ཡང་། །ལོ་གྲངས་དྲུག་ཅུར་བསྟན་པ་དར་མ་ཐུབ། །གདུང་རྒྱུད་དངོས་དང་བརྫུ་མའི་རྒྱལ་པོ་གཉིས། །སྲས་བརྫུ་ཡུམ་བརྟན་དབུས་གཙང་རུ་བཞི་དབང་། །སྲས་དངོས་འོད་སྲུང་མངའ་རིས་སྐོར་གསུམ་དབང་། །འོད་སྲུང་ནས་བཟུང་རྒྱལ་རབས་མང་ཞིག་ནས། །སར་གནས་སེམས་དཔའ་བསྟན་པ་རྒྱས་བྱེད་པ། །ཡེ་ཤེས་འོད་དང་བྱང་ཆུབ་འོད་


CMR003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས། །ལོ་ཆེན་རིན་བཟང་ལོ་ཆུང་ལེགས་ཤེ་སོགས། །རྒྱ་གར་བརྫངས་ནས་དམ་ཆོས་མང་དུ་བསྒྱུར། །ཇོ་བོ་ལྷ་གཅིག་ལ་སོགས་པཎྜི་ཏ། །མང་དུ་སྤྱན་དྲངས་དམ་ཆོས་གསར་མ་དར། །བྱང་ཆུབ་འོད་ནས་རྒྱལ་རབས་འགའ་ཟུང་སོར། །གདུང་རྒྱུད་མང་འཕེལ་ལ་སྟོད་ཕྱོགས་སུ་ཕོག །དེ་དུས་གདུང་རྒྱུད་སྲས་གཉིས་ཁམས་སུ་བྱོན། །གཅིག་ནི་ཤར་ཕྱོགས་ཙོང་ཁ་རྒྱལ་པོར་གྱུར། །གཅིག་ནི་ངོམ་དུ་བཞུགས་པ་པོམ་ར་གདོང་། །པོམ་ར་ནས་བཟུང་གདུང་རབས་མང་ཞིག་ནས། །གྲགས་ནག་ཅེས་བྱ་དྲག་ཤུལ་བློ་སྟོབས་ཅན། །ཆོས་རྒྱལ་འཕགས་པའི་དཔོན་ཆེན་དྲུང་སྐོར་བྱས། །རྒྱ་ནག་ཡུལ་བྱོན་རྒྱལ་པོས་ཐུགས་ལ་བཏགས། །སྡེ་ཆུས་ལ་སོགས་བློ་ཡི་དྲི་ས་མཛད། །ལས་གོས་འདུང་མ་ནག་པོ་དགུ་བརྩེགས་དང་། །ལས་ཆེན་ཤེལ་གྱི་ཐམ་ག་ལིང་དགུ་སོགས། །དུ་ཝན་ཞལ་གྱི་ལས་ཀ་གནང་བར་མཛད། །དབུས་སུ་སྣེལ་གདོང་གོང་མའི་མ་རྒན་དང་། །ཁམས་སུ་གོ་འཇོ་རྒྱལ་པོའི་བློན་ཅན་དང་། །དམག་དཔོན་མཛད་ཅིང་རྒྱལ་པོ་འདས་དུས་ཀྱང་། །རྒྱལ་པོའི་སྐུ་ཚབ་ཁྲིམས་སྲིད་བདག་པོ་མཛད། །བཀའ་འགྱུར་ལ་སོགས་ཆོས་ཀྱི་བྱ་


CMR003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བའང་འགྲུབ། །ཕྱིས་ནས་རང་བྱུང་པ་ལས་བསྙེན་པར་རྫོགས། །རོལ་པའི་རྡོ་རྗེ་རི་མགོ་པ་སོགས་ཀྱི། །སྦྱིན་བདག་བསྙེན་བཀུར་ཕུན་སུམ་ཚོགས་པའང་བྱས། །གྲགས་ནག་དེ་ལ་བུ་དགུ་ཡོད་པའི་རྒྱུད། །གྲགས་དམར་བ་སོགས་ཨ་ནུ་ཕྱི་ཚོ་བ། །ད་ལྟ་མང་དུ་ཡོད་པ་འདི་རྣམས་སོ། །སྲས་ཀྱི་མཆོག་གྱུར་ངོམ་པ་རྒྱལ་བ་བཟང་། །དེ་ཡི་སྲས་ལ་དྲུང་ཆེན་མཁའ་སྤྱོད་པ། །དཔལ་ཆེན་སྒ་ལོའི་སྤྲུལ་པའི་སྐུ་ཡིན་ཏེ། །ཨོ་རྒྱན་རྗེ་ཡིས་མ་འོངས་ལུང་བསྟན་ལས། །སྐྱེ་མཐའི་བྱང་སེམས་འོད་གསལ་དོན་ལ་འབྱོངས། །ངོམ་པ་བྱ་བྲལ་ངོམ་གྱི་ཕྱོགས་སུ་འབྱུང་། །ཞེས་སོགས་གཏེར་ཁ་འགའ་ནས་ལུང་བསྟན་ཅིང་། །གྲུབ་ཆེན་ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱི། །ཨོ་རྒྱན་ཐུགས་སྤྲུལ་མིན་རེ་དབུ་བསྙུང་བཞེས། །ལོ་དྲུག་ལོན་ནས་ལས་མགོན་རྩེ་རོགས་བྱས། །ཡི་གེ་ལ་སོགས་མ་བསླབ་པ་རུ་ཤེས། །དམ་པ་ལབ་སྒྲོན་རྒྱུད་སྡེའི་དཀྱིལ་འཁོར་ལྷ། །མང་དུ་ཞལ་གཟིགས་རེ་ཞིག་རྒྱལ་སྲིད་སྐྱོང་། །སྲས་གཉིས་ཡོད་གཏིང་རབ་ཏུ་བྱུང་བར་མཛད། །མཁས་གྲུབ་བརྒྱ་དང་ཉི་ཤུའི་གདམས་པ་གསན། །སྐྱེ་བ་ཉི་ཤུ་རྩ་ལྔ་གསལ་བར་དྲན། །རཏྣ་གླིང་ལས་ཀློང་གསལ་སྙིང་ཐིག་གསན། །


CMR003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་སྒ་ལོའི་སྤྲུལ་སྐུར་གསུངས། །ཡི་དམ་ཆོས་སྐྱོང་དཔག་ཏུ་མེད་པ་གཟིགས། །ཁྱད་པར་ཡེ་ཤེས་མགོན་པོ་ཕྱག་བཞི་པས། །ཁྱོད་ཀྱི་མི་རབས་བརྒྱུད་པ་བཅུ་གསུམ་དུ། །གཏོར་མ་མཐེབ་སྐྱུ་གཅིག་ཙམ་མ་བྱིན་ཡང་། །བསྟན་པ་བསྲུང་ཞེས་ཞལ་བཞེས་དམ་བཅའ་དང་། །རྡོ་རྗེ་ལེགས་པས་གཏོར་མ་བྱིན་པ་ན། །མི་རབས་བརྒྱུད་པ་བཅུ་གསུམ་བར་དུ་ནི། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅའ་ཕུལ། །སྒྲུབ་གནས་སོ་སོར་སྒྲུབ་པ་ཡུན་རིང་མཛད། །ཤིག་སོགས་སེམས་ཅན་འགའ་རེའི་སྐད་གོ་ཞིང་། །གཞན་སེམས་ཤེས་པའི་མངོན་པར་ཤེས་པ་ཐོབ། །སྲན་རྡོག་ཤངས་སུ་རྔུབས་ནས་སོར་རྩེར་དེད། །སོར་མོའི་རླུང་གིས་ཐལ་བ་བན་བུན་གཏོར། །འོག་རླུང་ཆུ་རྡུབ་ཁོག་པའི་ནང་བཤལ་དང་། །རྡོ་རྗེས་ཆུ་འོ་ཕྱེ་ཞིང་ཞལ་ནས་འཕོ། །རྦབ་བཟློག་གློག་བཟུང་རྡོ་ལ་གཏོར་མ་ཟུག །རྔ་དང་རྡོ་རྗེ་དྲིལ་བུ་ནམ་མཁར་བཞག །ནམ་མཁར་འཕུར་དང་གར་མཛད་སྐྱིལ་ཀྲུང་བཞུགས། །མི་སྣང་བ་དང་མེ་ཆུ་ལྷ་སྐུར་སྤྲུལ། །ཕྱོག་ཞབས་རྗེས་ནི་ལན་མང་རྡོ་ལ་བཀོད། །ཆོས་ལུང་མཛད་ཚེ་འཇའ་གུར་མེ་ཏོག་ཆར། །རེ་ཞིག་སྐུ་ཡི་སྤྲུལ་པ་


CMR003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞིར་བསྟན། །རྒྱ་ནག་རྒྱལ་པོས་དབང་ཞུས་བླ་མར་བཀུར། །བཙུན་མོའི་འདས་མཆོད་རྒྱལ་བུ་ཁྲི་འདོན་མཛད། །ལས་ཀ་ཕུལ་ཀྱང་ཁོ་བོ་བྱ་བཏང་ལ། །ལས་ཀ་དགོས་མེད་གསུངས་ནས་མ་བཞེས་སོ། །གླང་ཆེན་འགྱིང་རིའི་རྩེ་ནས་འཇའ་ལུས་ཐོབ། །སྐུ་ལུས་མ་སྤངས་བདེ་བ་ཅན་དུ་བྱོན། །དེ་ཚེ་མེ་ཏོག་ཙམ་པ་ཀ་ཡི་ཆར། །ཁ་བ་ས་སྐྱ་ཙམ་ཞིག་བབ་པར་གྱུར། །དེ་ལ་སྲས་གཉིས་ཡོད་པའི་ཆུང་བ་ནི། །གཞི་བདག་བཞག་ར་ལྷ་རྩེའི་སྤྲུལ་པ་སྟེ། །དྲག་ཤུལ་སྟོབས་ལྡན་དགྲ་འདྲེ་ཟིལ་གྱིས་ནོན། །དེ་ཡི་བརྒྱུད་པ་ངོམ་རྗེ་རྒྱལ་པོ་ཞེས། །དེང་སང་བར་དུ་སྟོང་དམག་བདག་པོར་གནས། །རིམ་པར་ཆོས་བྲི་ལྷ་བཞེངས་དགེ་ཕྱོགས་དང་། །ཡབ་མྱེས་བརྒྱུད་པའི་སྲོལ་བཞིན་ཐུགས་དམ་མཛད། །རུས་ཆེ་ལུང་དང་ལས་ཀ་ཡོད་པ་དེས། །ཁྲིའང་གདན་དམར་སྐད་ཆ་ཐེལ་དམར་སོགས། །གཞན་གྱི་ཁྲི་སྐོར་དཔོན་ལས་སྡེ་ཚུགས་ཆེ། །མཁའ་སྤྱོད་པ་ཡི་སྲས་གཉིས་ཆེ་བ་ནི། །གྲུབ་ཆེན་ཀརྨ་པ་ཡི་མཆེད་དང་གདུང་། །སྤྱན་སྔ་སྟག་ཤོད་པ་ཡི་སྐྱེ་བ་སྟེ། །ཨོ་རྒྱན་རྗེ་ཡི་མ་འོངས་ལུང་བསྟན་ལས། །ཁམས་ཀྱི་ཕྱོགས་སུ་རྒྱལ་མཚན་མཐའ་ཅན་དང་། །རྒྱལ་ཕྲན་ཆོས་དང་


CMR003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དུ་མ་འབྱུང་། །སངས་རྒྱས་བསྟན་ལ་ཕན་པ་དུ་མ་འབྱུང་། །གསུངས་པ་ལྟར་དུ་ཆོས་ཀྱི་རྒྱལ་མཚན་པ། །འབུམ་ཆ་བཅོ་བརྒྱད་གསེར་དངུལ་ཁོ་ནས་བཞེངས། །སྲས་གཅིག་ཡོད་སྟེང་རབ་ཏུ་བྱུང་བ་ཡི། །གསར་རྙིང་མདོ་སྔགས་ཀུན་ལ་མཁས་མཐར་ཕྱིན། །མཚོ་དཀར་ལ་སོགས་དབེན་གནས་ཐམས་ཅད་དུ། །ལོ་གྲངས་བཞི་བཅུ་ཙམ་ལ་སྒོམ་སྒྲུབ་མཛད། །དྭགས་ལྷ་སྒམ་པོའི་མཁན་པོ་ལོ་མང་མཛད། །དེ་ཕྱིར་མཚན་ལ་སྒམ་པོ་པ་ཞེས་འཇག །ཕྱག་དྲུག་པ་སོགས་ཞལ་གཟིགས་མང་པོ་དང་། །དྲིལ་བུའི་རྩེ་ལ་རྡོ་རྗེ་བསྐོར་བ་དང་། །ཆུ་རས་མཛད་སོགས་གྲུབ་པའི་དངོས་རྟགས་མང་། །དགའ་བདེ་ལྷུན་གྲུབ་ཅེས་བྱ་དགོན་པ་བཏབ། །རྒྱ་ནག་རྒྱལ་པོས་ལས་ཞྭ་ཞྭ་ནག་དང་། །ལས་གོས་བྱི་བ་ནག་པོའི་ཐུལ་པ་དང་། གསེར་གྱི་ཐམ་ཁ་ནོར་བུ་ལིང་རྩེ་བརྒྱད། །བཀའ་འགྱུར་པར་མ་གོས་ཤུབ་སྒམ་བཅས་པ། །གདན་དམར་སྐད་ཆ་ལ་སོགས་ལས་ཀ་གནང་།།འདས་ཚེ་འཇའ་གུར་མེ་ཏོག་ཆར་པ་དང་། །རིང་བསྲེལ་ཁ་དོག་རྣམ་ལྔ་སྲན་ཚད་བྱོན། །བཀའ་འབུམ་བརྩམས་ཆོས་པོ་ཏི་བཅུ་གསུམ་བཞུགས། །དེ་ཡི་སྲས་པོ་དྲུང་པ་


CMR003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲལ་བ། །མཚན་དངོས་ཀུན་དགའ་བཀྲ་ཤིས་ཞེས་བྱ་སྟེ། །ཨོ་རྒྱན་རྗེ་ཡི་མ་འོངས་ལུང་བསྟན་ལས། །པདྨའི་གྲོ་ལ་ཕྱག་ཚང་སྐྱེས་བུ་ཁྱོད། །ཀུན་དགའི་མིང་ཅན་ངོམ་གྱི་ཕྱོགས་སུ་འབྱུང་། །ཞེས་གསུངས་ཨོ་རྒྱན་གསོལ་དཔོན་སྐྱེ་བ་སྟེ། །ལོངས་སྤྱོད་འབྱོར་པ་དཔག་ཏུ་མེད་པ་ཡི། །ས་ཆ་ལ་ཡང་དེང་སང་རྟ་ཁང་དང་། །མཛོ་རྭ་ལུག་རྭ་ལ་སོགས་མིང་དུ་འཇག །སྐུ་མཁར་གཉིས་བརྩེགས་མདོས་དང་རྟ་གཡག་རྩེན།། །སྐུ་རིམ་སྒྲུབ་པ་མར་ཐང་རི་བོ་ཆེར། །རི་བོ་ཆེ་པའི་ཁྲི་ཟུར་གཡས་པར་གྲགས། །ལྷ་ཁང་མཐོ་བའི་ང་རྒྱལ་ཅོག་པའི་ཕྱིར། །ཞལ་ཐང་གཅིག་གིས་ལྷ་ཁང་ཁྱབ་པར་བཞག །རོ་གཅིག་མངོན་གྱུར་ཡི་དམ་དཔག་མེད་གཟིགས། །ཁྱད་པར་སྐྱེས་བུ་མི་བཞིན་དངོས་སུ་ཁོལ། །དེ་ལ་སྲས་གཉིས་ཡོད་པའི་ཆེ་བ་ནི། །ལྷ་རྒོད་རྒྱལ་ཡིན་ཆུང་བ་མགོན་པོ་རྒྱལ། །སྐུ་མཆེད་གཉིས་ཀྱིས་ཉིན་གཅིག་རྫོང་དྲུག་གི །རྨིང་བཞག་དོམག་ཇག་ལ་སོགས་དྲག་གཏུམ་ཆེ། །ལྷ་ཁང་གསུམ་དང་རྒྱུད་སྡེའི་གསེར་སྐུ་དང་། །རྒྱས་འབྲིང་ཆེ་གཉིས་གསེར་དངུལ་བཞེངས་པ་དང་། །ཆོས་གྲགས་རྒྱ་མཚོ་གདན་དྲངས་ཟམ་ཡང་བཙུགས། །ལྷ་རྒོད་རྒྱལ་གྱི་བརྒྱུད་པ་གནས་མདོ་


CMR003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ནུས་ལྡན་སྔགས་པ་ད་བར་རྒྱུན་མ་སྟེ། །སྐྱ་སེར་སུ་འདས་མེ་ལ་བསྲེག་པ་ལ། །ཐུགས་ལྗགས་རིང་བསྲེལ་ཡིག་འབྲུ་སྐུ་གཟུགས་སམ། །ཤ་རི་རམ་སོགས་སྣ་རེ་འབྱུང་བར་སྨྲ། །གལ་ཏེ་མ་བྱུང་གདུང་རྒྱུད་འཆུག་ཅེས་འདོད། །མགོན་པོ་རྒྱལ་གྱི་རྒྱུད་ནི་ངོམ་སྟོད་པ། །མི་རྒྱུད་མང་གྱེས་མངའ་འབངས་ཆེར་མེད་ཀྱང་། །གདུང་རིགས་མཐོ་ཞིང་ལུང་དང་ལས་ཀའི་ཕྱིར། །ཐ་མལ་སྐྱེ་བོ་གཞན་དང་མི་མཉམ་པར། །ཀུན་གྱི་ཆེ་བཀུར་རྩི་འཇོག་བྱེད་པ་ཡིན། །སྤྲུལ་སྐུའི་ཡང་སྐྱེས་ཆོས་སྐྱོང་རྒྱལ་དེ་ནི། །སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་དང་། །མ་སྤུན་ཡིན་ཞེས་ཟེར་བའི་ངག་རྒྱུན་དང་། །རྒྱས་འབྲིང་རྣམ་གསུམ་དངུལ་གྱི་བྲིས་པ་འདུག །བྱ་བྲལ་བ་ནས་སྤྲུལ་སྐུ་ཡན་ཆད་དུ། །བླ་བརྒྱུད་མ་ཆད་པ་ནི་མ་བྱུང་ཡང་། །གདུང་རིགས་འདི་ལ་བླ་མ་མང་ཞིག་བྱོན། །སྐྱེ་བོ་རྣམས་ཀྱང་གདུང་རྒྱུད་ཡིན་པའི་གནད། །དམ་ཅན་དངོས་སུ་འཁོར་བའི་ལོ་རྒྱུས་མང་། །མི་རབས་དྲུག་བདུན་ཙམ་ལས་མི་འགྱང་བའི། །ཕ་སྤུན་དཔོན་མགོ་གཏོགས་པ་བཅོ་བརྒྱད་ཙམ། །ཕོ་ངོ་དྲུག་ཅུ་རེ་བགྲང་ཡོད་པ་སྟེ། །མཁའ་སྤྱོད་པ་ལ་འཁོར་ལོ་བདེ་མཆོག་གི །ཤེལ་དཀར་


CMR003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ཕྲེང་རྡོག་རེ་རེ་ལ། །བདེ་མཆོག་ཡིག་བདུན་རང་བྱོན་ཡོད་པ་གཅིག །རྨི་ལམ་གནང་བ་མངོན་སུམ་ཕྱག་ཏུ་སྣང་། །ལན་གསུམ་བརྩིས་པས་དྲུག་ཅུ་རྩ་གཉིས་སྣང་། །དེ་ཉིད་སྐུ་ཚེའི་གྲངས་ཁར་བཞེད་མོད་ཀྱི། །འདས་གྲོངས་མེད་ལ་ཚེ་ཡི་གྲངས་ཁ་བརྩི། །གདུང་རྒྱུད་མི་གྲངས་ཞལ་ངོའི་ལུང་བསྟན་ཏེ། །ཕོ་ངོ་བདེ་མཆོག་ལྷ་གྲངས་ཙམ་འབྱུང་ཞིང་། །དེ་བས་མང་ནས་འདས་ཤིང་ཉུང་ནས་འཁུངས། །ཡབ་ཀྱི་མིང་ནི་མགོན་པོ་ཚེ་བརྟན་ཏེ། །མཁའ་སྤྱོད་པ་ནས་དེང་སང་གདུང་རབས་ནི། །མི་འགྱུར་རྡོ་རྗེ་བརྩི་བས་བཅུ་པ་ཡིན། ༈ །མདོ་སྡེ་རྣམས་ལས་རྒྱལ་རིགས་ཆེ་ཤིང་མཐོ་བ་ཤིང་ས་ལ་ཆེན་པོ་ལྟ་བུ་ཞེས་པ་ནི་གདུང་རིགས་འདི་ཡིན་ཏེ། རྒྱ་གར་རྒྱལ་པོ་དང་བོད་རྒྱལ་པོ་གཉིས་ཀའི་རྒྱུད་ཡིན་པའི་སྟེང་དུ། གྲགས་ནག་གིས་རྒྱ་ཧོར་དུས་སེ་ཆེན་རྒྱལ་པོས་ལས་ཀ་བླངས། སྒམ་པོ་པས་རྒྱ་ནག་ཏ་མིང་རྒྱལ་པོའི་ལས་ཀ་བླངས་པའོ། །ད་རེས་གདུང་རིགས་མཐོན་པོར་འཁྲུངས་པ་ཡང་། སྐུ་སྔོན་མ་དབང་དྲག་རྒྱ་མཚོའི་དུས། བླ་མ་བཟང་ཡང་གདུང་རིགས་དམའ་བའི་ཕྱིར། ཀཐོག་གདུང་རྒྱུད་གདན་ས་པ་རྣམས་ལས། རྗེ་ཉིད་ཅུང་ཟད་ཁྲི་དམའ་བར་གྱུར་


CMR003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པས། ད་རེས་མཐོན་པོར་སྐྱེས་པ་ཡིན་པའི་ལོ་རྒྱུས་སྤྲུལ་སྐུ་ཉིད་སྐུ་ན་ཕྲ་མོའི་སྐབས་སུ་ཟུར་ཙམ་གསུངས་སོ། །དེ་ལྟར་བོད་རྗེའི་གདུང་རིགས་ཐོབ་པ་ལ་མངའ་ཞབས་སྡེ་མེད་ན་དགོས་པ་ཅི་ཡོད་སྙམ་ན། ལེའུ་བདུན་མ་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས། །ཆོས་རྒྱལ་གདུང་རྒྱུད་མཐའ་རུ་མ་སྟོང་པར། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ། །ང་ཡི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས། །ཞེས་གསུངས་པ་ཨོ་རྒྱན་གྱི་ཐུགས་རྗེས་ལྷག་པར་གདུང་རྒྱུད་ལ་བརྩེ་བ་དང་། བཙན་རྒོད་རོལ་པ་སྐྱ་བདུན་སོགས་བཀའ་སྲུང་རྣམས་ཀྱང་རང་བཞིན་གྱིས་འཁོར་བ་སྟེ། བཙན་རྒོད་རོལ་པའི་གསོལ་ཁ་མཆིམས་ཕུ་གཏེར་མ་ལས། ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང་། །རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས། །དམ་ཚིག་གཅིག་ཏུ་སྐྱོང་བ་ལ། །སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད། །ལོག་པའི་སྡེ་དཔུང་ཆམ་ལ་ཕོབ། །ཅེས་གསུངས་པའི་ཕྱིར་ངེད་ཀྱི་སློབ་དཔོན་སོགས་ཀྱིས་རང་རེ་ཁྲི་སྲོང་གི་གདུང་རིགས་ཡིན་པའི་ཡུས་ཀྱིས་མནངས་ནས། ལེའུ་བདུན་མའི་ཚིག་དེ་ལ་ཐུགས་དུས་སྤྱན་ཆབ་བསིལ་ཞིང་དུ་སྐད་འབྱུང་བ་དང་། བཙན་རྒོད་རོལ་པ་ལ་ཡང་


CMR003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྐབས་སུ་གསོལ་ཁ་བཏང་སྲོལ་སྣང་ངོ་། །ལུང་བསྟན་བཀའ་རྒྱ་མ་ལས་ཀྱང་ཆོས་རྒྱལ་གྱི་གདུང་རྒྱུད་མ་འཚུགས་པ་ཡིན་ན་རྒྱལ་པོའི་བླ་གཏེར་རྣམས་ལུང་བསྟན་མེད་ཀྱང་། གཏེར་སྲུང་མཆོད་ཅིང་བསྐོས་ན་ཐོན་པར་གསུངས་ཤིང་། སྤྱིར་ཡང་རྒྱལ་པོའི་གདུང་རིགས་ཡིན་ན་ས་གཏེར་ལ་དབང་བར་བཤད་ཅིང་། བཀའ་ཐང་ལས། རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེའུའི་རིགས། །ཞེས་གསུངས་པས་གཏེར་སྟོན་གྱི་མཚན་ཉིད་ཀྱང་ཚང་བའོ། །དེ་ལ་ཡུམ་གྱི་རིགས་རུས་བཤད་པ་ནི། རུས་ཆེན་ནི་སེ་ཁྱུང་གི་སྦྲ་ཡིན། དེ་ཡང་སྔོན་གྱི་ཡིག་ཚང་ལས། སྦྲ་བཀའ་དྲིན་ཅན་གྱི་མི་བཞི། ཆེ་དྲུག་ཅན་གྱི་བཙུན་དྲུག །ཆབ་སྣ་བསྟན་པའི་རྫོང་བརྒྱད། བོད་མི་ལ་མེད་པའི་ནོར་བཞི། དར་དཀར་པོ་ཅན་གྱི་ལྷ་རྒྱུད་ལ། །སྟོད་ན་སྦྲ་དཀར་ཚོ་དགུ། ཚོ་དགུ་བས་ཀྱང་བཅུ་གཉིས་ཡོད། དར་ཁྲ་བོ་ཅན་གྱི་བཙུན་རྒྱུད་ལ། བར་ན་སྦྲ་ཁྲ་བུ་དགུ། བུ་དགུ་བས་ཀྱང་བཅུ་གཉིས། དར་ནག་པོ་ཅན་གྱི་མཐུ་རྒྱུད་ལ། སྨད་ན་སྦྲ་ནག་ཚོ་དགུ། ཚོ་དགུ་བས་ཀྱང་བཅུ་གཉིས་ཡོད། ཅེས་འབྱུང་བའི་ནང་ཚན་ལ་ཡང་། མ་ཐང་ལྕགས་ཐང་བལ་ཐང་གསུམ་ཞེས་སྦྲ་ནག་ཚོ་དགུའི་ནང་ཚན།


CMR003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ནས་ད་ལྟའི་བར་དུ་དཔའ་རྒོད་སྐྱེན་གསུམ་གྱི་རྒྱུད་མ་ཆད་པ། ད་ལྟ་སྤྲུལ་སྐུའི་སྐྱེས་པོ་ཨ་འགྲུབ་རྒྱལ་ཞེས་བྱ་བ། ཤ་བའི་ཁོག་པ་ཁོ་རང་གཅིག་པུས་རྟ་ལ་བཀལ་ནས་འོང་བ་དང་། སྟག་གཉའ་སྤུ་ནས་བཟུང་ནས་བསད་པ་དང་། དམག་ཆེན་དུ་མའི་གཡུལ་འཁྲུག་པས་དཔའ་གཡེར་དང་ལྡན་ཞིང་། མགུར་ལྷ་སྐུ་རྒྱལ་ཤེ་ནེའི་བརྫུས་བུ་ཡིན་པར་གྲགས་ཏེ། མངའ་འོག་ཏུ་སྦྲ་དུད་བརྒྱ་ལྷག་ཙམ་ཡོད་ཅིང་། བྱང་ཤ་ཟན་གྱི་རྒྱལ་པོ་སྒོམ་སྡེ་ནང་ཆེན་བའི་བཀའ་བློན་ཆེ་ཤོས་གཅིག་ཡིན་ཏེ། དེའི་སྲས་མོ་བསོད་ནམས་མཚོ། ཞེས་བྱ་བ་ནི་སྤྲུལ་སྐུའི་ཡུམ་ཡིན་ཏེ། ཡུམ་གྱི་རིགས་རུས་ཀྱང་དམངས་རིགས་གདོལ་པའི་རིགས་ནི་མ་ཡིན་ཞིང་། རྗེའུའི་རིགས་ཡིན་པས། པདྨ་བཀའ་ཐང་ལས། རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེའུའི་རིགས།།ཞེས་པ་ཡང་ཡབ་ཡུམ་གྱི་རིགས་ལ་ཚང་བའོ། །དེ་ཡང་རྒྱ་གར་ཡུལ་ནས་ནི་གྲུབ་པ་ཐོབ་པ་རྣམས་ནི་མ་གཏོགས་རིགས་བཟང་ངན་དང་མཐོ་དམན་ཁོ་ན་གཙོ་ཆེ་བར་བྱེད་སྐད། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་ལ་རིགས་དང་རུས་མི་གཙོ་གསུངས་པས། བོད་དུ་རིགས་རུས་ལ་ཕྱོགས་གཅིག་ཏུ་བཟང་ངན་དུ་འཇོག་པ་ནི་མེད་ནའང་། ས་


CMR003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་འབྲི་སྟག་རྣམས་ཀྱི་གདུང་རུས་དེ་ཐོབ་ནས་རྒྱལ་བ་ཡབ་སྲས་སོགས་སངས་རྒྱས་དངོས་ལྟ་བུ་རྣམས་དང་ཡང་ཁྲི་མཉམ་པ་དང་དེ་བས་མཐོ་ཡིན་པར་བརྩི་བ་དང་། གཞན་ཡང་སྔར་དགེ་བཤེས་བཟང་བ་གཅིག་བྱུང་ནས་དེའི་གདུང་རྒྱུད་དབོན་རྒྱུད་ཡིན་ཕན་ཆད། བཙུན་ཆུང་ཆོ་གའི་རམ་བུ་ཐེག་ཙམ་ཡང་བླ་མ་ཡིན་པར་བྱེད་ནས། བྱང་བུ་བཞུ་བ་དང་། འབུལ་སྡུད་བྱེད་པ་དང་། སྔར་སྔགས་པ་ནུས་ལྡན་གཅིག་བྱུང་བའི་རྒྱུད་ཡིན་ནས། བུ་ཆུང་ཡི་གེ་ཤེས་ཙམ་ནས་རྔ་རྡུང་བྱེད་ཅིང་ལྷ་རྒྱུད་ཡིན་ཕན་ཐོགས་ཆེ་ཟེར་སྲོལ་གདའ་བས། འདི་ལྟར་དང་པོ་ཤཱཀྱ་ལི་ཙ་བྱི་སྟེ་ཐུབ་པ་ཆེན་པོའི་དབོན་རྒྱུད། བར་དུ་ཆོས་རྒྱལ་མེས་དབོན་གསུམ་སྟེ་རིགས་གསུམ་མགོན་པོའི་གདུང་རྒྱུད། ཐ་མར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་ལུས་མ་སྤངས་བར། འཇའ་ལུས་མཁའ་སྤྱོད་དུ་གཤེགས་པའི་གདུང་རིགས་འདི་ལྟ་བུ་ལ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་འཁྲུངས་པ་འདི། གསེར་མིག་གཡུས་སྤྲས་པ་ལྟར་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ཡིན་པ་ཤེས་པར་བྱ་སྟེ། རིགས་རུས་དེ་བས་ལྷག་པ་ནི་འཛམ་གླིང་འདིར་སྲིད་པ་ཆགས་ནས་མ་སྲིད་པའོ། །དེ་ནས་དུས་བཤད་པ་ནི། སྤྱིར་ལུང་བསྟན་པ་དང་བྱེ་བྲག་ཏུ་ལུང་


CMR003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གཉིས་ཏེ། དང་པོ་ནི་གཏེར་རྙིང་ལ་སྟོད་ལྷ་འབུམ་གྱི་གཏེར་རྙིང་ཨོ་རྒྱན་ཆེན་པོའི་ལུང་བྱང་ལས། དུ་རུ་ཀའི་དམག་འོང་བའི་སྔ་ལྟས་སུ་བོད་ཀྱི་གནས་ཁང་ལ་འཐབ་ར་བཅའ། སྐུ་འདེར་གསུང་རབ་ལ་རིན་ཐང་གཅོད། ལྷ་སའི་དམར་པོ་རི་ལ་ལྷ་ཁང་གསར་བུ་ཙམ་ཞིག་འོང་། ལྷ་སའི་ནེ་ཐང་བྱེ་མས་ཁྱེར། ངང་ངུར་གྱི་མཚོ་སྐམ། བོད་ཀྱི་ཚོང་དུས་ཐམས་ཅད་དུ་རུ་ཥས་བདག་བྱེད། རྒྱ་གར་མོན་དང་བལ་པོ་གསུམ་ལ་ཡང་བསྡིགས། བོད་ཀྱི་དགེ་བྱེད་དང་མཁས་བཙུན་ཐམས་ཅད་མཐའ་རུ་འཁྱོལ། རྒྱལ་པོ་གཅིག་གི་མངའ་མ་ཚུད་ཀྱི་བར་དུ་བོད་སྡུག་པར་འགྱུར་རོ།།ཞེས་དང་། བོད་འདིར་དམ་ཆོས་ཀྱི་བསྟན་པ་སྡེ་གཉིས་སུ་གྱེས་ནས་གཉིས་ཀ་ནང་འཁྲུག་སྟེ། བསྟན་པ་རེས་མོས་སུ་དམའ་བར་འགྱུར་རོ། །ཞེས་སོགས་དུས་རྟགས་མང་དུ་ལུང་བསྟན་ད་ལྟའི་དུས་སྤྱོད་ཅི་ལྟར་བར་གསལ་མོད་ཀྱང་འདིར་ཞིབ་པར་མི་བཀོད་དེ། དེ་དུས་སུ་རང་རེ་ཡོན་མཆོད་ཐམས་ཅད་འགྲོ་བའི་དོན་ལ་བོད་དུ་ཚོགས། དེའི་དུས་དེ་ཉིད་དུ་ཨོ་རྒྱན་པདྨ་ངའི་སྐུའི་སྤྲུལ་པ་ལྔ་འབྱུང་། གསུང་གི་སྤྲུལ་པ་བཅུ་དྲུག་འབྱུང་། ཐུགས་ཀྱི་སྤྲུལ་པ་བརྒྱ་འབྱུང་བར་འགྱུར་རོ། །ངའི་འོད་


CMR003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཕོག་པ་སྟོང་ཚོ་ལྔ་འབྱུང་སྟེ། སྤྱིར་གྲུབ་པ་ཐོབ་པ་ནམ་མཁའི་སྐར་མ་ཙམ་འབྱུང་སྟེ། ས་འོག་གི་གཏེར་ཐམས་ཅད་རྡོལ་བར་འོང་ངོ་། །ཀུན་ཀྱང་པདྨའི་ཆོས་ལ་ཡིད་གཏད་པར་འགྱུར་རོ། །མ་ཎིའི་བསྟན་པ་དར་བར་འགྱུར་རོ། །ཐུགས་རྗེ་ཆེན་པོའི་འགྲོ་དོན་དར་བར་འགྱུར་རོ། །རྒྱལ་པོ་གཅིག་གི་མངའ་འོག་ཏུ་བོད་ཁམས་གཞན་ཡང་བག་གི་སྐྱིད་པར་འགྱུར་རོ། །ཨོ་རྒྱན་པདྨའི་བསྟན་པ་དར་བར་འགྱུར་རོ། །ཞེས་གསུངས་པའི་དུས་རྟགས་ཕལ་ཆེར་ཚང་བའི་ཕྱིར། སྤྲུལ་སྐུ་འདི་ཡང་ཨོ་རྒྱན་ཆེན་པོའི་ཐུགས་སྤྲུལ་བརྒྱ་རྩའི་གཅིག་ཡིན་ཅིང་། སྤྱིར་ནི་དེང་སང་གཏེར་སྟོན་མང་ཞིག་འབྱུང་བར་གསུངས་ཀྱང་། ཁམས་ཕྱོགས་ཀྱི་གཏེར་ཁ་ཕལ་ཆེར་ཞིག་འདི་ཉིད་ཀྱི་དབང་སྐལ་དུ་བཤད་དོ། །ཡང་པདྨ་བཀའི་ཐང་ཡིག་ལས། དུས་རྟགས་རེ་དང་གཏེར་སྟོན་རེ་དུས་མཉམ་དུ་ལུང་བསྟན་སྐབས་སུ། རྡོ་རྗེ་ནང་དམེ་དམ་བཞུགས་བྱེད་པའི་ཡུལ། །གཙུག་གི་བླ་མཆོད་སྤྱི་ཡི་དཔོན་དུ་གྱུར། །མཐུ་དང་ནང་འཁྲུག་དུག་ནད་དར་བའི་དུས། །རྟེན་མཆོག་རང་བྱོན་སྤྱི་འབྱམས་ཞེས་བྱའི་གནས། །གཡས་ཀྱི་བྲག་དཀར་སེང་གེ་གནམ་མཆོང་གཏེར། །མི་བཞག་འདོན་པའི་རྟགས་དེ་


CMR003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས་འབྱུང་། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་། །ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་ལུང་བསྟན་ཏེ། སྐྱེས་བུ་དམ་པ་བསྟན་པའི་བདག་པོ་རྣམས་ཐུགས་མི་མཐུན་པར་རྡོ་རྗེ་ནང་དམེའི་ཚུལ་སེམས་ཅན་རྣམས་ཀྱི་སྣང་ངོ་ལ་སྟོན་ཅིང་། འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་བླའི་མཆོད་གནས་སུ་གྱུར་པ་རྣམས་ནི། སྡེ་བདག་རྒྱལ་པོ་དང་སྤྱི་དཔོན་ཁྲིམས་བདག་གི་ཚུལ་སྟོན་པ་དང་། འབྲུག་ར་ལུང་པ་སོགས་ཀྱི་མཐུའི་ནུས་པས་བོད་ཁམས་དང་ཧོར་སོག་ཕལ་ཆེར་བདག་པོར་བྱས་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནང་འཁྲུག་ནས་གཅིག་གིས་གཅིག་རླག་པར་བྱེད་པ་དང་། སྦྱར་དུག་གིས་སྦྱོར་བས་མི་ཆེན་དང་བླ་ཆེན་མང་པོ་ཚེའི་དུས་བྱེད་པ་སོགས། དུས་རྟགས་ལུང་བསྟན་པ་ཅི་ལྟ་བ་དེང་སང་མངོན་སུམ་མོ། །གཞན་ཡང་གཏེར་སྟོན་རཏྠའི་གཏེར་ཁ་བསྟན་པ་སྤྱི་ལུང་འབྲིང་པོ་ལས། ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་གསུངས་པ་ལྟར། ཆོས་དབྱིངས་རྡོ་རྗེ་དགུང་ལོ་བཞི་བཅུ་ཞེ་གཉིས་དུས་མི་འགྱུར་རྡོ་རྗེ་སྐུ་བལྟམས། ཆོས་དབྱིངས་


CMR003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དགུང་ལོ་ལྔ་བཅུ་ང་གཉིས་དུས། མི་འགྱུར་རྡོ་རྗེས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཐོན་པའོ། །རིགས་དང་རུས་དང་ཡུལ་དང་ཡབ་ཡུམ་དང་དུས་རྣམས་སྔོན་གྱི་ལུང་བསྟན་དང་མཐུན་པའི་ལེའུ་སྟེ་གཉིས་པའོ།། །།གསུམ་པ་ལྷུམས་ཞུགས་བལྟམས་དང་རོལ་རྩེད་དེ། རཏྣ་གླིང་པའི་གཏེར་ལུང་དང་། དབང་དྲག་རྒྱ་མཚོའི་ཞལ་ཆེམས་དང་མཐུན་པར། རི་ཆབ་ཀྱི་སྔ་མཚམས་ཀརྨ་དང་རི་བོ་ཆེའི་ས་བར། ངོམ་གྱི་ཡུལ་རོ་ལོའི་རྫོང་དུ། ཤིང་མོ་བྱའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་ལྷུམས་སུ་ཞུགས་སོ། །དེ་ཚེ་ཡུམ་ཉིད་གཉིད་པའི་རྨི་ལམ་དུ། མཐིང་མདོག་ཆུ་གཏེར་གཏིང་ཟབ་ཡངས་པའི་དབུས། །མ་ཧཱ་གསེར་གྱི་རུས་སྦལ་མཛེས་པ་ནི། །གཙོ་མ་གསེར་མདོག་འོད་ཟེར་འཕྲོ་བ་ལ། །ཀུན་གྱིས་བལྟ་ཞིང་ངོ་མཚར་བྱེད་པའི་ཚེ། །སྐྱེས་ཕྲན་དར་མ་རྩལ་དང་ལྡན་པ་ཡི། །རུས་སྦལ་མཚོ་ཡི་ནང་ནས་ལག་གིས་བླངས། །མོ་ལ་བྱིན་པས་ཚག་བྱས་རྨིས་པར་གྱུར།། །མ་ཧཱ་གསེར་གྱི་རུས་སྦལ་ཞེས་བྱ་བ། །འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ས་བདག་ཀླུ་རྒྱལ་ག་པ་ཞེས་ཀྱང་བྱ། །ས་བདག་ཀུན་གྱི་གྲོལ་ཕུག་ས་ཡི་བདག །སྣང་སྲིད་སྣོད་བཅུད་ཀུན་


CMR003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩ་བ་སྟེ། །ས་བཅུད་གཏེར་ལ་དབང་བའི་སྤྲུལ་སྐུ་ཞིག །ལྷུམས་སུ་ཞུགས་པའི་རྟགས་མཚན་ངོ་མཚར་ཆེ། །ཡབ་ཀྱིས་དུང་དཀར་བཟང་པོ་རྙེད་པ་དང་། །ཟངས་དུང་བུས་པས་སྐད་བཟང་བྱུང་བ་སོགས། །རྟགས་མཚན་བྱུང་ཡང་ཆེད་འཛིན་མེད་པས་བརྗེད། །ཁྱད་པར་བྱང་ཆུབ་སེམས་དཔའི་རིགས་རྣམས་ནི། །ཡུམ་ལ་མི་གནོད་བདེ་བར་བཙས་བཤད་ལྟར། །ལྷུམས་སུ་ཡོད་ཚེ་བྱིས་སྦ་གཞན་རྣམས་དང་། །མི་འདྲ་ལུས་ལ་མི་གནོད་བདེ་བར་ལྡན། །ལུས་ཀྱང་མི་ལྗི་སྔར་ལས་ཡང་བར་གྱུར། །དེ་ནས་མ་ཡུམ་ཞིང་པོའི་ཡུལ་དུ་བཞུད། །དེ་ཡང་རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། །ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་པ་འབྱུང་། །ཞེས་པའི་ལུང་དང་མཐུན་པར་མདོ་ཁམས་ཀྱི། །ཟལ་མོ་སྒང་དང་ཉེ་བའི་ས་ཡི་ཆ། །ཟངས་རི་འབར་བ་རྩེ་དགུ་ཞེས་བྱ་བ། །བཙན་གྱི་མགོན་པོ་བེག་རྩེ་གནས་པའི་ཞོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་། །ཌཱཀི་ཨ་ཞེ་དཀར་མོས་བཞེངས་པ་ཡི། །ས་ཡི་མེ་བཙའ་མཆོད་


CMR003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཐོང་གྲོལ་དང་། །ཧ་ཅང་མི་རིང་ཉེ་བའི་ས་ཡི་ཁོལ། །གཏེར་སྟོན་གུ་རུ་ཁྱུང་དྲག་གཏེར་ལུང་ནི། །གཙང་ཕུ་རི་བོ་ཆེ་ནས་བཏོན་པ་ལས། །ད་ལྟའི་ཤུད་པུ་དཔལ་སེང་ཁྱོད། །ཟབ་ཆོས་སྙིང་པོ་བསྡུས་པའི་ཆོས་འདི་སྤྱོད། །དེ་ནས་སྐྱེ་བ་འགའ་ཞིག་ཉང་ཆོས་དབང་། །མཐའ་དམག་དབུས་འཕྱུར་དྲག་སྤྱོད་དུས། །མདོ་ཁམས་ན་བུན་རྫོང་ཉེ་ས་ཡི་ཆར། །རྡོ་རྗེའི་མཚན་འཛིན་ཟབ་གཏེར་ཁ་བྱང་འཛིན། །ཞེས་པའི་ལུང་བསྟན་དེ་དང་རྗེས་མཐུན་པར། །ན་བུན་རྫོང་དང་ཧ་ཅང་མི་རིང་བ། །འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་གསུང་རྒྱུན་ལས། །ཁོ་བོ་ཆམ་ལ་ཁ་རུ་སྐྱེས་གསུངས་པ། །མཚུངས་པར་ཆམ་ལ་ཁ་ཡི་ས་ཁོལ་དུ། །ཞང་པོ་ཚང་ལ་སྤྲུལ་སྐུ་སྐུ་བལྟམས་ཚེ། །ཡུམ་ཉིད་ལུས་ནི་རས་བལ་ལྟར་ཡོང་ཞིང་། །ཕྱོགས་རྣམས་ཀུན་ཏུ་འགྲོ་སྙིང་འདོད་པ་དང་། །ལུས་ལ་ན་ཚ་ཟུག་གཟེར་མེད་པ་རུ། །ཤིང་མོ་བྱ་ལོ་སྨིན་དྲུག་ཟླ་བ་ཡི། །ཡར་གྱི་ཚེས་བདུན་སྐར་མ་གྲོ་ཞུན་གྱི། །ནམ་མཁའ་གསལ་དང་མཉམ་དུ་སྐུ་འཁྲུངས་ཏེ། །དཔུང་པ་གཡས་པར་ཤ་མཚན་ཐིག་ལེ་ནི། །སྔོན་པོ་གཞན་དང་མི་འདྲ་བ་དང་བཅས། །འོད་གསལ་ཐིག་ལེ་ཉག་གཅིག་མཚོན་པའི་


CMR003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ། །དེ་ནས་ཚང་དེའི་ནང་དུ་བཞུགས་དུས་ཀྱང་། །བྱིས་སྦེ་གཞན་དང་སྤྱོད་པ་མི་འདྲ་བར། །ཕྱག་གིས་པད་སྐོར་སྡིགས་མཛུབ་ཐལ་མོ་སྦྱར། །ཕྱག་རྒྱ་དང་ནི་འཁྲུལ་འཁོར་ཚུལ་མཛད་པས། །ཨ་ཕྱི་ལ་སོགས་ཡ་མཚན་ངོ་མཚར་སྐྱེས། །དེ་ཚེ་རཱ་ག་ཨ་སྱ་བདག་གིས་ཀྱང་། །སྟོང་སྒྲིབ་ལ་སོགས་སྐུ་སྲུང་ཟབ་མོ་བསྐུར། །དེ་རྗེས་ལན་འགའ་བསྙུང་ཚེ་མང་ཇ་དང་། །བླ་མ་ཆོས་དབང་སོགས་ཀྱིས་བྱབ་ཁྲུས་ཕུལ། །མྱེས་པོ་ཚེ་རིང་འབུམ་གྱི་ཇ་དྲལ་དུ། །ང་ལ་ཚ་བོ་གཅིག་ནི་ཡོད་པ་དེ། །གོག་མི་དགོས་པར་ལངས་ནི་འགྲོ་འདུག་པ། །དགེའམ་མི་དགེ་གླེང་པ་མི་འགས་ཐོས། །དེ་ནས་ཞལ་ནི་གྲགས་ཐུབ་ཙམ་གྱི་ཚེ། །ང་ནི་ཤར་གྱི་ཀཐོག་ཅེས་བྱ་བའི། །བླ་མ་ཚུལ་ཁྲིམས་རྡོ་རྗེ་བྱ་བ་ཡིན། །ཀཿཐོག་དགོན་པ་ས་ཆའི་ཆགས་ལུགས་དང་། །བླ་མ་རྣམས་ཀྱི་མཚན་དང་གྲྭ་པའི་མིང་། །ཕུག་པ་གཅིག་ཏུ་བསྒྲུབས་པ་བྱས་ཚུལ་དང་། །ར་གཅིག་ཡོད་པར་ཡར་གྲུས་མེད་པ་རུ། །འོ་མ་བཞོ་རྒྱུ་ཡོད་ཚུལ་ལ་སོགས་དང་། །བར་དོའི་འཇིགས་སྐྲག་དམྱལ་བའི་སྡུག་བསྔལ་སོགས། །ཡོད་ཚུལ་ཐལ་ཐོལ་མང་དུ་གསུངས་ན་ཡང་། །ཀུན་གྱིས་ཚད་འཛིན་མེད་པས་


CMR003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་མ་བྱུང་། །ཉིད་ཀྱི་གྲྭ་པའི་གྲངས་དང་མིང་རྣམས་ཀྱང་། །ཡང་ཡང་གསུངས་ཀྱང་སུ་ཡིས་ཡིད་མ་བཟུང་། །ཀཐོག་ངོས་ཀྱི་རྒྱུས་མེད་གྱི་ནར་ལུས། །དེ་ཚེ་རཱ་ག་ཨ་སྱའི་སློབ་བུ་བ། །བླ་མ་ཕྲིན་ལས་དེ་རུ་གདན་སོང་དུས། །བུ་དེ་དབང་དྲག་རྒྱ་མཚོ་ཨེ་ཡིན་དྲིས། །ཅི་འདྲ་གསུང་དོ་དྲིས་ཤོག་སྨྲས་ན་ཡང་། །བུ་དེ་ངོ་སྨིན་ང་ལ་བཅར་མ་ཉན། །ཚུལ་ཁྲིམས་རྡོ་རྗེ་ཨམ་ཟིག་ཡིན་ཟེར་སྐད། །ཀ་ཚར་གཅིག་ནི་བྲིས་ནས་གཏད་ཡོད་ཟེར། །ད་རུང་ཆུང་དྲག་ཉ་ར་དཀའ་བ་དང་། །དུས་ཀྱི་སྙེམས་མེད་བཞག་པ་ལེགས་སོ་སྙམ། །དེ་ནས་མྱེས་པོ་ཨ་ནུ་ཚེ་རིང་འབུམ། །ང་ཡི་བུག་སྒོར་ལན་འགའ་མཇལ་འོང་བར། །ཁྱེད་ཀྱི་ཚ་བོ་དེ་ནི་རྙིང་མ་བའི། །བླ་མ་གཅིག་གི་སྐྱེ་བ་ཡིན་པ་འདྲ། །ང་སར་བཞག་ན་བླ་མ་འོངས་སྨྲས་པས། །བླ་མ་འདོད་ལིས་ལེགས་པོ་འོང་བར་དཀའ། །བུད་ཚོད་སྒག་སྒོག་བྱུང་ཡང་དགའ་བ་མེད། །དེ་བས་སྨན་ཡིག་མ་འཐོར་ཙམ་བསམ་ཟེར། །འོན་ཀྱང་ང་སར་ལན་གཅིག་ཁྲིད་ཤོག་སྨྲས། །བུ་ནི་ཞང་པོའི་སར་ཡོད་འདི་ན་མེད། །ཨ་ཕྱི་ཨ་མྱེས་བཏང་ཁས་མི་ཉན་ཟེར། །ཞང་པོའི་སར་ཡང་སྐྱེ་བ་དྲན་རབས་རྣམས། །སུ་དྲིས་རྣམས་ལ་རྒྱུན་


CMR003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པ་དང་། །ནང་ཆེན་དཔོན་གཡོག་ལ་སོགས་མི་ཆེན་དང་། །ཁྱད་པར་ལྷ་རྗེ་ཞིག་ལ་ཞིབ་པར་གསུངས། །ལྷ་རྗེ་འབྲི་ཆུ་ངོས་སུ་སོང་བ་དང་། །ཨ་མྱེས་བུ་ཡི་གསུང་རབ་ཀཐོག་གི །བྱ་བྲལ་ཞིག་ལ་བཤད་པའི་གཏམ་དེ་རྣམས། །ཀཿཐོག་ངོས་སུ་ཐོས་ནས་དགའ་བར་གྱུར། །འདི་སྐབས་སྐུ་ན་ཕྲ་མོའི་སྐབས་སུ་ཡང་། །ཀཿཐོག་བླ་མ་ཡིན་པས་ལྡོམ་བུ་ཤོག །གསུངས་ནས་དུང་འབུད་ལྡོམ་བུ་བྱེད་སྟངས་དང་། །སེར་གོས་ལ་མཉེས་འགའ་ལུ་དམར་པོ་ཞིག །བཟོས་པ་རྙིང་པར་གྱུར་ཀྱང་དེ་རིང་མནབས། །སེར་མོ་མཐོང་ན་མཉེས་ཤིང་དྲུང་དུ་འདུག །ཨ་མྱེ་ཚེ་རིང་འབུམ་གྱིས་སྒོམ་བྱེད་ཅིང་། །ཡིག་དྲུག་འདོན་ལ་མཉེས་ནས་དགའ་སྣང་དང་། །ཨ་མྱེ་ཁྱོད་ནི་ཡག་པོ་རེད་ཅེས་གསུངས། །ཨ་མྱེ་ཨ་འགྲུབ་རི་དྭགས་གསོད་པ་ལ། །མི་མཉེས་ཨ་ག་ཁྱོད་ནི་སྡིག་ཅན་རེད། །ཁྱོད་ཀྱི་ཟས་ཀྱང་སྡིག་ཟས་བཙོག་པ་ཡིན། །ཁྱོད་ཀྱི་སྡིག་པ་ཕུལ་ཞེས་ཡང་ཡང་གསུངས། །རི་དྭགས་གསོད་དང་བཤས་བྱེད་མཐོང་བའི་ཚེ། །མི་མཉེས་སྡུག་སྣང་ཆེན་པོ་རྒྱུན་དུ་མཛད། །ཞང་པོ་འབྲོག་པ་མདའ་གཞུ་རི་དྭགས་སོགས། །ཆེ་ཆུང་མེད་པས་སོ་


CMR003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་བྱེད་ན་ཡང་། །ནམ་ཡང་མདའ་གཞུ་ཕྱག་ཏུ་ལེན་མི་མཛད། །རྩ་ལྟའི་ཚུལ་གྱིས་ནད་ངོས་བཟུང་བ་དང་། །མོ་འདེབས་ཚུལ་གྱིས་ལེགས་ཉེས་གང་གསུངས་པ། །ཕལ་ཆེར་ཐོག་ཏུ་བབ་པ་ཁོ་ན་བྱུང་། །མི་ཞིག་ལྕེ་ལ་ཐོར་པ་གཅིག་བུད་པ། །ཧ་ཅང་ཐུ་མོ་མེད་ཀྱང་འཆི་གསུངས་ཤི། །དེ་ནས་སྤྲུལ་སྐུ་དགུང་ལོ་ལྔ་ཡི་དུས། །མཆེད་ཡ་ཆོས་སྐྱོང་བཀྲ་ཤིས་འཁྲུངས་པ་ནས། །སྤྲུལ་སྐུ་ཕལ་ཆེར་ཞང་པོའི་སར་བཞུགས་པས། །ཨ་མྱེ་ཨ་འགྲུབ་རྒྱལ་ཞེས་བྱ་བ་ཡིས། །མི་རྟ་མང་དུ་བསད་པའི་གྲིབ་ཆེན་དེས། །རུམ་ཞིང་ཟས་དང་གསོལ་ཕོར་གཅིག་བྱས་པས། །གྲིབ་ཀྱིས་གོས་པས་རྟགས་མེད་ཐ་མལ་གྱུར། །བར་སྐབས་ཡི་དམ་ཆོས་སྐྱོང་ཞལ་གཟིགས་དང་། །ལུང་བསྟན་གདམས་པ་རྗེས་སུ་བསྟན་པ་དང་། །སྣང་སྲིད་ལྷ་འདྲེས་སྲོག་སྙིང་ཕུལ་བ་སོགས། །བྱུང་ཡང་ཕལ་ཆེར་ཕྲལ་དུ་བརྗེད་པ་དང་། །མ་བརྗེད་ན་ཡང་ཅུང་ཟད་ཟེར་ཟུར་ཙམ། །གསུངས་པ་ཨ་མྱེས་ཐན་དུ་མཐོང་ནས་ནི། །སྲུང་རིམ་བཅའ་དགོས་སྨྲ་ཕྱིར་མ་བཤདེ་གསང་། །ཕྱིས་སུ་སྐུ་གྲིབ་སངས་ནས་དྲན་པ་རྣམས། །ཡི་གེར་བཀོད་པ་ནང་དང་གསང་བ་ཡི། །རྣམ་ཐར་ཁོལ་བུ་མང་པོ་གཞན་དུ་གསལ། །


CMR003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐབས་གུ་རུ་བློ་ལྡན་མཆོག་སྲེད་དང་། །མངོན་སུམ་མཇལ་ནས་བྲི་ཀློག་བརྡ་སྟོན་མཛད། །གནོད་སྦྱིན་དྲག་པོ་ཤན་པ་དམར་ནག་གིས། །ཀ་ཚར་ངོ་སྤྲད་ཡི་གེ་འདན་པར་བསྐུལ། །ཁྱེད་ལ་སློབ་དཔོན་གཅིག་ནི་འོང་བ་དེས། །ཁྱེད་ལ་རྩིས་ཆེན་བྱེད་པར་འགྱུར་ཞེས་ཟེར། །ཀཿཐོག་གདན་འདྲེན་འོང་ཡང་མི་དྲངས་ཤིང་། །རཱ་ག་ཨ་སྱས་གདན་འདྲེན་དྲངས་པ་ཡི། །ལུང་བསྟན་ཚིགས་སུ་བཅད་པ་འགའ་ཡང་སྨྲས། །པདྨ་བཀའ་ཐང་གཏེར་སྟོན་བརྟགས་པ་ནས། །ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ། །ལྷ་འདྲེ་མི་གསུམ་འཇམ་དང་རྩུབ་གཉིས་ནི། །རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་ཚོགས། །ལེགས་པ་ལྟར་བྱས་ཉེས་པ་ཐམས་ཅད་གཏོང་། །མི་མཐུན་པ་ཡི་རྟེན་འབྲེལ་མང་འཛོམས་པས། །ཞེས་གསུངས་གཞན་ཡང་བཀའ་ཐང་འགའ་ཞིག་ནས། །བསོད་ནམས་མངའ་ཐང་རྒྱས་དང་ལས་འཕྲོ་མེད། །ཁས་གཉེན་དགྲ་བརྙས་ཅན་དང་ལས་འཕྲོ་ཡོད། །དབུལ་ཕོངས་སྡུག་བསྔལ་ཅན་དང་ལས་འཕྲོ་ཡོད། །གསུངས་པའི་ཕྱིར་ན་གཏེར་སྟོན་སྤྲུལ་པའི་སྐུ། །དུས་ངན་བསོད་ནམས་དམན་པས་ཆགས་དཀའ་ཞིང་། །བདུད་དང་ནག་ཕྱོགས་ལྷ་འདྲེ་


CMR003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགའ་བས། །མི་རུང་མི་ཤིས་འབྱུང་བར་གསུངས་པ་ལྟར། །མྱེས་པོའི་ཚེ་སྟོད་ཡན་ལ་ལོངས་སྤྱོད་ལྡན། །ཀུན་གྱི་རྩི་འཇོག་ཁས་ཉན་ཁུར་མི་དགོས། །སྤྲུལ་སྐུ་བལྟམས་ནས་ལོ་གྲངས་བཅུ་ཙམ་ལ། །ན་ཚ་བཏུད་ཅིང་ཟས་ནོར་ཇེ་སྲབ་སོང་། །ཕྱི་ནང་ཀུན་གྱིས་བརྙས་ཤིང་སྙད་སྙོད་མང་། །ཤིན་ཏུ་རྒུད་ཅིང་ཉམ་ཐག་གནས་གྱུར་ཏེ། །སྔོན་ཚེ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། །སངས་རྒྱས་གླིང་པ་ལ་སོགས་ཆུང་དུས་ཀྱི། །རྣམ་ཐར་ཉིད་དང་རྗེས་སུ་མཐུན་པའོ། །སྐུ་བལྟམས་པ་དང་གཞོན་ནུའི་རོལ་རྩེད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྤྲུལ་སྐུ་དགུང་ལོ་བདུན་ཙམ་དུས། །གཞན་གྱིས་མ་མཐོང་ཉིད་ཀྱི་གཟིགས་སྣང་ལ། །གྲོང་ཁྱེར་གཅིག་ཏུ་ཕྱིན་པས་དེ་རུ་ནི། །པཎ་ཞྭ་དམར་པོ་མནབ་པའི་བླ་མ་གཅིག །དཔོན་སློབ་ལྔ་ལ་ཁྲོམ་ནི་མང་པོས་བསྐོར། །ཡིག་དྲུག་བསྐུལ་འདོན་བྱེད་ཅིང་དར་རྣམས་ཕྱར། །དར་དཀར་ཡིག་དྲུག་བྲིས་པ་མང་པོ་བཤམས། །ཡི་གེ་དྲུག་པའི་འཁོར་ལོ་མང་དུ་བསྐོར། །པཎྜི་ཏ་དེས་བཀའ་ཆོས་མང་དུ་གསུངས། །བུད་མེད་མང་པོས་གླུ་ལེན་བྲོ་འཁྲབ་ཅིང་། །རོལ་མོ་རྣམ་པ་སྣ་ཚོགས་འབུད་བཀྲོལ་བྱེད། །དེ་


CMR003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུད་མེད་དེ་རྣམས་མགྲིན་གཅིག་ཏུ། །སྙན་པའི་དབྱངས་ཀྱིས་ཚིགས་སུ་བཅད་པ་ནི། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །མི་ལ་བླ་མ་རང་འོང་བར་དཀའ། །བླ་མ་སངས་རྒྱས་འོང་བར་དཀའ། །ཞེས་སོགས་མང་བ་ཟེར་ཡང་ཕལ་ཆེར་བརྗོད། །གླུ་དབྱངས་དེ་འདྲེན་པཎྜི་ཏ་དེ་ཡིས། །ཅང་ཤེས་མཐིང་མདོག་ཆིབས་ནས་ནུབ་ཕྱོགས་གཤེགས། །དེ་ནི་ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་པས། །ཆོས་སྒོར་ཞུགས་ཤིང་བླ་མ་བསྟེན་རན་པའི། །བརྡ་བསྟན་བསྐུལ་མ་མཛད་པ་ཡིན་པར་སྣང་། དེ་སྐོར་སྤྲུལ་སྐུ་རི་ཁ་ཅིག་བྱོན་པས། །སློབ་དཔོན་རཱ་ག་ཨ་སྱ་བདག་ཉིད་ནི། །མཚམས་ཁང་ནང་དུ་མཚམས་ལ་འདུག་པ་དང་། །རལ་པའི་ཐོར་ཅོག་ལ་སོགས་ལུས་ཀྱི་དབྱིབས། །རི་བྲག་སོགས་ཀྱིས་མ་སྒྲིབ་གཟིགས་པར་སྣང་། །རྨི་ལམ་དུ་ཡང་ཁྱེད་རང་དཔལ་རི་ཡི། །བླ་མ་ཚང་དུ་སོང་ཞེས་ལུང་བསྟན་བྱུང་། །དེ་ནས་འབྱོན་འདོད་བཞུགས་འཚེར་མ་ཚུགས་ནས། །སྐུ་ལུས་རིད་པ་ཙམ་དུ་བྱུང་ན་ཡང་། །ཨ་མྱེ་ཨ་ཕྱིས་རྩིས་ཆེ་བཏང་མ་བྲ། །ཨ་མྱེ་ལ་སྐྲག་འབྱོན་ཡང་གསུང་མ་སྤོབས། །ཡབ་ཀྱིས་ཕ་ཡུལ་ཨི་འགྲོ་སྨྲས་ན་


CMR003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ང་ཡི་མི་ཤེས་ཨ་མྱེ་ལ་དྲིས་གསུངས། །དེ་ཚེ་ཆོས་བདག་ཊཱཀྐི་སྲུང་མ་ཡིས། །བསུ་ནས་སློབ་དཔོན་ཉིད་དང་སྤྱད་པའི་རྟགས། །ཨ་མྱེ་ཆང་གི་བད་པས་མདུན་མེ་འགྲམ། །མཛེས་སྡུག་ལྷ་མོ་འདྲ་བའི་རྒྱུན་ལྡན་མ། །མང་པོས་དངོས་སུ་བྲོ་བརྡུང་གར་བྱེད་ཅིང་། །ཁྱོད་ཀྱི་ཅི་བྱེད་བལྟ་རུ་འོང་ཝན་ཟེར། །དེ་དོན་མ་ཤེས་སྤྲུལ་སྐུ་མ་བཏང་བས། །ཌཱཀྐི་ཆོས་སྐྱོང་མ་དགྱེས་ཆོ་འཕྲུལ་རྟགས། །རླུང་ནག་འཚུབ་ཅིང་བྱ་རོག་མང་པོ་འཚོགས། །འབྲུག་སྒྲ་དྲག་པོ་ཀླད་པ་འགེམ་འདྲར་བཅོས། །ཐོག་བརྒྱབ་སེམས་ཅན་གཉིས་བསད་མི་དང་ཁྱི། །འགའ་རེ་བརྒྱལ་བའི་འཇིགས་སྐྲག་བྱུང་བར་སྣང་། །དེ་ནས་ཀཿཐོག་ཕྱོགས་ནས་བན་དེ་གསུམ། །སྤྲུལ་སྐུ་རྩད་ཆོད་ཨེ་འོང་དེར་ཕྱིན་ཀྱང་། །རྩེད་མ་ཆོད་ཅིང་ཞང་པོས་བསྡིག་སོགས་ཀྱིས། །ཤན་པའི་ལུང་བསྟན་བཞིན་དུ་སྟོང་ལོགས་སོང་། །དེ་སྐོར་ཀཐོག་བན་དེ་གཞན་ཞིག་གིས། །རྩད་ཆོད་ཕྱིར་དུ་ཡབ་ཚང་མཁར་སྒོར་བསླེབས། །ཡབ་ཀྱི་ཁ་སྡིག་བྱས་པས་བྲོས་སོང་སྐད། །དེ་ཚོ་སྐད་ཆ་ཐལ་ཐོལ་བྱུང་བ་དེ། །རྟོགས་ལྡན་ཞིག་གིས་ཐོས་ནས་ཆོས་དབང་ལ། །བུ་དེ་དབང་དྲག་རྒྱ་མཚོ་ཡིན་འོས་སོ། །ཁྱེད་ཚང་བབ་ཐོབ་


CMR003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རེད་པས་ཨེ་ལོན་ལྟོས། །བླ་མ་ཆེ་བས་ཐུགས་དམ་བརྟགས་པ་གྱིས། །ཡིན་ངེས་རེད་ན་དབང་དྲག་རྒྱ་མཚོ་ལ། །དར་ཐག་རྒྱུད་ནས་དབང་ཐོབ་དད་པ་ཆེ། །བདག་གས་ཀཐོག་བང་ཆེན་འགྲོ་གྲོགས་བྱེད། །སྨྲས་འདུག་བླ་མ་ཆོས་དབང་ཀུན་བཟང་གིས། །ཡ་གི་མ་ཐང་ནང་གི་བུ་འདི་ལ། །ཀཿཐོག་བན་དེ་ཕྱིན་པ་ཀུན་གྱིས་ཐོས། །རང་གར་བཞག་པས་འོང་ལ་མི་གདའ་ཞིང་། །སྔོན་གྱི་ལས་གཅིག་ཡོད་པ་ཨེ་མི་ཡིན། །ང་ནི་གློ་བུར་དད་པ་སྐྱེ་བར་བྱུང་། །ཞག་གསུམ་བརྟག་པ་གྱིས་ལ་རེད་ངེས་ན། །ཆགས་ཕྱི་གང་འགྲུབ་བྱེད་པ་ཡིན་ནོ་ཟེར། །དེ་ནས་ཡི་དམ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་བཏབ་ནས་ཞག་གསུམ་རྨི་ལམ་བརྟགས། །དང་པོ་བདག་པོ་བྱས་ན་ལེགས་སམ་བརྟགས། །བདག་གི་སྒྲུབ་ཁང་འདི་ཡི་སྒོ་དྲུང་ན། །ཁེཌུར་མདོག་ཅན་བདུད་རྩིའི་ཆུ་མིག་རྡོལ། །ཆུ་བྲན་ཙམ་དུ་གྱུར་ནས་འབབ་མ་ཐག །སྒྲུབ་གནས་གཡས་གཡོན་ལྗོན་ཤིང་སྣ་ཚོགས་པ། །ཨིནྡྲ་ནཱི་ལའི་མདོག་མཚུངས་ཡལ་འདབ་རྒྱས། །སྐད་ཅིག་ཙམ་ལ་སྐྱེས་ཤིང་ཤར་ཕྱོགས་ནས། །ཤེལ་མདོག་ཆུ་མིག་ཆེན་པོ་ལྔ་དང་ནི། །ཆུ་མིག་སྟོང་ཕྲག་ཚུར་ལ་ཁ་གྲུ་འབབས། །ས་


CMR003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འདི་ཙམ་བཟང་བ་སྔར་མ་ཤེས། །ང་ཡི་རི་ཁྲོད་འདི་ལས་སྐྱིད་པ་ནི། །གར་ཡང་མེད་སྙམ་དགའ་བདེས་ཁྱབ་པ་རྨིས། །མདུན་དུ་བདུད་རྩིའི་ཆུ་མིག་རྡོལ་བ་དེ། །སྤྲུལ་སྐུ་གཏེར་ཆོས་ཆུ་མགོ་ཡིན་པའི་བརྡ། །དེ་ལ་ཆུ་ཆེན་གྱུར་ནས་འབབ་པ་དེ། །གསང་སྔགས་བསྟན་པའི་ཆུ་བོ་རྒྱས་པའི་བརྡ། །ལྗོན་ཤིང་འདབ་རྒྱས་མང་པོས་བརྒྱན་པ་དེ། །དཔག་བསམ་ཤིང་ལྟར་དགོས་འདོད་འབྱུང་བའི་བརྡ། །ཤར་ནས་ཆུ་ལྔ་ཚུར་ལྟས་འབབ་པ་དེ། །ཀཿཐོག་ངོས་ནས་བླ་ཆེན་ལྔ་མཉེས་བརྡ། །ཆུ་མིག་སྟོང་ཕྲག་ཚུར་ལ་བབ་པ་དེ། །ཀཿཐོག་གྲྭ་རིགས་དགའ་ཞིང་གུས་པའི་བརྡ། །རང་གིས་རི་ཁྲོད་སྐྱིད་པར་མཐོང་བ་དེ། །བདག་ལ་བདེ་སྐྱིད་འབྱུང་བའི་བརྡ་རུ་གོ །དེ་ནས་ཞག་པོ་གཉིས་པའི་ནུབ་དེ་ལ། །སྤྲུལ་སྐུ་འདི་ལ་བར་ཆད་ཡོད་མེད་བརྟགས། །སྤྲུལ་སྐུའི་ཡོབ་ཚང་སྐུ་མཁར་དེ་ལ་ནི། །སྔར་མེད་རྩག་ནི་སོ་མ་གཅིག་བུད་ནས། །དུང་མདོག་དཀར་རྩི་གསོལ་ནས་འདུག་པ་ལ། །དེ་ཉིད་ཡོ་ནས་འགྱེལ་ལ་ཁད་དུ་གདའ། །མཁར་རྩག་སོ་མ་འདི་ནི་ཡོ་འདུག་པ། །མི་ལ་གཏད་ནི་དགོས་རྒྱུ་ཡིན་ན་ཡང་། །འགྱེལ་ལེ་ཡོད་པ་ཁྱེད་ཀྱི་བཅོས་རོགས་གྱིས། །ཟེར་བས་བདག་


CMR003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གི་དེ་ཉིད་བཅོས་བསམ་ཛ། །མཁར་ལ་གནོད་པར་བྱེད་པའི་འདྲེ་དེ་ནི། །ཕུབ་ལེབ་འབུ་འདྲའི་མདོག་དང་དབྱིབས་འཆང་བ། །ཆེ་ཆུང་གཡག་ཙམ་གདའ་བ་མཆངས་བྱུང་བས། །མི་རྣམས་དྲེད་མོང་རེད་ཟེར་བྲོས་སོང་ངོ་། །དེ་ཡི་མགོ་ལ་བདག་གིས་གྱོད་བརྒྱབས་པས། །ཀླད་པ་འཐོར་ནས་ཤི་སོང་ཐུལ་བ་རྨིས། །དེ་ཡང་སྔོན་ཚེ་གཏེར་སྟོན་རཏྠ་ལ། །བུད་མེད་དར་དང་རིན་ཆེན་གྱིས་བརྒྱན་པའི། །རོལ་མོ་མང་པོ་ཐོགས་པ་འགའ་བྱུང་ནས། །ཁྱེད་འདི་ན་འགྲོ་དོན་ཆེ་བར་མི་འདུག་པས། །ཉི་མ་གཙང་གི་ཕྱོགས་སུ་གཤེགས། །ཡང་ན་བསམ་འགྲུབ་བདེ་ཆེན་དུ་འདོང་། །ཡང་ན་སྣའོ་ཅོག་པོར་གཤེགས། །ཞེས་ཞུས་ཡང་ནི་བུད་མེད་ཚོ་གཅིག་གིས། །ཁྱེད་འདི་ནས་འགྲོ་དོན་ཆེ་རུ་མི་འདུག་པས། །སྣའོ་ཅོག་པོར་ཉང་གི་གདུང་རྒྱུད་དམ། །བསམ་འགྲུབ་བདེ་ཆེན་ཆོས་དབང་གདུང་རྒྱུད་དུ། །བྱོན་ལ་གཏེར་ཆོས་བདག་པོ་མཛོད་ཞུས་ལྟར། །སྤྲུལ་སྐུ་ཡུན་རིང་བདག་པོ་མ་བྱུང་བས། །འགྲོ་དོན་ཆུང་ཕྱིར་མཁའ་འགྲོའི་སུན་མ་ཆས། །སྔར་ལོ་ཙམ་དུ་ཨ་མྱེ་ཆང་གིས་བད། །སྤྲུལ་སྐུ་མཆན་དུ་ཉལ་ནས་ཡོད་ཙམ་ན། །བུད་མེད་རས་ཀྱི་གོས་དང་ཕོད་ཁ་


CMR003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དཀར་སེར་དམར་ལྗང་མང་པོའི་ཚོགས་རྣམས་དང་། །བུད་མེད་གོ་ཅོག་གྱོན་པ་དཀར་སེར་དམར། །ལྗང་གུ་མང་པོས་གཅིག་གིས་ཐག་འཐག་ཅིང་། །གཞན་རྣམས་སྟངས་སྟབས་རྣམ་འགྱུར་སྣ་ཚོགས་བཅས། །ཚུར་ཚུར་བཅར་ནས་བྱུང་བ་དངོས་སུ་མཐོང་། །སྤྲུལ་སྐུ་ཚུར་ནུད་འདི་འདྲ་བྱུང་ངོ་ཟེར། །སྤྲུལ་སྐུ་ཞབས་མ་བདེ་ཞིང་བད་ཀན་དང་། །སྲོག་རླུང་ཞད་ཙམ་གཅིག་ཀྱང་བྱུང་བར་སྣང་། །འོན་ཀྱང་བར་ཆད་བདག་གིས་བཟློག་པ་ཡི། །རྨིས་ལྟས་བྱུང་ཞིང་རྟེན་འབྲེལ་འགྲིགས་པར་བྱུང་། །ནུབ་གསུམ་ཐ་མར་སྤྲུལ་སྐུ་འདི་ཉིད་ནི། །སྐུ་སྐྱེ་གཅིག་ནི་ཡིན་པར་སྣང་ན་ཡང་། །བཟང་ངན་ཅི་འདྲ་ཡིན་སྙམ་བརྟགས་པའི་ནུབ། །ཁོ་བོ་སྐུ་མཁར་གཅིག་གི་སྟེང་འདུག་ཛ། །མདུན་དུ་མ་ཎི་རྒྱ་མཁར་ཆེན་པོའི་རྩེར། །བཅོ་ལྔའི་ཟླ་བ་བབ་ནི་འདུག་པ་ལ། །ཆེ་ཆུང་རུ་བ་གཅིག་གིས་མལ་ཙམ་ལ། །དབྱིབས་ནི་མཎྜལ་འདྲ་བ་གཅིག་སྣང་སྟེ། །འོད་ཟེར་ཆེན་པོ་མེད་པར་སྣང་བ་ལ། །འདི་ནི་ཟླ་བ་ཡིན་ངེས་ཡིན་པར་སྣང་། །དཔེ་རྒྱུད་རྣམས་ནས་ཟླ་བ་མཎྜལ་གྱི། །དབྱིབས་སུ་ཡོད་པར་བཤད་དང་མཚུངས་སོ་སྨྲས། །ད་ལྟ་འོད་ཟེར་ཆེན་པོ་མི་སྣང་སྟེ། །བདག་གིས་ཕྱི་


CMR003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་བྱས་ནས་འོད་ཆེན་པོ། །འོང་རྒྱུ་ཡོད་དོ་སྙམ་དུ་བསམ་པ་རྨིས། །གླིང་བཞིའི་མུན་སེལ་ཉི་མ་པདྨ་འབྱུང་། །དེ་ཡི་རྒྱལ་ཚབ་ཙཎཱ་སྤྲུལ་སྐུ་འདི། །ཟླ་བའི་མཚན་ཉིད་ཚང་ལྟར་མཚན་ཉིད་ཚང་། །ཟླ་བ་ཡིན་ངེས་ཡིན་ལྟར་ཐེ་ཚོམ་མེད། །འོད་ཟེར་མེད་པ་ཡོན་ཏན་བསླབ་དགོས་བརྡ། །ཕྱི་བརྡར་བྱས་ནས་འོད་ཟེར་འབྱུང་བ་ལྟར། །དབང་ལུང་སྐུ་ཡོན་བདག་གིས་འབུལ་གྲུབ་ན། །འགྲོ་དོན་ཕྲིན་ལས་རྒྱ་ཆེན་འབྱུང་བར་གོ །བརྟག་པ་ལེགས་པས་ཡབ་ཚང་ངག་བྱས་པ། །ཁྱེད་ཚང་བུ་དེ་ལེགས་པོ་ཡིན་ན་ཡང་། །བར་ཆད་ཡོད་པས་སྐུ་རིམ་ཆེན་པོ་གྱིས། །ཡང་ན་འདི་རུ་ཁྲིད་ཤོག་བདག་གིས་བྱ། །སྨྲས་ནས་ཨོ་རྒྱན་རྗེ་ལ་གསོལ་བ་བཏབ། །བུ་དེའི་སློབ་དཔོན་བདག་གིས་བྱ་རུང་ཞིང་། །དེ་བྱས་ཨོ་རྒྱན་བསྟན་ལ་ཕན་པ་ན། །བུ་དེ་འདི་རུ་བཏང་བའི་ཕྲིན་ལས་མཛོད། །བུ་དེའི་སློབ་དཔོན་བདག་གིས་མི་རུང་ན། །བུ་དེ་མི་བཏང་བ་ཡི་ཕྲིན་ལས་མཛོད། །བདག་གི་ཨོ་རྒྱན་བསྟན་པའི་ཆགས་ཕྱི་ལས། །རང་འདོད་མེད་པ་ཨོ་རྒྱན་ཐུགས་ལ་གསལ། །ཞེས་པའི་དམོད་བོར་འབྱོན་ནམ་མི་འབྱོན་བརྟགས། །བུ་དེ་ཤ་མདོག་ཅུང་དམར་སློག་གུ་ཅན། །


CMR003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཐུད་ཕྱག་རྟེན་དང་བཅས་བྱུང་བ་རྨིས། །ཕེབས་ཀྱང་སྐུ་རིམ་འགའ་ཞིག་མ་གཏོགས་པ། །སློབ་དཔོན་བྱེད་པ་ཨེ་འགབ་སྙམ་ནས་བརྟགས། །བྱིས་སྦ་སླག་གུ་ཅན་གཅིག་རང་མདུན་དུ། །ཡོན་ཏན་སློབ་ཟེར་ཡི་གེ་ལྟ་བ་རྨིས། །ངེད་ནི་འབྱོན་ཞིང་སློབ་དཔོན་བྱ་དགོས་ན། །བར་ཆད་ཞུགས་དོགས་སྔ་ཕྱི་ཡོད་པས་ན། །ནམ་འབྱོན་བསམ་ཛ་ཉམས་དང་རྨི་ལམ་མཚམས། །བླ་མ་ཕེབས་ཤིང་ཡོད་ཟེར་སྒྲ་ཞིག་གྲག །དེ་དུས་ཙམ་ལ་ཕྱིར་ལ་ཕེབས་པར་སྣང་། །དེ་ལྟར་བདག་གིས་གདན་འདྲེན་འོང་ཁ་ལ། །སྤྲུལ་སྐུ་རྩེད་མོ་རྩེ་ཞིང་ཡོད་ཙམ་ན། །ཕོ་རོག་གཅིག་གིས་གོས་ཀྱི་མཐའ་ཁ་ནས། །ལན་མང་འཐེན་ཅིང་སྒྲོག་ཀྱང་འགྲོ་མ་ཉན། །ཆོས་སྐྱོང་སྤྲུལ་པས་གདན་འདྲེན་བརྡ་བསྟན་ཅིང་། །མེ་ངོགས་གཅིག་ན་བཞུགས་ཚེ་ཉམས་སྣང་ལ། །ཆབ་མདོ་རི་བོ་ཆེ་དང་ཀརྨ་ཡི། །གཞི་བདག་གཙོ་བོ་རྣམས་ནི་དངོས་སུ་བྱུང་། །སོ་སོའི་ཡུལ་དུ་གདན་འདྲེན་འདོད་པ་ལ། །གུ་རུ་སེང་སྒྲོག་མགོན་པོ་མ་ནིང་གཉིས། །ཞལ་གཟིགས་ལྷ་འདྲེ་དེ་རྣམས་བཟློག་པ་དང་། །སྐུ་རྒྱལ་ཤེ་ནེས་བཤོལ་མ་འདེབས་པ་གཟིགས། །རྨི་ལམ་དུ་ཡང་མགར་བ་དམར་ནག་གིས། །གདན་འདྲེན་


CMR003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བར་སྐུ་རྒྱལ་ར་མདར་རྒྱུག །དེ་ཚེ་མགོན་པོས་བར་ཆད་བསལ་བ་དང་། །འབྱོན་ལམ་བདུད་ཀྱི་རྒྱལ་པོས་བཀག་པ་ལ། །རྣམ་སྲས་དམར་པོ་དང་ནི་སྐྱེས་བུ་ཡི། །གོ་ཆ་བགོས་ཞིང་མཚོན་ཆ་ལག་ཐོགས་ནས། །ད་ལོ་འདིར་བཞུགས་ཚེ་ཡི་བར་ཆད་འབྱུང་། །འབྱོན་བྱོན་ཟེར་ནས་རྟ་འཕོང་བཞག་ཁྱེར་རྨིས། །དེ་ནས་ཞག་ནི་གསུམ་བཞི་ཙམ་གཅིག་ནས། །ཡབ་ཀྱི་གདན་འདྲེན་བསླེབས་ནས་བྱོན་པར་སྣང་། །མདོ་ཁམས་སེ་ར་ལ་དེར་ལ་འདྲེ་ཡོད། །བར་སྐབས་འཇམ་ཡང་དུས་ཕྱིས་རྩུབ་པ་ཡིས། །ཁ་བ་མེད་ཀྱང་རྡུལ་སྲོལ་ཡོད་པ་ལ། །དེ་ཉིན་ཁ་བ་ཤིན་ཏུ་གཤོག་དཀའ་ཡང་། །ཉི་མ་ཤིན་ཏུ་དྲོས་ཤིང་དབྱར་ཉི་འདྲ། །འདུལ་གྲོགས་རྣམས་ཀྱིས་ངོ་མཚར་ཡ་མཚན་བྱས། །མགུལ་ལྷ་བརྟན་མ་ལ་སོགས་དགེ་བསྙེན་རྣམས། །རབ་ཏུ་དགའ་བའི་དངོས་རྟོགས་ཡིན་པར་རྟོགས། །ལམ་དུ་ཅུང་ཟད་སྐུ་ཁམས་མ་བདེ་བ། །ལྷ་རྗེ་ཞིག་ལ་ཕྱག་རྩ་བསྟན་པ་ཡིས། །རྩ་ཞན་སྐུ་རིམ་དགོས་ཞེས་ལུང་བསྟན་ཏེ། །བདག་གི་སྨྲས་དང་དེ་ཉིད་འགྲིག་པར་སྣང་། །དེ་ནས་ཡབ་ཚང་ཕེབས་པར་ངས་མ་ཚོར། །རྨི་ལམ་ཕྲུག་དཀར་སར་པ་གྱོན་པ་ལ། །རལ་བ་སྣུམ་སེར་


CMR003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོད་ཁེབས་པ་གཉིས། །ནང་ཆེན་གྲྭ་ནང་ངོས་ཀྱི་ལྷ་རྒྱུད་དེ། །ད་ནི་བསྙག་རན་ཐལ་བ་ཨེ་རིགས་ཟེར། །ཕྱིར་ནངས་ཕེབས་ཡོད་ནམ་འབྱོན་ཟེར་བྱུང་ངོ་། །ཤིང་ཕོ་རྟ་ལོ་དགུང་ལོ་བཅུ་ཡི་སྟེང་། །སྨིན་དྲུག་ཟླ་བའི་བཅོ་བརྒྱད་ཉིན་ལ་ཕེབས། །སྐུ་དབྱིབས་ན་བཟའ་མར་ཐུད་ཕྱག་རྟེན་བཅས། །རྨི་ལམ་བྱུང་བ་དེ་ཉིད་དངོས་ལྟར་སྣང་། །སྨེ་བརྩེགས་རྣམ་འཇོམས་རྡོར་སེམས་བུམ་ཆོག་གིས། །ཁྲུས་གསོལ་ཤ་མཚན་ལེགས་པར་བརྟགས་པ་བྱས། །དེ་ཡང་ལུང་བསྟན་ཆེན་པོ་བཀའ་རྒྱ་མར། །ཐོག་མཐའ་བར་གསུམ་གང་དང་གང་ཚེ་ཡང་། །རྒྱལ་བའི་བསྟན་པ་འཛིན་པའི་བཤེས་གཉེན་འབྱུང་། །གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན། །ལུས་ལ་ལྟེ་སྨེ་སྙིང་ཁ་ཤ་མཚན་རྣམས། །སྨེ་བ་དཀར་དམར་ཐིག་ལེས་སྤྲས་དང་གཅིག །ངག་ནི་སྙན་འགྱུར་སྔགས་ཚིག་རྩོལ་བ་ཅན། །ཡང་ན་མགྲིན་པར་ཤ་མཚན་ཐིག་ལེའམ། །པདྨ་ལས་བྱུང་པདྨའི་མིང་ལྡན་གཉིས། །ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན། །ཕུར་ཚུགས་འདི་མེད་ཡིད་ལ་མི་བྱེད་གསུམ། །དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིང་། །གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེ། །


CMR003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་རང་ཉིད་རྩེ་གཅིག་ཉམས་ལེན་བརྩོན། །དོན་འབྲས་འགྲུབ་ནས་གཞན་དོན་རླབས་ཆེན་སྐྱོང་། །ལ་ལ་འཕྲད་གྲོལ་གཞན་ཕན་དོན་བརྩོན་འགྱུར། །ལ་ལ་རང་གཞན་གཉིས་དོན་ལྷན་ཅིག་སྐྱོང་། །དེ་རྣམས་ངེས་མེད་གང་ཡང་སྤྲུལ་པའི་སྐུ། །རྒྱལ་བའི་དགོངས་པས་ཡོངས་ཟིན་ཨེ་མ་ཧོ། །ཞེས་པའི་དོན་དང་འདིར་ཡང་མཐུན་པ་ཡི། །མགྲིན་པ་ཐུགས་ཀ་ལྟེ་བར་སྨེ་ཆུང་རེ། །ཞབས་གཡས་མཐིལ་དུ་གཟབ་ཡིག་ཡི་གེ་ཐ། །དེ་དག་རྣམས་ཀྱང་རྟགས་མཚན་ཚང་བ་སྟེ། །གཞན་ཡང་གུ་རུ་ཆོས་དབང་གཏེར་ཁ་ཡི། །ཨོ་རྒྱན་རྗེ་ཡི་ལུང་བསྟན་ཆེན་པོ་ལས། །བདུད་སྤྲུལ་རྣམས་དང་ཨོ་རྒྱན་སྤྲུལ་པ་རྣམས། །མི་ནོར་ཕྱོགས་དང་ལོ་ཤིང་ཤ་མཚན་གསུངས། །སློབ་དཔོན་ཞལ་ནས་ཉོན་ཅིག་མཚོ་རྒྱལ་མ། །ང་ཡི་སྤྲུལ་པ་ངེས་པར་ཤེས་འདོད་ན། །ནུབ་ནས་བྱ་སྤྲེལ་ལོ་པ་ལ། །མགྲིན་སྨེ་ཅན་བྱུང་སྙིང་གི་བུ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དེ་ཡིས་མངོན་སུམ་མཐོང་བའི་རྟགས། །བརླ་གཡོན་པ་ཡི་དཔྱི་ཟུར་དུ། །ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཡོད། །ངེས་པར་ཨོ་རྒྱན་ང་ཡི་སྲས། །དེ་དང་འཕྲད་ཚད་སྐལ་བ་ཆེ། །མཁའ་འགྲོའི་རིགས་གྱུར་


CMR003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་རྣམས། །མཚོ་ལ་ངང་ངུར་འདུ་བཞིན་མོས། །དེ་དང་ལུས་ཀྱིས་གང་འབྲེལ་བ། །ངེས་པར་མཁའ་སྤྱོད་གནས་སུ་འགྲོ། །ངག་གིས་ཆོས་ཀྱིས་གང་འབྲེལ་བ། །ཐར་པ་བྱང་ཆུབ་ཐེ་ཚོམ་མེད། །ཟས་དང་ནོར་གྱི་འབྲེལ་བ་ཀུན། །ཕྱི་མ་དག་པའི་ཞིང་དུ་འགྲོ། །ཞེས་གསུངས་དོན་དང་རྗེས་མཐུན་པར། །ཁམས་ཀྱི་ནུབ་ཕྱོགས་དགུང་སྙིང་བྱ་ཡི་ལོ། །མགྲིན་པར་སྨེ་བས་སྨྲས་ཤིང་དཔྱི་ཟུར་གཡོན། །ཤ་མཚན་མཁའ་འགྲོའི་སྤྱན་འདྲ་འཇའ་ལྟར་ཤར། །བརྟག་ཚེ་གསལ་ཞིང་དེ་ནས་མི་སྣང་ངོ་། །སྐྱེ་བ་ཨེ་དྲན་ལ་སོགས་དྲིས་ན་ཡང་། །ང་ནི་བླ་མ་ཚུལ་ཁྲིམས་རྡོ་རྗེ་ཡིན། །ང་ནི་ཆུང་དུས་བཤད་རྒྱུ་མང་པོ་ཡོད། །ད་ནི་བརྗེད་ནས་བཤད་རྒྱུ་ཅི་མེད་གསུངས། །ཨ་མྱེས་མི་རྟ་མང་པོ་བསད་པ་དེས། །རུམ་པ་ལ་སོགས་བྱས་པའི་གྲིབ་ཏུ་གོ །འོན་ཀྱང་སྐུ་ཤ་རིལ་བུ་ངོས་འཛིན་ནི། །ཟུར་ཙམ་གསུངས་ཤིང་དེ་བས་རྟགས་གཞན་མེད། །སྔོན་གྱི་སྤྲུལ་སྐུ་ཆེན་པོ་ཕལ་ཆེར་ལ། །དངོས་དང་འདྲ་མིན་གཉིས་རེ་འོང་སྲོལ་ལྟར། །ས་ཕྱོགས་འདི་རུ་སྐུ་སྐྱེ་གཞན་གཅིག་དང་། །ནོར་དོགས་བྱུང་བས་བརྟག་པར་དཀའ་བ་སྟེ། །སར་གནས་སེམས་དཔའ་སྐུ་གསུང་ཐུགས་སྤྲུལ་


CMR003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །སྐྱབས་ལ་བསླུ་བ་བདུད་ཀྱི་སྤྲུལ་པ་ཡང་། །རྟགས་མཚན་ཆོ་འཕྲུལ་དངོས་ལས་ལྷག་པ་ཙམ། །སྙིགས་དུས་འགོང་པོ་དམ་སྲིའི་སྤྲུལ་པ་ཡང་། །མངོན་ཤེས་གྲུབ་རྟགས་མ་ངེས་ཅིར་ཡང་འབྱུང་། །སློབ་མ་དད་ལྡན་བླ་མར་གསོལ་བཏབ་པས། །བྱིན་རླབས་ཞུགས་པས་བླ་མ་དེ་ཉིད་ཀྱི། །སྐུ་ཡི་སྐྱེ་བ་ཡིན་པར་གྲགས་པ་འབྱུང་། །སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་དག །སྨོན་ལམ་དབང་གིས་སྐྱེ་བ་དྲན་པ་དང་། །སྐུ་སྐྱེར་མ་ངེས་སྐྱེ་བ་མི་དྲན་ཀྱང་། །ལས་ཀྱི་དབང་གིས་སྐུ་སྐྱེར་གྲགས་པ་དང་། །སྐྱེ་བ་མི་དྲན་རྟགས་མཚན་ཀྱང་མེད་ཀྱང་། །ཕ་མས་རྫུན་སྨྲས་སྐུ་སྐྱེར་བཏགས་པ་དང་། །སྐུ་སྐྱེ་ཡིན་ཀྱང་བདག་པོ་མེད་པ་རུ། །བར་ཆད་དབང་གིས་འདས་སམ་ཐ་མལ་ལུས། །སྐུ་སྐྱེ་མིན་ཀྱང་བདག་བཟང་འདོད་ཆེ་བས། །སྐུ་སྐྱེ་མིང་བཏགས་ཁྲི་ལ་འཁོད་པ་དང་། །སྐུ་སྐྱེའི་མིང་ཐོགས་ཁྲི་ལ་འཁོད་ན་ཡང་། །ལོག་པར་སྤྱོད་པས་བསྟན་ལ་གནོད་པ་དང་། །སྐུ་སྐྱེ་ཡིན་པའི་རྟགས་མཚན་ཅང་མེད་ཀྱང་། །གྲྭ་རིས་རྣམས་ཀྱིས་ཉོས་ནས་ཁྲི་ལ་བཀོད། །དེ་སོགས་ཨོ་རྒྱན་རྗེ་དང་མ་གཅིག་གི །ལུང་བསྟན་བཞིན་དུ་དེ་དག་འབྱེད་དཀའ་ཞིང་། །གཞན་


CMR003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་འཛིན་པས་སངས་རྒྱས་སྤྱོད་ཡུལ་ཡིན། །བདག་འདྲ་རྨོངས་པས་ཤེས་པ་ག་ལ་ཞིག །འོན་ཀྱང་ཡི་དམ་ལྷ་ལ་མངོན་ཤེས་མངའ། །རྒྱུད་སྡེ་རྣམས་ནས་ཡི་དམ་ལྷ་རྣམས་ཀྱི། །ལས་ཚོགས་སྐྱེ་བ་བརྟག་པ་མང་དུ་གསུངས། །བདག་ཀྱང་ཡི་དམ་ཆོས་སྐྱོང་མང་པོ་ཡི། །སྒྲུབ་པ་ཆེ་ཕྲ་བརྒྱ་ཕྲག་བརྒལ་ཙམ་གྲུབ། །ཁྱད་པར་ཐུགས་རྗེ་ཆེན་པོ་ཡུན་རིང་བསྒྲུབས། །ལས་ཚོགས་ཕྲན་བུ་རེ་ཙམ་འགྲུབ་འོས་སྙམ། །གཞི་བདག་རྣམས་ལ་གཏོར་མ་མཆོད་པས་བརྔན། །བརྟག་པ་བར་ཆད་མེད་པའི་དམ་བསྒྲགས་བྱས། །གནོད་བྱེད་བགེགས་ལ་ལན་ཆགས་གཏོར་མ་བསྔོས། །བགེགས་བསྐྲད་མཚམས་བཅད་སྲུང་བའི་འཁོར་ལོ་བསྒོམས། །རོལ་མོ་དང་བཅས་སྤྲུལ་པའི་སྐུ་དེ་ལ། །བྱིན་འབེབས་ལན་གསུམ་བྱས་པས་ཁོ་བོ་རང་། །དབང་མེད་ཉམས་འབར་མཆི་མ་ཆར་ལྟར་བབ། །དེ་ནས་ལུས་སྦྱིན་བསྲེ་བའི་དམིགས་རིམ་རྗེས། །བསྟན་པའི་བདག་པོའི་འཕེལ་གདུང་ཡིན་ངེས་དང་། །ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་དང་། །ཙཱ་རིའི་མཚོ་རྡེལ་ལས་བྱོན་ཚེ་དཔག་མེད། །སེང་གདོང་ཌཱཀི་ལི་མ་གཏེར་བྱོན་མ། །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་རྟེན་བཤམས། །མཎྜལ་མཆོད་


CMR003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གསོལ་བ་རྩེ་གཅིག་བཏབ། །ཐུགས་རྗེ་ཆེན་པོའི་སྐྱེ་བ་བརྟག་ཐབས་དང་། །ཨོ་རྒྱན་ལས་ཚོགས་རྨི་ལམ་བརྟགས་པ་བྱས། །བུ་འདི་ཀཐོག་བླ་མ་ཡིན་འདུག་ན། །བླ་མ་སུ་ཡིན་གསལ་པོར་བསྟན་དུ་གསོལ། །དེ་སྐད་དམོད་བོར་ཉལ་བར་བྱས་པའི་སྐབས། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །ཐུགས་རྗེ་ཆེན་པོའི་རྟེན་གྱི་ཕྱོགས་དེ་ནས། །ལུང་བསྟན་ཚིག་འབྲུ་གཉིས་འདི་གསལ་བར་གསུངས། །སྐུ་བླ་གསང་བའི་ཡང་ཕུག་ན། །ཐུགས་རྗེ་ཆེན་པོའི་དངོས་གྲུབ་བརྙེས། །ཞེས་གསུངས་དབང་དྲག་རྒྱ་མཚོ་ཚེ་མཚམས་ཀྱི། །བཞུགས་གནས་སྐུ་བླ་ཕུག་དེ་ཡིན་ཐོས་པས། །དབང་དྲག་རྒྱ་མཚོའི་སྐུ་སྐྱེ་ཡིན་པར་རྟོགས། །ཕྱིར་ནངས་སྐར་མ་རྒྱལ་ལ་བབ་འདུག་པས། །རྫོགས་ཆེན་ལུགས་ཀྱི་སྐྱབས་སེམས་རྣལ་འབྱོར་པའི། །སྡོམ་ལུང་ཕོག་ནས་རྒྱལ་བའི་བསྟན་ལ་ཞུགས། །སླར་ཡང་རྙིང་མའི་ཡི་དམ་ཆོས་སྐྱོང་དང་། །བཀའ་སྲུང་རྣམས་ལ་གསོལ་ཁ་རྦད་བསྐུལ་དང་། །དམ་བརྡར་དྲག་ཏུ་བྱས་ནས་བུ་འདི་ཉིད། །དབང་དྲག་རྒྱ་མཚོ་ཡིན་མིན་ཐག་ཆོད་ཅིག །ཅེས་པའི་དམོད་བོར་ཐུགས་རྗེ་ཆེན་པོ་ནི། །ཡང་གསང་བླ་མེད་གསང་བ་འདུས་པ་དང་། །


CMR003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སྤྱན་རས་གཟིགས་དང་སྒྲོལ་དཀར་དང་། །ཨོ་རྒྱན་བདེ་མཆོག་ལ་སོགས་མང་པོ་ཡི། །སྐྱེ་བ་བརྟག་ཐབས་ཤེས་ཚད་བྱས་ནས་ཉལ། །གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ། །བྱིས་སྦ་དེ་ཉིད་བླ་མ་ཆེན་པོ་ནི། །སྐུ་ཤ་དཀར་ལ་སྨུག་པའི་མདངས་ཆགས་པ། །མཁུར་ཚོས་གཉིས་ལ་ཐིག་ལེ་དམར་པོ་ཅན། །སྨྲ་ར་ཅུང་ཟད་བཞི་བཅུའི་ན་ཚོད་ཅན། །དབུ་ལ་གོས་ཆེན་པད་ཞྭ་བཟང་པོ་དང་། །སྐུ་སྟོད་རབ་བྱུང་ཆ་ལུགས་ཡིན་པ་ལ། །སྐུ་སྨད་གོས་བེམ་སེར་པོ་བསྙིལ་ཏེ་མནབས། །བབ་ཆགས་སྐྱིལ་ཀྲུང་བཞུགས་པ་ཡུན་རིང་མཐོང་། །དེ་ནས་གཉིད་མ་ཐག་ཏུ་བུད་མེད་གཅིག །བྱུང་ནས་ཁག་ཁུར་ཟེར་བས་འདི་སྐད་སྨྲས། །ཁག་ནི་ཨེ་ཁུར་ཅི་ཤེས་སྨྲས་མ་ཐག །མི་ནི་མདོག་སེར་ཤ་རྒྱས་བབ་ཆགས་པ། །གོས་དཀར་གྱོན་ཅིང་སྐྱིལ་ཀྲུང་བཞུགས་པ་གཅིག །བདག་ཉིད་ཐེ་ཚོམ་བྱས་ལ་མ་དགའི་ཚུལ། །ང་ནི་ཅུང་ཟད་ཡེངས་དུས་ཁྱེད་མི་ཚོས། །གཉིད་གདའ་བསམ་སྟེ་ང་ལ་གཉིད་རྒྱུ་མེད། །རྒྱུན་དུ་འདི་ལ་སྲུངས་སྲུངས་བར་ཡོད་ཟེར། །བུད་མེད་ཌ་ཀི་མ་དེ་ཨོ་རྒྱན་གྱི། །སྤྲུལ་པས་ལུང་བསྟན་ཡིན་པར་གོ་བ་སྐྱེས། །དེ་མ་ཐག་ཏུ་ང་དང་ང་ཡི་གྲོགས། །


CMR003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མི་ཤེས་པའི་བླ་མ་གཉིས་སྣང་བས། །ཚེ་དཔག་ལྷ་དགུའི་ཆོ་ག་བཏང་བ་ལ། །ངེད་གསུམ་འདོན་པ་ངེས་པོ་མི་གདའ་བས། །བསམ་བློ་བཏང་ཞིང་བཏོན་པས་ཁོང་གཉིས་ཀྱི། །ཆོ་ག་ཚིག་ལྷུག་ཉོག་གེ་བ་གཅིག་བཏོན། །ངས་ནི་ཚིགས་བཅད་དངོས་གཙང་ལེགས་པར་བཏོན། །དེ་ཚེ་མདུན་དེར་རས་གཞི་གསར་པ་ནི། །སྔོན་ཆད་ཅི་ཡང་མ་བྲིས་པ་གཅིག་ལ། །ངེད་གསུམ་མངོན་རྟོགས་ཅི་ལྟར་བཏོན་བཞིན་དུ། །རས་གཞི་དེ་ལ་དོད་ནི་དགོས་རྒྱུར་སྣང་། །ཁོང་གཉིས་བཏོན་པས་ཅི་ཡང་མི་དོད་པར། །བདག་གིས་གང་བཏོན་ཁྲ་དང་ལམ་ལམ་དོད། །རྨི་ལྟས་དེ་ནི་ཀཐོག་བླ་མ་གཉིས། །དབང་དྲག་རྒྱ་མཚོའི་སྤྲུལ་སྐུ་བཏགས་མོད་ཀྱང་། །བརྟག་པ་ཧ་ཅང་གསལ་པོ་མི་འབྱུང་ཞིང་། །ང་ཡི་བརྟག་པ་ཐོག་ཏུ་འགྲོ་བར་གོ །དེ་ནས་བླ་མ་དེ་གཉིས་ང་ཡི་ནི། །རམ་བུ་བཀྱག་པ་རྨིས་པས་མཐར་ལ་ནི། །ཀཐོག་པ་ཡང་ང་ཡི་བཏགས་པ་ལ། །དག་པ་སྟེར་ཞིང་མཐུན་པར་སྨྲ་བར་གོ །དེ་ནས་ལུང་པ་འདི་ཡི་ཕུ་དང་མདར། །རྡོ་དཀར་སྤུངས་བའི་ལ་བཙས་ཆེན་པོ་ལ། །དར་ཅོག་དཀར་པོ་ཅུང་ཟད་བཙུགས་པར་སྣང་། །མི་རྣམས་ལ་བཙས་གང་བཟང་མ་ཤེས་


CMR003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བཟོང་བ་དེ་ལ་མཆོད་བསྟོད་བྱེད་འདོད་ནས། །ང་ལ་དྲིས་པས་བདག་གིས་ཤེས་སྙམ་ནས། །མདའ་ཡི་ལ་བཙས་རང་ག་བྱིས་སྦ་ཚོས། །བཏགས་པ་རེད་ཕྱིར་གནད་ནི་ཆེན་པོ་མེད། །ཕུ་ཡི་ལ་བཙས་བཟང་ཞིང་གནད་ཆེ་སྨྲས། །རྨིས་ལྟར་དེ་ནི་ཕུ་ཡི་སྐུ་སྐྱེ་འདི། །བཟང་ཞིང་མདའ་ཡི་དེ་ནི་བརྫུ་མར་གོ །དེ་ནས་སུན་མ་བཟློག་ཅིང་བརྟན་བཞུགས་ཕུལ། །བུ་འདི་མི་འགྱུར་རྡོ་རྗེ་ཡིན་ནམ་མིན། །བར་ཆད་མེད་པར་གཏེར་ནི་ཐོན་ནམ་བརྟག །སྔ་ཐུན་ཁྱི་དཀར་མཆེ་བ་ཡ་གཅིག་གཙིགས། །ཨམ་གཙིགས་བསྡམས་ཚུལ་ང་ལ་འོག་མིག་བྱེད། །མི་མང་གྲི་བཏོན་ཐམས་ཅད་འཁྲུག་པ་ཤོམ། །རོ་ལངས་དབྱུག་ཐོགས་གཉིས་ཀྱིས་མི་རྣམས་དེད། །སྐྱེས་པ་བུད་མེད་མང་པོ་ངུ་ཞིང་བྲོས། །བདག་གིས་བར་བྱས་མི་རྣམས་འཁྲུག་པ་ཞི། །མཚོན་ཆ་ཐོགས་ཏེ་རོ་ལངས་བདག་གིས་བཀག །རྨིས་ལྟས་མི་དང་མི་མིན་འཆི་བདག་སོགས། །བར་ཆད་མང་པོ་ཡོད་པ་དེ་རྣམས་ཀྱང་། །བདག་གིས་སེལ་བའི་རྟེན་འབྲེལ་ཡོད་པར་གོ །ཕྱི་ཐུན་གདན་མཐོན་སྟེང་དུ་བླ་ཆེན་ནི། །དགུང་ལོ་བཞི་བཅུ་པ་ཡི་ན་ཚོད་ཙམ། །སྐུ་མདོག་དཀར་སྨུག་བབ་ཆགས་གཟི་བརྗིད་ལྡན། །སྐྱིལ་


CMR003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས་བཞུགས་བླ་མ་དེ་ཉིད་ནི། །ཆོས་རྗེ་གྲགས་པ་རྒྱལ་མཚན་ཡིན་ནོ་སྙམ། །དེ་མདུན་བདག་འདུག་ཆོས་ཀྱི་གླེང་མོ་བྱས། །འདི་ནི་རྗེ་འབངས་གཅིག་གི་སྤྲུལ་པ་ཡིན། །སྙམ་ཞིང་འགྱུར་མེད་དད་པ་བརྟན་པོ་ཐོབ། །ཉེ་གནས་བུད་མེད་གཅིག་གིས་དེ་ལ་ནི། །བརྩེ་བའི་རྣམ་འགྱུར་བྱེད་ཅིང་འདུག་པ་རྨིས། །གཏེར་སྟོན་ཡིན་པའི་རྟགས་དང་ཆགས་ལམ་སོགས། །དགུང་ལོ་བཞི་བཅུ་ཙམ་ལ་འབྱུང་ངམ་སྙམ། །ཚེ་སྒྲུབ་གསང་འདུས་གུ་རུ་ཞི་དྲག་སོགས། །དཀྱིལ་འཁོར་ཞལ་ཕྱེས་དབང་བསྐུར་སྔགས་སྡོམ་ཕོག །མེ་ཏོག་དབུས་དང་ཤར་གཉིས་ཁོ་ནར་བབ། །དབུས་ནི་མི་འགྱུར་ཤར་ནི་རྡོ་རྗེ་སྟེ། །དེ་ཉིད་བརྟག་པར་འོས་ཀྱང་བརྟག་མ་ཕོད། །ཨོ་རྒྱན་མི་འགྱུར་བཏགས་ཞེས་སྨྲས་པ་ཡིས། །ང་ཡི་མིང་ལ་ཨོ་རྒྱན་མིན་ནོ་གསུངས། །པདྨ་བཀའ་ཐང་ལ་སོགས་ལུང་བསྟན་ལས། །ཨོ་རྒྱན་མི་འགྱུར་བ་ཡི་གནད་དུ་གོ །འོ་ན་མི་འགྱུར་རྡོ་རྗེ་བཏགས་ཞུས་པས། །དེ་ཉིད་ལེགས་གསུངས་ཤིན་ཏུ་དགྱེས་པར་མཛད། །སྤྲུལ་སྐུ་ཆུང་དུས་མང་པོ་གསུངས་ཟིན་ཀྱང་། །ཕལ་པ་རྣམས་ཀྱིས་མ་ཤེས་ཡིད་བཟུང་མེད། །ད་ནི་གྲིབ་ཕོག་གསུང་རྒྱུ་ཆེར་མི་སྣང་། །


CMR003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་རྒྱ་མཚོ་ཡིན་ནི་མི་གསུང་ངོ་། །ཚུལ་ཁྲིམས་རྡོ་རྗེ་ཡིན་ཞེས་ཡང་ཡང་གསུངས། །དེ་གཉིས་གཅིག་གམ་ཐ་དད་རྒྱུས་ཀྱང་མེད། །ད་དུང་དོ་དགོང་བརྟག་པ་བྱའོ་སྙམ། །དེ་ཚེ་སྤྲུལ་སྐུའི་ཚོགས་སྐལ་གསོལ་བཞིན་དུ། །ཚོགས་འདི་གཞན་ལ་བྱིན་ན་དགེ་ཆེ་སྟེ། །མ་བྱིན་ན་ནི་རང་ལ་དགའ་བོ་གསུངས། །དེ་ཡང་དོན་ལ་གནས་པ་ཉིད་དུ་སྣང་། །རྒོད་མ་རྟེའུ་མ་གཅིག་ནི་ཆབ་འདུག་པས། །རྟེའུ་དེ་འཕྱིས་དོགས་ཟེར་བས་མོ་འདེབས་ཚུལ། །མི་དོགས་གསུངས་པས་དེ་ཡང་ཐིག་པར་བྱུང་། །སྔོན་དུ་གསུང་སྲོལ་མེད་པར་གློ་བུར་དུ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཆོས་རྗེ་གཡུང་སྟོན་པ་ལ་གསོལ་བ་འདེབས། །རྒྱལ་སྲས་ཚེ་དབང་གྲགས་པ་ལ་གསོལ་བ་འདེབས། །ཞེས་པ་ལན་མང་གསུངས་ཏེ་གཡུང་སྟོན་སོགས། །ཐོས་མ་མྱོང་ཡང་གསང་སྔགས་རྙིང་མ་ཡི། །བག་ཆགས་སད་པའི་རྟགས་སུ་བདག་གིས་གོ །སྤྱིར་ནི་སྐུ་ཕྲ་འཚུབ་ཆ་ཆེ་བ་ཡིས། །ཡུད་ཙམ་བཞུགས་རྒྱུ་མེད་པར་རྒྱུག་པ་ལ། །དེ་དགོང་སྐུ་ལུས་དྲང་པོར་བསྲང་མཛད་ཅིང་། །སྐྱིལ་ཀྲུང་བཅས་ནས་བཛྲ་གུ་རུ་ནི། །སྔགས་སྒྲ་དག་པར་ཕྲེང་སྐོར་ལྔ་ཙམ་གསུངས། །གྲོགས་ཀྱང་མེད་


CMR003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདི་ཙམ་བཞུགས་པར་ནི། །བག་ཆགས་སད་ཅིང་བྱིན་རླབས་ཞུགས་པར་གོ །དེ་ནས་སྲོད་ལ་བབ་ནས་གཟིམས་ཙམ་ན། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །ཨོ་རྒྱན་ཆེན་པོ་མངོན་སུམ་ཞལ་གཟིགས་ཏེ། །ཡེ་ཤེས་ཕེབས་རྟགས་བྱིན་འབེབས་གཞུང་ལྟར་དུ། །སྐུ་ལུས་ཕྲིལ་ཕྲིལ་ཧྲིལ་ཧྲིལ་འདར་བར་གྱུར། །སྤོས་ཕུལ་དྲི་བའི་དུས་ཡིན་སྙམ་ནས་དྲིས། །དེ་ཚེ་ཡ་ཡ་ད་ནི་དྲན་བྱུང་གསུངས། །དབང་དྲག་རྒྱ་མཚོའི་འཁྲུངས་ཡུལ་ཡབ་ཡུམ་ནས། །ཀཐོག་ཉིད་དུ་སློབ་གཉེར་བྱས་ཚུལ་དང་། །སྐུ་བླ་ཕུག་ཏུ་བསྒྲུབས་པ་བྱས་ཚུལ་དང་། །དེ་དུས་ཞྭ་གོས་ན་བཟའ་ཡོད་ལུགས་དང་། །གཟིམས་ཁང་བཀོད་པ་དར་ཐག་དབང་བསྐུར་དང་། །མཚམས་གྲོལ་སྐབས་སུ་འགྲོ་དོན་མཛད་ལུགས་དང་། །སློབ་མ་གྲྭ་པ་ཕལ་ཆེར་ཡོད་ལུགས་དག །ར་ལ་འོ་མ་རྒྱུན་དུ་ཡོད་ལུགས་དང་། །བེ་རི་ཀླུ་བཙན་འབུལ་བ་བྱུང་ལུགས་དང་། །མྱ་ངན་འདས་ལུགས་བར་དོའི་རྣམ་ཐར་གསུངས། །སྐུ་ཚེ་འདི་ལ་གཏེར་དང་གནས་སྒོ་དང་། །འགྲོ་དོན་འབྱུང་ལུགས་ཕལ་ཆེར་གསལ་བར་གསུངས། །དེ་ནས་ཞལ་གཟིགས་ལྷ་གཉིས་འོད་དུ་ཡལ། །དུས་ཕྱིས་ང་ལ་


CMR003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱུ་མེད་པ་ལ། །དོ་ནུབ་དེ་ཙམ་བཤད་རྒྱུ་ཡོད་པ་དེ། །ཞལ་གཟིགས་དེ་ཡིས་བྱིན་རླབས་ཡིན་ནོ་གསུངས། །ཨོ་རྒྱན་ཐུགས་རྗེ་དུས་ལས་མི་ཡོལ་བས། །སྔོན་དུ་རྟགས་མཚན་མང་དུ་བྱུང་ན་ཡང་། །ད་དུང་བདག་གིས་བློ་ཁ་མ་རྫོགས་པས། །ཨོ་རྒྱན་སྤྲུལ་སྐུའི་རྒྱུད་ལ་ཞུགས་པར་སྣང་། །སྙམ་ནས་བདག་ཀྱང་བློ་ཚིམ་དད་པ་འཕེལ། །དེ་ནས་ཁོ་བོ་གཉིད་པའི་རྨི་ལམ་ན། །གོས་དཀར་གྱོན་པའི་དཔོན་རིགས་གཅིག་གིས་ནི། །མདུང་རིང་གཅིག་ལ་འཇའ་ཡི་དར་ཆེན་ཕྱར། །ལུང་པ་ཐམས་ཅད་སྣ་ཚོགས་འཇའ་ཡིས་གང་། །ཐོ་རངས་སྤྲུལ་སྐུ་ཉིད་ཀྱིས་ཞལ་ནས་ཀྱང་། །ད་ནི་ངས་ནི་ཅི་ཡང་མི་བཤད་དོ། །བླ་མ་ཉིད་ཀྱིས་བཤད་ན་གསུང་སྙམ་བྱེད། །དེ་ཡི་རྟེན་འབྲེལ་སྐུ་ཚེར་གནོད་དོགས་པས། །ད་ནི་སུ་ལ་གསུང་ཡང་མ་གསུངས་ཞུས། །འཇའ་ཚོན་དེར་ཕྱུར་སྙན་གྲགས་རྟགས་སུ་གོ །ཕྱིར་ནངས་ཉེར་གསུམ་དུས་བཟང་འགྲིགས་གདའ་བས། །བསང་བཏང་དར་ཕྱར་དུང་འབུད་རྟེན་འབྲེལ་དང་། །སབ་གདན་གོས་འབོལ་ལྔ་བརྩེགས་སྙན་འབོལ་བཅས། །ཁྲི་ལ་བཞུགས་ནས་པདྨ་མཐོང་གྲོལ་གསོལ། །དེ་ཚེ་སྤྲུལ་སྐུའི་ཞྭ་དེར་གཟིགས་མཛད་ནས། །འོ་ང་ཡི་ཞྭ་


CMR003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་འདྲ་ཡོད་དོ་གསུངས། །བདག་གིས་ཕྱག་འཚལ་བཀྲ་ཤིས་ཁ་བཏགས་དང་། །མཎྜལ་ཕུལ་ཞིང་གསོལ་དཀར་བཀྱག་པ་དང་། །སྐུ་ཚེ་བརྟན་ཞིང་བོད་ཁམས་བདེ་བ་ཡི། །གསོལ་འདེབས་སྨོན་ལམ་བཏབ་ཅིང་ཞབས་དབང་ཞུས། །བཛྲ་གུ་རུའི་ལུང་ཡང་ཞུས་པའི་ཚེ། །ཁྲི་ཁར་ཕེབས་དང་ཞབས་དབང་ལ་སོགས་དུས། །ཉམས་ང་མེད་ཅིང་སྔར་ནས་ལོབ་པ་འདྲ། །ཁྲི་ཁར་བཞུགས་ཚེ་ལྷུན་ཆགས་གཡོ་འགུལ་མེད། །རྙིང་མའི་དཔེ་རྣམས་རྩིས་སྤྲད་ཚུལ་དུ་ཕུལ། །དེ་རྣམས་གསང་སྟེ་སྦས་ཚུལ་ཡབ་ཚང་བྱོན། །དེ་ཚེ་ཨ་ནེ་དེ་ཡི་རྨི་ལམ་དུ། །སྒར་ཆེན་ཕེབས་ནས་དུང་དཀར་འབུད་པ་ཡིས། །ཁྲོམ་ཆེན་འཚོགས་ནས་ཡིག་དྲུག་འདོན་པ་ཚོགས། །དེ་སྐོར་བདག་གི་གྲྭ་སློབ་ལ་སོགས་པ། །ཕལ་ཆེར་དག་སྣང་རྨིས་ལྟས་བཟང་བར་སྣང་། །ཡབ་སར་བྱོན་ནུབ་བདག་གི་རྨི་ལམ་ན། །བདག་གིས་སྤྲུལ་སྐུ་པང་པར་ཐོགས་སོང་བས། །གཡང་ལ་དིའུ་ལྷུང་ལ་ཡར་ཐར་ཏེ། །ཁང་བཟང་ཞིག་གི་ནང་དུ་འདུག་པ་ན། །བན་དེ་མང་ཚོགས་འདུག་པ་དགའ་བ་རྨིས། །བར་ཆད་ཡོད་པར་ཤེས་ནས་སྲུང་འཁོར་བསྒོམས། །ལོ་རྒྱུས་འགའ་རེ་བརྗེད་ཐོར་བྲིས་པའི་


CMR003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ། །བདག་གིས་གནས་སྒོ་གསར་པ་གཅིག་བྱས་པས། །དང་པོ་མཇལ་རྒྱུ་གསལ་པོ་མ་རྙེད་པས། །མི་རྣམས་མ་མགུ་ཕྱིར་ལ་ཅུང་ཟད་འོང་། །ཡར་ལ་བལྟས་པས་བྲག་ལ་ཨོ་རྒྱན་སྐུ། །འབུར་དོད་ཁྲ་ལམ་མེ་རེ་བཞུགས་འདུག་པས། །ཡ་ཀི་ང་ནི་ཨེ་བདེན་ལྟོས་སྨྲས་པས། །མི་རྣམས་ཐམས་ཅད་དད་གུས་བྱེད་པ་རྨིས། །བདག་གི་སྤྲུལ་སྐུ་ངོས་འཛིན་བྱས་པ་ལ། །དང་པོ་མི་ཀུན་བདེན་པར་མི་བརྩི་སྟེ། །མཐར་ནི་ཀུན་གྱིས་ཡིད་ཆེས་བྱེད་པར་གོ དེ་ནས་མགོ་ཟླའི་ཚེས་པ་གཉིས་ཀྱི་ནུབ། །གློ་བུར་མཇལ་འདོད་བྱུང་བས་ཕྱི་དེ་ནང་། །རླུང་ལྟར་མཐུན་པའི་ཆིབས་བསྐུར་གདན་འདྲེན་བཏང་། །གཟིམས་ལས་སད་ཚེ་ང་ནི་གནས་མདོ་ན། །ཡོད་དམ་བསམས་པས་མ་རེད་འདི་ན་རེད། །གནས་མདོར་བླ་མ་གཞན་ཞིག་གདའ་གསུངས་ཏེ། །བླ་མ་ཕྲིན་ལས་ཕེབས་འོང་མཁྱེན་པར་སྣང་། །དེ་ཉིད་གྲྭ་པ་རྣམས་ཀྱང་མ་སྐབས་ནས། །བླ་མ་ཕྲིན་ལས་ཇི་མ་བྱས་ནས་ཀྱང་། །ཕེབས་ཇ་ལ་དམིགས་མི་ནི་གསུམ་བཞི་ཙམ། །ཨེ་འདོང་ཙམ་གྱི་ཇ་འདེབས་གཅིག་བཏབ་པས། །འགྲིམ་པ་མང་བས་འདེབས་ལོང་མ་བྱུང་ནས། །ཉུང་ཇ་དེ་ལ་བསུས་ཤིང་བླུད་པ་ཡི། །ཡང་


CMR003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆུ་བསྣན་བསུས་ཤིང་དྲངས་པ་ཡིས། །ཇ་འདེབས་དེ་ལ་མི་མགོ་བཞི་ལྔ་ཡི། །ཇ་འགོས་ལེགས་པོ་ལྔ་བྱུང་དངོས་གྲུབ་ཀྱི། །ལྟད་མོ་ངོ་མཚར་ཡ་མཚན་ཆེ་བའོ། །ངོས་འཛིན་དང་ཁྲི་འདོན་བྱས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འདི་མན་རྣམ་པར་ཐར་པ་ནི། །གོ་རིམ་ངེས་མེད་འཆོལ་བར་ཡོད་ན་ཡང་། །དགོས་པའི་དབང་གིས་གོ་རིམ་ཕྱེ་སྟེ་བྲི། །དེ་ནས་རང་གི་གྲྭ་པ་རྣམས་ལ་ཡང་། །སྐུ་སྐྱེ་ཡིན་དང་ཁྲི་འདོན་བྱས་པ་སོགས། །ཕྱི་རྒྱབ་གཞན་ལ་གསང་ཕྱིར་མནའ་བསྒགས་ནས། །སྤྲུལ་སྐུ་སྙེམས་མེད་གྲྭ་པའི་ཁྲོད་དུ་བཞུགས། །ནུབ་ཀྱི་གཟིམས་ས་ང་ཡི་བུག་སྒོར་མཛད། །ཡབ་དང་ཁུ་བོ་རེས་མོས་གཟིམས་གཡོག་བྱས། །ཉིན་གཅིག་བླ་ཆེན་གཅིག་དང་གནས་ཆེན་པའི། །འབུལ་བ་མང་ཞིག་བདག་ལ་བྱུང་བའི་དུས། །བདག་ཀྱང་སེམས་རྒྱུད་རྩུབ་ཅིང་སློང་ཆེར་བྱུང་། །དེ་ནུབ་རྨི་ལམ་མི་ནག་མགོ་དགུ་པ། །མགོ་རྣམས་གཅན་གཟན་སྣ་ཚོགས་མགོ་བོ་ཅན། །ལག་པ་བཅུ་པ་ལུས་ལ་ཚེར་ཕུང་སྐྱེས། །དེ་འདྲ་བྱུང་བ་བླ་མ་དེ་ཉིད་ལ། །བར་ཆད་བྱེད་པའི་བགེགས་དེ་ཡིན་པར་གོ །དེ་དང་མཐུན་པར་ཡབ་ཀྱི་མཐོང་སྣང་ལ། །འོད་


CMR003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འཁྱིལ་ཞིང་སྐྲག་སྔངས་གཉིད་མ་ཕོད། །སྤྲུལ་སྐུའི་དབུ་སྔས་མར་མེ་གསལ་ལྟ་ལེ། །འདུག་སྣང་བྱུང་བས་དེ་བལྟས་སྐྲག་སྔངས་ཞི། །རྨི་ལམ་ཡུལ་དུ་གནོད་བྱེད་འགའ་འདུག་པས། །ཡབ་ཉིད་ཕྱག་རྡོར་བསྒོམས་ནས་ནམ་མཁའ་ལ། །གར་ཐབས་བྱས་པའི་སྣང་བ་བྱུང་བར་གྱུར། །སྤྲུལ་སྐུ་གཟིམས་པའི་ངང་ནས་འདི་སྐད་དུ། །ཨ་ག་བ་དེ་མར་སོང་གསུངས་པར་གྲག །ཕྱིར་ནངེས་ཅི་ལགས་ཞུས་པས་མདང་འདི་རུ། །མགོ་དགུ་ཡོད་པའི་མི་གཅིག་བྱུང་བ་ལ། །ཐལ་བ་སྦྱར་གང་བཏབ་པས་མེད་སོང་གསུངས། །བླ་མ་ལ་གནོད་བགེགས་དེ་བཏུལ་བར་སྣང་། །དེ་ནས་དུས་ཀྱང་ཤིན་ཏུ་འཇིགས་སྐྲག་པས། །སང་ཕོད་ད་ཚོད་བར་དུ་སྤྲུལ་སྐུ་ཡི། །ཆགས་ཕྱི་བདག་གིས་བྱེད་རྒྱུ་འོང་ངམ་བརྟག །མཁའ་ལ་ཚེས་གསུམ་ཟླ་བ་ཤར་བ་དེ། །སྐད་ཅིག་གཅིག་ལ་ཚེས་བདུན་ཟླ་བར་གྱུར། །ཉི་ཟླ་ཁ་སྤྲོད་སྐར་ཆེན་གསུམ་གྱིས་བསྐོར། །མཆོད་རྟེན་དཀར་པོ་ཆེ་ཞིང་ལེགས་པ་རྣམས། །ནམ་མཁར་འདུག་ལ་ཀུན་གྱིས་ངོ་མཚར་བྱེད། །དེ་འདྲ་རྨིས་པས་རྟེན་འབྲེལ་ལེགས་སྙམ་ཞིང་། །ཕྱིས་ཀྱང་ལོ་གཅིག་བར་དུ་བར་ཆད་མེད། །ནུབ་གཅིག་ཅི་འགབ་བཀའ་གྲོས་བྱས་པའི་


CMR003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ། །འབྲི་ཆུ་ནང་ནས་བླ་མ་ཆོས་དབང་གིས། །རྡོ་གཅིག་བཏོན་ནས་རྒྱལ་མཚན་རང་བྱོན་སྣང་། །ལེགས་པར་བལྟས་པས་རྟགས་བརྒྱད་རང་བྱོན་དབུས། །ཨོ་རྒྱན་རྡོ་སྐུ་ལེགས་པ་ཞིག་འདུག་པ། །བླ་མ་ཞིག་གིས་འབྲི་ཆུར་སྦས་པ་རེད། །ལ་ལས་འབྲི་ཆུ་ནང་དུ་སྦོས་ཤོག་ཟེར། །ལ་ལས་ལམ་འོག་སྤང་མཐིལ་འདིར་ཞོག་ཟེར། །བདག་གིས་དེ་འདྲ་མི་རུང་སྨྲས་ནས་ཀྱང་། །ལམ་གཉའ་གཙང་ས་གཅིག་ཏུ་བཙུགས་བཞག་རྨིས། །གོང་མ་བཞིན་དུ་འབྲི་ཆུའི་རྒྱུད་དུ་ནི། །སྦས་པའི་ཚུལ་དུ་བཞུགས་པ་མི་རུང་ཞིང་། །འཕྲལ་དུ་ལེགས་ཀྱང་དགོན་སྡེར་བཞག་མི་རུང་། །རྫོགས་ཆེན་ལུགས་ལྟར་དགོས་པའི་བརྡ་རུ་གོ །ནུབ་གཅིག་རྗེ་འབངས་ཐང་སྐུ་ལ་གཟིགས་ནས། །རི་ཕུག་འགྲོ་མི་འདི་ནི་ང་ཡིན་འདྲ། །གསུང་སྟེ་གནམ་ཆོས་ལུང་དང་ཕྱིས་སུ་མཐུན། །བདག་གི་རྨི་ལམ་བྱད་ཁ་གདོན་གྱི་རྟགས། །ནམ་བྱུང་ཞུ་མི་དགོས་པར་སྤྲུལ་སྐུ་ཡི། །བཟློག་པ་བཅའ་བའི་ཚུལ་གྱིས་སྐུ་རྩེད་དང་། །བདག་གི་བྱང་བུ་བཞུ་རྒྱུ་འགའ་རེ་རྣམས། །ལ་མོ་མ་ཁོམས་སེམས་ལ་ཕྲེང་བའི་དུས། །མ་ཞུས་ན་ཡང་བྱང་བུ་བཞུ་ཚུལ་མཛད། །ལྷ་ཁང་བཞེངས་དང་བླ་མ་བྱེད་པ་


CMR003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མདོས་དང་བཟློག་པ་བཅའ་ཞིང་འདོན་པ་དང་། །དཔེ་ཆ་ཐང་སྐུ་བཞེངས་པ་ལ་སོགས་པ། །བག་ཆགས་སད་པའི་རྩེད་མོ་མ་གཏོགས་པ། །ཐ་མལ་པ་ཡི་རྩེད་མོ་མི་མཛད་དོ། །རྩེད་མོ་རྣམས་ཀྱང་ཕལ་ཆེར་རྩེད་མོ་རང་། །མིན་པར་རྟེན་འབྲེལ་གནད་རེ་ཡོད་ཡོད་འདྲ། །དེ་ཕྱིར་རྩེད་མོའི་ཆས་ཀ་གང་དགོས་ཕུལ། །ཡིག་དྲུག་ཆག་ཞིང་ཁོ་བོ་མི་རྒས་པོ། །རྩེད་གྲོགས་བྱེད་འདྲ་སྙམ་ནས་ལོང་འཚོར་བ། །ནམ་བྱུང་དེ་མ་ཐག་ཏུ་མི་དགོས་གསུངས། །སྤྲུལ་སྐུ་འདི་འདྲའི་ཆགས་ཕྱི་བསྒྲུབ་རྒྱུ་རྙེད། །བདག་རང་བསྐལ་བ་བཟང་སྙམ་སེམས་དགའ་བའི། །རྣམ་རྟོག་ཡིད་ལ་ནམ་ཤར་དེ་ཡི་ཚེ། །བུག་སྒོར་དབུ་རྒྱ་བདག་ལ་གཟིགས་ཤིང་བཞད། །བདག་གི་ཆགས་ཕྱི་སྐུ་ཡོན་འབུལ་བ་སོགས། །དགེ་སྦྱོར་བཅག་ནས་དཀའ་ལས་ཆེར་བྱས་ཀྱང་། །བདག་ནི་བྱ་བྲལ་ཉམ་ཆུང་གྲགས་ཆུང་ཕྱིར། །ཐུགས་ལ་ཨེ་བཞག་ཚོད་མེད་ནམ་བསམ་ཚེ། །རྩེད་མོ་རྩེ་བདོ་ཡིན་ཀྱང་བུག་སྒོར་རྒྱུག །ང་ཡི་བླ་མ་ང་ཡི་བླ་མ་གསུངས། །རེས་འགའ་ང་ཡི་བླ་མའི་དྲུང་འགྲོ་གསུངས། །རེས་འགའ་རྣམ་རྟོག་ངན་པ་འགྱུ་ཤོར་ནས། །དེ་ཉིད་གཉེན་པོས་མ་ཟིན་པ་ཡི་ཚེ། །ཞལ་རས་གནག་ཅིང་


CMR003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་དགའི་རྣམ་འགྱུར་མཛད། །མདོར་ན་བདག་གི་སེམས་ལ་གང་ཤར་བ། །མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན། །སྤྲུལ་སྐུའི་ཐུགས་ལ་དེ་དག་གསལ་བར་མཁྱེན། །དཔེར་ན་རྣལ་འབྱོར་བསྙུང་གནས་རས་ཆེན་ལ། །སློབ་མ་བཟང་པོ་གཅིག་ནི་བྱུང་བ་དེས། །བླ་མའི་ཐུགས་ལ་གང་ཤར་མཁྱེན་གྱུར་པས། །མཚན་ཡང་གང་ཤར་རས་ཆེན་བཏགས་དང་མཚུངས། །བདག་གི་ཡིད་ལ་གང་ཤར་མཁྱེན་འདུག་པས། །རྣམ་རྟོག་ངན་པ་འགྱུ་ཡང་མི་ཕོད་པ། །ཆོས་ཁྲིམས་པ་གཅིག་ཡོད་ལས་འཇིགས་པ་བྱུང་། །ཨེ་མ་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ། །སྙེམས་མེད་གྲྭ་པའི་ཁྲོད་དུ་སྦས་ན་ཡང་། །རྒྱུ་སྐར་དབུས་སུ་ཙན་སྦས་པ་ལྟར། །ངོ་མཚར་དངོས་རྟགས་སྦས་ཤིང་ཇེ་ཇེ་གསལ། །དེ་ནས་ཅང་ཤེས་རྒྱལ་པོའི་ལོ་ཡི་མཇུག །མགོ་ཟླའི་ཚེས་བཅུ་འགྲུབ་སྦྱོར་འཛོམས་པ་ལ། །ཚེས་བཅུ་མཆོད་པའི་ཚོགས་འཁོར་གཟབ་པའི་གྲལ། །གོས་དར་ལྔ་བརྩེགས་འབོལ་སྟེང་སྤྲུལ་སྐུ་འགོད། །པད་ཞྭ་རྡོ་རྗེ་བྷན་དྷ་ཁ་ཊྭཱྃ་དང་། །ཚེ་བུམ་ལ་སོགས་སྐུ་ཡི་ཆས་གསོལ་ནས། །བླ་མ་ཆོས་དབང་ཕྲིན་ལས་ལ་སོགས་པས། །ཕྱག་འཚལ་བརྟན་བཞུགས་ཕུལ་ཞིང་ཆོས་བྲོ་


CMR003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲབ། །དེ་ཉིན་མངོན་མཁྱེན་འགའ་ཞིག་ལྐོག་ཏུ་གསུངས། །བར་སྒོ་དཔོན་པོ་དང་ནི་ངེད་གཉིས་ལ། །རྩེད་མོའི་ཚུལ་དུ་ཆོས་འབྲེལ་སྡོམ་པ་གསུངས། །མགོ་ཟླའི་མར་ངོའི་ཚེས་བཅུ་དགོང་མོ་ལ། །སྒོ་རྒྱབ་ཕེབས་ནས་གཏོར་འཕེན་མཛད་སོང་བ། །སྤྲུལ་སྐུ་ཉིད་ལ་གནོད་པའི་བགེགས་དང་ནི། །མི་རྣམས་ཀུན་གྱི་སྲོག་གཅོད་བདུད་གཉིས་དེ། །དམ་ལ་བཏགས་པ་ཡིན་པའི་ལོ་རྒྱུས་གསུངས། །དེ་ཚེ་དཔལ་ལྡན་མགོན་པོ་མ་ནིང་ནི། །སྐུ་ནི་རི་ཆེན་ཙམ་ནི་ཞལ་གཟིགས་སོ། །དེ་ནས་གུ་རུ་ཤཱཀྱ་སེང་གེ་ནི། །སྐུ་ནི་རྩག་ཁྲུ་གང་ཙམ་ཞལ་གཟིགས་སོ། །དེ་ནས་གཏོར་བསྔོས་གཏོར་འབུལ་ཅུང་རེ་མཛད། །གཏོར་འཕེན་རྩེད་མོའི་རྣམ་པར་མཛད་ན་ཡང་། །སློང་དང་རྩུབ་འཁྲུག་ནད་པ་གདོན་ཆེན་ལ། །གཏོར་རྒྱབ་བྱད་ཁ་འདྲ་བ་བྱུང་ཞིང་སྣང་། །དེ་དགོང་ཉིད་དུ་དྲག་པོའི་ལས་འགྲུབ་པའི། །རྟགས་མཚན་དག་ཀྱང་གསལ་བར་བྱུང་གྱུར་ཏེ། །རྩེད་མོ་ལ་ཡང་ནུས་པ་དེ་ཙམ་མཚར། །ནུབ་གཅིག་རྒྱ་ནས་གཉིས་དང་དབུས་ནས་གཉིས། །མི་བཞི་ཤི་འདུག་སྔོན་ཚེ་དེ་ཚོ་ཡི། །ང་ལ་འབུལ་བ་བྱེད་མྱོང་སྙིང་རྗེ་གསུངས། །མིང་བྱང་བྲིས་ནས་བཞུ་བར་མཛད་པ་སྟེ། །སྐུ་


CMR003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བསྲང་ནས་དམིགས་པ་གཏད་ནས་ཀྱང་། །རྣམ་ཤེས་འགུག་དང་ཕྱིར་ལྡོག་འདོད་ཡོན་བསྔོ། །རྣམ་ཤེས་སྤར་དང་བདེ་ཆེན་ཞིང་འདྲེན་སོགས། །དོན་ལ་ཆ་ཚང་གཅིག་ནི་མཛད་སོང་བས། །སྔོན་ལ་རྣ་ཐོས་ཙམ་ཡང་མེད་པ་ལ། །དོན་ལ་ཚང་བར་མཁྱེན་སྙམ་ངོ་མཚར་སྐྱེས། །ཕྱིར་ནངས་མདང་གི་ཚེ་འདས་དེ་རྣམས་ནི། །ཨོ་རྒྱན་པདྨའི་ཕྱག་དབང་གསུམ་རེ་ཐོབ། །བདེ་བ་ཅན་དུ་སྐྱེས་ཐལ་ངེས་སོ་གསུངས། །བདག་གི་རྨི་ལམ་གདོན་རྟགས་ཆེར་བྱུང་དུས། །ལིངྒ་བྲིས་ནས་བསྒྲལ་ལས་སྦྱིན་སྲེག་དང་། །གཏོར་ཟློག་མཛད་ཚུལ་དོན་ལ་ཆ་ཚང་མཛད། །ལོ་མཇུག་རྒྱུན་དུ་བདག་ལ་ཆམ་པ་ནི། །ཐུ་མོ་ཟླ་ཕྱེད་ངེས་པ་ན་སྲོལ་དེ། །ན་ནི་བྱུང་བ་ཞག་འགའ་སོང་ནས་ཕན། །གྲྭ་པ་ཀུན་ན་སྤྲུལ་སྐུ་མ་བསྙུང་ངོ་། །ནུབ་གཅིག་གཏོར་མ་བཅས་ནས་ལིངྒ་བྲིས། །ཕུར་འདེབས་ལིངྒ་བསྲེག་དང་གཏོར་ཟློག་སོགས། །ཕྱག་ལེན་ཆ་ཚང་རྣམ་པ་གཅིག་མཛད་དེ། །སྔགས་ནི་དབ་བེ་དིབ་བེ་འདྲ་བ་གསུངས། །སྔགས་འདི་གཟའ་སོགས་གནོད་བྱེད་འདུལ་སྔགས་ཡིན། །གཞན་གྱི་ཐོས་ནི་རུང་བ་མ་ཡིན་གསུངས། །འདི་ཡན་དབང་ལུང་བྱིན་འབེབསཙམ་ཞིག་ལས། །


CMR003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་སྐུ་ཡོན་ཅི་ཡང་མ་ཕུལ་ལོ། །དེ་བསྟན་ཙམ་གྱི་ཙཀ་ལི་བརྡ་ཙམ་དང་། །ལིངྒ་ལ་སོགས་བྲི་བ་མཁྱེན་ཅིང་སྣང་། །དེ་ནས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །གསང་ཁྲིད་རིམས་ལྔའི་འོད་གསལ་ཕྱག་ཆེན་གྱི། །དམིགས་ཐུན་རེ་རེ་སྤར་ཅིང་སྒོམ་བཅུག་པས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །རྒྱུ་འབྲས་འཁོར་བའི་ཉེས་དམིགས་བཤད་པའི་དུས། །དེ་ཤེས་དེ་ཤེས་ཁོ་ན་གསུངས་མཛད་ཅིང་། །རྫི་མགོ་ཙམ་ལས་མི་དགོས་མཁྱེན་པར་སྣང་། །བྱམས་དང་སྙིང་རྗེ་སེམས་བསྐྱེད་ཁྲིད་ཀྱི་དུས། །རང་དབང་མེད་པར་སྤྱན་ཆབ་བསིལ་བ་བྱུང་། །དེ་ནས་སེམས་འཛིན་དམིགས་རྡེལ་བཞག་པའི་ཚེ། །ཡུད་ཙམ་གཟིགས་ནས་རྡེལ་བུ་ཕྱིར་འཕངས་ནས། །ཡ་ཐ་སྟོན་པའི་སྐུ་དེ་གཏོད་དང་གསུངས། །དེ་ལ་གཟིགས་ནས་ཡུན་རིང་བཞུགས་པ་ནི། །མ་དག་ཤིང་བུ་རྡེལ་བུའི་སེམས་འཛིན་པས། །དག་པ་སངས་རྒྱས་སྐུ་ལ་འཛིན་པ་ནི། །ཕན་ཡོན་ཆེ་བའི་དོན་ཡང་མཁྱེན་པར་སྣང་། །དེ་ནས་གནས་འགྱུ་གསལ་པོར་ངོ་འཕྲོད་དེ། །དེ་ནས་མུས་ཀྱིས་ཁྲིད་ཀྱི་དམིགས་ཐུན་སྤར། །གུ་རུ་ཞི་དྲག་པོད་ལུང་མུས་ཀྱིས་ཕུལ། །ནུབ་གཅིག་གཉེར་པ་ཚད་པ་ཐུ་མོ་ན། །ཁྱོད་


CMR003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁར་སོང་ང་ལ་གང་གནོད་ཟེར། །དེ་ཡི་ན་བ་ཡིན་ཏེ་སྐྱོན་མེད་གསུངས། །ཁྱེད་ཀྱི་མཐུ་ནི་མཛད་པ་ལགས་སམ་ཞུས། །མཐུ་མ་བྱས་ཀྱང་དེ་འདྲ་འོང་ངོ་པ།སུངས། །རྟེན་འབྲེལ་བཅོས་འགའ་མཛད་པས་ཕན་པར་གྱུར། །དེ་ནས་རྗེས་གནང་བྱང་ཞུས་ལ་སོགས་པ། །བསྡུས་པ་རེ་རེ་བྲིས་གསུངས་བྲིས་ནས་ཕུལ། །བླ་མ་གསར་པས་ཐོག་མར་རྟེན་འབྲེལ་གྱི། །ཐུགས་རྗེ་ཆེན་པོའི་དབང་གི་སྲོལ་ཡོད་ཞུས། །ངས་ནི་དེ་ཡི་དབང་བསྐུར་མི་བྱེད་གསུངས། །དེ་ནི་དེ་སྔོན་ཐུགས་རྗེ་ཆེན་པོ་ཡི། །དབང་ལུང་ཕུལ་མ་གྲུབ་པའི་གནད་དུ་གོ །བྱིས་སྦ་འགའ་དང་གཉེར་པར་དབང་བསྐུར་མཛད། །བུ་མོ་གཅིག་ནི་ཤི་བ་ཐོས་པ་དང་། །སྔགས་པ་ཤི་བའི་ཐང་སྐུ་ཕུལ་བ་དང་། །བྱི་ལས་བྱི་བ་བསད་ལ་བྱང་བུ་མཛད། །ཁོང་ཚོས་ང་ལ་འབུལ་བ་མེད་པ་ཡི། །བྱང་བུ་ཟེར་བས་ང་ལ་འཕྱ་དོ་སྟེ། །སེམས་ཅན་འདྲེན་ཐུབ་འབུལ་བ་མེད་ཀྱང་བཟོད། །ཅེས་གསུངས་སྲེ་ཐང་ཁྱི་ཡིས་བསད་པ་ལ། །འཕོ་འདེབས་དང་ནི་བྱང་བུ་བཞུ་མཛད་པས། །བྱིས་སྦ་གཅིག་གིས་སྲེ་ཐང་བྱང་བུ་དང་། །ཟེར་བས་སྤྲུལ་སྐུའི་ཞལ་ནས་འདི་གསུངས་སོ། །བུ་ཁྱོད་བན་དེ་བྱེད་རྒྱུ་


CMR003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ། །སྙིང་རྗེ་ཡེ་ནས་མེད་པ་ཡིན་ནམ་ཅི། །སྲེ་ཐང་དེ་ལས་སྙིང་རྗེ་ཅི་ཡོད་གསུངས། །བྱང་ཆུབ་སེམས་དཔའ་སྙིང་རྗེ་གོམས་རྟགས་སོ། །བླ་མ་ཆོས་དབང་དམ་ཅན་མདོས་བཅས་ཚེ། །སྐྱེས་བུའི་སྤྲུལ་པ་ར་སྐྱེས་རུ་མདུད་ཅན། །སྔོན་པོ་དམར་པོ་ཡུན་རིང་སྤྲུལ་སྐུས་གཟིགས། །སྐུ་ན་ཕྲ་བས་ར་ཡིན་དགོངས་ནས་ནི། །རྩྭ་གཟན་གསུངས་ནས་བན་ཆུང་རོགས་ཁྲིད་ནས། །རྩྭ་ནི་ཁྱེར་ཏེ་བྱོན་པས་མི་སྣང་ངོ་། །བདག་ལ་སོ་སྲིན་ཡ་མའི་ནད་ཐུ་མོ། །རྫས་སྔགས་སྨན་སོགས་གང་གིས་མི་ཕན་པ། །ཤིན་ཏུ་ཟུག་གཟེར་ཆེ་བའི་ནད་རུ་གཅིག །ཡོད་པ་སྲང་ནི་བྱུང་བར་ཞལ་ཕུ་དང་། །རྟེན་འབྲེལ་བཅོས་འགའ་མཛད་པས་ཕྲལ་དུ་བདེ། །འདི་སྐབས་སྐུ་གྲིབ་ཅུང་ཟད་སོང་བ་དེས། །སྐུ་ན་ཕྲ་མོའི་སྐབས་སུ་བྱུང་བ་ཡི། །ཞལ་གཟིགས་དག་སྣང་ལུང་བསྟན་བྱུང་ཚུལ་རྣམས། །ཞིབ་ཏུ་གསུངས་པ་གཞན་དུ་གསལ་བ་ཡིན། །བྲོ་བརྡུང་རྡོག་རྡེབ་མང་པོ་མཛད་པ་ནི། །ཁོ་བོས་ས་ཐིལ་འདུལ་ཕྱིར་ཡིན་ནོ་གསུངས། །ནངས་གཅིག་སྔ་མོ་བཞེངས་ནས་བྱིས་སྦ་འགར། །བཀའ་བཀྱོན་མཛད་པའི་ཚུལ་དུ་གསུང་ཆེན་པོ། །ང་ནི་ཨོ་རྒྱན་པདྨ་ཡིན་ནོ་ཞེས། །ལན་གྲངས་བཅུ་གསུམ་


CMR003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བཏུད་ནས་གསུངས། །ནུབ་གཅིག་དོན་མེད་ཨ་ཁ་ཁ་གསུངས་པས། །དེ་ནུབ་ཉིད་ནས་ཁོ་བོ་ན་བར་གྱུར། །འགྲིམ་པ་བཀའ་བསྒོ་ལ་སོགས་ཞུ་བྱུང་དུས། །ང་ཡི་སོ་ནད་ཅུང་ཟད་ཐུ་འོང་བ། །སུ་ལ་མ་སྨྲས་གསང་ནི་བསྡད་ན་ཡང་། །སྤྲུལ་སྐུའི་མཁྱེན་ནས་འགྲིམ་པ་འོང་ཉེས་གསུངས། །ང་ཡི་རྨི་ལམ་གདོན་དང་བྱད་ཁ་སོགས། །ནམ་བྱུང་དེ་ནུབ་ང་ལ་ཞུ་མི་དགོས། །ཁྲོ་ཚུལ་རྔམ་རྔམ་གཙིགས་གཙིགས་མཛད་པ་དང་། །རེས་འགའ་ཨོ་རྒྱན་སྐུ་ལ་རྐྱང་ཕྱག་འཚལ། །ནུབ་གཅིག་བུག་སྒོ་ནང་ནས་ཡར་གཟིགས་པས། །དཀྱིལ་འཁོར་སྟེང་དུ་ཨོ་རྒྱན་ཡབ་ཡུམ་གཟིགས། །བདག་གིས་དངོས་སུ་མཇལ་བར་མ་གྱུར་ཀྱང་། །ཡིད་ཀྱི་ཡུལ་དུ་གསལ་དང་ལམ་མེར་བྱུང་། །ཉིན་གཅིག་སྤྲུལ་སྐུ་ཐུགས་འཁྲུག་ཐག་རིང་རྒྱུག །ཇ་ཡུན་གསུམ་ཙམ་ཐུགས་ལ་མི་ཟིན་གྱུར། །དངོས་སུ་རླུང་ནག་འཚུབ་མ་ཆེན་པོ་བྱུང་། །རིག་འཛིན་རྒོད་ལྡེམ་ཅན་གྱི་ལུང་བསྟན་ལྟར། །རྒྱ་འདྲེ་གསར་པ་ཉི་ཤུ་རྩ་དགུ་ནི། །བོད་དུ་བསླེབས་ནས་སྟོད་སྨད་ཐམས་ཅད་དུ། །མངོན་རྒྱུག་གནོད་འཚེ་ཆེན་པོ་བྱེད་པ་དེ། །འདི་རུ་སླེབ་པ་ཡིན་པར་འདུག་པ་ལ། །སྤྲུལ་སྐུས་བརྟུལ་


CMR003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་སྤྱོད་པས་ཀུན་ཏུ་རྒྱུག །ཀླུ་བདུད་དགེ་བསྙེན་ཆེན་པོ་ལས་ལ་བསྐུལ། །དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ནི། །སྦྲུལ་གྱི་གདེངསཀ་ལྔ་ལྡན་རབ་བྱུང་གཟུགས། །རབ་ཏུ་འཁྲོས་པའི་ཚུལ་དུ་དེར་བྱུང་སྟེ། །རྒྱ་འདྲེ་བླ་ཆེན་གཟུགས་དང་བུད་མེད་གཟུགས། །བྱིས་སྦ་བཙུག་ཞྭ་དམར་པོ་གྱོན་པ་རྣམས། །རབ་ཏུ་འཁྲུག་ཅིང་འཐབསཔས་དགེ་བསྙེན་རྒྱལ། །རྒྱ་འདྲེ་རྣམས་ནི་ལྷོ་ཕྱོགས་རྒྱང་རིང་ཁྲོས། །དགེ་བསྙེན་མཚོ་ཡི་ནང་དུ་སོང་བ་གཟིགས། །ཉིན་གཅིག་བློ་ལྡན་མཆོག་སྲེད་ཞལ་གཟིགས་ནས། །དེ་རིང་ལྷ་འདྲེ་མང་པོ་དམ་བཏགས་རན། །ཧཱུྃ་རེ་བརྗོད་དུས་རེ་རེ་དམ་ལ་ཐོག །རྡོག་རྡེབ་རེ་རེས་རེ་རེ་དམ་ལ་ཐོག །ཤ་མྱེས་རེ་རེས་རེ་རེ་དམ་ལ་ཐོག །ཅེས་གསུངས་ཡུད་ཙམ་སོང་ནས་གདོན་རྣམས་བྱུང་། །ཧཱུཾ་སྒྲ་སྒྲོག་ཅིང་རྟ་བྲོ་ལ་སོགས་མཛད། །སྤྲེའུའི་གཟུགས་ཅན་རྒྱལ་འགོང་བཏུལ་བ་དང་། །འཇིགས་རུང་སྲིན་མོའི་གཟུགས་ཅན་བསེན་མོ་དང་། །ལུག་གི་གཟུགས་ཅན་ཀླུ་གཉན་བཏུལ་བར་མཛད། །དེ་སོགས་པད་འབྱུང་ཕྲིན་ལས་ལྷག་མ་སྐྱོང་། །ནུབ་གཅིག་ཉམས་སྣང་བསྟན་སྲུང་རཱ་ཧུ་ལ། །ཞི་བ་སྐུ་མདོག་དཀར་པོ་གཟིགས་པ་དང་། །ཉིན་གཅིག་


CMR003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ནང་གྲོ་ལོད་ཧཱུྃ་སྒྲུབ་མཇལ། །ནུབ་གཅིག་ཁང་པ་སོགས་ཀྱིས་མི་སྒྲིབ་པར། །མ་ནིང་དཀར་པོ་སྲོག་བདུད་ནག་པོ་ལ། །སྡེ་བརྒྱད་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ་ཡིས། །གཏམ་ནི་འགའ་རེ་སྨྲ་བར་བྱེད་པ་དེ། །ནམ་ཕྱེད་བར་དུ་ཕྱེ་བཙུམ་མེད་པར་གཟིགས། །ནུབ་གཅིག་བདག་ལ་ལྟོགས་སྣང་ཆེན་པོ་བྱུང་། །དགོང་བཅད་ཡིན་པས་དགོང་ནི་ཟ་བ་མེད། །གྲྭ་པ་ཉལ་ཚར་ཇི་ཡང་མི་གདའ་ནས། །གཏོར་སྒམ་ནང་ནས་གཏོར་གསོས་མཐེབ་སྐྱུ་འགའ། །མགོ་བཏུམ་མུར་ཞིང་ཡོད་ཛ་སྒོ་རྒྱབ་ནས། །སྤྲུལ་སྐུ་བཞད་གྲག་ཕྱིར་ལ་བལྟས་པ་ཡིས། །མར་མེའི་ངོགས་ནས་ཡར་ལ་གཟིགས་མཛད་ནས། །ང་ཡིས་གཏོར་སྐམ་མུར་སྟོང་བྱེད་ཅིང་གདའ། །མཐོང་ས་གཏན་ནས་མེད་པར་ངོ་མཚར་སྐྱེས། །བྱིས་སྦ་གཞན་དག་མ་འདྲིས་བར་དག་ཏུ། །དེ་ལ་མི་འཁོར་སྐྲག་ཞད་ཞུད་དེ་བྱེད། །འདྲིས་ནས་འཁོར་ཡང་ང་ཁྱོད་ཐལ་བ་འདེབས། །སྤྲུལ་སྐུ་འདི་ནི་དང་པོ་མ་འདྲིས་ཀྱང་། །ཕ་བུ་འཕྲད་ལྟར་བདག་ལ་འཁོར་ཞིང་བརྩི། །དང་པོ་ཞེ་ས་ལ་སོགས་མི་མཛད་ཅིང་། །ཕྱག་དང་ཞབས་དབང་ཞུས་དུས་ཉམས་ང་མེད། །འདྲིས་ནས་ཞེ་ས་གུས་འདུད་ཇེ་ཆེར་མཛད།


CMR003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་འདྲིས་ཨ་མྱེ་ཨ་འགྲུབ་བྱུང་བ་ཡང་། །བརྩེ་གདུང་མི་མཛད་བླ་ཚུགས་བཟུང་ནི་བཞུགས། །འདི་སྐབས་བདག་གིས་རྨི་ལམ་ལན་ལྔ་ཙམ། །སྔར་ནས་བདག་གི་རྨིས་མཁྱེན་གཅིག་ཡོད་པ། །སུ་ལ་རྨིས་པ་བར་ཆད་མེད་པ་རུ། །བླ་མ་འོང་བ་གཅིག་ཡོད་དེ་རྨིས་པས། །བྱ་བ་དོན་ལྡན་འགྱུར་སྙམ་དགའ་བ་སྐྱེས། །དེ་ནས་སྔ་ཕྱིར་དབང་ལུང་གསན་པ་ནི། །དེ་ཡང་སྤྲུལ་སྐུའི་ཞལ་ནས། ངས་དབང་ལུང་ཞུ་བ་དང་སློབ་གཉེར་བྱེད་པ་རྣམས་ཀྱང་། ཞུ་ཁ་བ་དང་སློབ་ཁ་བ་ཡིན། ངས་མ་ཐོབ་པ་དང་མི་ཤེས་པ་མེད་གསུངས་ཏེ། རྒྱ་གར་ཡུལ་དུ་འཕགས་པ་ཀུན་དགའ་བོ། །བོད་དུ་ལོ་ཆེན་བཻ་རོ་ཙཱ་ན་དང་། །དབྱེར་མེད་རིག་འཛིན་ཤུད་བུ་དཔལ་སེང་གེའི། །སྐྱེས་མཐའ་ཡིན་པར་ལུང་བསྟན་དུ་མ་དང་། །ཉིད་ཀྱི་སྐྱེ་བ་དྲན་པ་མཚུངས་པའི་ཕྱིར། །དོན་ལ་དབང་ལུང་ཀུན་གྱི་བདག་པོ་ཉིད། །ཡིན་ཕྱིར་དོན་ལ་ཞུ་ཡང་མི་དགོས་ཀྱང་། །སྔོན་གྱི་གྲུབ་ཆེན་ཏེ་ལོ་ལ་སོགས་ཀྱང་། །རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོ་ལས། །དབང་ལུང་ཐོབ་ཀྱང་མི་རྣམས་ཡིད་ཆེས་ཕྱིར། །བཀའ་བཞི་བརྒྱུད་པའི་བླ་མ་བསྟེན་པ་དང་། །སྔོན་བྱོན་སྐུ་སྐྱེ་འཁྲུལ་མེད་རྣམས་ཀྱིས་ཀྱང་། །སྐྱེ་བ་སྔོན་


CMR003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་པས་མི་ཆོག་པར། །སླར་ཡང་ཞུ་ཝིག་དགོས་པའི་སྲོལ་བཞིན་དུ། །སྤྲུལ་སྐུ་འདིས་ཀྱང་དབང་ལུང་མང་དུ་གསན། །དེ་ཡང་རིག་འཛིན་རཏྣ་གླིང་པ་ཡི། །ཆོས་བདག་སྐྱེས་བུ་བྱེ་བྲག་ལུང་བསྟན་ལས། །རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་། །གཏེར་སྟོན་ཁྱོད་དང་རྟེན་འབྲེལ་འགྲིག་པོའམ། །འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད། །ཅེས་གསུངས་གཏེར་སྟོན་རཏྣ་གླིང་པ་ལ། །བར་ཆད་བྱུང་ན་སྐྱེ་བ་བཞི་བརྒྱུད་དེ། །བཞི་ཁ་རཏྣའི་མཚན་དང་ལྡན་འགྱུར་ཞིང་། །རྗེས་མ་དེ་དང་མི་འགྱུར་རྡོ་རྗེ་མཇལ། །གལ་ཏེ་རཏ་བར་ཆད་མ་བྱུང་ན། །རཏྣའི་ཆོས་བརྒྱུད་འཛིན་པར་འབྱུང་བ་སྟེ། །དེ་ཡི་རྟེན་འབྲེལ་སྤྲུལ་སྐུ་འདི་ལ་ཡང་། །ཐོག་མར་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །དབང་གི་རྫོགས་ཆེན་མཆོག་དབང་སྐོར་གསུམ་དང་། །པོད་ལུང་ཡོངས་རྫོགས་གདམས་གཏད་བཅས་པ་དང་། །ཚེ་སྒྲུབ་གསང་འདུས་སྤྲོས་བཅས་བུམ་དབང་དང་། །གཏོར་དབང་མཆོག་དབང་སྒྲུབ་སྐོར་ཡོངས་རྫོགས་ལུང་། །གུ་རུ་དྲག་པོ་མེ་རླུང་འཁྱིལ་བ་ཡི། །སྤྲོས་བཅས་དབང་ཆེན་རྡོ་རྗེའི་ཕྲེང་བ་དང་། །དོན་དབང་བསྡུས་པ་གཏོར་དབང་བཅས་པ་དང་། །


CMR003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དབང་སྐོར་གསུམ་བཀའ་གཏད་དྲེགས་པའི་དབང་། །པོད་ལུང་ཡོངས་སུ་རྫོགས་པ་དང་བཅས་དང་། །ཐུགས་རྗེ་ཆེན་པོ་གསང་འདུས་བུམ་པའི་དབང་། །སངས་རྒྱས་སྟོང་རྩའི་དབང་དང་བཅས་པ་དང་། །གཏོར་དབང་མཆོག་དབང་གསུམ་དང་བཅས་པ་དང་། །རྟ་མགྲིན་གསང་འདུས་བུམ་དབང་རྒྱུད་དང་ནི། །སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་བཅས། །ནཱ་ག་ཀླུ་འདུལ་སྲོག་དབང་གཏོར་དབང་དང་། །སྒྲུབ་གཞུང་དེ་ཡི་ཆ་ལག་ཕལ་ཆེར་བ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །བྱིན་འབེབས་བྱས་དུས་སྐུ་ལུས་ཧྲིལ་ཧྲིལ་འདར། །བུམ་དབང་དམ་པ་རིགས་བརྒྱའི་ལྷ་དབང་དང་། །དབང་བསྐུར་གནས་སྤར་གཏོར་དབང་མཆོག་དབང་གསུམ། །ཁྲིད་དྲུག་ལ་སོགས་པོད་ལུང་ཡོངས་རྫོགས་དང་། །རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི །དབང་བཞི་ཡོངས་རྫོགས་པོད་ལུང་བཅས་པ་དང་། །མྱོང་གི་རྟ་ནག་སྲོག་དབང་རྒྱས་བསྡུས་གསུམ། །རྒྱ་གཞུང་ལ་སོགས་པོད་ལུང་བཅས་པ་དང་། །གཏེར་མགོན་འབར་མའི་དབང་ཆུ་རྒྱུད་འདོན་ཆེ། །བཀའ་བརྒྱད་གསང་བ་ཡོངས་རྫོགས་དབང་རྒྱས་པ། །དོན་དབང་འབྲིང་པོ་འདོན་ཆ་ཕལ་ཆེར་བ། །ཚེ་སྒྲུབ་


CMR003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་ཁ་སྦྱོར་དབང་དང་ལུང་། །རཏྣའི་ཚེ་སྒྲུབ་རྡོར་ཕྲེང་ཡོངས་རྫོགས་དང་། །ཡང་ཟབ་དཀོན་མཆོག་སྤྱི་འདུས་ཡོངས་རྫོགས་དང་། །རཏྣའི་ཕུར་པ་ཡོངས་སུ་རྫོགས་པ་དང་། །བྱང་བདག་པོ་ཡི་ཚེ་སྒྲུབ་མདའ་འཕེལ་མ། །ཁྲོ་ཆུའི་དུག་དབང་འདོན་ཆ་ཟིན་བྲིས་རྣམས། །ཀིང་ཀང་ནག་པོའི་དབང་ལུང་རླུང་སྒྲུབ་བཅས། །རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲིའི་སྐོར། །ཡང་བཟློག་ཕ་ལམ་དུག་གྲི་ནག་མོ་སོགས། །གནོད་སྦྱིན་དྲག་པོ་ཤན་པ་དམར་ནག་དང་། །གཟའ་བདུད་དུག་གི་སྤུ་གྲིའི་སྒྲུབ་སྐོར་དང་། །ཤན་པ་སྲོག་སྒྲུབ་ཤ་ཟ་ཁ་མོ་ཆེ། །སྐྱེས་བུ་ཆེན་པོ་མགར་བ་དམར་ནག་སོགས། །བསྟན་པ་སྲུང་བའི་དྲག་སྔགས་སྐོར་རྣམས་ཕུལ། །ཞི་དྲག་གཉིས་ཀྱི་མཆོག་དབང་བསྐུར་བའི་ཚེ། །དཀྱིལ་འཁོར་དབུས་སུ་མེ་འབར་ཉི་མའི་མཐར། །ཐིག་ལེ་ཐིག་ཕྲན་ལན་ཚས་བརྒྱན་པ་གཟིགས། །དཔལ་མགོན་མ་ནིང་དབང་བསྐུར་བྱིན་འབེབས་དུས། །མ་ནིང་ཛམ་ལྷ་ནག་པོ་ཞལ་གཟིགས་སོགས། །ཡ་མཚན་རྟེན་འབྲེལ་འགའ་ཡང་བྱུང་བར་གྱུར། །ཞིབ་པར་གསན་ཚུལ་གསན་ཡིག་ནང་དུ་གསལ། །དེ་ལས་བསླབ་སྦྱངས་ཅུང་ཟད་མཛད་པ་ཡང་། །ཚེ་སྒྲུབ་གསང་བ་


CMR003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཆོ་ག་དང་། །ཐུགས་སྒྲུབ་རྩ་བ་གསུམ་གྱི་མཆོད་ཕྲེང་དང་། །པདྨ་འོད་འབར་ཁྱུང་དམར་ལ་སོགས་ཀྱི། །ཉེར་མཁོ་ཡི་དམ་འགའ་རེའི་མངོན་རྟོགས་དང་། །གྲོ་ལོད་ཧཱུྃ་སྒྲུབ་བསྔོ་བ་རྗེས་གནང་སོགས། །ཐུགས་འཛིན་ཉེ་བར་མཁོ་བ་འགའ་རེ་མཛད། །ཡིག་རིག་འཁོར་ལོ་རི་མོ་འབུར་སྐུ་དང་། །ནམ་མཁའི་བྱེ་བྲག་གཏོར་མདོས་བསྐང་མདོས་དང་། །སྦྱིན་སྲེག་ཕྱག་ལེན་དཀྱིལ་འཁོར་ཐིག་རྩ་དང་། །འཕོ་འདེབས་བྱང་བུ་སྒྲུབ་ཆེན་སྒྲུབ་ཕྲན་དང་། །ཆོས་སྐྱོང་འབོད་རྦད་བསད་ལས་རླུང་འཁོར་དང་། །འཁྲུལ་འཁོར་རྩ་རླུང་ཁྲིད་ཀྱི་རིམ་པ་སོགས། །མདོར་ན་གསང་སྔགས་རྙིང་མའི་ཆོས་ལུགས་ལ། །མཁོ་བའི་རིག་གནས་ཕལ་ཆེར་མགོ་སྨོས་ཙམ། །བསླབས་པས་ཅི་བཞིན་ཤེས་ཤིང་གོ་བར་གྱུར། །ཐེབ་ལྡོག་ཕྱོགས་ཡིག་རབ་གནས་ལ་སོགས་པ། །སློབ་དཔོན་བྱ་བ་གང་ཡང་མི་མཁྱེན་མེད། །ཕལ་པས་ལོ་གྲངས་དུ་མར་བསླབས་པ་ལས། །སྤྲུལ་སྐུས་ལོ་ཟླ་འགའ་ཤས་བསླབ་པ་དེ། །གོ་བ་ཆེ་ཞིང་ཕྱག་ལེན་ཐེབ་པར་སྣང་། །དཔེར་ན་སྤུ་སྐམ་མེ་དང་འཕྲད་པ་བཞིན། །གྲྭ་པའི་ཁྲོད་དུ་ཅུང་ཟད་བཞུགས་ཤིང་རིམ་པར་གསན་སྦྱངས་མཛད་པའི་ལེའུ་སྟེ་


CMR003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའོ།། །།དེ་ནས་སྒྲུབ་ལ་བཞུགས་ཚུལ་རྣམ་ཐར་ནི། །ད་ནི་བདག་དང་མཉམ་དུ་སྐུ་མཚམས་བསྡམས། །བསྙེན་སྒྲུབ་ཅུང་ཟད་མཛད་ན་ལེགས་ན་ཡང་། །སྤྲུལ་སྐུ་ནམ་མཁའི་གསིང་ནས་གོས་ཚག་བསྡམས། །རྒྱུག་མཆོངསམ་གཏོགས་ཡུད་ཙམ་མི་བཞུགས་པས། །མཚམས་ལ་བཞུགས་མི་ཐུབ་པས་ཅི་དྲག་སྙམ། །དེ་ཚེ་སྤྲུལ་སྐུའི་ཤོག་བུ་གཅིག་ལ་ནི། །བླ་མ་གཉིས་ནི་མཚམས་ལ་བཞུགས་པ་བྲིས། །གཅིག་དེས་སྦ་ལྕག་བཀའ་བསྒོ་བྱེད་པ་བྲིས། །གཅིག་དེས་མི་མཛད་ཁ་རོག་བཞུགས་པ་བྲིས། །སྒོ་རྩར་ཇོ་ཕམ་འཐེན་མི་ལ་སོགས་པ། །ངེད་རང་ཚང་གི་བཀོད་པ་བྲིས་ཤིག་གསུངས། །དེ་ལྟར་བྲིས་པས་དེ་ནས་སྤྲུལ་སྐུ་ནི། །སྐུ་ཆིངས་མ་བཅིང་རྒྱུན་དུ་སྟན་ལ་བཞུགས། །ཚེ་ཆོག་གཏོར་བསྔོས་ཆུ་གཏོར་ལ་སོགས་པ། །བསྐུལ་མི་དགོས་པར་ཆག་མེད་མཛད་ཅིང་བཞུགས། །དེ་ནས་སྤྲུལ་སྐུ་དགུང་ལོ་བཅུ་གཅིག་པ། །ཤིང་ལུགས་ཆོ་འཕྲུལ་ཆེན་པོའི་ཚེས་དགུ་ནས། །བདག་དང་མཉམ་དུ་སྐུ་མཚམས་བསྡམས་མཛད་ནས། །ཐོག་མར་རཏྣ་ལུགས་ཀྱི་གཏེར་ཁ་ཡི། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །གསང་འདུས་ཟབ་པའི་


CMR003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་སྒྲུབ་པ་མཛད། །དེ་ནུབ་མགོན་ཁང་ནང་དུ་ཕར་གཟིགས་པས། །བཀའ་སྲུང་ཁྱབ་མཇུག་ཆེན་པོ་དངོས་སུ་གཟིགས། །ཚེས་བཅུའི་སྔ་དྲོ་ཡུད་ཙམ་གཟིམ་པ་ཡི། །མི་ལམ་ཚེ་དཔག་མེད་པས་ཚེ་དབང་གནང་། །ཉིན་ཕྱེད་ནམ་མཁར་ཚེ་དཔག་ཡབ་རྐྱང་ཞིག །མངོན་སུམ་ཉིད་དུ་ཞལ་ནི་གཟིགས་པར་གྱུར། །དེ་ནུབ་དམ་ཅན་མགར་བ་དམར་པོ་དེ། །ཞལ་གཟིགས་འདེར་སྐུ་དེ་ལ་ཐིམ་པར་གྱུར། །དཀྱིལ་འཁོར་སྟེང་དུ་དུར་ཁྲོད་མགོན་དཀར་གཟིགས། །དེ་ནས་ཉིན་རེ་བཞིན་དུ་ཞལ་གཟིགས་ནི། །ཨོ་རྒྱན་རྡོ་རྗེ་དྲིལ་བུ་བསྣམས་པ་ཞིག །སྒྲུབ་ཁང་སྐས་ཀྱི་སྟེང་དེར་བཞུགས་པ་གཟིགས། །རྨི་ལམ་ཨོ་རྒྱན་ཆེན་པོས་ཚེ་དབང་བསྐུར། །ཚེ་དཔག་ཉིད་ཀྱི་སྒྲུབ་པ་ཡིན་གསུངས་ནས། །ཚེ་ཆུ་དག་ཀྱང་གནང་བའི་ལོ་རྒྱུས་གསུངས། །ཉིན་གཅིག་གཏོར་མ་ཞིག་ནི་འཕེན་མཛད་པས། །མ་ནིང་དངོས་སུ་བྱོན་ནས་བླངས་བ་གཟིགས། །ཤོག་གུ་གཅིག་ལ་རི་མོ་འགའ་བྲིས་ནས། །དེ་ལ་ལྟ་བའི་ཚུལ་གྱིས་ལུང་བསྟན་འགལ། །གསུང་སྟེ་ཡིད་ལ་མ་ཟིན་མ་བྲིས་སོ། །ཞག་བདུན་ནུབ་པར་རྟེན་འབྲེལ་གདའ་གསུངས་ནས། །ཚེ་དཔག་ཐང་སྐུ་བསྡུས་ནས་རྟ་མགྲིན་


CMR003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། །ཕྱིར་ནངས་རྟ་མགྲིན་དམར་པོ་ཞལ་གཟིགས་སོ། །དེ་དུས་ཆོ་འཕྲུལ་ཆེན་པོའི་བཅོ་ལྔ་ལ། །ཟླ་བ་ཧྲིལ་འཛིན་འོང་བར་མཁས་མང་མཐུན། །ས་རིས་མཁས་པའི་ལེ་ཐོ་རྣམས་མཐུན་པས། །ཇ་བཀོལ་སྔགས་བཟླས་ཟླ་བ་སྲུང་བའི་སྐབས། །ཟླ་བ་གཟའ་ཡིས་བཟུང་ལ་ན་ཚ་དང་། །སྡུག་བསྔལ་ཡོད་མེད་གླེང་མོ་བྱེད་གྲགས་པས། །སྤྲུལ་སྐུའི་དེ་དག་བདེན་ནམ་མི་བདེན་གསུངས། །འདི་ལ་བཤད་ལུགས་མང་དུ་གདའ་ན་ཡང་། །ཟླ་བའི་མདོ་ལས་གསུངས་པ་ལྟར་ན་ནི། །ན་ཚ་སྡུག་བསྔལ་ཡོད་པ་འདྲ་ཞུས་པས། །གཟའ་འདི་སུ་ཡིས་ཐུལ་བ་ཡིན་ཞེས་གསུངས། །ཕྱག་རྡོར་ཨོ་རྒྱན་གཉིས་ཀྱིས་ཐུལ་ལོ་ཞུས། །ཉི་ཟླ་མི་འཛིན་ཐབས་ཤིག་ཨེ་ཡོད་གསུངས། །རླུང་བཟུང་བྱང་སེམས་དཀར་པོ་དབུ་མའི་ནང་། །ཚུད་མ་བཅུག་ན་འཛིན་རྒྱུ་མེད་པ་རེད། །ཚེར་ལུང་དྲུང་པས་མཛད་རབས་ཞུས་པ་ཡིས། །ཟླ་བ་འདི་ཉིད་སྙིང་རྗེ་སྙིང་རེ་རྗེ། །ཨོ་རྒྱན་རྗེ་དང་ཕྱག་ན་རྡོ་རྗེ་ལ། །གསོལ་བཏབ་ཟླ་བ་མི་འཛིན་པར་ཤོག་ཅེས། །ཡང་ཡང་གསུངས་ཤིང་སྤྱན་ཆབ་བསིལ་གྲབས་མཛད། །དྲུང་པས་ཐུབ་ན་ངས་ཀྱང་ཨེ་ཐུབ་གསུངས། །ཡུན་རིང་རླུང་


CMR003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཟླ་བ་མ་འཛིན་ནོ། །ཕྱིར་ནངས་བདག་གི་ཡིད་ལ་འདི་ལྟར་ཤར། །བདག་གིས་ས་རིས་མ་བྲིས་ལོ་འགའ་སོང་། །གཞན་གྱིས་ལི་ཐོ་བསྐུར་ནི་བྱུང་ལ་བརྟེན། །ཟླ་བ་འཛིན་ཅེས་ཀུན་ལ་སྨྲས་པ་དེ། །མདང་ནི་མ་འཛིན་མ་ཐིག་སོང་བ་དེ། །ང་ནི་ཡོན་ཏན་ཆེ་བར་བརྩི་བ་ལ། །ཀུན་གྱིས་འཕྱའམ་སྙམ་པ་ཡིད་ལ་འཕྲེང་། །ངག་ནས་དེ་དོན་ཟུར་ཙམ་མ་སྨྲས་ཛ། །བླ་མ་ཁྱེད་ཀྱང་ཡག་འདོད་ཆེ་དོ་གསུངས། །བདག་གིས་ཡག་འདོད་ཅི་བྱེད་དོ་ཞུས་པས། །ཅི་བྱེད་དང་ནི་མི་བྱེད་དུ་སྟེ་གསུངས། །ཁྱེད་ཀྱི་མདང་གི་ཟླ་བ་མ་འཛིན་པ། །དེ་ལ་མ་དགའ་བ་ནི་ཨེ་ཡིན་གསུངས། །དེ་ལྟར་གཞན་སེམས་མཁྱེན་པའི་མངོན་ཤེས་བྱུང་། །གསང་འདུས་སྒྲུབ་པའི་ཞག་གྲངས་མི་མང་ཞིང་། །སྔགས་ཀྱི་གྲངས་ཀྱང་མང་དུ་མ་སོང་ཡང་། །སངས་རྒྱས་ཐོད་པ་ལ་སོགས་རྒྱུད་སྡེ་ལས། །བསོད་ནམས་ལྡན་པས་ཁྲི་ཡིས་འགྲུབ་གསུངས་ལྟར། །སྒྲུབ་པའི་རྟགས་དང་ངོ་མཚར་ཆེ་བར་བྱུང་། །དེ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ནི། །སངས་རྒྱས་གླིང་པའི་གཏེར་ཁ་ལས་བྱོན་པའི། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི། །ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོའི་སྒྲུབ་པ་བྱས། །མངོན་རྟོགས་


CMR003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རེས་དམིགས་པ་ཐུན་གསུམ་སྤྱོད། །དཀྱིལ་འཁོར་སྟེང་དུ་ཨོ་རྒྱན་རིན་པོ་ཆེ། །སྤྲུལ་སྐུའི་ཆ་ལུགས་ཡོངས་རྫོགས་ཞལ་གཟིགས་ཤིང་། །ནམ་མཁར་རྟ་མགྲིན་དམར་པོ་དངོས་སུ་གཟིགས། །སྔ་དྲོ་རྒྱལ་པོ་ཧྭ་ཤང་འཁོར་བཅས་དང་། །ཕྱི་དྲོ་ཐུབ་པ་གནས་བཅུ་འཁོར་བཅས་གཟིགས། །རྨང་ལམ་བདེ་བ་ཅན་དུ་བྱོན་པ་ལ། །འོད་དཔག་མེད་དང་འཇམ་དབྱངས་གསང་བདག་གིས། །ཕྱག་དབང་གནང་ཞིང་ཞིང་བཀོད་གདའ་ཚུལ་གསུངས། །འདི་སྐབས་མ་འོངས་ལུང་བསྟན་མང་པོ་ཡི། །གཟུགས་བརྙན་བྲིས་ནས་བདག་ལ་ངོ་སྤྲད་ཀྱང་། །བཤད་པར་མི་རུང་གསུངས་ཕྱིར་མ་བྲིས་སོ། །བདག་གིས་བསྟབ་པ་ལུས་སྦྱིན་བྱེད་སྐབས་སུ། །དམ་པ་སངས་རྒྱས་ལ་འདུལ་རྡོ་རྗེ་སྒྲོལ། །གཉིས་པོ་དངོས་སུ་སྤྲུལ་སྐུས་ཞལ་གཟིགས་སོ། །འདི་སྐབས་ཉིད་ཀྱི་ཡབ་མྱེས་མཁའ་སྤྱོད་པའི། །རྣམ་ཐར་གཟིགས་ཤིང་དད་གུས་མཛད་པ་ཡིས། །ཤར་རིའི་རྩེ་ནས་འཇའ་ཚོན་གུར་གྱི་ནང་། །དྲུང་ཆེན་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པ། །གསེར་མདོག་གཙུག་ཏོར་ས་གོན་མཉམ་བཞག་ཅན། །ཕྱག་ཞབས་མཐིལ་ལ་གསེར་གྱི་འཁོར་ལོས་མཚན། །པཎ་ཞྭ་མནབ་པ་གཅིག་


CMR003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞལ་གཟིགས་པ། །དེ་ཉིད་སུ་ཡིན་ཤེས་པར་མ་གྱུར་པས། །མ་ནིང་ལྡེར་སྐུས་གསུང་བསྒྲགས་ངོ་སྤྲད་དོ། །སྤྲིན་གསེབ་བུད་མེད་དཀར་མོ་དར་ཐོད་བཅིང་། །ཤེལ་དང་རུས་པའི་རྒྱན་ཆ་ཞལ་གཟིགས་པ། །དེ་ཉིད་སུ་ཡིན་མ་ཤེས་གླེང་སློང་ཚེ། །དཀྱིལ་འཁོར་དབུས་ནས་ཌཱཀི་ཡིན་ལུང་བསྟན། །དེ་ལྟར་ཐོག་མར་བསྒྲུབས་པའི་གོ་རིམ་ཡང་། །ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ཆེན་ལས། །ཐོག་མར་རིག་འཛིན་ཚེ་ཉིད་སྒྲུབ་ཅེས་དང་། །ཨོ་རྒྱན་ཆེན་པོས་ཞལ་གདམས་འགའ་ནས་ཀྱང་། །དངོས་གྲུབ་ཀུན་གྱི་ཐོག་མར་ནི། །རིག་འཛིན་ཚེ་ཉིད་བསྒྲུབ་པར་བྱ། །ཞེས་གསུངས་དོན་ལ་བསམས་ནས་ཚེ་སྒྲུབ་དང་། །གུ་རུ་ཆོས་དབང་ཡབ་ཀྱི་ཞལ་གདམས་ལས། །གཏེར་སྟོན་གོ་མ་ཆོད་པ་མང་ཞིག་བྱུང་། །ར་མོ་ཤེལ་སྨན་སྨན་བྱས་ཆོས་མ་འཕེལ། །ར་ཤག་གཏེར་སྟོན་མདོས་བྱས་འགྲོ་དོན་ཆུང་། །ལྷ་བཙུན་སྔོན་མོས་བེ་ཀར་བསྒྲུབས་པ་དང་། །ཞང་ཁྲོམ་ངན་སྔགས་བསྒྲུབས་ཤིང་སྤེལ་བ་སོགས། །གཏེར་སྟོན་ཡིན་ཀྱང་འགྲོ་དོན་ཆུང་བ་བྱུང་། །མངའ་བདག་མྱང་གིས་ཐུགས་རྗེ་ཆེན་པོ་བསྒྲུབས། །འགྲོ་དོན་ཆེ་བ་དེ་ཡི་རྟེན་འབྲེལ་ཡིན། །ཁྱོད་ཀྱང་ངན་སྔགས་རིག་


CMR003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཟོ་སྣ་སོགས། །མ་བྱེད་ཐུགས་རྗེ་ཆེན་པོ་སྒྲུབས་གསུངས་ལྟར། །འདིར་ཡང་གོ་རིམ་མ་འཆུག་དེ་ལྟར་དུ། །ཐོག་མར་བསྒྲུབས་ཤིང་དེ་ནས་རྒྱུན་དུ་ཡང་། །ཐུགས་དམ་གཙོ་བོ་ཚེ་དཔག་སྤྱན་རས་གཟིགས། །ཨོ་རྒྱན་གསུམ་པོ་ཁོ་ན་ཕུར་ཚུགས་མཛད། །དེ་ལས་གཞན་པའི་དབང་སྡུད་དྲག་སྔགས་དང་། །ངན་སྔགས་རིགས་ནི་གཅིག་ཀྱང་མ་བསྒྲུབ་བོ། །དེ་ནས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་མཛད་པའི་ཚེ། །བླ་མ་ཆོས་དབང་མགྲིན་པ་མ་བདེ་བར། །དགོངས་པ་མཛད་ནས་ནད་ངོས་གདོན་ངོས་བཟུང་། །རྟེན་འབྲེལ་བཅོས་མཛད་སྐྱོན་མེད་གསུངས་པས་བདེ། །ཤར་ཕྱོགས་ནམ་མཁར་མགོན་པོ་ཕྱག་དྲུག་པ། །སྐུ་མདོག་དམར་པོ་ཚོགས་བདག་མནན་པ་གཟིགས། །དེ་སྐབས་ཤིག་ཏུ་བདག་གི་རྨི་ལམ་དུ། །བྱི་རུའི་མེ་ཏོག་་་་དབང་དྲག་རྒྱ་མཚོ། པདྨའི་སྡོང་པོ་ཡལ། །དེ་ནས་མེ་ཏོག་པད་སྡོང་གཅིག་འཁྲུངས་ཡལ་་་ཆབ་མདོའི་ཉེ་ལོགས་སུ་འཁྲུངས་ནས་འདས། །དེ་ནས་བྱི་རུའི་མེ་ཏོག་པད་སྡོང་གཅིག་འཁྲུངས་འདི་་་མི་འགྱུར་རྡོ་རྗེའོ། །རྡོ་རྗེ་འཆང་དངོས་ཡིན་པར་ཐེ་ཚོམ་མེད། ཞེས་པའི་སྒྲ་གྲག་ལུང་བསྟན་གོ་བ་སྐྱེས། །ཉིན་


CMR003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བདག་གིས་བྱང་བུ་འགའ་བཞུས་པར། །སྤྲུལ་སྐུས་མེ་སྦར་བསྔོ་བ་མཛད་ནས་གཟིམས། །རྨང་ལམ་ཨོ་རྒྱན་བྱོན་པས་ལམ་སྣ་མཛད། །བདེ་བ་ཅན་དུ་བྱོན་ནས་རིགས་བདག་མཇལ། །དེ་ནས་དེ་དགོང་ཉམས་ཀྱི་སྣང་བ་ལ། །དམྱལ་བར་བྱོན་ནས་ཚེ་འདས་ལྔ་བཅུ་ཙམ།། །ཟངས་ཀྱི་ནང་དུ་བཙོ་ཞིང་འདུག་པ་དྲངས། །ཆོས་ཀྱི་རྒྱལ་པོས་སྐུ་མདོག་དཀར་པོ་བསྟན། །ལས་མཁན་བཅས་པ་རྣམས་ཀྱིས་ཕྱག་འཚལ་ལོ། །གནོད་བྱེད་ཟ་འདྲེ་སྲོག་གཅོད་བྱེད་པ་རྣམས། །དངོས་སུ་གཟིགས་ནས་དེ་རྣམས་དམ་ལ་བཏགས། །འགོང་པོ་བཏུལ་ཞིང་ཨོ་རྒྱན་དངོས་སུ་མཇལ། །སྒྲོལ་དཀར་གཏོར་མའི་རྩེ་རུ་སྒྲོལ་དཀར་གཟིགས། །རྒྱབ་ཡོལ་རྒྱབ་ནས་སྔགས་སྒྲ་གྲག་པའང་གསན། །ཨོ་རྒྱན་ཞལ་ཐང་གསུང་ཡང་བསྒྲགས་པ་གསན། །དམ་ཅན་གསོལ་ཁ་བྱས་དུས་མེ་ཡི་སྟེང་། །མགར་བ་ནག་པོ་དངོས་སུ་ཞལ་གཟིགས་སོ། །རྨི་ལམ་པད་འབྱུང་ཀརྨ་པཀྴི་དང་། །སྤྲུལ་སྐུ་ཉིད་དང་རྣམ་པ་གསུམ་པོ་འདི། །བོད་དུ་མཐའ་དམག་འོང་བ་བཟློག་པ་ཡི། །རྟེན་འབྲེལ་མང་པོ་མཛད་པར་གསུངས་པ་ཡིས། །ལུག་རྫི་འོང་གྲབས་ལན་མང་བྱས་པ་ཡང་། །འོང་རྒྱུ་མ་བྱུང་བ་དེ་


CMR003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ་སེམས། །ཅི་ཕྱིར་སྔོན་གྱི་ལུང་བསྟན་རྣམས་དང་མཐུན། །དཔེར་ན་དབང་ཕྱུག་རྡོ་རྗེ་བྱིས་སྦའི་དུས། །འགའ་ལུ་བརྡབ་ནས་ཆ་གར་བཟློག་གསུངས་པས། །ཆ་གར་དམག་ནི་ལོག་སྟེ་སོང་དང་མཚུངས། །དགོང་མོ་ལུས་སྦྱིན་དམིགས་ཐུན་རེ་མཛད་པས། །ནམ་མཁར་ཡུམ་ཆེན་གསེར་མདོག་ཕྱག་བཞི་མ། །གཡས་སུ་དམ་པ་གཡོན་དུ་མ་གཅིག་རྣམས། །མངོན་སུམ་ཉིད་དུ་ནུབ་གཅིག་ཞལ་གཟིགས་སོ། །དེ་ནས་བར་ཆད་ཞི་བར་བྱ་བའི་ཕྱིར། །ཡི་དམ་ཆོས་སྐྱོང་བླ་མ་དབྱེར་མེད་པ། །མ་ནིང་དཀར་པོའི་སྒྲུབ་པ་མཛད་པ་ཡིས། །ཉིད་ཀྱི་སྐུ་དང་ན་བཟར་མེ་འབར་གཟིགས། །བཀའ་སྲུང་འགའ་ལ་ཚེ་ཐར་རྩེན་པ་ཡིས། །བཀའ་སྲུང་རྣམས་ཀྱིས་ཁྲིད་ཅིང་ཆིབས་པ་གཟིགས། །ཉིན་གཅིག་གནས་མདོའི་མཁར་གྱི་རྩེ་དེ་ན། །དྲུང་ཆེན་མཁའ་སྤྱོད་པ་དེ་བཞུགས་པའང་གཟིགས། །བདག་གིས་རྨི་ལམ་སྤྲུལ་པའི་སྐུ་འདི་ཉིད། །སྐུ་མདོག་དུང་འདྲ་བདག་གི་པང་དུ་བཞུགས། །མེ་འོབ་གཅིག་ཏུ་འབྲུལ་ལ་ཁོད་བྱུང་བ། །བདག་གིས་མ་ཤོར་ཚུར་ལ་ལོན་པ་དང་། །མཚོ་ཆེན་གཅིག་ནས་གཏེར་ནི་འདོན་ཤོམ་སོགས། །འདོད་དོན་འགྲུབ་པའི་


CMR003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱང་གསལ་བར་བྱུང་། །འདི་སྐབས་སྤྲུལ་སྐུ་དངོས་ཉམས་རྨི་ལམ་དུ། །གཞི་བདག་ཆེ་ཕྲ་ཤིན་ཏུ་མང་བ་གཟིགས། །ཟོ་རྒྱལ་འདི་ནི་ལྷ་སྲིན་སྡེ་བརྒྱད་ཀྱི། །ནང་ཚན་བདུད་དེའི་སྤྲུལ་པ་ཡིན་པ་འདྲ། །འདི་ཡིས་ཀུན་ལ་གནོད་པ་བྱེད་པར་འདུག །ངེད་རང་ཚང་ལའང་གནོད་དོགས་འདུག་གསུངས་ནས། །བསྟོད་པ་གཏོར་འབུལ་བཀའ་བསྒོ་བཅས་པ་བརྩམས། །དེ་ལྟར་དགུང་ལོ་བཅུ་གཅིག་བཞེས་པ་ལ། །རྩོམ་ཡང་མ་བསླབ་པ་རུ་མཁྱེན་པའོ། །འདི་སྐབས་བདག་གིས་ངག་འཁྱལ་ཞུས་པ་ནི། །དེ་སྔ་འདིར་ཕེབས་ཟླ་བ་བཞི་ཙམ་ལ། །ཞལ་གཟིགས་མང་གྲགས་རྣམ་ཐར་པོ་ཏིར་ལོང་། །རྣམ་ཐར་དེ་ལ་འབུམ་ཙམ་འོང་ངམ་ཞུས། །ཐུགས་ཁྲོས་ད་ནི་མཐོང་ཡང་མི་བཤད་གསུངས། །བཤད་པར་གསོལ་བཏབ་མཎྜལ་ཕུལ་བྱས་སོ། །ངས་ནི་གང་བཤད་ཐམས་ཅད་རྫུན་ཡིན་ཅིང་། །དབང་དྲག་རྒྱ་མཚོ་ཡིན་ཡང་ངས་མ་སྨྲས། །ཁྱེད་ཀྱི་རེད་གསུངས་རྟགས་མཚན་ཅི་མཐོང་གསུངས། །ང་ལ་ཡི་དམ་ལུང་བསྟན་ཡོད་ཞུས་ཤིང་། །ཁྱེད་རང་ཡིན་པ་མི་དྲན་ལགས་སམ་ཞུས། །སྐུ་བླ་ཕུག་དེར་བསྒྲུབས་པ་བྱས་པ་དང་། །ར་ལ་འོ་མ་ཟད་མེད་ཡོད་པ་དེ། །དེ་རྣམས་རྒྱུན་


CMR003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྲན་པར་འདུག་གོ་གསུངས། །འདི་སྐབས་རྒྱུན་དུ་དབང་ལུང་སྐུ་ཡོན་དང་། །ཁྲིད་ཀྱི་དམིགས་ཐུན་རྒྱུན་དུ་འབུལ་སྐབས་ཏེ། །རྩ་བ་བཞི་སོགས་བསྲུངས་པའི་ཕན་ཡོན་དང་། །མ་བསྲུངས་ཉེས་དམིགས་འགའ་རེ་བཤད་པའི་སྐབས། །རྫུན་ལ་ཉེས་པ་དེ་ཙམ་ཡོང་ཟིན་པས། །ང་ཡི་རྣམ་ཐར་བྲིས་པ་འདི་ཀུན་ལ། །རྫུན་ནི་འདྲེས་དོགས་ཞུ་དག་བྱེད་དགོས་གསུངས། །ཚིག་ཟུར་མ་དག་པ་རྣམས་བསྣོག་པ་དང་། །འགའ་རེ་ཆད་ནི་འདུག་པ་བྲི་བྱས་ཤིང་། །ད་ནི་ང་ཡིས་དྲན་ངེས་མཐོང་ངེས་པ། །མ་གཏོགས་མི་སྨྲའི་དམ་བཅའ་འབུལ་ལོ་གསུངས། །དེ་ནས་རཏྣ་ལུགས་ཀྱི་གུར་དྲག་གིས། །རྡོ་རྗེ་གྲོ་ལོད་ཧཱུྃ་གི་བསྒྲུབས་པ་བྱས། །ཉིན་གཅིག་དཀྱིལ་འཁོར་སྟེང་དུ་འོད་དཔག་མེད། །དངོས་སུ་མཇལ་ཞིང་དེ་ཉིད་སྐད་ཅིག་ལ། །ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིར་གྱུར། །དེ་ཉིད་ཨོ་རྒྱན་གཙོ་འཁོར་གསུམ་དུ་གྱུར། །དེ་ནས་ཡལ་བས་དད་པའི་གདུང་ཤུགས་ཀྱིས། །དཀྱིལ་འཁོར་དེ་ལ་ཕྱག་ནི་མང་དུ་འཚལ། །མདུན་རི་གླག་ཚང་བྲག་དམར་གཞི་བདག་རྣམས། །གཟིགས་ནས་དེ་ཡི་བསང་ཡིག་བརྩམས་པ་དང་། །རྣལ་ལམ་ཨོ་རྒྱན་ཆེན་པོས་བཀའ་གནང་


CMR003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བས། །སྔར་མ་གྲགས་པའི་མོ་ཡིག་གཅིག་ཀྱང་བརྩམས། །མདུན་མེའི་ནང་དུ་སྤྱན་རས་གཟིགས་བསྒོམས་ནས། །ནས་འབྲུ་འདེབས་ཤིང་ཡིག་དྲུག་གསུངས་པ་ཡི། །ནམ་མཁར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། །སྔོན་པོ་སྐྱབས་སྦྱིན་མཛད་པ་ཞལ་གཟིགས་སོ། །ཉིན་གཅིག་ཐུབ་པ་གནས་བརྟན་བཅུ་དྲུག་དང་། །རྒྱལ་ཆེན་སྡེ་བཞི་བཅས་པ་ཞལ་གཟིགས་ཏེ། །གནས་བརྟན་རྣམས་ནི་གཞོན་ནུའི་ཚུལ་དུ་གཟིགས། །ཉིན་གཅིག་འདུལ་བའི་ལས་ཆོག་ལ་གཟིགས་ནས། །སྡོམ་ལུང་དུས་སུ་ཆོས་གོས་བཀོན་དགོས་ཀྱི། །དོན་དེ་ཅི་ཡིན་གསུངས་པས་ངས་མི་ཤེས། །ཐུབ་པ་ཞལ་གཟིགས་དུས་ཤིག་དྲིས་ཞུས་པས། །ཐུབ་པ་གཙོ་རྐྱང་ཞལ་གཟིགས་དྲིས་མཛད་པས། །ཐུབ་པ་ཞལ་འཛུམ་ཅི་ཡང་མ་གསུངས་ཡལ། །ཉིན་གཅིག་ནམ་མཁར་མི་ལ་ཉི་ཟེར་ཆིབས། །རས་ཆུང་ཐལ་མོ་སྦྱར་ནས་ཉི་ཟེར་འཇུས། །ཏེ་ཕུ་གསང་སྔགས་སྡོང་པོ་ཚེ་བུམ་འཛིན། །འཇའ་ཡི་བླ་བྲེ་ཐིག་ལེ་ཐིག་ཕྲན་སོགས། །ངོ་མཚར་གཟིགས་པས་བཀོད་པ་བྲིས་གསུངས་བྲིས། །ཌཱཀི་བུད་མེད་རྒན་མོ་མི་སྡུག་གཟུགས། །འཁར་བ་ལ་བརྟེན་ལུང་བསྟན་འགའ་རེ་སྨྲས། །དེ་རྗེས་རྡོ་རྗེ་ཕག་མོ་དངོས་སུ་


CMR003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །བཞུགས་པའི་རྗེས་ལ་ཕག་མོའི་དཀྱིལ་འཁོར་ནི། །བྲིས་པ་ལྟ་བུ་བཀྲ་ལམ་དོད་པ་གཟིགས། །ནམ་མཁར་མགོན་པོ་མ་ནིང་གཞུང་ལྟར་ལས། །རལ་གྲི་ཁཊྭཱཾ་སྦྲུལ་ཞགས་འཛིན་པ་གཟིགས། །འདི་སྐོར་སྤྲུལ་སྐུ་ཡེངས་སྐབས་ཕལ་ཆེར་ལ། །ཉིད་ཀྱི་འོག་གི་ས་གཞི་སྟན་མལ་ཙམ། །ཐད་ཀྱི་ནམ་མཁའ་གསེར་གྱི་རང་བཞིན་ལ། །བར་སྣང་མུ་ཏིག་དྲ་བ་དྲྭ་ཕྱེད་དང་། །གཡས་གཡོན་མི་ཏིག་ཕུང་པོར་སྤུངས་བ་དང་། །སྐུ་རྒྱབ་ཕྱག་རྡོར་བཞུགས་པ་གཟིགས་པར་སྣང་། །དེ་ནི་གསང་བ་བསྟན་པའི་མདོ་སྡེ་ནས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱི་བཞིན་དུ། །ཕྱག་རྡོར་སྤྲུལ་པ་རེ་རེ་འབྲངས་ནས་ཀྱང་། །བར་ཆད་སྲུང་བར་གསུངས་དང་མཐུན་པར་སེམས། །བླ་མ་ཕྲིན་ལས་ཞག་པོ་བཅུ་ལྷག་བསྙུང་། །ཁོ་རང་བུག་སོར་བྱུང་ནས་སྤྲུལ་སྐུ་ལ། །ང་འཆི་མ་བཅུག་ཟེར་བས་སྤྲུལ་སྐུ་ཡིས། །གནང་ཉིན་ཕན་ནོ་གསུངས་པས་དེ་བཞིན་གྱུར། །ཆོས་དབང་ཚད་རུ་ཐུ་མོ་གཅིག་ན་བ། །གནང་ཉིན་ཕན་གསུངས་དེ་ཡང་གསུངས་ལྟར་གྱུར། །བདག་གིས་ནངས་གཅིག་ངག་ནས་ཅང་མ་སྨྲས། །འགྲོ་བའི་སྡིག་སྒྲིབ་ནད་གདོན་བདག་ལ་བསྟིམས། །བདེ་སྐྱིད་དགེ་


CMR003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འགྲོ་བ་ཐམས་ཅད་ལ། །བསྟིམས་པའི་དམིགས་པ་ཁོ་ན་བསྒོམས་བདོ་ལ། །ཨ་བླ་མ་མ་བཅོས་པ་གསུངས་མངོན་མཁྱེན་མཛད། །ཉིན་ཕྱེད་སྤྲུལ་སྐུས་ང་ཡི་ཆབ་རྫིས་ནང་། །ཁྱེད་རང་ཆབ་བསིལ་ཐོང་ཆོག་ཨི་ཁོ་གསུངས། །མི་ཕོད་ང་རང་ཆབ་རྫིས་ཡོད་ལགས་ཞུས། །ནམ་ཕྱེད་རེད་ཛ་ཆབ་རྫིས་བཞག་བརྗེད་སོང་། །གཟིམས་ཆས་མཉམ་དུ་ཡིན་པས་གཟིམས་སད་ན། །སྤྲུལ་སྐུ་གཟིམས་སད་སྐྲག་སྔངས་འོང་དོགས་པས། །གཅེར་བུར་ལངས་ནས་ཆབ་བུམ་ལེན་དགོས་བྱུང་། །དེ་ཡང་འོང་བའི་མངོན་མཁྱེན་ཡིན་པར་གོ །ལར་ནི་གཟིམས་དཔོན་གསོལ་དཔོན་བསྙེན་གཡོག་པ། །སྐུ་རྗེ་རྩེ་རོགས་དགེ་རྒན་སློབ་དཔོན་སོགས། །ཀུན་གྱི་གོ་ཆོད་བདག་གིས་བྱེད་དགོས་པས། །ཆགས་ཕྱི་དཀའ་བས་འཚེར་ཞད་འགའ་ཡང་བྱུང་། །ཉིན་གཅིག་སྔོན་དུས་དགེ་སློང་རྡོ་རྗེ་དེ། །བལ་པོར་སོང་དུས་ཞྭ་དམར་སྤྲུལ་པའི་སྐུ། །སྙུང་བས་ལམ་འགག་ས་འཕྲང་དོགས་དྲག་པས། །དགེ་སློང་དེ་ཡིས་ཁུར་རྒྱུ་རྙེད་འདུག་པ། །བསོད་ནམས་ཆེ་ཟེར་ཀུན་གྱིས་སྨོན་པ་དྲན། །སྤྲུལ་སྐུ་འདི་ཡང་དོན་ལ་ཁྱད་པར་མེད། །བདག་གིས་རུམ་དང་ཁུར་དང་པང་བ་དང་། །སྐུ་རྩེད་རྩེ་གྲོགས་བྱེད་


CMR003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྙེད་པ་འདི། །བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབས་པ་ཡིས། །དངོས་གྲུབ་ཡིན་སྙམ་དགའ་བ་ཆེན་པོ་ཅིག །ཡིད་ལ་སྐྱེས་པ་ངག་ཏུ་མ་སྨྲས་ཛ། །བླ་མ་ཁྱེད་ཀྱང་དཔརསམས་མ་ཟིན། །ང་ནི་སེམས་ངོ་ཟིན་ཐལ་གསུངས་ནས་བྱུང་། །སྤྱིར་ནི་དང་པོ་སྤྲུལ་སྐུ་ཡུལ་གཉན་པས། །གོས་ཡུག་མི་བཏང་གཙང་སྦྲ་བྱེད་སྙམ་ནས། །སྒོ་ཁྲི་མཐོན་པོ་སེང་ཁྲི་བྲིས་པ་ལ། །གཟིམ་པ་བྱས་ཤིང་ང་རང་རྩ་བར་ཉལ། །འོན་ཀྱང་སྐུ་ན་ཕྲ་མོ་ཡིན་པ་དེས། །སྒྲུབ་ཁང་མུན་ནག་བྱི་བ་སོགས་རྒྱུགས་པས། །སྐྲག་ནས་གཟིམས་མ་ཕོད་པར་རུམ་དགོས་བྱུང་། །ན་བཟའ་གསོལ་ཕོར་འདྲེས་ཀྱང་སྐྱོན་མེད་པའི། །ལུང་བསྟན་ལོ་རྒྱུས་མང་དུ་གསང་ན་ཡང་། །ངན་པའི་རང་བསྟོད་འདྲ་སྙམ་འདིར་མ་བྲིས། །བརྗེད་ཐོ་ཙམ་རེ་དུམ་དུམ་ལོགས་སུ་བཀོད། །དེ་ནས་ཁྱུང་དམར་མེ་ཕྲེང་ཐོག་རྒོད་བསྒྲུབས། །སྐུ་ལུས་ཉིད་ལ་མེ་དཔུང་འབར་བ་གཟིགས། །དོན་མེད་སྦྱད་བརྒྱབ་ལྟ་བུར་འགྱེལ་སོང་བས། །ཅི་ལགས་ཞུས་པས་ད་ལྟ་ནམ་མཁའ་ནས། །ཁྱུང་དམར་གཤོག་པ་མཇུག་མ་སྔོན་པོ་ཅན། །ནམ་མཁའ་ནས་བྱུང་ང་ལ་མཆུ་ཐོ་བརྒྱབས། །ཀླུ་གཟུགས་འདྲ་གཅིག་ཁྱེར་ནི་


CMR003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ལོ་གསུངས། །ཉིན་གཅིག་རྒྱལ་བ་ཡབ་སྲས་གཉིས་པོ་ནི། །སྐུ་དབྱིབས་བསྒྲེས་གཞོན་དབུ་ཞྭ་ན་བཟའ་སོགས། །དངོས་དང་འདྲ་བ་གཟིགས་པའི་སྐུ་གཞོག་ན། །ཉིད་ཀྱི་གོང་མའི་མཆོད་ཆ་འགའ་རེ་ནི། །ཕྱིན་པ་གཟིགས་ཏེ་བདེ་སྒོ་འགྲིམ་འདྲ་བས། །རས་བྲིས་འདྲ་ཡི་མཆོད་ཆ་ཐེང་བའམ། །དགོངས་པ་ཞུ་མི་འདྲ་ཞིག་ཕྱིན་ནམ་སེམས། །གསོལ་འཕྲོ་གཏོར་མ་བཅས་ནས་ཁྱེར་བྱོན་པས། །མ་ནིང་ལྡེར་སྐུ་མགོན་པོ་དངོས་གྱུར་ནས། །བྷན་ཟེད་ནས་གཏོར་མ་ལེན་པ་གཟིགས། །བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དངོས་སུ་མཇལ། །ནུབ་གཅིག་ལྷོ་ནུབ་ངོས་སུ་གཟིགས་པ་ཡི། །རི་དང་བྲག་དང་ཁང་པས་མི་སྒྲིབ་པར། །རྔ་ཡབ་པདྨ་འོད་ཀྱི་བཀོད་པ་དང་། །ཨོ་རྒྱན་སྲིན་པོའི་འཁོར་གྱིས་བསྐོར་བ་གཟིགས། །བྱང་དུ་གཟིགས་པས་སྐུ་ཞང་ཨ་མྱེ་ཚང་། །གསལ་བར་གཟིགས་ཤིང་དེ་དག་ཅི་སྨྲས་གསན། །དེ་ལྟར་མིག་དང་རྣ་བའི་མངོན་ཤེས་ཀྱང་། །རྒྱུན་དུ་མ་ཡིན་སྐབས་འགར་འོང་ཞིང་སྣང་། །དེ་ནས་ཌཱཀྐི་སེང་གདོང་སྒྲུབ་པ་མཛད། །ཕྱག་བརྡབ་བར་ནས་མེ་འབར་ཚྭ་ཚྭ་འཕྲོ། །རླངས་པ་འཕྱུར་སོང་ཕོག་པས་གནོད་བྱེད་རྣམས། །ཚར་བཅད་པ་ཡི་གཟིགས་སྣང་


CMR003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་རེ་དང་། །ཉེར་དགུ་ཉིན་པར་སེང་གདོང་ལྷ་མོ་མཇལ། །ནུབ་གཅིག་ནུབ་ཕྱོགས་འུར་སྒྲ་ཆེན་པོར་བཅས། །འོད་ནི་དཀར་དམར་ཁ་སྦྱོར་ཚྭ་ཚྭ་འཕྲོ། །གློག་འོད་འཁྱུག་ཅང་འོད་ཟེར་འཕྲོ་བ་བྱུང་། །དེ་ཡི་ནང་ནས་སེང་གདོང་ཌོཀི་མ། །གཅེར་བུ་ཁྲོས་ནག་ཕུར་ཤམ་ཅན་མ་བྱོན། །ནམ་མཁའི་དབྱིངས་ནས་བསྐོར་བ་མཛད་ནས་གཤེགས། །རྨི་ལམ་ཨོ་རྒྱན་ཆེན་པོ་དངོས་ལྟར་མཇལ། །ཨོ་རྒྱན་ཡི་གེའི་བཀའ་ཚར་ཚང་མ་དང་། །ཨོ་རྒྱན་ཡི་གེར་བྲིས་པའི་གླེགས་བམ་གནང་། །ཕྱིར་ནངས་ཨོ་རྒྱན་ཡི་གེ་གསར་བ་སོགས། །གཏེར་ཡིག་གང་ཡང་ཐོགས་པ་མེད་པར་གྱུར། །དཀྱིལ་འཁོར་བྲི་ལུགས་ཚོན་གྱི་བྱེད་ལུགས་སོགས། །ཨོ་རྒྱན་ཉིད་ཀྱིས་བསླབས་ནས་མཁྱེན་པར་སྣང་། །བདག་ཀྱང་ཡིད་ཚིམ་དགའ་བ་ཆེན་པོ་སྐྱེས། །གནམ་གང་བདག་གིས་གསོ་སྦྱོང་བྱིན་རླབས་བཏོན། །སྤྲུལ་སྐུ་ཁོང་གིས་འདོན་དགོས་གསུང་བྱུང་བས། །ཁྱེད་ནི་དགེ་སློང་མིན་པས་མི་རུང་ཞུས། །ང་ནི་ཤཱཀ་ཐུབ་དགེ་སློང་ཡིན་ནོ་གསུངས། །སུ་ཡིན་ཞུས་པས་ཀུན་དགའ་བོ་རེད་གསུངས། །དྲན་ནམ་ཞུས་པས་ད་ལྟ་དྲན་ནོ་གསུངས། །བདག་ནི་རབ་ཏུ་འཇིགས་ཤིང་དད་པར་གྱུར། །


CMR003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་གིས་སྨན་ཆོག་བཏོན་པའི་ཚེ། །སྤྲུལ་སྐུ་ཁོ་བོ་སྐུ་བླ་ཕུག་འདུག་དུས། །སྨན་ཆོག་འདི་ལ་ཚར་གྲངས་མང་ཞིག་བཏོན། །མྱ་ངན་མེད་མཆོག་མཚན་དེ་ལོ་གཉིས་བཏོན། །ཨོ་རྒྱན་ཞི་བ་གཅིག་ལ་ལོ་གཉིས་བཏོན།།ཚེ་དཔག་མེད་དེ་ལོ་གཉིས་ཡིན་ནམ་བསམ། །རྒྱལ་བ་རྒྱ་མཚོ་དེ་ལ་ལོ་དགུར་བཏོན། །ཐུགས་རྗེ་ཆེན་པོ་དཀར་པོ་ལོ་གསུམ་བཏོན། །བཀའ་བརྒྱད་ལོ་གཅིག་དགོངས་འདུས་ཟླ་བ་དགུ། །ཕུར་པ་ཟླ་གཉིས་ཨོ་རྒྱན་སྔོན་པོ་གཅིག །ཟླ་གསུམ་གུར་དྲག་ཟླ་བ་ཉི་ཤུ་གཅིག །ཁྱུང་དམར་ལོ་གཅིག་བཏོན་པས་ཞལ་གཟིགས་ནས། །ནད་རྣམས་ཐམས་ཅད་སེལ་བའི་ཞལ་བཞེས་བྱུང་། །སྒྲོལ་སྔོན་ལོ་གཅིག་གྲོ་ལོད་ཟླ་བ་གཉིས།། །ཧཱུཾ་སྒྲུབ་་་དྲག་མཐིང་། ལས་བྱང་རྒྱས་པ་ལོ་གཉིས་བཏོན། །ཁྲོ་ཆུ་ཡ་མ་རཱ་ཙ་ཟླ་གཅིག་ཙམ། །སེང་གདོང་མ་ལ་ཟླ་བ་གཉིས་བསྙེན་ཏེ། །སྒྲུབ་པ་ཐོན་ཚུལ་ཡི་གེར་བྲིས་ནས་འཇོག །སྔགས་ཀྱི་གྲངས་ཁ་ཕྲེང་བར་གཅོད་རབས་ཡོད། །མི་ཀུན་བདག་ལ་སྤྱན་རས་གཟིགས་ཡིན་སྨྲ། །ངས་ནི་ང་མིན་སྨྲ་རབས་ཡོད་སོགས་གསུངས། །ཉིན་གཅིག་རྣལ་ལམ་ཨོ་རྒྱན་ལུང་ཡིན་གསུངས། །སྡིག་སྒྲིབ་བཀྲུ་བའི་རྟེན་འབྲེལ་སྐུ་ཁྲུས་


CMR003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ཁྲུས་ཆུའི་ནང་དུ་ཐུབ་པ་གཙོ་འཁོར་གཟིགས། །བདག་གིས་བལྟས་པས་ནམ་མཁར་འཇའ་མེད་པར། །ཆུ་ནང་འཇའ་སྤྲིན་སྣ་ཚོགས་དོད་ནས་འདུག །མདུན་དར་མཆ་རྒྱལ་རྨ་བྱའི་མདངས་དང་ནི། །བྷནྡྷ་བསྣམས་པ་གཅིག་ཀྱང་ཞལ་གཟིགས་སོ། །རྒྱ་འདྲེ་རྒྱལ་འགོང་འདུལ་བའི་བཀའ་བསྒོ་ནི། །སྔོན་ཆད་མ་གྲགས་པ་གཅིག་མཛད་པ་སྟེ། །ཧཱུཾ། ང་ནི་དབང་དྲག་རྒྱ་མཚོ་ཡིན། །ཉོན་ཅིག་དགྲ་དང་བགེགས་ཀྱི་ཚོགས། །གནོད་པ་མ་བྱེད་རང་གནས་སྡོད། །ཅེས་དང་། ང་ནི་ཨོ་རྒྱན་སྤྱན་རས་གཟིགས། །ཅེས་དང་། ང་ནི་དབང་དྲག་རྒྱ་མཚོ་ཡིན། །ཡེ་ནས་གྲུབ་ནས་སྟོང་པའོ། །ཞེས་དང་། ང་ནི་དབང་དྲག་རྒྱ་མཚོ་ཡིན། །སྙིང་པོ་ནི་ཨོ་ཨཱ༔ཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། ས་པ་ཝ་ནི་ཧཱུྃ་ཕཊ༔ ཞེས་སོགས་བཀའ་བསྒོ་མང་ཞིག་བྲི་བར་མཛད། །ནུབ་གཅིག་ཨོ་རྒྱན་མཚོ་རྒྱལ་ཞལ་སྦྱོར་གཟིགས། །ཉིན་གཅིག་ལྷོ་ནུབ་ཕྱོགས་ནས་འུར་སྒྲ་དང་། །འོད་དང་ཐོག་སེར་དང་བཅས་སེང་གདོང་མ། །རལ་གྲི་ཐོད་ཁྲག་འཛིན་ཅིང་འདོར་ཐབས་ཅན། །ཡང་ནི་སེང་གདོང་གྲི་ཐོད་འཛིན་པའང་གཟིགས། །རྣལ་ལམ་ཨོ་རྒྱན་ཉིད་ཀྱིས་བསླབས་པ་ཡི། །


CMR003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་དཔེའུ་རིས་རྔ་ཡི་རྡུང་ལུགས་གསུངས། །མ་ནིང་ལྡེར་སྐུས་གསུང་ནི་ཡང་ཡང་བསྒྲགས། །ཕྱིར་ཉིན་ཐུགས་ཉམས་གསལ་སྐབས་དྲིས་པ་ཡིས། །སྤོམ་ནེ་བྲག་སོགས་གནས་སྒོ་འབྱེད་རྒྱུ་དང་། །གཏེར་གྱི་དབང་སྐལ་ཡོད་ཚུལ་མང་དུ་གསུངས། །དེ་ནས་ཕྱག་རྡོར་རས་ཆུང་ལུགས་གཅིག་གིས། །བསྒྲུབ་པ་བྱ་བར་སེམས་ཚེ་སྤྲུལ་སྐུ་ཡིས། །ངས་ནི་གསར་མའི་ལུགས་དེ་མི་འདོན་གསུངས། །དེ་ནས་རི་ཏྠ་ལུགས་ཀྱི་གུར་དྲག་གི །ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་མཛད་པའི་ཚེ། །ང་ཡི་རྒྱབ་ཏུ་རྒྱུན་དུ་ཡོད་པ་ཡི། །ཕྱག་རྡོར་སྔར་བས་གསལ་ཞིང་རྒྱན་བཟང་གསུངས། །འོད་དཔག་མེད་དང་ཤཱཀ་ཐུབ་ཨོ་རྒྱན་གཟིགས། །བསྒྲལ་ལས་གཏོར་རྒྱབ་བརྡ་ཙམ་མཛད་སོང་བས། །སེང་གེ་སྒྲ་སྒྲོག་ཕྱག་རྡོར་མ་ནིང་དང་། །མགར་བ་དམར་ནག་འཁོར་ཚོགས་མང་པོ་ཡིས། །བར་ཆད་ཐམས་ཅད་བཟློག་པ་དངོས་སུ་གཟིགས། །དུད་སོལ་མ་དང་རང་བྱུང་རྒྱལ་མོ་གཉིས། །ཞལ་གཟིགས་ཚིག་ཀྱང་འགའ་རེ་གསུངས་བར་གདའ། །བདག་གིས་ལྷ་མོའི་བརྒྱ་རྩ་བཅས་ཕུལ་བ། །ཌཱཀི་མང་པོས་ནམ་མཁར་ཁྱེར་བ་གཟིགས། །སྤྲུལ་སྐུའི་ཞལ་ནས་མདང་གི་རྨི་ལམ་ན། །ཁྱེད་ཀྱི་ང་ཡི་དཔྲལ་


CMR003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྤྱན་བྲིས་པས། །དེ་ཉིད་དངོས་སུ་སྤྱན་དུ་གྱུར་པ་རྨིས། །རྟེན་འབྲེལ་ཡིན་པས་སྤྱན་གཅིག་བྲིས་དང་གསུངས། །སྤྲུལ་སྐུའི་དཔྲལ་བར་ཡེ་ཤེས་སྤྱན་བྲིས་པས། །སྟེང་འོག་ཕྱགས་མཚམས་ཀུན་ནས་ཕྱག་རྡོར་སྐུ། །ཕྲ་མོ་མང་པོ་སེར་བ་བབ་པ་ལྟར། །རྒྱབ་ཏུ་བཞུགས་པའི་ཕྱག་རྡོར་དེ་ལ་ཐིམ། །དེ་ཉིད་ང་ཡི་སྙིང་ཁར་ཐིམ་ཐལ་བས། །ད་ནི་རྒྱབ་འདིར་ཕྱག་རྡོར་མི་གདའ་སྟེ། །ད་ལྟ་ངས་ནི་མང་པོ་དྲན་བྱུང་གསུངས། །སྐུ་བླ་ཕུག་ཏུ་བསྒྲུབས་པ་བྱས་པའི་ཚེ། །རྟགས་མཚན་བྱུང་ཚུལ་འགའ་ཡང་དྲན་ནས་གསུངས། །ཤཱཀྱ་ཐུབ་པ་དེ་ཨོ་རྒྱན་བས་ནི་སྔ་བ་འདྲ་དོ། །ཤཱཀྱ་ཐུབ་པ་ལ་ཐོར་གཙུག་བྲིས་གདའ་བ་འདི་ཐོར་ཅོག་མིན། ཤ་ཡི་ལྦ་བ་གཅིག་ཡོད་དབུ་ལ་འོད་སེར་པོ་ཁྱིམ་འདི་གང་བ་ཙམ་ཡོད། དབུ་ལ་རྒྱབ་རྟེན་བཞག་ལེ་བཞིན་འདི་འདྲ་མ་རེད། འོད་དེས་དབུ་གཅུད་ལེ་བཞིན་གཅིག་ཡོད། སྐུ་ཡི་འོད་དེ་སྔོན་པོ་ཡིན། ཕར་ལོའི་ཁང་བ་ཚུན་ཙམ་ཡོད། ན་བཟའི་འགུ་ཡོ་བྱེད་དུས་འོད་དེས་ཀྱང་འགུ་ཡོ་བྱེད་རབས་ཡོད། མཉམ་བཞག་ས་གནོན་ཀྱང་མཛད་ནི་བཞུགས་རབ་མེད། ཕྱག་ཅི་ཡང་མཛད་རབ་ཡོད། ན་བཟའ་ལི་ཁྲིའི་མདོག་ཡིན། སེང་


CMR003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཁྲི་འདི་འདྲ་ཡུ་མེད། རང་ཚ་གདན་ལ་བཞུགས་རབས་ཡོད། ཉིན་གཅིག་སེང་གེ་ཆེན་པོ་གཅིག་སྐད་བསྒྲགས་ཤིང་བྱུང་བས་ངེད་ཚོ་ཐམས་ཅད་བྲོས། ཤཱཀྱ་ཐུབ་པའི་ཐོག་ན་མཆོང་བ་ལ་ཐལ་ཛ། ཐུབ་པས་ཕྱག་རྡེལ་གཅིག་འཕངས་བས་མདུན་ནས་ཉལ་ནི་བསྡད། ཐུབ་པའི་ཕྱག་ལ་སེང་གེས་བལྡག་ལེ་ཡིན། ང་དེ་དུས་ཀུན་དགའ་བོ་ཡིན། དགེ་སློང་ནི་སྟོང་ཕྲག་བརྒྱ་ཙམ་ཡོད། དེ་ཐམས་ཅད་དྲན་ཏེ་མིང་ཚོ་མི་དྲན། བོད་དུ་མངའ་བདག་རྒྱལ་པོ་དེ་མི་གོས་སྔོན་པོ་ཅན། སྐྲ་བུད་མེད་ལྟར་ལྷས་པ་སྤྱི་བོར་པ་ཆོག་བྱས། དེ་དར་དམར་པོས་བཅིང་བ་གཅིག་ཡོད། དེ་དུས་ཨོ་རྒྱན་པདྨ་དེ་སྐུ་ཤིན་ཏུ་མཛེས་པ་སྨ་ར་ཅུང་ཟད་ཡོད་པ་གཅིག་ཕེབས། དེ་དུས་མན་ད་ར་བ་དང་མཚོ་རྒྱལ་མི་གདའ། རྗེས་ཤིག་མཚོ་རྒྱལ་ཡང་ཕྱིན་གདའ། མཚོ་རྒྱལ་དེ་ཡང་ཤ་མདོག་དཀར་པོ་ཤིན་ཏུ་མཛེས་པ་གཅིག་ཡོད། ཨོ་རྒྱན་གྱིས་དུས་རྒྱུན་དུ་རྡོ་རྗེ་དང་བྷནྡྷ་བསྣམས་རབ་མེད། ཕྱག་མཉམ་བཞག་མཛད་ནས་བཞུགས་རབ་ཡོད། མཆན་ཁུང་ན་ཁཊཾ་དེ་ནི་རྒྱུན་དུ་གདའ། རྡོ་རྗེ་ཕག་མོ་ཡིན་ཟེར་ཁཊཾ་དེས་ཁ་གྲག་ཤེས་རབ་ཡོད། ང་དེ་དུས་བཻ་རོ་ཙཱ་ན་ཡིན། གོས་ནང་ཕྲུག་ཕྱི་གོས་ཆེན་བཀྲ་


CMR003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྟགས་བརྒྱད་དོད་ལེ་གཅིག་གྱོན་རྒྱུ་ཡོད། ཅེས་སོགས་ལོ་རྒྱུས་མང་པོ་ཞིབ་པར་གསུངས། དགུང་ལོ་བཅུ་གཉིས་ངོ་ལྟ་ཙམ་ཡིན་ཏེ། །མི་ནག་ཁྲོད་བཞུགས་རྣ་ཐོས་ཅང་མེད་ཅིང་། །དཔེ་རྒྱུད་མ་གཟིགས་མཁྱེན་འོས་མེད་སྐབས་ཏེ། །བྱིས་སྦའི་གསུངས་ལ་ངོ་མཚར་མི་ཆེའམ། །དེ་ལྟར་ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་དེས། །སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ཐོབ། །སྐྱེ་བ་གཉིས་བརྒྱ་ཙམ་ཞིག་གསལ་པོར་དྲན། །དེ་དག་བཀོད་པ་གཟུགས་རིས་རྡུལ་བྱང་ལ། །བདག་ལ་བྲི་བཅུག་དེ་ནས་ཡིན་ཚུལ་གྱི། །ངོ་སྤྲོད་ཐང་སྐུ་ལྷ་ཞལ་སྤྱད་ལྟར་མཛད། །དེ་ཚེ་བདག་ལ་ཐེ་ཚོམ་རྟོག་པ་སྐྱེས། །སྐུ་སྐྱེ་རྣམས་ཀྱི་སྐྱེ་བ་འགའ་ཟུང་དང་། །མང་ཡང་བདུན་དང་བཅུ་གསུམ་ཉེར་ལྔ་ཙམ། །དེ་ལས་མང་བ་དྲན་རབ་མི་སྣང་བ། །འདི་ཙམ་མང་པོ་དྲན་པ་ཨེ་སྲིད་སྙམ། །དེ་ཚེ་བདག་གིས་གཉིད་པའི་རྨི་ལམ་ན། །སྤྲུལ་སྐུ་འདིས་ནི་སྐྱེ་བ་བརྒྱ་སྟོང་ཕྲག །མང་པོ་རྗེས་སུ་དྲན་པ་ཡིན་ནོ་ཞེས། །ལུང་བསྟན་གསལ་པོ་བྱུང་བས་ཡིད་ཆེས་སྐྱེས། །འོན་ཀྱང་མདོ་སྡེ་རྣམས་སུ་ཐུབ་པ་ཡི། །སྐྱེས་རབས་བཞིན་དུ་རིགས་རུས་ཡུལ་དང་མིང་། །འདི་ཙམ་གསལ་པོ་དྲན་པ་ཨེ་


CMR003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྙམ། །མདོ་རྒྱུད་རྣམས་ལ་བསམ་བློ་བཏང་བྱས་པས། །མདོ་སྡེ་ཆེན་པོ་ཚངས་པའི་དྲྭ་བ་ལས། །ཕྱི་རོལ་པ་ཡི་དྲང་སྲོང་མང་པོ་ཡང་། །བསྐལ་པ་བརྒྱ་ཕྲག་གསལ་བར་དྲན་པར་གསུངས། །གཞན་ཡང་མདོ་སྡེ་རྣམས་ནས་འདི་སྐད་དུ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། །བསྐལ་པ་གཅིག་ནི་རྗེས་སུ་དྲན་པ་ནས། །བསྐལ་པ་བརྒྱ་སྟོང་མང་པོ་དྲན་པར་གསུངས། །མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ཆེན་ལས། །གལ་ཏེ་སྙིང་གིས་སྐྱེ་བ་དྲན་པ་ན། །ཕྱག་ན་རྡོ་རྗེ་དངོས་གྲུབ་མཚན་མར་གསུངས། །དེ་དང་མཐུན་པར་འདུག་སྙམ་ཐེ་ཚོམ་ཆོད། །སྤྲུལ་སྐུས་སྐྱེ་བ་དྲན་པ་དེ་རྣམས་ཀྱང་། །ཐལ་ཐོལ་ཙམ་དུ་དྲན་པ་མ་ལགས་ཏེ། །བསྐལ་པའི་མིང་ནི་ཇི་སྐད་བྱ་བ་དང་། །སངས་རྒྱས་གང་གི་བསྟན་པ་ཡིན་པ་དང་། །ཡུལ་དང་ས་ཕྱོགས་མིང་དང་ཕ་མའི་མིང་། །དེ་རུ་སྐྱེས་ནས་ཇི་སྲིད་འཚོ་ཡི་བར། །བྱ་བ་གང་བྱས་སྐྱིད་སྡུག་གང་བྱུང་སོགས། །ཤིན་ཏུ་ཞིབ་ལ་རྒྱས་པར་གསུངས་མོད་ཀྱང་། །དེ་ཙམ་བྲི་བའི་མུ་ཡང་མ་བྱུང་བས། །རྩ་ཚིག་ཉུང་ངུ་ཚིགས་སུ་བཅད་པ་ཡི། །སྐྱེས་རབས་ལོགས་སུ་བཀོད་པ་དེར་འཐུས་ཤིང་། །དེ་རུ་མ་འཐུས་རྗེས་ནས་


CMR003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་འགའ། །ཉིད་ཀྱི་ཕྱག་བྲིས་ལོགས་སུ་བཀོད་པ་ཡོད། །དེ་ནས་གཞན་མ་འགའ་ཡིས་སྐྱེས་རབས་ཞུས། །འགའ་རེའི་སྐྱེ་བ་མང་པོ་གསུངས་བྱུང་ཞིང་། །འགའ་རེས་ནན་གྱིས་དྲིས་ཀྱང་མི་ཤེས་གསུངས། །ཁྱེད་ཀྱིས་ཁྱི་དང་འབུ་སྲིན་འགའ་རེ་ཡང་། །གར་སྐྱེས་མཁྱེན་ཅིང་གསུང་ནི་བྱུང་བ་ལགས། །གལ་ཆེན་ཞུས་པ་ཅི་ལ་མི་གསུང་སྨྲས། །དེ་ཚོ་ངས་ནི་ཡུ་ནི་མི་དྲན་ནོ། །རེས་འགའ་ལུང་བསྟན་མཛད་མི་གཅིག་ཡོད་དེ། །དེས་ཀྱང་ལུང་བསྟན་གསུང་ཁས་མ་ཉན་པས། །ཅི་དྲན་སྨྲས་ན་རྫུན་འོང་མི་ཉན་གསུངས། །སྤྲུལ་སྐུ་ཉིད་དང་རཱ་ག་ཨ་སྱ་བདག །ཕྱི་མ་གར་སྐྱེས་དེ་ཡི་སྐྱིད་སྡུག་སོགས། །མང་ཞིག་གསུངས་ནས་ད་ནི་མང་མི་སྨྲ། །མང་དུ་སྨྲས་ན་ཚེ་ལ་གནོད་དོ་གསུངས། །དེ་ཕྱིར་རང་གཞན་ཕྱི་མ་གར་སྐྱེ་དང་། །གཞན་གྱི་སྐྱེ་བ་ལ་སོགས་ཆེར་མ་ཞུས། །དེ་ནས་ཐུགས་རབ་ཆེ་བའི་རྟེན་འབྲེལ་དུ། །དབྱངས་ཅན་མ་ཡི་སྒྲུབ་པ་མཛད་པ་ཡིས། །སྔར་དང་མི་འདྲ་དཔེ་གཟིགས་སློབ་གཉེར་སྤྲོ། །མི་ལའི་མགུར་འབུམ་གཅིག་ནི་ཀློག་མཛད་པས། །ཐོ་རངས་ཤིག་ལ་རྗེ་བཙུན་མི་ལ་གཟིགས། །ནམ་མཁར་ཨོཾ་ཡིག་དཀར་པོ་ཡུན་རིང་


CMR003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །རྨི་ལམ་ཨོ་རྒྱན་ཆེན་པོ་མཇལ་བ་ཡི། །ཨོ་རྒྱན་ཡི་གེ་གསར་པ་ཕྱེད་གཉིས་གནང་། །ཕྱེད་པོ་གནང་ནི་མི་དགོས་ཤེས་འོང་གསུངས། །གཤིན་རྗེ་གཤེད་ཀྱི་གཏོར་འབུལ་ཞག་འགའ་མཛད། །ཡ་མ་རཱ་ཙ་མ་ཧེ་ཞོན་པ་གཟིགས། །ཁྲོ་བོ་ནག་པོ་དབུ་ཕྱག་མང་པོ་ཅན། །ཡུན་རིང་གཟིགས་པར་སུ་ཡིན་མ་འབྱེད་ནས། །གུར་དྲག་མང་པོ་དེ་ལ་བསྟིམས་པ་ཡིས། །དེ་ཉིད་ཨོ་རྒྱན་སྐུ་རུ་གྱུར་པ་གཟིགས། །འདི་སྐབས་བདག་གིས་རྒྱལ་པོ་གདན་གཅོད་ཀྱི། །ཚུལ་དུ་ས་ཆ་གཉན་ས་འགའ་རེ་ཡི། །ས་རྡེལ་རྡོ་རྡེལ་བླངས་ནས་གཉན་ཐོག་བཅད། །དེ་ཚེ་སྤྲུལ་སྐུའི་གཟིགས་སྣང་དུ་མ་སྟེ། །མདུན་འདིར་མི་དམར་རྟ་དམར་གཉིས་ཡོད་གསུངས། །དེ་ལ་གུར་དྲག་མང་པོ་བསྟིམས་པ་ཡིས། །གཅིག་དེ་མེད་སོང་གཅིག་དེ་གུར་དྲག་གྱུར། །དེ་རིང་སང་གནང་ལྷ་ཡི་སྤྲུལ་པ་དང་། །འདྲེ་ཡི་ཆོ་འཕྲུལ་གསུམ་རེ་བསྲེ་ཞིང་འོང་། །ནོར་དུ་མི་རུང་མ་ནོར་གསུངས་པར་སྣང་། །དེ་ནས་མི་ནག་མགོ་དགུ་པ་གཅིག་བྱུང་། །ཨོ་རྒྱན་བསྟིམས་པས་རྡོ་རྗེ་ལེགས་པར་གྱུར། །སྐྱེས་བུའི་འདག་སྐུ་དེ་ལ་ཐིམ་པར་གཟིགས། །དེ་ནས་མི་ནག་མི་སྤྲུལ་དགུ་སྤྲུལ་བྱུང་། །རྡོ་རྗེ་གྲོ་ལོད་


CMR003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་པས་མེད་སོང་ངོ་། །བྱ་རོག་གསོབ་ལ་མི་ནག་གཅིག་ཞོན་གདའ། །ཕྱག་བཞི་པ་བསྟིམས་ས་ལ་བྲུལ་ནས་ཡལ། །མི་ནག་མགོ་དགུ་ཁོག་སྨད་མེད་པར་བྱུང་། །ཁྱུང་དམར་བསྟིམས་པས་ནཱ་ག་རཀཱར་གྱུར། །འདི་སྐབས་གཉེར་པ་ཐུ་མོ་ན་བ་དང་། །གྲྭ་པ་འགའ་ཡང་དགྲ་དོགས་ཡོད་སར་ཐལ། །སྤྲུལ་སྐུའི་རྣལ་ལམ་དམ་ཅན་མགར་དམར་གྱིས། །གཉེར་པ་སྐྱོན་མེད་འགྲིམ་པ་མགོ་ཐོན་ཏེ། །རྟ་བྲང་ས་ན་རྦབ་གཡང་རྐུན་དོགས་ཡོད། །གསུང་འདུག་པ་ཡང་དེ་ག་དངོས་སུ་གྱུར། །དེ་ནས་སེར་ཕྲན་རླུང་ཐོག་དང་བཅས་ནས། །གཉན་ས་དེ་ཡི་ལྷ་འདྲེ་དངོས་འོང་ནས། །སྤྲུལ་སྐུའི་དྲུང་དུ་ཁས་བླངས་སྲོག་སྙིང་ཕུལ། །སེང་གདོང་མ་ཡི་བཟློག་པ་མཛད་སྐབས་ཤིག །སེང་གདོང་ལྷ་མོ་ཞལ་ཕྱག་མང་པོ་ཅན། །དངོས་སུ་ཞལ་གཟིགས་མངོན་རྟོགས་བྲི་བར་མཛད། །དེ་བཞིན་རྡོ་རྗེ་གྲོ་ལོད་ཞལ་གཟིགས་ཤིང་། །རྣལ་ལམ་ཨོ་རྒྱན་ལན་གཉིས་མཇལ་བ་ན། །དཀྱིལ་འཁོར་འབྲི་ལུགས་འགའ་རེ་གསུངས་པར་སྣང་། །ཉིན་གཅིག་བྱ་ཁྱུང་དམར་པོ་ཞལ་གཟིགས་ནས། །བདག་གི་མགྲིན་པར་ཐིམ་གཟིགས་ངག་ནུས་བལྟས། །ཨོ་རྒྱན་སེར་པོ་གཅིག་ཀྱང་


CMR003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཟིགས་སོ། །བཅོ་ལྔའི་ཉིན་གཅིག་ཨོ་རྒྱན་སྤྲུལ་པའི་སྐུ། །ཤིན་ཏུ་ཆེ་བ་ཞལ་གཟིགས་དེ་ཡིན་ནོ། །ནོར་བུ་མཁའ་གསང་ཕྱག་རྒྱ་བསླབས་པར་མཛད། །ཉེར་ལྔ་ནམ་མཁར་ཐུགས་རྗེ་ཆེན་པོ་ནི། །འགྲོ་འདུལ་འཁོར་ཚོགས་མང་པོས་བསྐོར་བ་གཟིགས། །ཉེར་བརྒྱད་བར་སྣང་གསེར་གྱི་འཁོར་ལོའི་དབུས། །ཨོ་རྒྱན་ཡབ་ཡུམ་འཁྲིལ་སྦྱོར་བཞུགས་པ་ལ། །རྩིབས་བརྒྱད་ཌཱཀི་བརྒྱད་ཀྱིས་བསྐོར་བ་གཟིགས། །ཐུགས་རྗེ་ཆེན་པོའི་སྒྲུབ་རྟེན་སྦ་ལྕག་གིས། །གསུང་བྱོན་ལུང་བསྟན་ཅུང་ཟད་གསུངས་པ་གསན། །ཉིན་གཅིག་ཤ་གཅིག་ཟ་འདོད་ཁྱེར་ཤོག་གསུངས། །གཏན་ནས་མེད་སྙམ་མེད་ཞུས་གདའ་ད་གསུངས། །འཚོལ་དུ་བཅུག་པས་ཤ་རྙིང་དམ་དུམ་རྙེད། །འདི་སྐབས་ཟླ་བ་ཕྱེད་གཉིས་ཙམ་གཅིག་ལ། །ཆར་པ་མ་བབ་ཐན་པ་ཆེན་པོའི་སྐབས། །ཇ་ཆུ་མེད་པར་གསོལ་ཇ་ཞན་འདུག་པས། །དོ་ནུབ་ཆུ་དེ་ཟངས་གང་ཨེ་འོང་བསམ། །ཞེས་པ་ལན་གྲངས་ཉི་ཤུ་ཙམ་གསུངས་མཐར། །ཆར་བོབ་སེར་བ་བོབ་གསུངས་འོ་དོད་མཛད། །དེ་མ་ཐག་ཏུ་ཆར་ཆེན་སེར་དྲག་བབ། །དེ་ནས་མུས་ཀྱི་འབབ་རྒྱུ་མི་སྣང་ངོ་། །ནུབ་གཅིག་ཐོག་ཁར་ཁུར་གསུངས་


CMR003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པ་ཡིས། །ནམ་མཁའི་དབུས་དང་ཕྱོགས་བཞིའི་རི་རྩེ་ན། །གུ་རུ་བློ་ལྡན་མཆོག་སྲེད་རིགས་ལྔ་ལ། །རང་འདྲའི་འཁོར་ཚོགས་མང་པོས་བསྐོར་བ་གཟིགས། །ཕྱིར་ཉིན་ནམ་མཁར་འཇམ་དབྱངས་དམར་སེར་གཟིགས། །ནཱ་ག་རཀཱ་ཁྱུང་ཞལ་ཅན་ཡང་གཟིགས། །ཉིན་གཅིག་ཀཿཐོག་བང་ཆེན་གཅིག་བྱུང་བས། །བན་གཟུགས་གཅིག་གིས་མཚམས་ཁུང་བལྟས་བྱུང་གསུངས། །སྐུ་ལུས་བསྙུངས་ནས་བརྒྱལ་ལ་ཁད་ཁད་བྱུང་། །དེ་སྐབས་གུར་དྲག་ཕྱག་གཉིས་པ་གཅིག་གིས། །འགྲིམ་པའི་རྒྱབ་ན་གཅོད་པ་ཟླ་བ་ཡོད། །དམིགས་པ་གྱིས་གསུངས་གུར་དྲག་བཞུགས་ཡོད་གསུངས། །བདག་གིས་ལྷ་མིན་ལྷར་བརྫུས་ཡིན་དོགས་ནས། །གུར་དྲག་དེ་ལ་ཟངས་མདོག་དཔལ་རི་ནས། །གུར་དྲག་མང་པོ་སྤྱན་དྲངས་བསྟིམས་པ་ཡིས། །དམིགས་པ་དྲག་ཏུ་བྱས་པས་གུར་དྲུག་དེ། །ཞལ་གསུམ་ཕྱག་དྲུག་གཤོག་པ་མཇུག་མ་ཅན། །གཟི་བརྗིད་ཇེ་ཇེ་ཚུར་ཚུར་བྱོན་བྱུང་བས། །སྤྲུལ་སྐུ་སྐྲག་ནས་ཕར་ལ་གཤེགས་གསུངས་པས། །གཤོག་པ་མེ་འབར་བརྡེབས་ཤིང་ལྷོ་ཕྱོགས་གཤེགས། །འདི་སྐབས་ཐུགས་སྒྲུབ་ཆོས་སྤྱོད་ལམ་རིམ་ལ། །ཁོག་ཕུབ་


CMR003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ཁྲིད་གཅིག་གསན་པ་མཛད། །དེ་ནས་བླ་མ་ལོངས་སྐུའི་སྒྲུབ་པ་མཛད། །དབུ་བཙུགས་ནུབ་པར་བདག་གི་རྨི་ལམ་ནི། །དཀྱིལ་ཐད་གཅིག་ལ་བལྟས་པས་དཀྱིལ་འཁོར་དེའི། །སྣ་ཚོགས་རྡོ་རྗེའི་རྭ་ལ་ཡི་གེ་འདུག །དཔལ་རི་འོད་ཀྱི་གཞལ་ཡས་ནས། །བཻ་རོའི་ཐུགས་ཀྱི་འོད་ཟེར་ལ། །ཁྲི་སྲོང་སྤྲུལ་པས་ཕྱག་འཚལ་ནས། །གཞན་གྱི་ཕྱག་འཚལ་སྨོས་ཅི་དགོས། །ཟེར་བ་འདུག་པ་སྤྲུལ་སྐུ་བཻ་རོ་ཡི། །ཐུགས་ཀྱི་སྤྲུལ་པར་ལུང་བསྟན་གོ་བ་སྐྱེས། །ཚེས་བཅུའི་ནམ་མཁར་ཌཱཀི་སེང་གདོང་མ། །མེ་དཔུང་ཀློང་བཞུགས་སྐུ་སྨད་ཕུར་ཞབས་ཅན། །ཞལ་གཟིགས་ལྷོ་ཡི་ཕྱོགས་སུ་གཤེགས་པར་གྱུར། །དགོང་མོ་ནམ་མཁར་མཁའ་འགྲོ་སྡེ་ལྔ་ཡིས། །པད་སྡོང་ཆེན་པོ་བཀྱགས་ནས་སྐོར་བ་བྱེད། །པད་སྡོང་སྟེང་དུ་ཨོ་རྒྱན་སྤྲུལ་སྐུའི་ཚུལ། །སྐུ་མདོག་དམར་པོ་མཉམ་བཞག་ཕྱག་རྒྱ་ཅན། །ཡུན་རིང་ཞལ་གཟིགས་ལྷོ་ནུབ་ཕྱོགས་སུ་གཤེགས། །ཉིན་གཅིག་བླ་མ་ལོངས་སྐུ་ཡབ་ཡུམ་ནི། །ཡུན་རིང་གཟིགས་པས་བསླུ་བ་ཡིན་ནམ་མིན། །དམིགས་པ་གྱིས་གསུངས་ཨོ་རྒྱན་མང་པོ་བསྟིམས། །གཟི་བརྗིད་ཆེར་སོང་ནམ་མཁར་འཕག་པ་གཟིགས། །རྣལ་ལམ་ནམ་མཁའ་


CMR003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཨོ་རྒྱན་གྱིས། །ཐེམ་འགག་ནེམ་འགག་གྱུར་ཏེ་གང་བ་དང་། །ཉིད་ཀྱི་སྐུ་ལུས་རྡོ་རྗེ་འཆང་དུ་གྱུར། །པད་འབྱུང་ཐམས་ཅད་ཉིད་ལ་ཐིམ་པ་ཡིས། །ཕྱི་ལྤགས་ནག་པོ་སྦྲུལ་ཤུན་ལྟ་བུར་བུད། །དུང་གི་མདོག་གྱུར་ནམ་མཁའི་དབྱིངས་ཉིད་ནས། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བྱོན། །མགྲིན་པར་ཐིམ་ཞིང་ཉིད་ཀྱང་དེ་རུ་གྱུར། །རྗེ་ཉིད་ཨོ་རྒྱན་གུ་རུ་མཚན་བརྒྱད་དུ། །རིམ་པར་སྤྲུལ་ཚེ་མཚན་བརྒྱད་སོ་སོ་རྣམས། །རི་མ་པར་བྱོན་ནས་ཉིད་ཀྱི་སྤྱི་བོར་ཐིམ། །ཐུབ་པའི་སྐུ་སྤྲུལ་ནམ་མཁར་བཞུགས་པ་ཡི། །ཐུབ་པ་བྱོན་ནས་སྤྱི་བོར་ཐིམ་པ་སོགས། །རྣལ་ལམ་སྤྲུལ་བསྒྱུར་སྣ་ཚོགས་མཛད་པར་སྣང་། །ཉེར་བརྒྱད་དགོང་མོ་མ་ནིང་ལྗང་གུ་གཟིགས། །ཉེར་དགུ་ཉིན་པར་འོད་དཔག་མེད་པ་མཇལ། །སྒྲུབ་པ་ཚར་ཉིན་ནམ་མཁར་འཇའ་དཀར་རྒྱུད། །ཨོ་རྒྱན་བཞེངས་ནས་བྱོན་རྗེས་བུད་མེད་ལྔ། །སྔགས་པ་ལྔ་དང་བཙུན་པའི་ཆ་ལུགས་དགུ། །ར་དྲུག་རྭ་ཅོ་ཚེ་ཡི་བུམ་པས་བརྒྱན། །ལུག་བདུན་སྤྱི་བོར་ཚེ་དཔག་རེ་རེ་བཞུགས། །དེ་རྣམས་ཕྲེང་བྱས་ཚུར་ལ་བྱོན་པ་དང་། །ནུབ་རེའི་སྤྲིན་གསེབ་རྡོ་རྗེ་ཚེ་མདའ་དང་། །ཚེ་བུམ་ནང་ནས་བདུད་རྩི་བབ་


CMR003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟིགས། །དགོང་མོ་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན། །སྒྲུབ་པ་ཐེམ་པ་ལེགས་ཞེས་བཀའ་བསྩལ་ཏོ། །རྒྱུན་དུ་ཨ་མས་ཞོ་མངར་ནང་དུ་ནི། །འོ་མ་བླུགས་ནས་འདྲེན་ཞིང་ཡོད་པ་ལ། །ནང་གཅིག་ཕྱག་ཏུ་མ་བཞེས་གསོལ་མ་མཛད། །ཡུད་ཙམ་སོང་ཛ་ཨ་མས་ཞོ་ནོར་བས། །ཞོ་ཤང་དྲངས་བ་རེད་ཟེར་ཞོ་བརྗེས་སོ། །ཉིན་གཅིག་བདག་གི་བྱང་བུ་བཞུ་ཞོར་ལ། །ང་ལ་བྱང་བུ་བཞུ་རྒྱུ་འགའ་ཡོད་གསུངས། །དར་རྩེ་མདོ་དང་དེ་ཡི་གཉའ་དེ་དང་། །འགའ་རེ་ཀཐོག་ཉིད་ནས་ཡིན་པ་ལ། །འགའ་རེ་གསོན་ཤོག་འགའ་རེ་ཤི་ཤོག་ཡིན། །ད་ནི་ཐམས་ཅད་ཤི་ཤོག་བྱེད་ཆོག་སྟེ། །འབུལ་བ་བྱུང་ནས་ཡུན་རིང་མ་སོང་བར། །ད་ཤི་བཞུ་ལོང་མ་བྱུང་བ་ཡིན་གསུངས། །ཚེ་འདས་དེ་དག་མིང་ཡང་སོ་སོར་གསུངས། །ངེད་རང་གཉིས་ཀའི་བསྔོ་ཡིག་ནང་བྲི་གསུངས། །རྒྱལ་བ་ཡབ་སྲས་ལ་སོགས་བླ་ཆེན་ལ། །མིང་ཡིག་སྙན་ཐེང་འབུལ་བ་ཐེང་ཙམ་གྱིས། །བཞུས་དང་མ་བཞུས་ཁྱད་མེད་ཟེར་རབ་སྣང་། །ཁྱེད་ཉིད་བར་དོར་དམྱལ་བར་ཕེབས་གསུང་ན། །བྱང་བུ་མ་བཞུས་འདྲེན་མ་ཐུབ་ལགས་སམ། །ཞུས་པས་དེ་དུས་ཚེ་འདས་དེ་རྣམས་མཐོང་། །བྱང་བུ་


CMR003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཞུས་དང་མ་བཞུས་ཁྱད་པར་ནི། །ཅི་ཡིན་མི་ཤེས་གཅིག་ནི་ང་སོང་དུས། །བདེ་བ་ཅན་དུ་སྐྱེས་པར་ཤེས་བྱུང་ལ། །རི་ལི་བྱ་བའི་བྱང་བུ་བཞུ་མ་ཐོན། །ང་ལ་འཇུས་ནས་བསྔོ་བ་དགོས་ཟེར་བས། །བསྔོ་བ་བྱས་པས་དེ་ཉིད་ཡར་ཐར་ནས། །ད་ལྟ་རིས་ལོད་བྱ་བའི་མི་ལ་སྐྱེས། །གཞན་ཚོ་འདྲེན་པར་བསམ་ཡང་འོང་མ་ཉན། །ད་རུང་དམྱལ་བར་ཡོད་གསུངས་བྱང་བུ་མཛད། །དེ་ཚོས་འབུལ་བ་ཅི་བྱུང་རྣམས་ཀྱང་གསུངས། །ཉེར་བཞིའི་དགོང་མོ་ལྷོ་ནུབ་ནམ་མཁའ་ནས། །སྐར་མདའ་བཞིན་དུ་བུམ་པ་གཅིག་བྱོན་པ། །ཚེ་དཔག་མེད་པའི་སྐུར་གྱུར་ཚེ་ཆུ་གནང་། །བར་སྣང་ཁམས་སུ་ཌཱཀི་ཕ་ཝང་མགོ །གཅིག་བྱོན་དེ་ཉིད་སེང་གདོང་ཏྰཀི་མ། །སྐུ་སྨད་ཕུར་ཞབས་ཅན་ལས་མེ་འཕྲོས་ཏེ། །རྗེ་ཉིད་མེ་ཡི་ར་བས་བསྐོར་བ་གཟིགས། །སྤྲུལ་སྐུས་ལྷ་འགའི་བདག་འཇུག་ལེན་པའི་སྐབས། །མནལ་ལམ་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན། །གཡས་སུ་གུར་དྲག་གཡོན་དུ་གྲོ་ལོད་བཞུགས། །ཨོ་རྒྱན་དབུ་གཙུག་རྒྱལ་བ་རྒྱ་མཚོ་དང་། །དེ་ཡི་དབུ་གཙུག་ཤཱཀ་ཐུབ་ཐུགས་ཀ་ན། །འོད་དཔག་མེད་བཞུགས་གཡས་སུ་འཇམ་དབྱངས་བཞུགས། །ཨོ་རྒྱན་


CMR003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཁ་སར་པཱ་ཎི་བཞུགས། །ཨོ་རྒྱན་ཞལ་ནས་ཁྱེད་རང་སོ་སོ་ཡི། །དབང་ཞུ་འདོད་པའི་ལྷ་ལ་ཐོད་པ་གཏུགས། །གསུངས་པས་སྤྲུལ་སྐུས་གུ་རུ་དྲག་པོར་གཏུགས། །རཱ་ག་ཨ་སྱས་རྒྱལ་བ་རྒྱ་མཚོ་སོགས། །ཆོས་དབང་འོད་དཔག་མེད་དང་ཕྲིན་ལས་ཀྱིས། །ཨོ་རྒྱན་ཉིད་ལ་ཐོད་པ་གཏུག་པ་དང་། །ཨོ་རྒྱན་ཉིད་ཀྱི་ལྷ་ཚོགས་སོ་སོ་དེ། །སོ་སོའི་སྤྱི་བོར་བཞག་པས་ཐིམ་སོང་གསུངས། །ཉེར་དགུ་གཏེར་མགོན་འབར་མའི་ལུང་ཕུལ་བས། །འདི་ཚོ་ངས་ནི་སྔར་ནས་ཐོབ་པ་ཡིན། །འདི་ཚོའི་བདག་པོ་རང་དེ་ང་རང་ཡིན། །ད་ལྟ་སེམས་ཅན་རྣམས་ཀྱིས་སྣང་ངོ་ལ། །ཞུ་ལོ་བསླབ་ལོ་བྱེད་པ་ཡིན་ནོ་གསུངས། །གཏེར་སྟོན་གུ་རུ་ཁྱུང་དྲག་གཏེར་ལུང་ལས། །ཤུད་བུ་དཔལ་སེང་སྐྱེས་རྒྱུད་གསུངས་པའི་སྐབས། །དེ་ནས་སྐྱེ་བ་འགའ་ཞིག་ཉང་ཆོས་དབང་། །སྐྱེ་མཐའ་མི་འགྱུར་རྡོ་རྗེ་ལུང་བསྟན་པའི། །དཔེ་ཆ་དུས་ཕྱིས་རྙེད་དང་གསུང་དེ་མཐུན། །འཇམ་དབྱངས་དཀར་པོ་ལྗགས་བསྙེན་ཅུང་ཟད་མཛད། །བཅོ་ལྔ་གཟས་འཛིན་ནུབ་པར་མ་ཤ་ཡི། །སྦྱོར་བ་བྱས་ནས་བདག་གིས་མཚན་རིང་བཏོན། །སྤྲུལ་སྐུ་ཅུང་ཟད་བཏོན་ནས་གཟིམས་ཐལ་ཛ། །སྤྲུལ་སྐུའི་དེ་ལ་མྱུ་གུ་སོར་


CMR003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐྱེས། །བདག་གིས་སྔར་ནས་འཇམ་དཀར་སྒྲུབ་པ་ཐེམ། །མ་ཤའི་སྦྱོར་བ་ལན་འགའ་བྱས་ན་ཡང་། །བརྡ་ཙམ་གཅིག་ཀྱང་སྐྱེས་རབས་མེད་པ་ལ། །དེ་ནུབ་མྱུ་གུ་ཅུང་ཟད་སྐྱེ་གདའ་བ། །སྒྲུབ་གྲོགས་བཟང་བའི་བྱིན་རླབས་ཡིན་པར་གོ །བདེ་མཆོག་དམར་པོའི་བསྙེན་པའང་ཅུང་ཟད་མཛད། །བདག་གི་རྨི་ལམ་བདག་གི་ལུས་འདི་ནས། །བདུད་རྩི་དཀར་པོའི་རྒྱུན་ནི་བབ་པ་དེ། །ཐམས་ཅད་སྤྲུལ་སྐུའི་ཞལ་དུ་སོང་བ་ལ། །སྤྲུལ་སྐུ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱུར། །ཁྱེད་རང་མཐོང་ངམ་ཞུས་པས་སྤྲུལ་སྐུ་ཡིས། །ཁྱེད་ཀྱི་སྐུ་ལས་བདུད་རྩི་བབ་པ་དེས། །བདག་ལུས་ལྡེམས་སེ་གང་བྱུང་གསུངས་པ་རྨིས། །བདག་གིས་དབང་ལུང་ཁོང་ལ་ཕན་ཐོགས་ཤིང་། །འགྲོ་དོན་འབྱུང་བའི་བརྡ་གཅིག་ཡིན་པར་གོ །ཕྱིར་ཉིན་ནམ་མཁར་སྒྲོལ་མ་དཀར་མོ་གཟིགས། །དགོང་ཁ་མགར་བ་དམར་ནག་རིགས་གསུམ་དང་། །མནོ་བ་ནག་པོ་སྲིད་པའི་རྒྱལ་མོ་གཟིགས། །ནུབ་གཅིག་བསྐུལ་པ་འགའ་རེ་འདོན་མཛད་པས། །སྤྲིན་ནག་འབྲུག་སྒྲ་གློག་འོད་འཁྱུག་པའི་དཀྱིལ། །མ་ནིང་དང་ནི་ཨུ་པ་ར་ཙ་གཟིགས། །འདི་སྐབས་རྒྱུན་དུ་རླུང་ཡང་ཐུན་རེ་


CMR003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །རླུང་གི་ཁུག་པ་ཇེ་རིང་འགྲོ་བ་བྱུང་། །སེམས་ངོའི་ཉམས་ལེན་རྒྱུན་དུ་བསྐྱངས་མཛད་པས། །དང་པོ་འཕྲོ་རྒོད་ཆེ་བས་གནས་ཆ་ཆུང་། །སྨྲ་བརྗོད་སྐད་ཆེར་བྱེད་ལ་ཐུགས་སྣང་མཛད། །དེ་ནས་རིམ་པར་བདེ་གསལ་མི་རྟོག་སྐྱེས། །ཉམས་ལེན་སྐྱོང་བདེ་ཙམ་ཞིག་ཆགས་པར་གྱུར། །སྒྲུབ་པ་མཛད་པས་བསྐྱེད་རྫོགས་ཀྱི་རྟགས་སོ་སོར་ཐོན་ཞིང་སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ཐོབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཡི། །ཐོག་མར་གཏེར་སློང་ཆོ་འཕྲུལ་རྩུབ་འཁྲུག་རྣམས། །ཇི་ལྟར་བྱུང་དང་དེ་དག་ཟིལ་མནན་པའི། །རྣམ་ཐར་ཀྱང་ནི་ཟུར་ཙམ་བཤད་བྱ་སྟེ། །པདྨ་བཀའ་ཡི་ཐང་ཡིག་ཆེན་པོ་ལས། །གཏེར་གྱི་དབང་སྐལ་གཏད་པའི་མི་དྲུག་སྟེ། །མི་གཅིག་དགྲས་ཉན་སྦས་པའི་གཏེར་ལ་དབང་། །གཅེས་དགུ་ཅོག་ཤི་སྦས་པའི་གཏེར་ལ་དབང་། །ནད་དུ་མཛེ་དོགས་སྦས་པའི་གཏེར་ལ་དབང་། །དབུལ་ཕོངས་སྒྲུབ་ནུས་སྦས་པའི་གཏེར་ལ་དབང་། །བུ་ལོན་ཤ་རེ་སྦས་པའི་གཏེར་ལ་དབང་། །ཁས་གཉེན་དབང་ཆུང་སྦས་པའི་གཏེར་ལ་དབང་། །སྐབས་སུ་སྦས་པའི་གཏེར་རེ་རྡོལ་བ་ཡང་། །གོ་


CMR003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྙོད་སྣེའུ་ཟ་ཚོད་ལྕམ་ལོ་བཞིན། །ས་ཆ་གང་བྱུང་གནས་ལ་མི་སྐྱེ་སྟེ། །མ་གྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམ། །ཨོ་རྒྱན་དྷ་ན་ཀོ་ཤའི་ནུབ་བྱང་སྐྱེས། །གཏེར་སྟོན་རྒྱལ་རིགས་འཁྲུངས་ན་དཀར་པོ་སྐྱེ། །ལྷུམ་ཞུགས་ཚེ་ན་མེ་ཏོག་ཁ་ནི་འབུས། །སྐུ་བལྟམས་ཚེ་ན་མེ་ཏོག་ཁ་ནི་བྱེ། །ཕ་མ་གང་རུང་གཅིག་ནི་འཆི་བར་འགྱུར། །གཏེར་བཏོན་ཚེ་ན་མེ་ཏོག་ཁ་ནི་རྒྱས། །མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཐིབ། །ཁ་རྒྱས་གཡུལ་འཁྲུག་དབུས་སུ་འདུག་པ་བཞིན། །ལྷ་འདྲེའི་ཡིད་ཀྱི་གཟུགས་ཅན་བར་དུ་གཅོད། །འདོད་ཆགས་ལས་གྱུར་བུད་མེད་བདུད་མོ་དང་། །ཞེ་སྡང་ལས་གྱུར་བཙུན་གཟུགས་སྡོམ་ཉམས་དང་། །གཏི་མུག་ལས་གྱུར་སྔགས་པ་དམ་ཉམས་དང་། །གཞན་ཡང་དེ་འདྲའི་རིགས་བྱེད་ཤེས་པ་བསྒྱུར། །ལྷ་འདྲེ་མི་གསུམ་བར་ཆད་འབྱུང་བར་འགྱུར། །ཆེས་ཏེ་གཏེར་འཆོར་རང་གི་སྲོག་ལ་ཡོང་། །ཆུང་སྟེ་མི་ནོར་ཟས་གསུམ་བྱར་མི་བཏུབ། །ནག་པོ་བདུད་སྟོབས་འདྲེན་པའི་དུས་ཡིན་པས། །གཏད་པའི་གཏེར་བདག་ཐམས་ཅད་འཁྲེན་ཅིང་འཚུབ། །ལས་ཀྱི་བསྐུལ་བས་ཟོན་བྱེད་བཞག་ཏུ་མེད། །ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་


CMR003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ལྷ་འདྲེ་མི་གསུམ་འཇམ་དང་རྩུབ་གཉིས་ནི། །རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་འཚོགས། །ལེགས་པ་ལྟར་བྱས་ཉེས་པ་ཐམས་ཅད་གཏོང་། །མི་མཐུན་པ་ཡི་རྟེན་འབྲེལ་མང་འཛོམས་པས། །ཞེས་གསུངས་ལུང་དང་ཤིན་ཏུ་མཐུན་པར་བྱུང་། །གོང་ནས་རྗེ་ཡི་བཀའ་བཀྱོན་ཡང་ཡང་ཕོག །ཕྱི་ནས་དོན་མེད་མིས་ཀྱང་དགྲ་ཚོལ་བྱེད། །ནང་ནས་ནང་མི་རྣམས་ཀྱི་བསྡིག་ཅིང་མནར། །བུ་ལོན་རྙིང་ཆགས་བདག་པོ་བརྡ་མི་མང་། །མི་འོས་སྐྱ་སེར་བུད་མེད་འགའ་ཞིག་གིས། །གནོད་སེམས་འཆང་ཞིང་སྨྲ་མཆུ་ཅིར་ཡང་བྱས། །ན་ཚ་མང་བས་ཟས་ནོར་འཇའ་ལྟར་ཡལ། །ཡབ་ནི་མགོན་པོ་ཚེ་བརྟན་ཞེས་བྱ་བ། །ཆོས་སྣང་ཆེ་བས་ཡིག་དྲུག་དུང་ཕྱུར་གཅིག །ཐོན་ལ་ཁད་ཙམ་སོ་བདུན་སྟེང་དུ་འདས། །སྤྲུལ་སྐུ་ཉིད་ཀྱང་རེས་འགའ་ཞག་གཉིས་གསུམ། །ཞབས་གཉིས་ཞ་ནས་བཞེངས་འདུག་ཅུང་ཟད་མེད། །འཕྲལ་དུ་བཅོས་ཀ་སྨན་སོགས་མ་བྱས་པར། །གློ་བུར་བདེ་ནས་རྒྱུག་མཆོངས་མཛད་ཅིང་འབྱོན། །དེ་འདྲ་ཡང་ནས་ཡང་དུ་ལན་མང་བྱུང་། །རེས་འགའ་སྨུག་པོ་དུག་རུ་འདྲ་བ་དང་། །རེས་འགའ་མ་ཞུ་དུག་ཐབས་འདྲ་བ་ནི། །ཡང་ཡང་བསྙུང་ཞིང་གསོལ་བ་


CMR003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་དཀའ་ཞིང་། །སྐུ་ལུས་བར་མེད་རྡོ་འདྲ་གཅིག་བྱུང་བས། །ཁྲད་པས་ཁྲག་དང་ཆུ་སེར་ཐོར་པ་འབྱུང་། །མཛེ་ནད་འདྲ་ལ་ཁད་ཅིག་ཡུན་རིང་སྟེ། །གནམ་ཆོས་མ་རྫོགས་བར་དུ་མ་ཡིན་ནོ། །རེས་འགའ་ཐུགས་ལ་མི་ཟིན་སྲོག་རླུང་འདྲ། །རྒྱུག་མཆོང་མཆོད་ཆ་རྣམས་ཀྱང་རྒྱང་ན་འདོར། །རེས་འགའ་གྲིབ་གཞི་འདྲ་བ་བརྒྱལ་ཞིང་རེངས། །ཡུན་རིང་མི་སོས་སོས་ནས་དེ་རྣམས་བརྗེད། །དེ་འདྲ་ཀྱང་ནི་ཡུན་རིང་བྱུང་བ་སྟེ། །དེ་དག་གཏེར་གྱི་སློངས་སུ་ངོས་བཟུང་ནས། །གཟའ་བཅོས་སྲོག་རླུང་བཅོས་སོགས་མ་བྱས་པར། །ཨོ་རྒྱན་རྗེ་ལ་རྩེ་གཅིག་གསོལ་བཏབ་ཅིང་། །ཐུགས་སྒྲུབ་བྱིན་འབེབས་དབང་བསྐུར་ཁོ་ན་བྱས། །དེ་ལྟར་གཞན་གྱིས་བལྟས་ན་སྨྱོ་བ་འདྲ། །ཁོང་རང་གཟིགས་སྣང་བདུད་དང་ལྷ་འདྲེའི་ཚོགས། །མང་པོ་བྱུང་བ་དམ་ལ་བཏགས་པ་དང་། །སྲོག་སྙིང་ཕུལ་སོགས་ངོ་མཚར་དུ་མ་སྟེ། །ནུབ་གཅིག་སྤྲུལ་སྐུའི་ཞལ་མདོག་དམར་པོ་གྱུར། །སྟངས་སྟབས་སྡང་མིག་ཕྱོགས་རྣམས་ཀུན་ཏུ་མཛད། །ཞུས་ཀྱང་མི་གསན་ཐུགས་ལ་མ་ཟིན་ཚེ། །གཡག་ནག་དྲུག་བརྩེགས་སྟེང་དུ་མི་སྔོན་པོ། །རྣ་བ་ཆེན་པོ་ཡོད་པ་གཅིག་བྱུང་བས། །


CMR003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དར་ནག་གིས་ནི་བྲབ་པ་དང་། །སྐྱེས་པ་བུད་མེད་མི་སྡུག་པ་འགའ་ཡི། །གལ་ཏ་ནག་པོ་སྙིང་དང་མགོས་གང་བ། །ཕྲག་ལ་བཀལ་ནས་བྱུང་པ་དེ་རྣམས་དང་། །དེ་ཚོ་བསྒྲལ་ནས་ཟོས་པས་ཁོ་བོ་བརྒྱག །དེ་ནས་རྒྱལ་བ་རྒྱ་མཚོ་ཞལ་མཇལ་ནས། །དེ་ལ་ཕྱག་དབང་ཞུ་གྲབས་ཡོད་ཙམ་ན། །གཡག་གཉིས་བརྩེགས་མ་མི་སྔོན་གྱིས་ཞོན་ནས། །ང་ལ་ཕྱིར་འཐེན་ཕྱག་དབང་མ་ཐོབ་གསུངས། །སྔོན་ཚེ་བདག་གིས་སྤྲུལ་སྐུ་ངོས་འཛིན་དུས། །རྨི་ལམ་ཁྱི་དཀར་ཨོཾ་ཚུགས་བསྡམ་རྨིས་པའི། །ལྟས་དང་མཐུན་པར་ཐུགས་སློང་ཞད་འདུག་པ། །འདི་སྐབས་ཐུགས་སློང་རབ་ཏུ་ཐུ་བ་བྱུང་། །བདག་གིས་རྒྱལ་མགྱོག་བཀའ་བསྒོ་དམ་བསྒྲག་དང་། །གུ་རུ་དྲག་པོའི་བསྟོད་བསྐུལ་བྱས་པའི་ཚེ། །ཐུགས་རྗེ་ཆེན་པོ་བྲིས་སྐུ་དེ་ཉིད་ཀྱིས། །བདུད་བཟློག་མཛད་ཚུལ་ཕྱག་གི་ཐལ་མོ་ནི། །ཚག་སྒྲ་དང་བཅས་ལན་བཞི་བརྡབས་པ་གཟིགས། །དེ་ནུབ་རྣལ་ལམ་སྤྲུལ་པའི་སྐུ་ཉིད་ནི། །གུ་རུ་དྲག་པོའི་བསྐྱེད་རིམ་མཛད་པ་ཡིས། །བདུད་བཞི་མི་ནི་དཀར་སེར་དམར་ནག་བཞི། །གཡས་གཡོན་ཕྱག་གི་གཉིས་རེའི་སྐེ་ནས་བཟུང་། །ལན་གསུམ་ས་ལ་བརྡབས་པས་ཤི་སོང་བ། །སླར་ཡང་


CMR003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སོས་བྱུང་ཨོ་རྒྱན་བཞུགས་གདའ་བར། །དེ་བཞིའི་མི་གནོད་ཁས་ལེན་བྱས་ཐལ་གསུངས། །ཉིད་ཀྱིས་ཐུགས་སློང་ཕན་ཐབས་མཛོད་ཞུས་པས། །རྒྱལ་འགོང་གཟུགས་བཟོས་མདུན་དུ་བཞག་མཛད་ནས། །ཁྱེད་རང་ཤོད་དུ་སོང་དང་ཁོ་བོ་ཡི། །འདོན་པ་བྱེད་དགོས་གསུངས་པས་བདག་གིས་ནི། །རྒྱལ་མགྱོག་ལ་སོགས་ཐུགས་ལ་འདོན་རྒྱུ་མེད། །ཇོ་བརྫུ་ཅུང་ཟད་ཤེས་པ་འདྲ་བསམས་པས། །དེ་མ་ཐག་ཏུ་ང་ཡི་ངོ་ལ་གཟིགས། །ཨ་བླ་མ་ཧེ་ཧེ་ལན་གསུམ་གསུངས། །ཡ་ཐ་ཨོ་རྒྱན་སྐུ་ལུས་མི་མཐོང་དེ། །དབུ་དེ་བསྟན་ནས་འདི་ན་གཟིགས་ནི་ཡོད། །ཕ་ཐ་ཟངས་མདོག་དཔལ་རིའི་ཞལ་ཐང་གི །ཨོ་རྒྱན་སྐུ་འདིས་གསུང་ཡང་བསྒྲགས་བྱུང་གསུངས། །ཁྱེད་ཀྱིས་ཡང་ནི་དམིགས་པ་གཏོད་གཅིག་གསུངས། །དེ་ནས་སྤྲུལ་སྐུའི་ཞལ་མདོག་རབ་ཏུ་འགྱུར། །ཞལ་བསྒྲད་ཚེམས་གཙིགས་སྤྱན་བཟློག་ཐུགས་མ་ཟིན། །རྡོ་རྗེ་གྲི་ཁུག་གཏོར་མ་ལ་སོགས་པ། །རྒྱལ་འགོང་གཟུགས་ལ་བརྒྱངས་ནས་བཀྲུམ་མཛད་དེ། །ཡུད་ཙམ་དབུ་བཏུམ་དེ་ནས་འདི་གསུངས་སོ། །བན་དེ་བསེ་ཐེབ་དམར་པོ་ནག་པོ་ཅན། །ཞྭ་སེར་ཅན་དང་ཞྭ་དམར་ཙུག་ཙུག་ཅན། །


CMR003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་གདའ་བ་གནོད་པ་བྱེད་འདུག་པས། །ང་རང་ཕྱག་རྡོར་དངོས་ཀྱི་སྐུར་གྱུར་ནས། །རྡོ་རྗེ་འཕངས་པས་དེ་རྣམས་བསྒྲལ་ཡོད་གསུངས། །སྤྲུལ་སྐུའི་ཐུགས་སློང་ཐུ་མོ་འདི་ལ་ནི། །གཅོད་དམིགས་བྱས་ན་ཨེ་དགོངས་ཅི་ཁམས་བསམ། །ཅི་ཡང་མ་ཞུས་གཅོད་དམིགས་འགའ་བྱས་པས། །ད་ལྟ་མེ་འབར་རི་བོ་མཆོག་རབ་ཚིག །སྤྲིན་དང་ཉི་ཟླ་སྐར་གསུམ་ཐང་ལ་བྲུལ། །གནམ་ས་ཁ་ཞབས་ལོག་ནི་ཐལ་ལོ་གསུངས། །ང་རང་དམིགས་པ་རྣོ་བར་ཡོད་འདུག་སྙམ། །ནུབ་གཅིག་རྣལ་ལམ་སངས་རྒྱས་འོད་དཔག་མེད། །གསལ་པོར་མཇལ་བའི་ཞལ་ནས་འདི་སྐད་དུ། །སྔོན་ཚེ་རུ་ཏྲ་ཐར་བ་ནག་པོ་དེ། །དབུ་གཙུག་རྟ་ཞལ་ལྗང་གུ་ཅན་གྱིས་བཏུལ། །དེ་རྗེས་རྡོ་རྗེ་ཕག་མོས་བཏུལ་ན་ཡང་། །ད་རུང་དེ་ཡི་སྤྲུལ་པ་གཅིག་གིས་ནི། །གནོད་པ་ཆེན་པོ་ཡོད་པས་ཐུལ་ཅིག་གསུངས། །ཕྱིར་ནུབ་རྨི་ལམ་ཨོ་རྒྱན་དངོས་བྱོན་ནས། །བདུད་དེ་ཐུལ་ཅིག་མ་བཏུལ་མི་རུང་གསུངས། །འདུལ་ལུགས་ཅི་དགོས་གསུངས་ཀྱང་ངས་མི་ཤེས། །ཁྱེད་རང་ཐུགས་ལ་གང་ཤར་མཛོད་ཞུས་པས། །སྤྲུལ་སྐུས་མནན་པའི་རྟེན་འབྲེལ་བརྡ་ཙམ་མཛད། །བདག་གིས་གུ་རུ་དྲག་པོའི་སྦྱིན་


CMR003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱས། །འདི་སྐབས་སྤྲུལ་སྐུས་གྲི་གུག་གཡུག་མཛད་ཅིང་། །བདུད་བཞི་ཚར་གཅོད་ནུས་པའི་མི་དེ་ནི། །ང་ཡིན་སྨྲས་པ་རྨིས་གསུངས་རྟེན་འབྲེལ་ལེགས། །འདི་སྐབས་སྤྲུལ་སྐུ་ཤིན་ཏུ་མ་བདེ་བས། །རྒྱུན་དུ་བདག་གིས་དམིགས་རིམ་བྱེད་སྐབས་སུ། །ད་ལྟ་བདག་གི་ལྟོ་བའི་ཐད་འདི་ནས། །ཁྱི་དང་བྱི་ལ་ཁྲག་རྣག་མང་པོ་འགའ། །བུད་ནི་ཐལ་བ་དངོས་སུ་གཟིགས་སོ་གསུངས། །མདུན་མེ་འབར་དཀའ་བདག་གིས་ཕུ་བྱས་པས། །མེ་ནང་གླང་ཆེན་མགོ་བོ་མིག་བསྒྲད་ཅིང་། །སོ་གཙིགས་པ་གཅིག་འདུག་པ་མེད་སོང་གསུངས། །སྔར་ནུབ་སྦྱིན་བསྲེགས་བྱས་པའི་རྟགས་སུ་གོ །དེ་ནུབ་བན་དེ་ཞྭ་སེར་ཅན་གཅིག་གིས། །སྐུ་ལ་འཇུས་བྱུང་ཕཊ་སྒྲ་བརྗོད་པ་ཡིས། །ཁོ་ཉིད་ཤི་སྟེ་སོང་བ་རྨིས་སོ་གསུངས། །གསར་བྱུང་མོ་གཞི་བྲིས་ནས་བགེགས་བསྐྲད་ཚེ། །མི་ནག་ཆུང་ཆུང་ཁྲམ་ཤིང་ཐོགས་པ་ཞིག །མོ་གཞི་རེད་ཅིང་འདུག་པ་བྲོས་པ་གཟིགས། །དེ་མ་ཐག་ཏུ་ཡུད་ཙམ་གཟིམས་པ་ཡིས། །དང་པོ་ཨོ་རྒྱན་མཇལ་ཞིང་མི་སྣང་གྱུར། །དེ་མ་ཐག་ཏུ་ཁྲི་ནི་མཐོན་པོ་ལ། །སྤྲུལ་སྐུ་ཉིད་བཞུགས་དེ་ཡི་ཁྲི་ཙ་ན། །ལྷ་སྲིན་སྡེ་བརྒྱད་ཆ་ལུགས་གཞུང་ལྟར་


CMR003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཐམས་ཅད་རྟ་ལས་བབ་ནས་བསྡད་གདའ་བ། །ཁུ་ཚུར་ཐལ་ལྕག་དབྱུག་པ་ལ་སོགས་ཀྱིས། །ཐམས་ཅད་བརྡུངས་བས་ངུ་སྒྲ་དིར་དིར་བྱེད། །དེ་ནས་ལས་དང་རྒྱུ་འབྲས་མང་པོ་དང་། །འཇམ་དབྱངས་སྒྲུབ་ཐབས་ཆོས་ཤིག་བཤད་པ་ཡིས། །ཕྱིན་ཆད་གནོད་པ་མི་བྱེད་ཁས་ལེན་བྱས། །ནུབ་གཅིག་གཟིམས་ཁ་ཐུགས་སློང་ཐུ་བར་བྱུང་། །ཕྱིར་ཉིན་ཉིན་ཕྱེད་སྤྱན་བསྒྲད་ཞལ་གདངས་ནས། །མདུན་ན་གང་འདུག་ཐམས་ཅད་འཕེན་པར་མཛད། །དེ་དུས་གཉའ་དེར་ཨོ་རྒྱན་བཞུགས་པར་གཟིགས། །མདུན་དེར་བན་དེ་སེང་ཞོན་བསེ་ཐེབ་ཅན། །གཅིག་བྱུང་དེ་ལ་བདག་གིས་རྡོ་ཟོར་སོགས། །བརྒྱབས་པས་དེ་ཉིད་ཉམས་ཤིང་མེད་སོང་གསུངས། །དེ་སྐོར་རི་ཁྲོད་འདི་ནས་མཐོང་བ་ཡི། །རི་ནི་ཆེ་ཕྲ་ཀུན་གྱི་གཞི་བདག་རྣམས། །རྒྱན་དང་ཆ་ལུགས་ཕྱག་མཚན་ཞོན་པ་བཅས། །མངོན་སུམ་འོང་ནས་སྤྲུལ་པའི་སྐུ་ཉིད་ལ། །ལེགས་པར་མཇལ་ནས་འཇའ་ལྟར་ཡལ་བར་གྱུར། །ངོམ་ཆུ་སྲིབ་ངོས་གཞི་བདག་ཐམས་ཅད་ནི། །ནང་འཁྲུག་ཉམ་ཆུང་ཕལ་ཆེར་བསད་པ་དང་། །འབྲིང་རྣམས་ཡུལ་བུད་ཆེ་ཆེ་བསྡད་འདུག་པ། །ཞག་པོ་བཞི་ལྔ་ལན་མང་གཟིགས་པ་ནི། །


CMR003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་བ་རུ་རློམ་པ་གཅིག་གིས་ནི། །ཁྲག་ཐབས་མང་པོ་བཟློག་པའི་དོན་ཡིན་གསུངས། །དེ་ནས་ཤི་སྨྲས་བྱུང་བ་གསོ་བ་དང་། །ཡུལ་བུད་པ་རྣམས་ཚུལ་ལ་འགུག་པ་དང་། །ཕྱིན་ཆད་ལྷ་འདྲེ་མི་འཁྲུག་རྟེན་འབྲེལ་དུ། །རྫས་སྣ་མང་པོ་བསྡུས་པའི་བསང་དུད་བཏང་། །དཀར་གཏོར་ཕུལ་ནས་བཀའ་བསྒོ་མཛད་པ་ཡིས། །དཀར་ཕྱོགས་རྣམས་ནི་བདེ་ཞིང་དགའ་བར་གྱུར། །དམ་བསྒྲགས་བྱས་པས་ནག་ཕྱོགས་མ་དགའ་ནས། །ངེད་རང་དཔོན་སློབ་རྣམས་ལའང་བར་ཆད་ཚད། །བདུད་ཀྱི་ཞགས་པ་ནད་ཀྱི་རྐྱལ་པ་འཕོང་། །ཏིང་འཛིན་གསལ་བས་བར་ཆད་མ་ཚུགས་ཏེ། །ཐག་རིང་འགའ་རེས་ཆ་ཕྲེང་མཚར་པོ་བསྐུར། །འགའ་རེས་རང་རང་སྲོག་སྔགས་དངོས་སུ་ཕུལ། །འགའ་རེས་སྙན་ངག་འདྲ་བའི་ལུང་བསྟན་སྨྲས། །ལ་ལས་སོ་སོའི་སྐྱེ་རྒྱུད་སྐྱིད་སྡུག་བཤད། །དེ་དག་གཞན་ལ་སྟོན་ནི་མི་རུང་གསུངས། །བརྗེད་ཐོ་གསང་བའི་རྣམ་ཐར་གུད་དུ་བྲིས། །ནུབ་གཅིག་སྤྲུལ་སྐུ་ཐུགས་སློང་ཆེར་འཕར་ནས། །ཞལ་མདོག་འགྱུར་ཞིང་བཀའ་བཀྱོན་དྲག་ཏུ་གནང་། །དེ་ཚེ་གཉའ་དེར་ཨོ་རྒྱན་ཤཱཀྱ་ཐུབ། །འོད་དཔག་མེད་དང་གསུམ་པོ་བཞུགས་འདུག་


CMR003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཛ། །མི་ནི་དཀར་ནག་གཉིས་ནི་འཐབ་བྱེད་ཅིང་། །རྟེན་གཏོར་སྒམ་ནི་པང་པས་འདེབས་པ་ལ། །མི་ནག་དེ་ཡི་མགོ་ལ་ཨོ་རྒྱན་གྱིས། །མཆོད་རྟེན་གཅིག་རྩིག་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་གཟུགས་ཀྱིས་མནན་པའི་ཚུལ་མཛད་གཟིགས། །དགོང་ཁ་འགྲིམ་པ་གྲིབ་ཅན་གཅིག་བྱུང་བས། །སྤྲུལ་སྐུ་རེངས་ཤིང་དབུ་ཡང་ལྟག་པར་འཐེན། །བརྒྱལ་ནས་འགྲོ་གྲབས་མཛད་ཅིང་འདུག་པ་ལ། །གྲིབ་གཞི་ཡིན་སྙམ་བདག་གིས་སྔགས་བྱས་པས། །རཱ་ཧུ་ལ་ཡི་མི་གནོད་ཁས་ལེན་ཡོད། །གྲིབ་གཞི་མིན་པ་ཐག་ཆོད་ད་ལྟ་འདིར། །ལྷོ་ཡི་སྤུ་འདྲེ་དོམ་ར་ཅན་དེ་བྱུང་། །ཁྱིམ་རྣམས་ཉུག་ཅིང་ང་ཡི་རྒྱབ་འདི་ན། །ལངས་ནི་བསྡད་པས་འདི་ལྟར་བྱུང་ངོ་གསུངས། །བདག་གིས་དམིགས་པ་བྱས་པས་བྲོས་ཐལ་གསུངས། །ཡང་བྱུང་གསུངས་པས་དམིགས་པ་བྱས་པས་བྲོས། །ད་ནི་བྱུང་དུས་རྡོ་རྗེ་གྲི་ཁུག་སོགས། །ཕྱག་མཚན་རྒྱོབས་ལ་དམིགས་པ་མཛད་ཞུས་པས། །བྱུང་གསུངས་རྡོ་རྗེ་གྲི་ཁུག་ལ་སོགས་བརྒྱབས། །མགོ་དེ་གས་ནས་ཀླད་པ་ལུག་ལ་ཁད། །རེད་ཅིང་མདའ་ངོས་བྲོས་ནི་སོང་ངོ་གསུངས། །ནུབ་གཅིག་རྣལ་ལམ་ཤན་པ་དམར་ནག་གིས། །སྤྲུལ་སྐུ་ཉིད་ཀྱི་ཐུགས་ལ་མི་


CMR003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ། །སྲོག་རླུང་ལ་སོགས་ངན་པའི་ནད་མིན་པས། །གཞན་གྱིས་མི་ཕན་ཡུད་ཙམ་གཟིམས་ན་ཕན། །གཟིམས་མ་རྙེད་ཀྱང་གཟིམས་བར་བསྒོམས་ན་ཕན། །དེ་ཡང་དྭངས་ན་སྔ་ན་རྟེན་འབྲེལ་ངན། །ཞེས་པའི་ལུང་བསྟན་བྱུང་བའི་ཕྱིར་ཉན་ལ། །ཡུན་རིང་ཐུགས་ལ་མ་ཟིན་པ་ཡི་ཚེ། །ཤན་པ་བྱུང་ནས་མདང་གི་ཚིག་དེ་ཟེར། །དེ་མ་ཐག་ཏུ་བྱ་ནི་ནག་པོ་གཉིས། །སྤྲུལ་སྐུའི་ཞབས་གཉིས་འཇུས་ནི་བྱུང་མ་ཐག །བྱ་ནག་གཉིས་དེ་བདུད་བཞིའི་གཟུགས་སུ་གྱུར། །ནམ་མཁའི་དབྱིངས་ནས་བྱ་རོག་གཅིག་གིས་ནི། །གསེར་གྱི་རྡོ་རྗེ་འཕངས་ནས་བདུད་བཞི་བསྒྲལ། །སྤྲུལ་སྐུ་ཉིད་ནི་སེང་གེའི་གཟུགས་གྱུར་ནས། །དགྲ་བགེགས་ཡིན་སྙམ་མི་བཞི་བསྒྲལ་བར་བྱས། །ད་རུང་མང་དུ་བསྒྲལ་བར་བྱ་སྙམ་པས། །ཨོ་རྒྱན་བྱོན་ནས་དེ་ཙམ་གྱིས་གསུངས་པས། །རང་ཉིད་མི་ཡི་ལུས་སུ་གྱུར་འདུག་གསུངས། །ནུབ་གཅིག་ལུས་གཅིག་དབུ་ནི་བརྒྱ་སྟོང་ལ། །ཕྱག་གཡས་བརྒྱ་ན་རྡོ་རྗེ་གཡོན་བརྒྱ་ན། །ཕུར་པ་བསྣམས་ཤིང་ཞབས་གཅིག་སྦྲུལ་དཀྲིས་པ། །གཟིགས་པར་རྡོ་རྗེ་གྲོ་ལོད་མང་དུ་བསྟིམས། །མགོ་རྣམས་སྤྱན་གྱུར་གྲོ་ལོད་ཧཱུྃ་སྒྲུབ་གྱུར། །དེ་ཉིད་སྐད་


CMR003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་རེ་ལ་གནས་འགྱུར་ཏེ། །གུ་རུ་ཞི་དྲག་ཀུན་བཟང་ཚེ་དཔག་མེད། །ཆེ་མཆོག་མགར་བ་དམར་ནག་མ་ནིང་དང་། །སྲོག་བདུད་ཏྲག་ཤད་ལ་སོགས་ཅི་ཡང་བསྒྱུར། །བར་ཆད་སོལ་ཞེས་བཀའ་བསྒོ་བྱས་པ་ཡིས། །ལུས་ལ་མེ་ཆེན་འབར་ཞིང་ཚུར་བྱོན་ནས། །གྲུ་ཁྲི་འོག་ནས་སྐྱེའུ་ནག་པོ་དང་། །སྤྲུལ་སྐུའི་ལུས་ནས་ནག་པོ་ཧྲིལ་ཧྲིལ་ཞིག །བཀོག་ནས་ཁྱེར་ཏེ་མི་སྣང་གཤེགས་པ་གཟིགས། །ཡུད་ཙམ་སོང་ནས་ཀླུ་གཅིག་མདུན་དུ་བྱུང་། །དེ་ལ་འཇམ་དབྱངས་ན་རག་བསྟིམས་བྱས་པས། །དེ་ཉིད་ནཱ་ག་རཀྟ་ཁྱུང་དམར་དང་། །ཁྲི་སྲོང་ལྡེའུ་བཙན་པདྨ་འབྱུང་གནས་དང་། །བློ་ལྡན་ཉི་མ་འོད་ཟེར་སེང་སྒྲོག་དང་། །སཾ་བྷ་པདྨ་རྒྱལ་པོ་ཤཱཀ་སེང་དང་། །རྡོ་རྗེ་གྲོ་ལོད་རྣམས་སུ་རིམ་པར་གྱུར། །དེ་དག་སོ་སོར་འདོད་གསོལ་སྨོན་ལམ་བྱས། །དེ་ལྟར་ཡུད་ཙམ་ཞལ་གཟིགས་ཉེར་གསུམ་མོ། །གྲྭ་སློབ་ནས་འདྲེན་སོང་ཚེ་གངས་ཐན་བབ། །དེ་ཚེ་མདུན་མེའི་མེ་མགལ་ཕྱག་ན་ཕྱིར། །བརྒྱབ་སྟངས་མང་དུ་མཛད་ནས་འདི་སྐད་གསུངས། །གསར་དུ་ཕྱིན་པའི་རྒྱ་འདྲེ་མི་རྐུན་ཞེས། །སྔོན་པོ་སྤྲིན་དང་ཆུ་ནི་ལག་ཏུ་ཐོགས། །གངས་ཐན་འབེབས་ལ་མེ་མགལ་བརྒྱབས་པ་ཡིན། །ད་


CMR003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱོན་ཆེར་མི་འོང་མགོ་ཐོན་ཏེ། །ཁོང་ཚོ་འོང་བའི་ཐད་ཀྱི་ནམ་མཁའ་ལ། །སངས་རྒྱས་སྣང་བ་མཐའ་ཡས་བཞུགས་འདུག་པ། །དེ་ཉིད་ཐུགས་རྗེ་ཆེན་པོ་ཨོ་རྒྱན་དང་། །གུ་རུ་མཚན་བརྒྱད་རྣམས་སུ་རིམ་པར་གྱུར། །དེ་ནས་རྗེ་འབངས་ཉེར་ལྔའི་སྐུར་གྱུར་པའི། །ཐམས་ཅད་ཕྱག་ན་མེ་དཔུང་འཛིན་པ་དང་། །ཐོ་རངས་ཙམ་ལ་རྗེ་འབངས་མེ་དཔུང་བསྣམས། །གནས་བརྟན་བཅུ་དྲུག་ཁ་དབྱག་འཛིན་པ་རྣམས། །ཕར་ལ་དེ་ངོས་བྱོན་པ་ཞལ་གཟིགས་པས། །མིག་ཀྱང་མ་ཕྱིད་མགོ་ཐོན་བདེ་བར་ཐར། །མི་ཀུན་གྲུབ་རྟགས་རེད་དོ་ཟེར་བ་བྱུང་། །ནུབ་གཅིག་ང་ཡི་ཡིད་ལ་མི་ཟིན་པ། །བྱུང་ཡང་བདུག་པ་ལ་སོགས་མ་བྱེད་གསུངས། །དེ་མ་ཐག་ཏུ་རེ་ཞིག་བརྒྱལ་བ་འདྲ། །དེ་ནས་རྡོ་རྗེ་ལ་སོགས་གང་ཟིན་པ། །འཕེན་ཅིང་ཞལ་བསྒྲད་སྤྱན་བཟློག་སྟངས་སྟབས་མཛད། །དེ་ཚེ་ཨོ་རྒྱན་ཆེན་པོ་ནམ་མཁར་བྱོན། །དམ་ལ་བཏགས་རྒྱུ་གཅིག་ཡོད་ཁྱོད་སོང་གསུངས། །བྱོན་པས་མི་ནག་འཇིགས་སུ་རུང་བ་གཅིག །འཐབ་ཏུ་བྱུང་བས་རྡོ་རྗེ་བརྒྱབས་པ་ཡིས། །ཁོ་ཉིད་ཀླད་པ་བཅོམ་སྟེ་བསྒྲལ་ནས་ཀྱང་། །ཡར་འོང་ཨོ་རྒྱན་ཆེན་པོས་དབང་གནང་བའི། །སྟ་


CMR003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གོན་གཅིག་ནི་མཛད་ཅིང་འདུག་གོ་གསུངས། །སྐབས་ཤིག་ཐན་ཆེན་རབ་འབར་ཚར་པ་མེད། །ཆར་འབོད་རྣམས་ཀྱང་མ་ཁུག་ངལ་ཞིང་དུབ། །བདག་གིས་ཆུ་འཁོར་བསྐོར་སོགས་བྱས་ན་ཡང་། །འབབས་ལ་ཁད་ལ་རླུང་གིས་རྒྱུན་དུ་གཏོར། །དེ་ཚེ་ཤར་དང་ལྷོ་ཡི་དོམ་རི་ཅིན། །རླུང་ལྷ་བསྡོངས་ནས་ཚར་པ་བཀག་པ་གཟིགས། །བཀུག་གཞུག་མཛད་པས་མདུན་དུ་བྱུང་བ་དང་། །ཐུགས་ལ་མ་ཟིན་ཕྱག་མཚན་ཀུན་གྱིས་བརྒྱབས། །ཐུབ་དཀའ་དམིགས་རིམ་དྲག་པོ་གྱིས་ཤིག་གསུངས། །དེ་ལ་འཐབ་ཚུལ་ཡུན་རིང་ཞིག་མཛད་དེ། །དེ་ནས་ཐུལ་ཏེ་ཁས་ལེན་དམ་བཅའ་དང་། །ཁོ་རང་གསུམ་གྱིས་སྲོག་གི་སྙིང་པོ་ཕུལ། །དེ་ནས་ཆར་ཡང་ཆེན་པོ་ཡུན་རིང་བབ། །དམ་སྲི་དེ་གཉིས་ཅུང་ཟད་འཇོམས་པར་སེམས། །ཡབ་ཀྱི་ཆོ་ག་བྱང་ཞུས་མཛད་པ་ཡིས། །གར་སྐྱེས་ལ་སོགས་གང་ཡང་ཐུགས་ནད་མེད། །བདག་ནི་ཅུང་ཟད་ན་ཡང་སྤྱན་ཆབ་བསིལ། །ཡབ་ལས་སློབ་དཔོན་ཐུགས་ལ་དམར་བ་དེ། །སྐྱེས་བུ་དམ་པའི་རྟགས་སུ་ངེས་པའོ། །གནམ་ཆོས་བར་ཆད་སེལ་བའི་གདམས་པ་ཡང་། །ལྷ་གཟུགས་མང་པོའི་ཙཀ་ལི་ཚོན་རྫོགས་བྲིས། །སྒྲུབ་ཁང་ཕྱོགས་མཚམས་


CMR003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་སྦྱར་བྱས་ནས། །ཞག་འགའ་སྒྲུབ་པ་བྱས་ནས་སྦ་དགོས་དང་། །དགོངས་འདུས་བཞེངས་ཐབས་མ་ནིང་དམར་པོའི་སྐུ། །སྔགས་བཅས་ཚོན་རྫོགས་སྦྱར་ནས་བསྒྲུབ་དོགས་དང་། །གཏེར་ཚབ་དངོས་ནི་དགོས་དོན་མེད་ན་ཡང་། །གཏེར་ཚབ་དོད་པོ་གུ་རུ་མཚན་བརྒྱད་སྐུ། །སྔོན་ཆད་མཐོང་ཐོས་མེད་པའི་མཚར་པོ་ཡི། །སྐུ་འདྲ་ཚོན་རྫོགས་སྔགས་བཅས་བྲིས་ནས་ཀྱང་། །དེ་ལ་བདུན་ཕྲག་གཉིས་ཙམ་སྒྲུབ་པ་བྱས། །རྫ་ལ་གཏེར་སྣོད་མཚར་པོ་འགའ་བཟོ་ནས། །དེར་བཅུག་རྫས་སྣ་མང་པོ་དང་བཅས་པ། །གཏེར་དུ་སྦ་ཞིང་དེ་ཡི་སྒྲུབ་ཡིག་དེ། །མེད་དུ་མི་རུང་ཡོད་དུ་མི་རུང་བས། །དུམ་བུར་བྱེད་ནས་ཀུན་ཏུ་བཞག་དགོས་དང་། །ཤིང་རིས་ལྷ་གཟུགས་སྔགས་བྲིས་ཕྱོགས་མཚམས་སུ། །བཀྲམ་ཞིང་དེ་ཡི་སྒྲུབ་པ་བྱ་དགོས་དང་། །རྫས་བཏབ་ཚུ་ལ་སྔགས་བཟླས་དུས་སུ་གཏོར། །འཁོར་ལོ་འགའ་བྲི་དབྱུག་པ་ལ་བཏགས་ནས། །དུས་ཚོད་འགའ་ལ་ཕྱོགས་བཅུར་གཡུགས་པ་དང་། །རྒྱ་ཡིག་སྔགས་འགའ་སྒྲུབ་ཁང་སྟེང་འོག་གི །ཀུན་ཏུ་བྲི་ཞིང་བསྒྲུབ་པ་བྱ་དགོས་དང་། །སྨྱུག་རྒོད་ཤོག་དྲིལ་བུམ་པ་ལྷུང་བཟེད་དང་། །གྲི་གུག་ཤིང་


CMR003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལ་སོགས་སྣ་ཚོགས་ལ། །བརྟེན་ནས་ཞག་འགའ་བསྒྲུབ་པ་བྱ་བ་སོགས། །བདག་ནི་དད་གུས་བརྩོན་འགྲུས་ཆེ་དྲག་པ། །མ་གཏོགས་སུས་ཀྱང་འཕྲོད་པར་དཀའ་བ་རྣམས། །ཐམས་ཅད་མ་འཆུག་ཇི་ལྟར་གསུངས་བཞིན་བྱས། །དེ་ནས་སྤྲུལ་སྐུའི་ཆུ་སེར་ལྤགས་ནད་དང་། །གྲང་གྲུམ་འདྲ་བ་རེས་འགའ་ཞ་བ་དང་། །བད་ཀན་ལ་སོགས་རིམ་གྱིས་ཇེ་བདེར་སོང་། །རེ་ཞིག་བརྒྱལ་ནས་འགྲོ་བ་ཡང་ཡང་བྱུང་། །གྲིབ་གཞི་སྲོག་རླུང་གང་ཡང་མ་ཡིན་གསུངས། །ཅི་ལགས་ཞུས་པས་སྙིགས་དུས་གསར་ཕྱིན་པའི། །རྒྱ་འདྲེ་དེ་ཡིས་གནོད་པ་ཡིན་ནོ་གསུངས། །འོ་ན་རྒྱ་འདྲེ་གསར་པ་སྲུང་བའི་ཐབས། །ཨོ་རྒྱན་རྗེ་ལ་གསོལ་བ་ཐོབ་གཅིག་ཞུས། །ཉམས་དང་རྣལ་ལམ་མཚམས་སུ་ཨོ་རྒྱན་བྱོན། །ཁྱོད་ལ་རྒྱ་འདྲེས་གནོད་པར་མི་ནུས་ཏེ། །གདམས་ངག་འདི་ཉིད་འོང་ཕྱིར་ཡིན་གསུངས་ནས། །རྒྱ་འདྲེ་སྲུང་བའི་གདམས་པ་ཟབ་མོ་གནང་། །ད་ནི་རྒྱ་འདྲེ་དམིགས་པར་གཟེར་ཞུས་པས། །རྨི་ལམ་རྒྱ་འདྲེ་དམ་ཐོགས་སྲོག་སྙིང་དང་། །ཁོ་རང་གནོད་པ་སྲུང་ཐབས་གདམས་པ་ཕུལ། །དེ་ནས་ཐུགས་རླུང་ཐུགས་ལ་མི་ཟིན་དང་། །གཟིམས་མི་ཁུག་དང་བརྒྱལ་ནས་འགྲོ་བ་ཡང་། །


CMR003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་ཇེ་བདེ་ཇེ་བདེར་སོང་བ་དང་། །ཐུགས་གཞི་ཤིན་ཏུ་གཏུམ་པར་ཡོད་པར་ཡང་། །ལོ་ཟླ་ཇི་ལྟར་སོང་བཞིན་ཇེ་འཇམ་སོང་། །གནམ་ཆོས་འོང་བའི་གཏེར་སློང་རྩུབ་འཁྲུག་དང་བདུད་དང་ལྷ་འདྲེའི་བར་ཆད་བྱུང་བ་རྣམས་རིམ་པར་བཟློག་ཅིང་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་འདི། །ཇི་ལྟར་བྱུང་ཚུལ་སྤྲུལ་སྐུ་དགུང་ལོ་དུ། །ལོ་ནི་གང་ཡིན་ཟླ་བ་གང་ཡིན་དང་། །ཚེས་གྲངས་དུ་ཉིན་དུས་ཚོད་ནམ་ཡིན་དང་། །གསུང་མཁན་རྒྱན་དང་ཆ་ལུགས་ཅི་ལྟ་བུ། །དེ་ཉིད་ཡི་གེར་བཀོད་ཚུལ་ལ་སོགས་པ། །ཆོས་རྣམས་སོ་སོའི་མཇུག་ཏུ་རྒྱས་པར་ཡོད། །དེ་ལྟར་བྱུང་བ་ལུང་དང་མཐུན་པའི་ཚུལ། །མདོ་ཡི་ལུང་དང་དེ་བཞིན་རྒྱུད་ཀྱི་ལུང་། །གྲུབ་ཐོབ་གོང་མའི་ལོ་རྒྱུས་རྣམ་ཐར་དང་། །མཐུན་ཚུལ་དོགས་སློང་ཐེ་ཚོམ་གཅོད་པ་རྣམས། །གཏེར་འབྱུང་ནང་དུ་གསལ་བ་ལྟར་ཡིན་ལ། །འདིར་ནི་ཟུར་ཙམ་བཤད་པ་འདི་ལྟ་སྟེ། །དང་པོ་རྣལ་ལམ་ཆོས་སྐུ་ཀུན་བཟང་གིས། །བརྡ་ཡི་སྒོ་ནས་དབང་བསྐུར་མཛད་པ་ཡི། །ཚེ་དབང་བདུད་རྩི་གེགས་སེལ་ཞེས་བྱ་བ། །མངོན་ཤེས་དྲུག་


CMR003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དང་བཅས་པ་བྱུང་། །དེ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིས། །ཉམས་ཀྱི་སྐབས་ལ་དབང་བསྐུར་མཛད་པ་ནི། །ཐུགས་རྗེ་ཆེན་པོ་སྐྱེའུ་ལུགས་ཀྱི་དབང་། །ཤིན་ཏུ་རྒྱས་པ་དེ་བཞིན་ཉམས་སྣང་ལ། །སྣང་བ་མཐའ་ཡས་ཉིད་ཀྱིས་གནང་བ་ཡི། །སྒྲུབ་ཐབས་རྒྱ་མཚོ་ལྷ་གྲངས་བཞི་བཅུ་ཙམ། །དེ་ཡི་དབང་ལུང་གནང་བ་ཡི་གེར་བཀོད། །དེ་ནས་ཨོ་རྒྱན་ཆེན་པོས་མངོན་སུམ་དུ། །དབང་བཞི་བསྐུར་ཅིང་དེ་ནས་ཉིན་རེ་བཞིན། །ངོ་བོ་ཨོ་རྒྱན་ཆེན་པོ་ཉིད་ཡིན་པ། །རྣམ་པ་ཡི་དམ་སོ་སོའི་སྐུར་སྤྲུལ་ནས། །སོ་སོའི་དབང་དང་སྒྲུབ་ཐབས་ཞལ་གདམས་གནང་། །དེ་ཡི་དབུ་དང་མཇུག་ཏུ་བྲི་རྒྱུ་ཡི། །རྒྱ་ཡིག་དག་གི་དཔེ་ཡང་བསྟན་པ་ཡིས། །ཡི་གེར་བཀོད་ནས་ཞུ་དག་མ་ཚར་བར། །མི་བརྗེད་པ་ཡི་གཟུངས་ཀྱང་ཐོབ་པ་སྟེ། །ཞུ་དག་ཚར་ནས་ཐུགས་ལ་མི་སྣང་ངོ་། །དེ་དག་ཨོ་རྒྱན་ཆེན་པོས་གསུངས་ཚར་ནས། །བྲི་རྒྱུ་ཡོད་ཅེས་གསུང་བར་མི་མཛད་ནས། །བཀའ་བཀྱོན་ཐུགས་སྔང་འདྲ་བ་ཡུད་ཙམ་མཛད། །བདག་གིས་དེ་ཡི་ཀློང་དུ་ངོ་ཤེས་ནས། །སྣག་ཤོག་བཟུང་ནས་བཀའ་བཀྱོན་ཡལ་མ་ཐག །བྲི་པས་ལན་གཅིག་གསུངས་པས་བྲི་ཚར་


CMR003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །བྲི་ཝིག་བྱས་ན་གསུང་རྒྱུ་མེད་འགྲོ་བས། །ག་ལེར་གྱིས་དང་གསུང་ཞུ་བྲི་བ་ལ། །ཡིག་དྲུག་འདོན་བཞིན་ཐོགས་པ་མེད་པ་སྟེ། །བློ་ལ་བཟུང་བས་ཅི་ལས་གསལ་བར་འབྱུང་། །དེ་དག་ཇི་ལྟར་གསུངས་པ་བྲིས་པ་ལས། །བཅོས་ནས་ཚིག་རིས་ལེགས་སུ་བཏང་བ་སོགས། །རྟེན་འབྲེལ་འཆུག་དོགས་ཅི་ཡང་མ་ཕོད་དོ། །གབ་བསྐུང་ལ་སོགས་དུས་སུ་མཁོ་བ་ཡི། །སྔར་མ་གྲགས་པའི་རྒྱ་ཡིག་བཅུ་གསུམ་ཙམ། །སྤྲུལ་སྐུ་ཉིད་ཀྱིས་ཕྱག་བྲིས་མཛད་པ་ལ། །བོད་ཡིག་བྲིས་ལྟར་ཐོགས་པ་མི་སྣང་བས། །དབུ་ཞབས་རྒྱ་ཡིག་རེ་ཟུང་སྣང་བ་དང་། །སྲུང་བའི་བརྡ་ཡིག་རི་མོ་ལ་སོགས་ལ། །བདག་གིས་མ་ཤེས་སྤྲུལ་སྐུས་ཕྱག་བྲིས་མཛད། །ཕལ་ཆེར་དངོས་སུ་འགའ་རེ་ཉམས་སྣང་དང་། །རྨི་ལམ་ཡུལ་དུ་བྱུང་བ་ཅུང་ཟད་ཡོད། །སྣ་ཁ་འགའ་ཟུང་སྤྲུལ་པའི་ཡི་གེ་ནི། །གཞན་གྱིས་མི་མཐོང་བ་རེ་ཕྱག་ཏུ་བབ། །དེ་ལ་སྤྲུལ་སྐུ་ཉིད་ཀྱིས་བཤུས་པའང་ཡོད། །རྒྱུན་དུ་གཟིམས་མལ་གཅིག་བྱས་མཉམ་དུ་བཞུགས། །བཞེངས་འདུག་ཆབ་བསིལ་དུས་ཀྱང་མཉམ་དུ་འབྱོན། །ནམ་ཡང་བདག་དང་འབྲལ་མེད་ཡིན་ན་ཡང་། །བདག་གིས་ཤོག་དྲིལ་བྲི་བ་


CMR003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ཛ། །ཉིན་གཅིག་འབུལ་ཁུག་ནང་ནས་ཤོག་དྲིལ་བཏོན། །པདྨ་རྒྱལ་པོའི་སྒྲུབ་ཐབས་གཅིག་བརྒྱུད་མ། །དམ་རྫས་ཡང་བུ་ཤ་རི་རམ་ཞེས་པའི། །རིལ་བུ་སྨུག་པོ་དངོས་སུ་གནང་འདུག་བསྟན། །གཞན་ཡང་ཡེ་ཤེས་དང་ནི་འཇིག་རྟེན་པའི། །ཆོས་སྐྱོང་སྲུང་མ་རང་རང་སོ་སོ་ཡི། །སྒྲུབ་ཐབས་བཀའ་གཏད་འདོན་ཆ་བཅས་པ་རྣམས། །རིམ་པར་ཕུལ་བ་སོ་སོར་ཡི་གེར་བཀོད། །དེ་ནས་དེ་དག་གཏེར་བསྒྲུབས་བྱས་ཚུལ་ནི། །དེ་ཡང་པདྨ་བཀའ་ཡི་ཐང་ཡིག་ལས། །མི་ཞེས་རི་འགོ་གང་མཐོའི་ཉི་མ་ཡིན། །བློ་གཏད་ཁེལ་བ་སུ་ལའང་མེད་པས་ན། །གཏེར་འཚོ་མ་ཤེས་འཕྲལ་རྐྱེན་ངན་དགུ་འོང་། །མི་སེམས་འདྲེ་བས་སྦྱང་སྟེ་ཚོར་བ་ཧྲག །གྱོད་གཅིག་ཡོད་ན་ཐོ་ཕྱིར་བསྟན་དོགས་མེད། །སངས་རྒྱས་བཀའ་ནི་བསླུ་བ་ཅང་སྲིད་དམ། །དྲོད་རྟགས་མ་ཐོན་བར་དུ་སྒྲུབ་པ་རེམ་ལ་གྱིས། །ཆོས་ཟབ་ཙ་ན་ནག་པོའི་བདུད་ཟབ་པས། །རང་ཉིད་ཉམས་སུ་མ་བླངས་ཆོས་མ་བསྟན། །ངོམ་པ་སྔ་ན་གཞན་གྱིས་ཕྲག་དོག་འོང་། །སུ་ངོ་ཆེ་ཡང་མི་སྤེལ་སྙིང་གཏམ་ཡིན། །ཞེས་གསུངས་བཞིན་དུ་སུ་ལ་མ་སྤེལ་ཏེ། །ནང་མི་མ་གཏོགས་ཀུན་ལ་གནམ་ཆོས་གསང་། །ནང་མི་


CMR003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གསང་བའི་མནའ་ཡང་བསྒྲགས། །སྤྲུལ་སྐུ་ཉིད་ནི་ཁོ་ནས་མཛད་དགོས་པའི། །བློ་ལྡན་མཆོག་སྲེད་གོས་སྔོན་ཅན་དང་ནི། །ཕྱག་ན་རྡོ་རྗེ་མཐའ་ཡས་ཞེས་བྱ་བསྒྲུབས། །གཏེར་བློན་བདག་ཉིད་ཁོ་ནས་བསྒྲུབ་དགོས་པའི། །ཕྱག་ན་རྡོ་རྗེ་ནམ་མཁའི་བདག་པོ་དང་། །ཨུ་པ་ར་ཙ་ཞེས་བྱའི་བསྙེན་སྒྲུབ་དང་། །ངེད་རིང་དཔོན་སློབ་གཉིས་ཀས་བསྒྲུབ་དགོས་པའི། །བླ་མ་རྡོ་རྗེ་ཆེན་པོ་ཞེས་བྱ་དང་། །གཞན་ཡང་གནམ་ཆོས་མཐོ་ཐོག་ཕལ་ཆེར་ནི། །ཡི་གེར་བཀོད་ཞོར་ཉིད་ནས་ལུང་ཞུས་ཤིང་། །མྱུར་དུ་དབང་ཞུས་དེ་ནས་མཉམ་དུ་བསྒྲུབས། །ཕལ་ཆེར་ཀུན་གྱི་གཏེར་སྒྲུབ་ཚར་བ་བྱས། །འཇིག་རྟེན་ལྷ་དང་དྲག་སྔགས་ལས་ཚོགས་སོགས། །ཕྲན་བུ་རྣམས་ནི་བསྒྲུབས་པར་མ་བྱས་སོ། །དེ་ནས་རྫོགས་ཆེན་ཁྲིད་ཀྱི་རྒྱུན་བྱུང་ཚུལ། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཞལ་གཟིགས་ཤིང་། །དམིགས་ཐུན་རེ་རེ་གནང་བ་ཡི་གེར་བཀོད། །དེ་ནས་ཞག་མ་གཉིས་གསུམ་དེ་བསྒོམས་ཚེ། །ཞལ་གཟིགས་མི་འབྱུང་ཡང་ན་ཞལ་གཟིགས་ནས། །ཁྲིད་ཀྱི་དམིགས་རིམ་ཟླ་ངོ་གཉིས་ཙམ་རྫོགས། །བདག་ཀྱང་མཉམ་དུ་བསྒོམས་པས་ཁྲིད་ཐོབ་བོ། །དེ་ནས་སྤྲུལ་སྐུའི་


CMR003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ངོ་དེ་ལ་ནི། །བོགས་དབྱུང་ངོ་བོ་རྗེན་པར་མཐོང་བར་འགྱུར། །གནམ་ཆོས་གཏུམ་མོ་ཁྲིད་གཅིག་བྱུང་བ་དེ། །བདག་གིས་དགུན་དགོངས་འཁྱག་དུས་ཡུད་ཙམ་རེ། །བསྒོམས་ཀྱང་མེ་ལ་བསྲོས་ལྟར་དངོས་སུ་དྲོས། །ཟབ་པའི་ངེས་ཤེས་ཆེན་པོ་ཐོབ་པར་འགྱུར། །དེ་ལྟར་བདག་ནི་གཏེར་བློན་མཉམ་དུ་སྟེ། །ཆོས་སྒོ་ཕྱེ་བའི་རྣམ་པ་མ་བྱུང་སྟེ། །གནམ་ཆོས་ནང་གི་འགའ་རེ་སྒྲུབ་པ་ནི། །སྤྲུལ་སྐུས་མ་འཁྱོང་ཁྱེད་རང་མཛོད་ཅིག་དང་། །ངེད་རང་གཉིས་པོ་ཁྱད་མེད་གསུངས་ལྟར་བྱས། །དེ་ནས་རྟོགས་ལྡན་པདྨ་རིག་འཛིན་ནི། །ཆོས་བདག་ཡིན་པར་ལུང་བསྟན་བཞིན་དུ་བྱོན། །བདག་དང་སྤྲུལ་སྐུ་ལ་ཡང་འབུལ་བ་བྱས། །ཁོང་ལ་བདུད་འདུལ་རྡོ་རྗེས་བཀའ་གསུང་ནི། །ད་ཙམ་མི་འགྱུར་རྡོ་རྗེ་འབྱོན་རན་ཡིན། །ངོམ་ཕྱོགས་ངོས་དེར་ཡོད་འོང་གསུངས་པ་དང་། །སྤྲུལ་སྐུ་སྙིང་ཐིག་ཆོས་བདག་ལུང་བསྟན་སྣང་། །ང་ནི་བདུད་འདུལ་རྡོ་རྗེ་མ་མཇལ་བར། །རྟོགས་ལྡན་འདི་ལ་བདག་གིས་ཞུ་བསམས་པས། །ཁྱེད་རང་མཉམ་དུ་ཞུའམ་ཞུས་པ་ཡིས། །ཁྱེད་རང་ཞུས་དང་ཁྱེད་ལ་ཞུ་བས་ཆོག །ཁོང་ལ་མི་རུང་ཨོ་རྒྱན་ལུང་བསྟན་གསུངས། །དེ་ནས་རྟོགས་


CMR003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པདྨ་རིག་འཛིན་གྱིས། །གནམ་ཆོས་ཞུ་བར་རུང་ངམ་བརྟག་དགོས་ཟེར། །དེ་ནུབ་རྟོགས་ལྡན་འོད་གསལ་ངང་ལ་འབྱམས། །རྟོགས་ལྡན་མགུ་ནས་གནམ་ཆོས་ཞུ་འོ་ཟེར། །བདག་དང་རྟོགས་ལྡན་ཕྲིན་ལས་རྣམ་གསུམ་ལ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གསར་པ་ཡི། །ཞལ་ཕྱེས་དབང་བསྐུར་ཚར་བའི་དེ་མ་ཐག །སྤྲུལ་སྐུ་ཞལ་ཡང་མི་གྲག་ཐམ་མེ་བར། །སྐུ་ལུས་བསྲངས་ནས་ཡུན་རིང་ཞིག་ལ་བཞུགས། །དེ་ནས་གཉིད་སད་བཞིན་དུ་གསུང་བྱོན་པ། །ད་ལམ་ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་ཚོགས། །ནམ་མཁའ་བར་སྣང་གང་བ་སྤྲིན་ལྟར་འཁྲིགས། །ལྷ་འདྲེ་གཞི་བདག་ཆེ་ཕྲ་སྣ་ཚོགས་པ། །གྲངས་མེད་ཁྲོམ་འཚོགས་བཞིན་དུ་ས་གཞི་ཁེངས། །ཀུན་ཀྱང་བཞད་གད་དིར་དིར་བྱེད་འདུག་པས། །ངས་ནི་དབང་དང་ཧ་ཅང་མི་ཤེས་པས། །འཕྱ་བ་རེད་སྙམ་ང་ལ་འཕྱའམ་སྨྲས། །འཕྱ་བ་མ་ཡིན་ངེད་རྣམས་དགའ་བ་ཡིན། །སངས་རྒྱས་བསྟན་པ་དར་བས་དགའ་བ་ཡིན། །གནམ་ཆོས་འདི་ཡི་བསྟན་པ་ངེད་རྣམས་སྲུང་། །ཟེར་ནས་སོ་སོའི་རང་རང་སྲོག་སྔགས་ཕུལ། །ཡེ་ཤེས་ཆོས་སྐྱོང་བཀའ་སྲུང་ཕལ་ཆེར་གྱི། །སྙིང་པོ་སྔར་དང་འདྲ་བས་མ་


CMR003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སོ། །གཞི་བདག་འགའ་ཡི་སྙིང་པོ་སྔར་མེད་པ། །གསར་དུ་འདུག་པ་ཕལ་ཆེར་ཡི་གེར་བཀོད། །ངོ་མི་ཤེས་པའི་ལྷ་འདྲེ་དུ་མ་ཡིས། །སྲོག་སྔགས་ཐུགས་ལ་འདུག་སྟེ་བྲི་མ་ཐུབ། །དེ་ནས་གཏེར་གསར་དེ་ཡི་དབང་ལུང་ནི། །ཚང་མ་གཏེར་སྟོན་མཇལ་བའི་རྟེན་འབྲེལ་གྱིས། །མ་ཕུལ་ཉེར་མཁོ་ཅུང་ཟད་ཙམ་ཕུལ་ནས། །སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་ཡར་ངོ་ལ། །བདུད་འདུལ་རྡོ་རྗེས་པདྨ་འོད་འབར་བསྒྲུབས། །ནམ་མཁའ་འཇིགས་མེད་རིག་འཛིན་སྲོག་སྒྲུབ་དང་། །ཧཱུྃ་ཧཱུྃ་ཟུང་འཇུག་ལ་སོགས་སྒྲུབ་པ་མཛད། །དེ་ལ་གཞན་ཡང་ཉིད་ཀྱི་གནམ་ཆོས་ཀྱི། །སྒྲུབ་པ་སྣ་གྲངས་དུ་མའི་སྒྲུབ་པ་མཛད། །སྐབས་ཤིག་བླ་མ་ཕྲིན་ལས་དཔོན་སློབ་ཀྱིས། །གནམ་ཆོས་དབང་ཞུས་འབུལ་བ་ཅུང་ཟད་ཕུལ། །དེ་ཚེ་ཡོན་ཆབ་རྣམས་ནི་འཕྱུར་བ་ལ། །དབྱར་ཁ་ཡིན་ཡང་ཐང་ལ་མི་འབོ་བར། །མིག་འབྲས་བཞིན་དུ་ཧྲིལ་ལེ་འདུག་པ་བྱུང་། །སྐབས་ཤིག་ཤ་གསོལ་འདོད་ཀྱང་མ་རྙེད་པས། །གྲོ་བ་གཅིག་ལ་ཡི་གེ་ཤ་བྲིས་ནས། །རྟེན་འབྲེལ་ཡིན་གསུངས་དེ་ཉིད་འཆའ་བར་བྱེད། །ཕྱིར་ཉིན་ནས་ནི་ཤ་འགའ་འབུལ་མཁན་བྱུང་། །སྐབས་ཤིག་དུ་བ་ཆད་ནས་མ་རྙེད་པས། །ཤོག་བུ་


CMR003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་དུ་བའི་རི་མོ་བྲིས། །ཚགས་སུ་བཅུག་ནས་འཐེན་སྟངས་མཛད་པ་ཡིས། །དེ་ནས་མྱུར་དུ་དུ་བ་མང་པོ་བྱུང་། །སྐབས་ཤིག་ཇ་དཀོན་ཆད་ལ་ཁད་ཁད་བྱུང་། །འཇིམ་པ་ལ་ནི་ཇ་གདར་འགའ་བཟོས་ནས། །ཤིང་ལ་གྲི་བཟོས་ཇ་ནི་གཤག་སྟངས་མཛད། །དེ་ནས་མྱུར་དུ་ཇ་ནི་མང་པོ་བྱུང་། །དེ་བཞིན་བདག་ཀྱང་ལན་འགའ་ན་བ་ན། །རྟེན་འབྲེལ་བཅོས་ཁ་རྩེད་མོ་འདྲ་བ་རེ། །མཛད་པས་ཕྲལ་དུ་བདེ་བ་ལན་གྲངས་མང་། །དཔེར་ན་ཡང་དགོན་པ་དང་ཕག་གྲུ་ཡིས། །རྩེད་མོ་འདྲ་བའི་རྟེན་འབྲེལ་འགའ་རེ་ཡིས། །ནད་གདོན་མང་པོ་ཕན་པའི་རྣམ་ཐར་མཚུངས། །དེ་ལྟར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལ། །ཚེ་དཔག་རྒྱུད་དང་དགོངས་པ་འདུས་པའི་རྒྱུད། །རྒྱལ་བ་རྒྱ་མཚོ་ལྷ་དགུའི་རྒྱུད་ཆུང་དང་། །ཐུགས་རྗེ་ཆེན་པོ་འོད་དཀར་ཅན་གྱི་རྒྱུད། །མིང་གི་མངོན་བརྗོད་རྒྱུད་དང་ལས་ཧུར་རྒྱུད། །གུར་དྲག་རྒྱུད་དང་རོ་ཟའི་རྒྱུད་བུ་ཆུང་། །སྒྲོལ་མའི་རྒྱུད་དང་བདེ་མཆོག་དམར་པོའི་རྒྱུད། །སྡེ་ཏུའི་རྒྱུད་དང་སེང་གེ་སྒྲ་སྒྲོག་གཟུངས། །རྒྱུད་བདག་བཞི་ཡི་རྒྱུད་བཞི་རྟོགས་བརྗོད་བཞི། །དྲག་རྩལ་ཐོག་རྒྱུད་རྟ་གཟུངས་ནོར་གྱི་གཟུངས། །ཨུ་པ་


CMR003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཙའི་རྒྱུད་བུ་ཆུང་དང་ནི། །དགོངས་འདུས་གཟུངས་དང་སྒེག་པའི་རྡོ་རྗེའི་གཟུངས། །དེ་སོགས་བཀའ་དང་རྒྱུད་དུ་གཏོགས་པོ་དང་། །ཞི་དྲག་ཚེ་རྟ་བཀའ་དགོངས་ཕུར་པ་དང་། །མ་གཤིན་ལ་སོགས་སྔར་ནས་གྲགས་པ་དང་། །རོ་ཟ་རྒྱུད་བདག་དྷེ་ཏུ་ལས་ཧུར་མ། །ཡེ་ཤེས་འཇིགས་བྱེད་ཨུ་པ་ར་ཙ་དང་། །རྡོ་རྗེ་རྒོད་སོགས་སྔོན་ཆད་མིང་ཙམ་ཡང་། །ས་སྟེང་མ་གྲགས་ལྷ་ཡི་ངོ་བོ་ཡང་། །གང་ཡིན་འབྱེད་པར་དཀའ་བ་མང་པོ་ཡི། །རྒྱུད་དང་སྒྲུབ་ཐབས་དབང་དང་ལས་ཚོགས་སོགས། །ཇི་ལྟར་ཤེས་རབ་ཆེ་ཡང་དྲན་དཀའ་བ། །འདི་འདྲ་གཏེར་ཁ་གཞན་ལའང་མ་བྱུང་བས། །ངོ་མཚར་འདི་ནི་ངོ་མཚར་བླ་མེད་དེ། །འཇམ་དབྱངས་སྤྲུལ་པ་རྒྱལ་སྲས་ཞི་བ་ལྷས། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །གསུངས་པ་ལྟར་དུ་མཁས་པ་སུ་ཡིས་ཀྱང་། །སྔོན་ཆད་སྔགས་དང་ལྷ་ནི་དེ་འདྲ་བ། །ས་སྟེང་མ་བྱུང་བ་ཞིག་བརྩམ་མི་ཤེས། །དེ་ཕྱིར་འདི་ནི་བརྩམ་དང་རང་བཟོ་སོགས། །མིན་པའི་གནད་ནི་ཆེན་པོ་འདི་ཡོད་པ། །ཐེ་ཚོམ་ཅན་རྣམས་བསམ་བློ་ལེགས་པར་ཐོངས། །བློ་དམན་ཐོས་པ་ཆུང་བ་ལ་ལ་ཡིས། །ཨོ་རྒྱན་པདྨ་སྲིན་པོའི་ཁ་གནོན་བཞུགས། །ཚེས་


CMR003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་སྔ་དྲོ་སྤྲུལ་པ་དེ་འབྱོན་བཤད། །ལོ་གསུམ་བར་དུ་འདུ་འབྲལ་མེད་འདྲ་བར། །ཉིན་རེ་ལ་ཡང་ལན་མང་ཞལ་མཇལ་ཞིང་། །རྔ་ཡབ་གླིང་ནས་ཉིན་རེའང་སྐོར་རྫོགས་བརྒྱ། །འབྱོན་ཡང་ཨེ་འབྱོན་སྲིད་ཀྱང་ཨེ་སྲིད་སྙམ། །དེ་ལ་སྤྱིར་ནི་རྫོགས་པའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་འཁོར་འདས་ཁྱབ་པར་བཞུགས། །ལས་སྒྲིབ་སྲབ་པ་རྣམས་ཀྱིས་རྒྱུན་དུ་མཇལ། །ལས་སྒྲིབ་ཅུང་ཟད་སྲབ་ན་ཉམས་སྣང་དང་། །རྨི་ལམ་ཙམ་དུ་ཡུད་རེ་མཇལ་བའང་སྲིད། །ལས་སྒྲིབ་འཐུག་ན་དྲུང་དུ་བཞུགས་ན་ཡང་། །ཟུར་ཙམ་ཞིག་ཀྱང་མཐོང་བའི་བསྐལ་བ་མེད། །དེ་དོན་མདོར་བསྡུས་ཨོ་རྒྱན་གསུངས་པ་ནི། །པདྨ་བཀའ་ཐང་གཏེར་སྟོན་ཞལ་གདམས་ལས། །ད་ནི་མི་སྡོད་ཨོ་རྒྱན་ཡུལ་དུ་འགྲོ། །གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ། །ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད། །ཨོ་རྒྱན་སྤྲུལ་པ་འབུམ་ཕྲག་འབུམ་ཡང་འབྱུང་། །སྔར་མེད་ཕྱིས་མི་ཡོང་བའི་རྒྱུ་གཅིག་མིན། །ཞེས་གསུངས་ཞལ་ཆེམས་བོད་ལ་བཞག་པའི་མཐར། །ལྔ་བརྒྱ་དུས་ངན་ཤར་ཚེ་པད་འབྱུང་ངེས། །དུག་ལྔས་བསླུས་པའི་འཁོར་བའི་སེམས་ཅན་ལ། །མཐོང་ཁར་


CMR003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཞུར་མུན་འགོ་རང་མཐོང་ཙམ། །ཆོས་ཀྱིས་ས་འོག་ས་སྟེང་ཁྱབ་པར་སྦས། །སེམས་ཅན་གཏེར་སྒོ་འབྱེད་པ་འགའ་ཡང་འབྱུང་། །ང་ཡི་སྤྲུལ་པས་འགྲོ་བ་མ་ལུས་འདུལ། །སེམས་ཅན་སྨིན་གྲོལ་བདེ་ལ་བཀོད་པར་སྲིད། །ཉམ་དམས་བསྟན་པ་འགྲིབ་ལ་ཉེ་བ་ན། །དག་པས་ང་རང་དངོས་སུ་མཐོང་ཡང་སྲིད། །དགོས་འདོད་རེ་བ་བསྐང་བའི་ནོར་བུ་འབྱོན། །རྗེ་འབངས་འཁོར་བཅས་དེ་བས་ལོག་ཅིག་གསུངས། །རཏྣའི་གཏེར་ཁ་ལུང་བྱང་འབྲིང་པོ་ནས། །གུ་རུ་ང་ཡིས་སྤྲུལ་པ་བསམ་མི་ཁྱབ། །ནངས་རེ་ནུབ་རེ་བོད་ཀྱི་འགྲོ་དོན་བྱེད། །ཁྱད་པར་ཚེས་བཅུའི་ནངས་པར་མངོན་དུ་འོང་། །དད་པ་ཆེ་ན་དངོས་སུ་འོང་ཡང་སྲིད། །བྱང་གཏེར་ཚེས་བཅུའི་ཕན་ཡོན་བཤམས་ནས་ཀྱང་། །ཕྱི་རབས་དུས་ཀྱི་ལས་ཅན་སྐྱེས་བུ་དང་། །དམ་ཆོས་སྤྱོད་པའི་འགྲོ་བ་ཕོ་མོ་རྣམས། །དུས་བཟང་ཡར་ངོ་ཁྱད་པར་ཚེས་བཅུའི་དུས། །མཆོད་པ་བཤམས་ཤིང་མོས་གུས་གདུང་ཤུགས་ཀྱིས། །སྙིང་ཁུང་རུས་པའི་གཏིང་ནས་ང་ཉིད་ལ། །གསོལ་བ་བཏབོ་ན་པདྨ་བདག་ཉིད་ཀྱིས། །བརྩེ་བར་བསམས་ནས་དད་ལྡན་ཚོགས་ཁང་དུ། །སྤྲུལ་པ་མ་ངེས་སྣ་ཚོགས་ཆ་ལུགས་སུ། །བསྒྱུར་


CMR003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོང་བས་དེ་དོན་གོ་བར་གྱིས། །དེ་དུས་སྨོན་ལམ་གང་བཏབ་འགྲུབ་པ་དང་། །བྱིན་རླབས་ཞུགས་པའི་རྟགས་ནི་སྣ་ཚོགས་འབྱུང་། །ཁྱད་པར་བག་དྲོ་ཉམས་དགའ་ཤེས་པ་གསལ། །གླུ་གར་ཉམས་དང་རྩེ་བྲོ་འཁྲབ་སྙིང་འདོད། །དད་ལྡན་འགའ་རེས་མངོན་སུམ་མཐོང་ཡང་སྲིད། །དེ་དུས་རྟོགས་པ་མི་བསྐྱིལ་ཅི་བདེར་སྤྱོད། །གཞན་ཡང་འཇའ་དང་འོད་སྐོར་སྒྲ་དང་འཇའ་རིས་འབྱུང་། །དེ་དུས་པདྨ་ང་རུ་ཤེས་པར་གྱིས་ལ་སྨོན་ལམ་ཐོབ། །ཅེས་གསུངས་གཞན་ཡང་རཏྣའི་གཏེར་ཁ་ཡི། །གུ་རུའི་རྗེས་དྲན་ཚེས་བཅུ་བཟུང་ཐབས་ལས། །མ་འོངས་ལས་ཅན་ཆོས་བྱེད་རྣམས། །ང་ལ་མོས་པ་སུས་བྱེད་པ། །དེ་ཡི་རྩ་ན་ང་ཉིད་བཞུགས། །ཟླ་བ་ཚེས་བཅུ་ཤར་བའི་ཚེ། །ང་ཡི་བརྗེད་རྡོ་སུས་འཛིན་པ། །དེ་ངང་ང་ལ་འདུ་འབྲལ་མེད། །ཨེ་མ་ཧོ། དོན་ལ་ང་ལ་གཤེགས་བཞུགས་མེད། །འགྲོ་འོང་གཉིས་ལས་འདས་མོད་ཀྱང་། །ཀུན་རྫོབ་བག་ཆགས་གཉིས་སྣང་ལ། །ལུས་རྒྱ་འཁོར་བའི་བག་ཆགས་དང་། །དག་བྱའི་སྒྲིབ་པ་མ་དག་པས། །ཀུན་གྱིས་ང་ཡི་ཞལ་མ་མཐོང་། །ཉོན་མོངས་སྒྲིབ་པ་དག་པའི་ཚེ། །པདྨ་ང་ཉིད་དངོས་སུ་


CMR003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ཚིག་འཆད་གླེང་མོ་བྱ་རུ་ཡོད། །རྣལ་འབྱོར་ལམ་པའི་དུས་སུ་ཡང་། །ཉམས་སམ་རྨི་ལམ་ཚུལ་དུ་མཇལ། །དོན་ལ་དགེ་སེམས་གང་སྐྱེས་དང་། །སྙིང་རྗེ་དཔག་མེད་སྐྱེ་བ་དང་། །རང་དབང་མེད་པའི་སྐྱོ་ཤས་དང་། །སྐད་ཅིག་ལྷག་གེར་ང་དྲན་ན། །དེ་ཡང་ང་ཉིད་མཇལ་བ་ཡིན། །གང་ཟག་མོས་པའི་བློ་ཡོད་ན། །ང་ཡི་ཐུགས་རྗེ་རྒྱུན་ཆད་མེད། །དོན་ལ་ང་ལ་འགྲོ་འོང་མེད། །རང་གི་ལས་ཀྱི་སྒྲིབ་པ་ཉིད། །དེ་ཉིད་ནམ་དག་ང་དང་མཇལ། །སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར། །སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི། །ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྱིར། །པུས་མོའི་ཙ་ན་ང་ཉིད་བཞུགས། །དེ་བས་མང་དུ་ཅི་བཤད་ཀྱང་། །ཚིག་གི་སྦྱིན་རོ་ཡིན་མོད་ཀྱང་། །དོན་ལ་བློ་སྙིང་ང་ལ་གཏོད། །ཆེ་རེག་ཆེ་དང་ཆུང་རེག་ཆུང་། །རང་གི་མོས་གུས་དང་བསྟུན་ནས། །བྱིན་རླབས་འཇུག་པར་ཐེ་ཚོམ་མེད། །ཅེས་གསུངས་དོན་དང་མཚུངས་སོ་སྐལ་ལྡན་རྣམས། །རཏྣའི་ཆོས་བདག་བྱེ་བྲག་ལུང་བསྟན་ལས། །ད་རུང་ཆོས་བདག་ལས་ཅན་འབྱུང་ལུང་བསྟན། ༈ །སྐྱེས་བུ་དེ་ཡིས་ཚེ་ཡི་འཕྲང་བརྒལ་ན། །བོད་ཀྱི་གཏེར་སྟོན་ཀུན་ལས་གདུལ་བྱ་རྒྱས། །


CMR003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མ་ཡི་ཕྱི་རབས་ཡི་གེར་ཐོབ། །བློ་གྲོས་སྟོབས་ལྡན་སྐྱེས་བུ་ནི། །ཞེས་སོགས་ཆོས་བདག་ལུང་བསྟན་སྐབས། །རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་། །དེ་ལྟར་སྐལ་ལྡན་བཅུ་ཕྲག་གཅིག་དང་ལྔ། །གཏེར་བདག་ཁྱོད་དང་རྟེན་འབྲེལ་འགྲིགས་འགྱུར་རམ། །འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད། །སྐལ་ལྡན་ཡིན་ཏེ་ཁྱོད་ཀྱི་གདུལ་བྱར་འགྱུར། །ཁ་ལག་མ་ཡེངས་རྟེན་འབྲེལ་མཁའ་འགྲོས་བསྒྲིགས། །ལུང་བསྟན་བྱུང་ན་མ་གཡེལ་དམ་དུ་ཟུང་། །ཐམས་ཅད་ཀུན་ལ་ཚེ་སྒྲུབ་རྡོར་ཕྲེང་དང་། །གསང་འདུས་སྐོར་དང་བཀའ་རྒྱ་ཅན་རྣམས་གཏད། །ཚེ་ཡི་བར་ཆད་སེལ་ཏེ་དོན་གཉིས་སྤྱོད། །ཚེ་ཡི་བར་ཆད་གྱུར་ནའང་དོན་གཉིས་བྱེད། །ཚེ་རིལ་བྲམ་ཟེའི་ཐུགས་ཀྱི་རིལ་བུ་རྣམས། །དབང་བའི་སྐྱེས་བུ་གྲངས་ཆེན་ཡིན་པའི་ཕྱིར། །རང་རང་དམ་སྐལ་ལུང་དང་རིགས་པས་རྟོགས། །འདྲ་དང་མི་འདྲ་ནོར་ན་མི་ཉན་པས། །པདྨ་ང་ལ་གསོལ་བ་ཐོབ་སྟེ་རྟོགས། །འདྲ་དང་མི་འདྲ་ནོར་སྲིད་རིགས་ཀྱི་བུ། །སྐལ་ལྡན་ཁྱོད་དང་ཆེ་འབྲེལ་ཆུང་འབྲེལ་གང་། །མ་འོངས་ཁྱོད་ཀྱི་གདུལ་བྱར་འགྱུར་བ་སྟེ། །མཐར་ཐུག་བདེ་ཆེན་ཐོབ་ཅེས་འབྱུང་ལུང་


CMR003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཁྱོད་དང་རྟེན་འབྲེལ་ཕྱི་དུས་གཡེལ་གྱུར་ཀྱང་། །ཕ་ཤུལ་བུས་འཛིན་རྒྱུད་འཛིན་ཁྱེའུའི་དུས། །ངེས་པར་འབྱུང་སྟེ་དོན་གཉིས་སྤྱོད་པར་འགྱུར། །སེམས་བསྐྱེད་དག་པས་ངང་བསྲིང་གདམས་པ་སྤེལ། །དོན་གྱི་སྐྱེས་བུ་ཡིན་ནོ་རིགས་ཀྱི་བུ། །ཅེས་སོགས་ལུང་བསྟན་དོན་དང་རྗེས་མཐུན་པར། །ཐག་རིང་ཞིག་ནས་རཏྣ་གླིང་པ་ཡི། །མགུར་འབུམ་པོ་ཏི་བྱུང་བས་རྐྱེན་བྱས་ནས། །ཁོ་བོར་རཏྣ་གླིང་པ་མ་མཇལ་ཨང་། །གསུངས་ནས་རྒྱུན་རིང་གཅིག་ལ་སྤྱན་ཆབ་བསིལ། །ཁྱོད་ཀྱི་ཨོ་རྒྱན་རྒྱུན་དུ་མཇལ་བ་ལས། །རཏྣ་གླིང་པ་མཇལ་བས་ལྷག་རྒྱུ་མེད། །ཞུས་ནས་བྲིད་ཀྱང་མ་ཕན་བཤུམ་པ་ཡིས། །འོ་ན་རཏྣའི་བཀའ་འབུམ་རྒྱབ་ཏུ་ཁུར། །པདྨ་བཀའ་ཐང་ཨོ་རྒྱན་སྐུ་རྣམས་ལ། །བསྐོར་བ་མཛོད་དང་མཇལ་བ་འོང་སྲིད་ཞུས། །དེ་ལྟར་ཉིན་རིང་དེ་ལ་བསྐོར་བ་མཛད། །དེ་དགོང་རྣལ་ལམ་རཏྣ་གླིང་པ་ནི། །ཡབ་ཡུམ་གཉིས་ཀ་མཇལ་ནས་རཏྣ་ཡི། །གཏེར་ཆོས་ཡོངས་རྫོགས་དབང་དང་ལུང་རྣམས་གནང་། །མཆོག་དབང་དངོས་སུ་ཆགས་ལམ་ལྟར་དུ་བསྐུར། །ཕྱིར་ནངས་ཉི་ཤར་ནམ་མཁར་རཏྣ་གླིང་། །ཞལ་གཟིགས་སྔོན་ཆད་སུ་ལའང་མ་གྲགས་


CMR003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རཏྣའི་བླ་སྒྲུབ་ཕྱི་ནང་གསང་གསུམ་གནང་། །དེ་ཕྱིར་བདག་གི་བརྒྱུད་པ་ཉེ་བར་བསམ། །རཏྣའི་ཆོས་སྐོར་གཏོར་དབང་པོད་དབང་རྣམས། །སྤྲུལ་སྐུ་ཉིད་ལ་སླར་ཡང་ཞུ་བར་བྱས། །དེ་ཕྱིན་བརྒྱུད་པ་ཉེ་བས་བྱིན་རླབས་མྱུར། །འདི་ཡང་ངོ་མཚར་ཆེ་ཤོས་གཅིག་ཡིན་ནོ། །དེ་ལྟར་གནམ་ཆོས་འོང་བའི་དཀྱིལ་ཙམ་ལ། །སྡེ་དགེ་གྲུབ་ཐོབ་པ་ཡི་ཆབ་མདོ་ན། །ཡི་གེ་ཡིག་རྟེན་བསྐུར་ནས་ངེད་ཚང་གི །སྐུ་སྐྱེ་གཏེར་སྟོན་འོང་རྒྱུ་ཞིག་ཡོད་པར། །གཏད་དགོས་སྨྲས་འདུག་ཆབ་མདོས་རྩད་བཅད་ནས། །སྤྲུལ་སྐུ་ཆབ་མདོར་འབྱོན་དགོས་གསུངས་བྱུང་ནས། །གནམ་ཆོས་འདི་ཉིད་ཡོངས་སུ་མ་རྫོགས་པར། །དེ་ལྟར་འབྱོན་དགོས་སྐུ་ཚེའི་བར་ཆད་འབྱུང་། །ཅི་དྲག་སྙམ་ནས་བློ་སེམས་མ་བདེ་སྟེ། །ག་རེ་ཅི་དྲག་ཡང་ཡང་སྨྲ་ཤོར་ཚེ། །སྤྲུལ་སྐུས་ང་ལ་ཨོ་རྒྱན་ཐུགས་རྗེ་ཡོད། །མི་དོགས་སྐྱོན་མེད་ཡང་ཡང་གསུང་ན་ཡང་། །དུས་ཀྱང་འཇིགས་སུ་རུང་བས་བློ་མ་བདེ། །དེ་ཚེ་བླ་མ་སྐུ་གསུམ་ལ་སོགས་པ། །རྩ་གསུམ་ལྷ་ཚོགས་མང་པོ་དུས་གཅིག་གཟིགས། །བར་ཆད་མི་འོང་ལུང་བསྟན་གནང་འདུག་ཅིང་། །ཤན་པ་དམར་ནག་ལ་སོགས་བཀའ་སྲུང་


CMR003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གནམ་ཆོས་མ་རྫོགས་བར་དུ་བསྲུང་ངོ་སྨྲས། །དེ་ནས་རྟ་བཏང་ཞུ་འབུལ་བྱས་པ་ཡིས། །ལོ་གསུམ་མཚམས་དེའི་ཁ་ནི་མ་ཁེངས་པར། །བཞུགས་པས་ཆོག་པའི་དགོངས་པ་གནང་བྱུང་ངོ་། །དེ་ནས་ལོ་གསུམ་འགྲོ་ལ་ཁད་ཙམ་ལ། །བདག་ལ་སྤྲུལ་སྐུའི་ཞལ་ནས་བཀའ་བསྩལ་པ། །ད་ནི་གནམ་ཆོས་རྣམས་ཀྱང་རྫོགས་ལ་ཁད། །ཁྱེད་རང་དབང་ལུང་དོ་གལ་གང་ཆེ་གཅིག །དོམ་དང་ངས་ནི་དེང་སང་ཞུ་བས་ཆོག །གནམ་ཆོས་རྫོགས་ནས་ཞལ་གཟིགས་འགའ་མི་འོང་། །ལན་རེ་བྱུང་ཡང་ཞུ་ས་མེད་དོ་གསུངས། །དེ་ནས་གཏེར་རྙིང་འགའ་རེ་ཞུ་འདོད་ཀྱང་། །ས་གཏེར་འོང་བ་དེ་ལ་གནོད་ཀྱིས་དོགས། །གསར་མ་གཞན་ནི་ཞུ་བའི་རྟེན་འབྲེལ་མེད། །གནམ་ཆོས་གྲངས་རྣམས་མང་ཉུང་ཆོག་ཙམ་བྱུང་། །མི་ཏྲ་ཛཱ་ཀི་འཆི་མེད་རིག་འཛིན་དེ། །ཨོ་རྒྱན་གྱིས་ཀྱང་བླ་མར་བསྟེན་ནས་སྣང་། །འཇའ་ལུས་རེད་པས་ཆོས་གྲགས་རྒྱ་མཚོ་སོགས། །ན་རིམ་མཇལ་ནས་ཞུས་པའི་ཁྲིད་དྲུག་གི །ཉེ་བརྒྱུད་གསར་པ་མང་པོ་འོང་སྲོལ་གདའ། །མི་ཏྲ་ཁྲིད་དྲུག་མི་ཏྲ་གསང་སྒྲུབ་དང་། །སེམས་ཉིད་ངལ་བསོ་ཞུ་བར་འདོད་ཞུས་པས། །འོང་གསུངས་མཆོད་པ་བཤམས་ནས་གསོལ་བ་


CMR003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཡུན་རིང་བཏབ་པས་མི་ཏྲ་ཞལ་གཟིགས་ཏེ། །དེ་ཡི་འདྲ་སྐུ་ཕྱག་རིས་ཚོན་རྫོགས་མཛད། །དེ་ནས་ད་ནི་ཁྲིད་དྲུག་དཔེ་ཆ་དང་། །དབང་དྲུག་དཀྱིལ་འཁོར་མཆོད་གཏོར་དབང་ཆས་བཅས། །སོ་སོར་ལེགས་པར་བསྒྲིགས་ལ་ཞོག་ཅེས་གསུངས། །དེ་ནས་དགོངས་པ་གཏད་ནས་གསོལ་བཏབ་པས། །སྐད་ཅིག་ཉིད་ལ་མི་ཏྲ་ཛཱ་ཀི་བྱོན། །མི་ཏྲ་དཀར་སེར་དམར་ལྗང་མང་པོར་སྤྲུལ། །རེ་རེས་དབང་སྣ་རེ་དང་ལུང་སྣ་རེ། །ཁྲིད་དྲུག་དབང་དྲུག་བཀའ་སྲུང་དང་བཅས་པ། །གསང་སྒྲུབ་དབང་ལུང་ལས་ཚོགས་བཅས་པ་དང་། །རྫོགས་རིམ་སེམས་ཉིད་ངལ་བསོ་བཅས་པ་ཡི། །ཁྲོ་ཕུ་བ་དང་གིར་ཏི་རནྟི་ནས། །བརྒྱུད་པའི་ཆོས་རྣམས་ཆ་ཚང་གནང་བ་དང་། །སྔར་མེད་མི་ཏྲའི་བླ་སྒྲུབ་ངོ་མཚར་ཅན། །དེ་དག་རྣམས་ཀྱི་ཞལ་གདམས་བཅས་པ་གནང་། །གཅིག་བརྒྱུད་བྱས་ནས་བརྒྱུད་པ་བདུན་དང་ནི། །གཉིས་བརྒྱུད་ལ་སོགས་བརྒྱུད་པ་གཉིས་བར་དུ། །མི་ཏྲས་བྱིན་གྱིས་བརླབ་པར་ཞལ་བཞེས་ཤིང་། །གལ་ཏེ་མང་པོ་དག་ལ་སྤེལ་འདོད་ན། །བཀའ་རྒྱ་བཀྲལ་བའི་གདམས་པ་དང་བཅས་གནང་། །དབང་ལུང་བདག་གིས་ཞུས་ཤིང་བཀའ་རྒྱའང་


CMR003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ། །བདག་སོགས་ཆོས་འདིར་མོས་པའི་གང་ཟག་ལ། །བཀའ་དྲིན་བསམ་ལས་འདས་ཤིང་ངོ་མཚར་ཆེ། །དེ་ནས་བགནམ་ཆོས་ཡོངས་སུ་རྫོགས་གྱུར་ནས། །ཞལ་གཟིགས་ཀྱང་ནི་ཅི་ཡང་མེད་པར་གྱུར། །དེ་ནས་རཏཱའི་གཏེར་འབྱུང་ལས་གསུངས་ལྟར། །གནམ་ཆོས་རྣམས་ནི་དར་རས་གོས་ཆེན་བཏུམ། །སྒམ་གྱི་ནང་དུ་བཅུག་ནས་ཁྲི་ལ་བཞག །ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་བ་དང་། །ཕྱག་དང་བསྐོར་བ་མཎྜལ་བརྒྱ་རྩ་འབུལ། །སྤོས་དང་མར་མེ་ལ་སོགས་མཆོད་བྱེད་ཅིང་། །རྩ་བ་གསུམ་གྱི་བསྐང་གསོལ་བརྒྱ་རྩ་སོགས། །བཀྲ་ཤིས་མངའ་གསོལ་རབ་ཏུ་གནས་པར་བྱས། །བཀའ་སྲུང་དམ་ཅན་རྣམས་ལ་གསོལ་ཁ་བཏང་། །གནམ་ཆོས་ཐུགས་ཀྱི་གཏེར་ཐོན་གཏེར་བསྒྲུབས་བྱས་ཤིང་དཀྱིལ་འཁོར་ཞལ་ཕྱེས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གནས་སྒོ་ཇི་ལྟར་ཕྱེ་ཚུལ་ནི། །བདག་ཀྱང་བཅུ་གསུམ་མཚམས་ཀྱི་དམ་བཅའ་རྫོགས། །ཆོས་དབང་ཀུན་བཟང་ཡང་ནི་མཚམས་ལ་བཞུགས། །ཡོན་བདག་མང་པོས་ཆོས་ཁྲིད་ཞུ་འདོད་ཟེར། །ལྷོ་པ་རིན་པོ་ཆེས་ཀྱང་འོང་དགོས་གསུངས། །ང་རང་མཚམས་ནི་གྲོལ་བའི་དུས་བབ་ཀྱང་། །སྤྲུལ་


CMR003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མལ་འདིར་སྐུ་མཚམས་ལ་བཞག་ནས། །མཚམས་བརྒྱག་ཕུལ་ཞིང་སྐབས་སུ་ང་རང་ཡང་། །སྔར་མུས་མཉམ་དུ་མཚམས་ལ་འདུག་པ་ཞིག །ལོང་གར་བྱེད་རྒྱུ་བྱུང་ན་ལེགས་སྙམ་ཡང་། །སྤྲུལ་སྐུ་ལོ་གསུམ་མཚམས་ཀྱི་དུས་ཐེམས་ནས། །ཆབ་མདོར་འབྱོན་ནས་རབ་བྱུང་བསྒྲུབ་དགོས་ཟེར། །དེ་ལྟར་བྱས་ན་སྐུ་ཚེའི་བར་ཆད་འཇུག །དུས་མིན་འདས་ན་གནས་གཏེར་ཐམས་ཅད་ལུས། །ནད་མུག་མཚོན་གྱིས་མི་ཐོག་འབུད་ཟེར་བའི། །གཏེར་ཁ་མང་པོར་ལུང་བསྟན་མཐུན་པར་སྣང་། །ཆབ་མདོས་སྤྲུལ་སྐུ་མ་བཏང་ཚག་གྱིས་ཟེར། །སྤྲུལ་སྐུས་ང་ནི་མ་བཏང་འདིར་བཞག་ན། །དབང་མེད་འཁྱེར་ཞིང་འཆི་གསུང་སྤྱན་ཆབ་བསིལ། །དེ་ནས་འབུལ་བ་བྱས་ནས་ཡབ་སར་བརྫོངས། །བདག་ཀྱང་མཚམས་གྲོལ་དབང་ཁྲིད་སྤེལ་མ་བཙུགས། །ཁྲིད་ཕྲུག་སྟོང་ཕྲག་ལྷག་ཙམ་ཡོད་པ་དང་། །ཁྲོམ་ནི་སྟོང་ཕྲག་གསུམ་བཞི་ཙམ་རེ་འཚོགས། །དེ་སྐབས་ཆབ་མདོའི་མི་སྣ་རྣམས་བྱུང་བར། །ལུང་བསྟན་གཏད་ནས་ལོ་རྒྱུས་ཞིབ་ཏུ་ཞུས། །ཅེས་ཀྱང་སྤྲུལ་སྐུ་ཆབ་མདོར་ཕེབས་དགོས་ཟེར། །མཆེད་ཡའི་སྐྲ་ཕུད་ཕུལ་དང་རྒྱུ་བཏང་དང་། །ས་ཞིང་ཕྱག་ཏུ་ཕུལ་བ་ལ་


CMR003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །ཇི་ལྟར་ཚད་ཀྱང་ཞུ་འབུལ་མ་ཕོད་ནས། །སྤྲུལ་སྐུ་ཞང་པོའི་ཡུལ་དུ་ཕེབས་དགོས་བྱུང་། །གནས་སྒོ་འདི་ཡང་གཏེར་གྱི་རིགས་སུ་རྟོགས། །འཚུབ་དང་སློང་ཆ་ཤིན་ཏུ་ཆེ་བ་སྟེ། །པདྨ་བཀའ་ཡི་ཐང་ཡིག་ཆེན་པོ་ལས། །གཏེར་ཆོས་འདི་རྣམས་ཤིན་ཏུ་གཉན་པ་སྟེ། །དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ། །ཐབས་ལ་མཁས་ན་ནོར་བུ་ལོན་པས་འཚེངས། །ཐེབས་མ་མཁས་ན་སྦྲུལ་གྱིས་འཆི་བར་བྱེད། །དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུང་། །ཕུང་འཚེངས་ནུས་པ་རིན་ཆེན་ས་ཡི་གཏེར། །མི་ཞེས་རི་མགོ་གང་མཐོའི་ཉི་མ་ཡིན། །བློ་གཏད་ཁེལ་བ་སུ་ལའང་མེད་གསུངས་ལྟར། །སློབ་མོ་བླ་མཚན་བསྐོས་ནས་བཏང་བ་དང་། །གཟིམས་གཡོག་བསྐོས་པའི་དད་ལྡན་སློབ་མ་ཡང་། །སྤྲུལ་སྐུ་བསྐྱུར་ནས་ཡུལ་ཕྱོགས་གཞན་དུ་ཤག །རྫོང་གཞིས་ཀ་ཆ་ཆབ་མདོའི་ཕྱག་ཐིལ་མནན། །རྗེས་ན་དམག་དང་སོག་པོས་འདེགས་ཟེར་བསྡིག །ཁུ་བོ་མཆེད་ཡ་ལ་སོགས་བསྙུང་པ་དང་། །འཇིགས་སྐག་འོ་བརྒྱལ་ཤིན་ཏུ་ཆེ་བའི་སྐབས། །བདག་གི་ཉམས་དང་རྨི་ལམ་འདྲེས་པའི་སྐབས། །སྐྱེས་ཕྲན་དར་མ་བཞིན་མདངས་བཟང་བ་གཅིག །དགའ་ཞིང་དགོད་ཅིང་ང་ཡི་


CMR003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་བྱུང་། །ད་ནི་སྤྲུལ་སྐུས་གྲུབ་རྟགས་བཞག་སོང་བས། །སྐྱོན་ནི་འོང་ལེ་མེད་ཟེར་གཏམ་སྙན་བསྐྱལ། །རྨི་ལམ་སྤྲུལ་སྐུས་རིགས་ལྔའི་ཅོད་པན་གསོལ། །ཞི་ཁྲོའི་དཀྱིལ་འཁོར་ནང་དུ་ཞུགས་པ་རྨིས། །དེ་དུས་གནས་སྒོ་ཕྱེས་པའི་རྟགས་སུ་སྣང་། །དེ་ལ་སྤྱིར་ནི་གནས་ཀྱི་བྱུང་ཁུངས་དང་། །བྱེ་བྲག་སོ་སོའི་གནས་སྒོ་ཕྱེས་ཚུལ་ལོ། །དང་པོ་ཕྱི་སྣོད་འཇིག་རྟེན་ཆགས་པ་ཡང་། །ཕྱི་པའི་ལུགས་ལ་དབང་ཕྱུག་ཆེན་པོས་བྱས། །དེ་ཕྱིར་འཇིག་རྟེན་མྱེས་པོ་ཞེས་སུ་གྲགས། །དེ་ཕྱིར་གནས་ཆེན་གནས་ཕྲན་ཐམས་ཅད་ནི། །ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གནས་ཡིན་པས། །དེ་རུ་ཤ་ཁྲག་ལ་སོགས་མཆོད་བྱས་ན། །ཚེ་འདིར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྦྱིན། །ཕྱི་མ་བདེ་སྐྱིད་གནས་སུ་ཁྲིད་དོ་ཟེར། །ནང་པར་ཐེག་པ་ཐུན་མོང་ལུགས་ལ་ནི། །སེམས་ཅན་སྤྱི་མཐུན་ལས་ཀྱིས་འཇིག་རྟེན་གྲུབ། །རྡོ་རྗེ་གདན་དུ་སངས་རྒྱས་སྟོང་འབྱོན་པས། །རྡོ་རྗེའི་ས་གཞི་ཡིན་པས་བྱིན་རླབས་ཆེ། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །བྱོན་དང་བཞུགས་ཡུལ་བྱིན་རླབས་ཡོད་པར་མཉམ། །བོད་དུའང་གནས་ཆེན་ཡོད་པར་བཞེད་པ་སྟེ། །འདུལ་


CMR003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལུང་ལས་དགེ་སློང་དག །འདི་ནས་བྱང་ཕྱོགས་ཁ་བ་ཅན་དུ་ས་རྡོ་བེམ་པོས་ཀྱང་འགྲོ་བའི་དོན་བྱེད་པ་ཡོད་དོ། །ཞེས་གསུངས་སོ། །འཁོར་ལོ་སྡོམ་པའི་རྒྱུད་ཀྱི་བཤད་སྲོལ་ལ། །དང་པོ་འཇིག་རྟེན་འདི་ནི་ཆགས་པ་ན། །དབང་ཕྱུག་སྤྲུལ་པ་དྲག་པོ་འཇིགས་བྱེད་དང་། །ཨུ་མའི་སྤྲུལ་པ་དུས་མཚན་དམར་མོ་ཡིས། །རྒྱ་གར་རྡོ་རྗེ་གདན་ནི་བདག་ཏུ་བཟུང་། །སྤྲུལ་པ་དྲག་པོ་ཉི་ཤུ་རྩ་བཞི་དང་། །དྲག་པོ་ཉི་ཤུ་རྩ་བཞིར་སྤྲུལ་ནས་ཀྱང་། །ཡུལ་ནི་ཆེན་པོ་ཉི་ཤུ་རྩ་བཞི་ཡི། །གནས་ཆེན་སུམ་ཅུ་སོ་གཉིས་བདག་ཏུ་བཟུང་། །དེ་དག་རྣམས་ཀྱི་སྤྲུལ་པ་ཡང་སྤྲུལ་གྱིས། །གནས་འདྲ་གནས་ལག་གནས་ཕྲན་བདག་ཏུ་བཟུང་། །དབང་ཕྱུག་ཆེན་པོའི་རྒྱུད་དང་སྒྲུབ་ཐབས་བཤད། །འཛམ་གླིང་ཐམས་ཅད་མུ་སྟེགས་ལམ་དུ་བཀོད། །དེ་ཚེ་འོག་མིན་འཐུག་པོ་བཀོད་པ་ནས། །སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་ཡིས། །བཅོམ་ལྡན་འཁོར་ལོ་སྡོམ་པའི་སྐུ་རུ་སྤྲུལ། །བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ་རུ་སྤྲུལ། །བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི་ཡིས། །དཔའ་བོ་ཉི་ཤུ་རྩ་བཞིའི་སྐུ་རུ་སྤྲུལ། །བྱང་ཆུབ་སེམས་མ་ཉི་ཤུ་རྩ་


CMR003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིས། །དཔའ་མོ་ཉི་ཤུ་རྩ་བཞིར་སྐུ་སྤྲུལ་ནས། །བདེ་མཆོག་དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་གཅིག །འོག་མིན་གནས་ནས་འཛམ་གླིང་འདིར་བྱོན་ཏེ། །གཙོ་བོ་བདེ་མཆོག་ཡབ་ཡུམ་ཞབས་འོག་ཏུ། །དྲག་པོ་འཇིགས་བྱེད་དུས་མཚན་གཉིས་མནན་ཏེ། །དེ་བཞིན་དཔའ་བོ་དཔའ་མོ་ཉེར་བཞི་ཡིས། །དྲག་པོ་དྲག་མོ་ཉེར་བཞི་མནན་མཛད་དེ། །བེམ་དང་ལོངས་སྤྱོད་བདག་པོའི་ཚུལ་གྱིས་ནི། །དབང་ཕྱུག་ཡབ་ཡུམ་གནས་ཆེན་གནས་ཕྲན་ཀུན། །བདེ་མཆོག་ཡབ་ཡུམ་གནས་སུ་བྱིན་གྱིས་བརླབས། །དེ་ནས་སྤྲུལ་པ་དེ་རྣམས་མ་བསྡུས་པར། །བདེ་མཆོག་ཡབ་ཡུམ་ལྷ་ཚོགས་དེ་རྣམས་ནི། །འཛམ་བུའི་གླིང་གི་གནས་ཆེན་གནས་ཕྲན་ལ། །ད་ལྟ་དངོས་སུ་བཞུགས་ཕྱིར་བྱིན་རླབས་ཆེ། །དེ་ཕྱིར་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ། །གནས་དེར་བསྒྲུབས་ན་དངོས་གྲུབ་མྱུར་དུ་འཐོབ། །གང་དུ་དབང་ཕྱུག་ཆེན་པོའི་ལིང་ག་དང་། །ཨུ་མའི་མཚན་མ་རང་བྱོན་གར་ཡོད་དེ། །དབང་ཕྱུག་ཡབ་ཡུམ་གཉིས་ཀྱི་གནས་ཡིན་ཏེ། །དབང་ཕྱུག་ཨུ་མ་གང་དུ་ཡོད་པ་དེ། །བདེ་མཆོག་ཕག་མོའི་གནས་ནི་ཡིན་པར་བཤད། །དེ་བཞིན་ཡེ་ཤེས་མགོན་པོ་ཕྱག་བཞི་


CMR003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྒྱུད་ཆེན་ཁྲག་མཚོ་ཁོལ་མ་ཞེས་བྱ་ནས། །འཛམ་བུའི་གླིང་གི་གནས་ནི་དེ་རྣམས་སུ། །མགོན་པོ་རྣམས་དང་དཔལ་ལྡན་ལྷ་མོ་ཡི། །སྐུ་ནི་རང་བྱོན་ཡོད་ཅིང་དེ་རྣམས་ནི། །རྒྱལ་ཆེན་སྡེ་བཞིའི་སྐྱོང་བར་བྱེད་ཅེས་གསུངས། །སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་རྙིང་མ་ཡི། །རྒྱུད་དང་རྒྱ་གཞུང་ཚད་ལྡན་མང་པོ་ནས། །འོད་སྲུང་བསྟན་གཞུག་ཐུབ་པ་མ་བྱོན་སྐབས། །བདུད་པོ་རུ་ཏྲ་ཐར་པ་ནག་པོ་དེས། །འཛམ་གླིང་དྲེགས་པ་ལྷ་སྲིན་བྲན་དུ་བཀོལ། །གནས་ཆེན་གནས་ཕྲན་བདག་པོའི་ཞིང་སྐྱོང་དང་། །འཇིག་རྟེན་དཔའ་བོ་མཁའ་འགྲོ་འཁོར་དུ་གྱུར། །གནས་ཆེན་གནས་ཕྲན་ཁོ་ཡིས་བདག་ཏུ་བཟུང་། །དེ་ཚེ་རྟ་མགྲིན་དང་ནི་ཕག་མོ་ཡིས། །བདུད་པོ་རུ་ཏྲ་བདུད་མོ་ཀྲོ་ཏི་མ། །དམ་ལ་བཏགས་ཤིང་རུ་ཏྲས་བདག་བྱས་པའི། །གནས་ཆེན་གནས་ཕྲན་ཇི་རྙེད་ཡོད་པ་རྣམས། །རྟ་མགྲིན་ཕག་མོའི་གནས་སུ་བྱིན་བརླབས་པས། །རྟ་ཕག་ཡབ་ཡུམ་སྐུ་དང་ཕྱག་མཚན་ཡོད། །དབང་ཕྱུག་ཉེར་བརྒྱད་ལ་སོགས་འཁོར་རྣམས་ཀྱིས། །རང་རང་གནས་རྣམས་རྟ་ཕག་གཉིས་ལ་ཕུལ། །ཐམས་ཅད་རྟ་ཕག་གནས་སུ་བྱིན་རླབས་ཚུལ། །ལུང་བསྟན་བཀའ་རྒྱ་སོགས་ནས་གསལ་


CMR003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །རྒྱལ་པོའི་བཀའ་ཆེམས་མ་ཎི་བཀའ་འབུམ་སོགས། །བོད་ཀྱི་ཆོས་འབྱུང་ཡིག་ཚང་མང་པོ་ནས། །ཤཱཀ་ཐུབ་མྱ་ངན་འདའ་བར་ཉེ་བ་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །སངས་རྒྱས་འོད་དཔག་མེད་ཀྱིས་བཀའ་བསྩལ་པ། །མི་མཇེད་འཛམ་བུའི་གླིང་དུ་བཅོམ་ལྡན་འདས། །ཤཱཀྱ་ཐུབ་པ་མྱ་ངན་འདའ་ཉེ་བས། །འཕགས་པ་སྤྱན་རས་གཟིགས་དབང་ཁྱེད་སོང་ལ། །མྱ་ངན་མི་འདའི་གསོལ་བ་ཐོབ་ཅིག་གསུངས། །གསེར་གྱི་མེ་ཏོག་པདྨ་སྟོང་ལྡན་བསྐུར། །སྤྱན་རས་གཟིགས་དབང་བྱོན་ནས་གསོལ་བཏབ་པས། །གདུལ་བྱ་རྫོགས་པས་མྱ་ངན་འདའ་འོ་གསུངས། །ད་དུང་བོད་ཡུལ་ཁ་བ་ཅན་གྱི་ལྗོངས། །ཞབས་ཀྱིས་མ་བཅགས་སྐུ་ཡིས་འོད་མ་ཁྱབ། །དེ་ཡི་དོན་དུ་བཞུགས་སུ་གསོལ་ཞུས་པས། །དེ་ནི་ང་ཡི་འདུལ་ཞིང་མ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་འདུལ་ཞིང་ཡིན། །ཁྱོད་ཀྱིས་ཐུལ་ཅིག་གསུངས་ནས་ཐུབ་པ་ཡི། །ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །བོད་ཡུལ་ཁ་བ་ཅན་གྱི་ཡུལ་དུ་སོང་། །འོད་དེས་གར་ཕོག་བོད་ཀྱི་རི་བྲག་ལ། །ཐུབ་པའི་སྐུ་དང་མཆོད་རྟེན་ཡིག་འབྲུ་བྱོན། །དེ་ནས་བྱང་ཆུབ་


CMR003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སྤྱན་རས་གཟིགས། །བདེ་བ་ཅན་དུ་བྱོན་ནས་ལོ་རྒྱུས་ཞུས། །དེ་ཚེ་འོད་དཔག་མེད་ཀྱིས་བཀའ་བསྩལ་པ། །ཐུབ་པས་གསུངས་ལྟར་བོད་ཡུལ་ཁ་བ་ཅིན། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་འདུལ་ཞིང་ཡིན། །དེ་ལྟར་ཁ་བའི་ལྗོངས་སུ་གྱུར་པ་ནི། །དེ་འོག་གྲང་དམྱལ་ཡོད་པས་དེ་གྲངས་དང་། །ཁ་བ་ཞུ་ནས་ས་ཆ་འབྱུང་བར་འགྱུར། །དེ་ན་མི་ཡི་འགྲོ་བ་སྤེལ་མཛོད་ལ། །རྒྱལ་པོར་སྤྲུལ་ནས་མི་ཆོས་སྟོན་པ་དང་། །དེ་ནས་རིམ་པར་ཆོས་ལ་ཚུད་མཛོད་ལ། །མཐར་ནི་ང་ཡི་གན་འདིར་ཁྲིད་ལ་ཤོག །ངས་ཀྱང་ཁྱོད་ཀྱི་འགྲོ་དོན་གྲོགས་བྱ་གསུངས། །ང་ལ་འབྲེལ་བ་ཆེར་བཞག་སེམས་ཅན་རྣམས། །ཁྱེད་ཀྱི་དྲུང་དུ་ཁྲིད་འོང་ཞུས་ནས་ཀྱང་། །ཐུགས་རྗེ་ཆེན་པོ་འཛམ་གླིང་འདིར་བྱོན་ནས། །ལྷོ་ཕྱོགས་པོ་ཊ་ལ་ཡི་རྩེར་བཞུགས་ནས། །བོད་དུ་ཞལ་གཟིགས་སྐུ་ལས་འོད་ཟེར་སྤྲོས། །བོད་ཁམས་འོག་ཏུ་གྲང་བའི་དམྱལ་བ་ནི། །ཟ་མ་ཏོག་ནི་ཁ་བཅད་འདྲ་བ་དེ། །ཚལ་པ་བཞི་རུ་བཀས་ཏེ་ཐམས་ཅད་དྲངས། །དེ་ནས་གངས་ཞུ་བོད་ཁམས་མཚོ་རུ་གྱུར། །དེ་ནས་འོད་ཟེར་སྤྲོས་ནས་བོད་ཡུལ་གྱི། །ས་གཞི་ཐམས་ཅད་བྱིན་གྱིས་བརླབས་པ་ཡིས། །མཚོ་ཤོང་


CMR003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་བྱུང་ཞིང་འོད་ཟེར་དེ། །གར་ཕོག་བྲག་ལ་སྐུ་དང་ཡིག་འབྲུ་དང་། །ཡིག་དྲུག་ལ་སོགས་རང་བྱོན་བྱུང་བའོ། །དེ་ནས་སྤྱན་རས་གཟིགས་དང་སྒྲོལ་མ་ཡི། །སྤྲུལ་པ་སྤྲེའུ་དང་ནི་བྲག་སྲིན་མོའི། །རྒྱུད་པ་མི་འཕེལ་གཉའ་ཁྲི་བཙད་པོ་སོགས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཡི། །རྒྱལ་པོ་རིམ་བྱོན་འཇིག་རྟེན་མི་ཆོས་བསླབས། །དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །བྷོ་དྷི་སཏྭ་ཨོ་རྒྱན་བི་མ་སོགས། །སྤྱན་དྲངས་ཆོས་བསྒྱུར་རབ་བྱུང་བཤད་སྒྲུབ་བཙུགས། །བསམ་ཡས་ལ་སོགས་གཙུག་ལག་བརྒྱ་རྩ་བརྒྱད། །མཐའ་འདུལ་ཡང་འདུལ་གཙུག་ལག་སྟོང་ཕྲག་བཞེངས། །དེ་ནས་ཨོ་རྒྱན་མ་འོངས་ལུང་བསྟན་གསུངས། །རྒྱལ་ཁྲིམས་མི་རྟོག་གཙུག་ལག་ཁང་རྣམས་ཀྱང་། །རིམ་པར་འཇིག་ཚུལ་མཐའ་དམག་འོང་ཚུལ་གསུངས། །རྒྱལ་པོ་བཤུམ་ཞིང་ཕྱག་འཚལ་མཎྜལ་ཕུལ། །བདག་གིས་བཞེངས་པའི་གཙུག་ལག་མི་རྟག་ན། །སྙིགས་མའི་སེམས་ཅན་ཚོགས་བསགས་སྒྲིབ་སྦྱང་རྟེན། །འཇིག་རྒྱུ་མེད་པའི་སྐུ་གསུང་ཐུགས་ཀྱི་རྟེན། །སློབ་དཔོན་ཐུགས་རྗེ་ཆེ་བས་གནང་དགོས་ཞུས། །ཨོ་རྒྱན་རྒྱལ་པོ་ཉིད་དང་རྗེ་འབངས་


CMR003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྤྲུལ་པ་དཔག་ཏུ་མེད་པ་དུས་གཅིག་སྤྲུལ། །གནས་ཆེན་གནས་ཕྲན་ཐམས་ཅད་བྱིན་གྱིས་བརླབས། །དེ་ཡང་སྔར་ནས་ཡོད་པའི་གནས་དེ་དག །བྱིན་རླབས་རབ་གནས་གནས་བདག་བཀའ་སྲུང་བསྐོས། །གནས་སྒོ་འབྱེད་པའི་སྐྱེས་བུ་ལུང་བསྟན་ནས། །གནས་དེའི་འགྲོ་དོན་དུས་ལ་བབ་པའི་ཚེ། །བཀའ་སྲུང་རྣམས་ཀྱིས་བཀའ་རྒྱ་བཀྲོལ་ལ་སྤྲོད། །དུས་ལ་མ་བབ་བར་དུ་སྲུངས་ཤིག་ཅེས། །བཀའ་བསྒོ་དམ་བཞག་མཛད་ཕྱིར་གནས་རྣམས་ནི། །གནས་སྒོ་འབྱེད་པའི་ལས་ཅན་ལུང་བསྟན་པ། །དེ་ཉིད་མ་བྱོན་བར་དུ་ཕལ་ཆེར་ནི། །ཕལ་པས་གནས་སུ་མི་ཤེས་སྦས་ཐབས་གནས། །ལ་ལས་ཤེས་ཤིང་གཟིགས་ཀྱང་སྟོན་པ་དང་། །ངོ་སྤྲོད་གནས་ཡིག་བྲི་སོགས་མི་རུང་ལ། །གལ་ཏེ་བྱས་ཀྱང་འགྲོ་དོན་མི་འབྱུང་ལ། །བདུད་སྤྲུལ་མིག་མཐོང་ཡོད་པ་ལ་ལ་ཡིས། །གནས་སྒོ་ཕྱེས་ནས་གནས་བདག་མི་དགའ་བས། །ཡུལ་ཕྱོགས་མི་དགེ་དུ་མ་འབྱུང་བར་གསུངས། །དེ་ཕྱིར་འབུམ་རྫོང་སྤོམ་ནེ་སྤྱི་འབྱམས་སོགས། །སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ན་ཡང་། །ལུང་བསྟན་མེད་ཅིང་དུས་ལ་མ་བབ་པས། །གནས་སྒོ་མ་ཕྱེས་དེ་གར་བཞག་པར་སྣང་། །


CMR003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་འདི་ཡིས་གནས་སྒོ་འབྱེད་པ་ཡང་། །ཨོ་རྒྱན་རྣམ་ཐར་དྲི་མེད་ཤེལ་ཕྲེང་ལས། །གནས་གཏེར་སྒོ་འབྱེད་ཇིང་འདུར་བཟློག །ང་ཉིད་དངོས་སྤྲུལ་མི་འགྱུར་རྡོ་རྗེ་གསུངས། །དེ་ཡང་སྤྲུལ་སྐུ་ཞང་པོའི་རུ་བོར་བཞུགས། །གདུང་མེ་རྩིབས་སུ་བཞུགས་ནུབ་རྣལ་ལམ་དུ། །དུང་མདོག་ཤོག་བུར་མཚལ་གྱིས་བྲིས་པ་ཡི། །འབུམ་རྫོང་གནས་ཡིག་ཕྱག་ཏུ་བབ་པ་གཟིགས། །ཕྱིར་ནངས་རི་དེ་སྤྱན་གྱིས་གཟིགས་མ་ཐག །དད་གུས་མོས་པ་དཔག་ཏུ་མེད་པ་སྐྱེས། །དེ་ནས་རུ་བ་འབུམ་རྫོང་ཐེག་པའི་ནུབ། །རྣལ་ལམ་ཌཀི་མཛེས་ཤིང་ཡིད་འོང་བ། །སྣ་ཚོགས་རྒྱན་གྱིས་རབ་ཏུ་བརྒྱན་པ་ཞིག །ང་ཡི་ཁང་པ་འདི་ནི་ཁྱེད་རང་གིས། །བདག་པོ་བྱེད་ནི་དགོས་པས་མྱུར་དུ་ཐེག །ཟེར་བས་ཕྱིར་ནངས་འགྲོ་དགོས་གསུངས་ན་ཡང་། །གྲོགས་རྣམས་འགྲོ་ཁས་མ་ཉན་དེ་ནུབ་ལ། །སྔར་ནུབ་བྱུང་བའི་བུད་མེད་དེ་བྱུང་ནས། །ང་ཡི་གཞིས་ཀ་ཁྱེད་ཀྱི་བདག་དགོས་པས། །ནངས་པར་ཤོག་དང་ང་ཡིས་བསུ་ཟེར་ནས། །བྲག་ལ་ཐིམ་པ་རྨིས་པས་ཕྱིར་ནངས་ལ། །ཁྱོད་རྣམས་འགྲོ་ན་ད་ནངས་ལ་འུར་འགྲོ། །མི་འགྲོ་ན་ཡང་ང་རང་འགྲོ་བས་ཆོག །ང་ནི་རྨ་སེའི་སྒྲུབ་ཕུག་


CMR003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་འགྲོ་གསུངས། །དེ་ནས་པདྨ་སེང་གེ་དང་ནི་གཉིས། །བྱོན་ནས་འབུམ་རྫོང་གནས་སྒོ་གསར་དུ་ཕྱེས། །རང་བྱོན་ཡ་ཟུང་ཀྱང་ནི་ངོ་སྤྲད་ནས། །ཕུག་པའི་ཕྱེད་ཙམ་ཞིག་ཏུ་ཕེབས་མ་ཐག །ཨོ་རྒྱན་ཆེན་པོ་སྤྲུལ་སྐུའི་ཆ་ལུགས་ལ། །ཕྱག་ན་སྒྲོམ་བུ་གཅིག་ནི་བསྣམས་པ་ཡི། །སྒྲོམ་བུའི་ཕྱོགས་བཞིར་འཇའ་གུར་བཞི་ཡི་ནང་། །སྐྱོན་མེད་ཟེར་བའི་ཡི་གེ་གསལ་བ་ཞིག །མངོན་སུམ་མཇལ་ཏེ་ཨོ་རྒྱན་རིན་པོ་ཆེ། །ཕུག་པ་དེ་ལ་ཐིམ་པར་གྱུར་མ་ཐག །རང་བྱོན་རྣམས་ནི་གར་ཡོད་གང་ཡིན་དང་། །ཞབས་རྗེས་རྣམས་ནི་གང་གི་ཡིན་པ་དང་། །གནས་འདི་གཙོ་ཆེར་གང་གི་གནས་ཡིན་དང་། །བསྐོར་བའི་ཕན་ཡོན་བཅས་པ་ཐམས་ཅད་ནི། །སྤྲུལ་སྐུ་ཉིད་ཀྱི་ཐུགས་ལ་བཀྲ་ལམ་བྱུང་། །སྐྱོན་མེད་ཟེར་བའི་ཡི་གེ་དེ་ཉིད་ནི། །ཆབ་མདོས་བཀའ་བཀྱོན་སྐྲག་འཇིགས་ཆེ་སྐབས་ཏེ། །ཁམ་ཆུ་དུམ་པའི་ལུང་བསྟན་ཡིན་པར་སྣང་། །དེ་ནས་ཟླ་རྒྱུད་རྨ་བྱ་ཡོངས་རྫོང་ཕེབས། །བྲག་རྩར་ཨོ་རྒྱན་གསལ་པོ་མི་ཙམ་མཇལ། །བྲག་ཕུག་སྒོ་དེར་གྱོང་ར་གཅིག་འདུག་པས། །སྔར་གྱི་དགོན་རྙིང་རྒྱལ་འགོང་གནས་པ་ཡིས། །ཆིབས་པ་ན་སོགས་རྩུབ་པར་བྱུང་བ་ཡིས། །བགེགས་


CMR003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་དྲག་ཏུ་མཛད་པས་དེ་མ་ཐག །གྱང་ར་འགྱིལ་ནས་གཤིས་དེར་ལྷུང་ངོ་སྐད། །དེ་རྗེས་འབུམ་རྫོང་ཕེབས་ནས་གནས་ཡིག་རྣམས། །ཐོ་རམ་པ་ཅིག་ཡི་གེར་ཕབ་པའི་དུས། །ཕུག་པའི་ཕུག་དེར་རྣམ་སྲས་ཞལ་གཟིགས་ཏེ། །དཔལ་ལྡན་མགོན་པོའི་རྒྱུད་ལས་གསུངས་པ་ལྟར། །གནས་དང་རང་བྱོན་རྣམས་ནི་རྒྱལ་ཆེན་བཞིས། །སྐྱོང་བར་བཤད་པའི་དོན་དང་མཐུན་པར་སྣང་། །དེ་རུ་ཞག་གསུམ་བླ་མའི་རྣལ་འབྱོར་གྱི། །ཆོས་ལུང་མཛད་ཚེ་པུ་རུའི་བྲག་རྩེ་ནས། །མཁའ་འགྲོ་མང་པོས་རྒྱལ་མཚན་ཕྱར་བ་གཟིགས། །ཆབ་མདོ་བ་དང་ཞུ་གནང་ཁ་མཆུ་འགྲིགས། །རང་ཡུལ་ཕེབས་ཆད་ལ་སོགས་གཏམ་ན་ཡང་། །སྤྲུལ་སྐུ་མི་ཕེབས་དོགས་ཚེ་རྨི་ལམ་ན། །ཕེབས་པར་ཡོད་ཅེས་ལུང་བསྟན་སྟེང་དུ་བབ། །ཕེབས་ནས་ཀ་ཚ་རྫོང་བཅས་རང་ལག་སྤྱད། །དེ་ནས་ཨ་མྱེ་ཨ་ནུ་རྣམ་སྲས་ཀྱིས། །གདན་དྲངས་རྨོ་སྟོད་ས་ཆར་བཞུགས་པ་ཡི། །ཨ་མྱེའི་སྦྲ་དང་སྤྲུལ་སྐུའི་གཟིམ་གུར་གཉིས། །འཇའ་ཚོན་དག་གིས་འབྲེལ་བ་མི་འགས་མཐོང་། །ཅིས་ཀྱང་འདྲབ་རྒྱལ་རྩེ་ལ་འགྲོ་གསུངས་བྱོན། །བསང་བཏང་བཞུགས་པས་བན་དེ་ཁྱི་ཞོན་པ། །གཅིག་


CMR003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་འདེད་པའི་ཚུལ་གྱིས་ཕར་བྱོན་པས། །བན་དེ་མ་གི་རི་ལ་ཐིམ་པར་གྱུར། །ནམ་མཁར་ཉི་ཟླ་སྐར་གསུམ་འཛོམས་པ་དང་། །ཚེ་དཔག་མེད་དང་ཐུགས་རྗེ་ཆེན་པོ་དང་། །རྒྱལ་བ་བྱམས་པ་དངོས་སུ་ཞལ་གཟིགས་སོ། །གནས་སྒོའི་ཕུག་པར་བཞུགས་པའི་རྐྱ་མི་ཞིག །ང་ཡི་གནས་འདི་ཁྱེད་ལ་གཏད་དགོས་ཏེ། །ང་ནི་གྲུབ་པའི་རྒྱལ་མོའི་གཡོག་པོ་ཡིན། །ཟེར་བས་གནས་ཡིག་ཐམས་ཅད་ཐུགས་ལ་ཤར། །བྲག་ལོགས་རི་དྭགས་པ་འདྲ་མ་གཏོགས་པ། །མི་གཞན་ཐར་བར་ཤིན་ཏུ་དཀའ་བ་ལས། །སྤྲུལ་སྐུ་འབྱོན་ལ་ཐོགས་པ་མེད་འདྲ་ཞིང་། །གྲོགས་རྣམས་ཀྱང་ནི་ཉེ་ཞོ་མེད་པར་ཐར། །གྲུབ་པའི་རྒྱལ་མོའི་གནས་སུ་ངོས་བཟུང་ནས། །རང་བྱོན་ཐམས་ཅད་ངོ་སྤྲད་མཛད་པ་ཡང་། །དང་པོ་ཡོད་ཚུལ་ཕུག་པའི་སྒོ་ནས་གསུངས། །དེ་ནས་བྱོན་ནས་རེ་རེ་ངོ་སྤྱད་ཅིང་། །དེ་ནས་དེ་ཉིད་ཡི་གེར་བྲི་བ་སོགས། །དེ་དུས་ཡོད་རྣམས་ངེས་ཤེས་འདྲོངས་བ་དང་། །ཚ་ཚ་བརྒྱད་དང་ཉི་ཟླ་ཞབས་རྗེས་སོགས། །གསལ་ཞིང་ངེས་ཤེས་འདྲོང་བ་འགའ་འདུག་གོ །ད་རུང་འདི་ནས་ཕྱེ་རྒྱུ་འགའ་ཡོད་དེ། །དུས་ལ་མ་བབ་རིམ་པས་ཕྱེ་དགོས་གསུངས། །དེ་རྗེས་བདག་ཀྱང་གནས་དེར་


CMR003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ་ཡིས། །གྲྭ་པ་འགའ་རེས་ཕུག་པ་གཞན་ཞིག་ན། །རྡོ་རྗེ་གྲོ་ལོད་སྐུ་རྗེས་ལ་སོགས་པ། །ངོ་མཚར་མཐོང་ནས་གཞན་ལ་སྟོན་བསམ་ཚེ། །གར་བྱུང་མེད་ཅིང་འཕེན་མཁན་མེད་པ་ལ། །རྡོ་ནི་ཁུ་ཚུར་ཙམ་ཞིག་གཞིར་སྒྲར་བཅས། །འཕངས་བྱུང་མགོ་ནི་བཅག་ལ་ཁད་བྱས་པས། །སུ་ལ་སྟོན་སོགས་མ་ཕོད་ཟེར་བ་ནི། །སྤྲུལ་སྐུའི་གསུངས་ལྟར་གནས་སྒོ་འགའ་ཡོད་དེ། །ད་དུང་དུས་ལ་མ་བབ་པ་རུ་གོ །དེ་ནས་སྤོམ་ནེའི་གནས་སྒོ་ཕྱེས་ཚུལ་ནི། །དབང་དྲག་རྒྱ་མཚོ་ཆབ་མདོའི་ཉེ་ལོགས་སུ། །འཁྲུངས་ཀྱང་བར་ཆད་དབང་གིས་ཞིང་བརྗེས་ནས། །ཟངས་མདོག་དཔལ་རིའི་གནས་སུ་བྱོན་པའི་ཚེ། །ཨོ་རྒྱན་ཆེན་པོས་དབང་བསྐུར་ལུང་བསྟན་ནས། །སྤོམ་ནེ་བྲག་རིའི་གནས་སྒོ་ཁྱོད་ཀྱིས་ཕྱེས། །རེམ་རེམ་གསུངས་ནས་ཕྱག་མཛུབ་ལ་འཇུས་པ། །སྤྲུལ་སྐུ་ཉིད་ཀྱིས་གསལ་བར་དྲན་འདུག་ཅིང་། །གནས་སྒོ་ཡོད་རབས་རང་བྱོན་མང་ཡོད་པ། །སྔར་ནས་ཡང་ཡང་གསུངས་པའི་དུས་བབ་སྟེ། །དེ་རུ་ཐེག་སྟེ་ཕུག་པའི་སྣ་ལུང་དུ། །ཡུད་ཙམ་བཞུགས་སྐབས་མི་ནག་རྔ་མོའི་མགོ །གཅིག་བྱུང་དེད་པས་དེ་ནས་མེད་སོང་ངོ་། །འདི་སྐབས་བདག་ནི་


CMR003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྨོ་སྟོད་ཞག་པའི་ནུབ། །སྤྲུལ་སྐུ་ཞི་ཁྲོའི་དཀྱིལ་འཁོར་དབུས་བཞུགས་ནས། །མི་མང་འགའ་ལ་ལྷ་ངོ་སྤྲད་པ་རྨིས། །གནས་སྒོ་བར་ཆད་མེད་པར་ཕྱེད་པར་གོ །དེ་ནས་གནས་སྒོར་བསང་བཏང་གནས་སྒོ་ཕྱེས། །མཆོད་རྟེན་ལ་སོགས་རང་བྱོན་མང་དུ་བསྟན། །ཕུག་པའི་དཀྱིལ་དུ་ཨོ་རྒྱན་རིན་པོ་ཆེ། །པད་ཞྭ་མཐིང་ག་ཅན་ཞིག་ཞལ་གཟིགས་སོ། །རྣལ་ལམ་མི་མང་པད་མེའི་དབྱངས་གྱེར་ཞིང་། །ཚང་སར་ནང་ནས་གདན་འདྲེན་འོང་བན་ཟེར། །དེ་ཕྱོགས་ལྷ་འདྲེས་གདན་འདྲེན་ཡིན་ནམ་སེམས། །ཕྱིར་ནངས་ཚང་སར་མི་སྣ་བཅུ་ཙམ་བྱུང་། །དེ་ནས་བསྐོར་ལམ་ཕྱེས་ནས་བྱོན་པ་ན། །པཎྜི་ཏ་གསུམ་སྒྲོག་གླེང་བྱེད་པར་གཟིགས། །རྗེ་འབངས་ཞིག་གིས་སྤྲུལ་པ་ཡིན་ནམ་གསུངས། །ལམ་དུ་ཀུན་བཟང་ཡབ་ཡུམ་སྤྲིན་ནང་དུ། །བཞུགས་པ་མངོན་སུམ་གསལ་པོར་ཞལ་གཟིགས་སོ། །དེ་ནས་ཇོ་མོ་སྨེ་དེལ་ཞག་འགར་བཞུགས། །དེ་ཕྱོགས་གཞི་བདག་ཆེ་ཕྲ་འགའ་རེ་ཡིས། །དངོས་ཉམས་རྨི་ལམ་སྲོག་སྔགས་ཕུལ་བ་བྱུང་། །དེ་ནས་འབྲུག་ཐོག་བཞུགས་ནུབ་གཟིམས་ལོ་ཁད། །འུར་སྒྲ་དང་བཅས་ཀླུ་ཞིག་སྣ་ཁྲིད་ནས། །གཞི་བདག་མང་པོ་གཤར་ནི་བྱུང་བ་རྣམས། །


CMR003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རྣམས་ལྕི་ཡི་གཞི་བདག་ཆེ་ཕྲ་མང་། །ལམ་ཞོར་ཁྱེད་ལ་མཇལ་བར་འོང་བ་ཡིན། །ཟེར་ནས་ཕྱག་ནི་དགུ་ཕྲུག་རེ་འཚལ་ཡལ། །དེ་ནས་གཟིམས་ཁང་དུ་ཕེབས་སྐུ་མཚམས་བཞུགས། །ལྷ་མོ་འོད་ཟེར་ཅན་མ་དམར་སེར་ནི། །ཕག་ལ་ཞོན་པ་གཅིག་གི་ཞལ་གཟིགས་སོ། །དེ་ནས་སྟོད་ཕྱོགས་ངོས་སུ་འབྱོན་ཁ་ཞིག །བདག་གིས་རྨི་ལམ་སྤྲུལ་སྐུའི་ལམ་འགགས་ནས། །རྟེན་ནི་ལི་མ་ངོ་མཚར་ཆེ་བ་ཞིག །བཏོན་པས་དགའ་ཞིང་ངོ་མཚར་སྐྱེས་པ་རྨིས། །ད་ལོ་སྟོད་ཕྱོགས་ངོས་ནས་ད་རུང་ཡང་། །གནས་སྒོ་ཕྱེ་བའི་རྟེན་འབྲེལ་ཡོད་དམ་ཞུས། །ཚེས་བཅུར་འབྱོན་པའི་སྐར་འཛིན་ཚེས་བཅུ་མཛད། །དེ་ཚེ་ཨོ་རྒྱན་ཆེན་པོ་དངོས་སུ་མཇལ། །འགྲོ་བའི་ལམ་དུ་ལྷ་འདྲེ་ངན་པ་ཞིག །འདུལ་རྒྱུ་ཡོད་པ་ད་རེས་མ་ཐུལ་ན། །གཏན་ནས་མི་ཐུལ་ཁྱད་པར་ད་ལོ་ནི། །བྲག་ནི་ཐང་སོ་འདྲ་བའི་ས་ཆ་དང་། །མཆོད་རྟེན་རྩ་བར་བར་ཆད་ཡོད་པ་སྟེ། །དེ་ལ་མ་སྐྱོན་བར་ཆད་མེད་དོ་གསུངས། །དེ་འདྲར་ཆིབས་བརྡབ་བསྙུངས་སོགས་བྱུང་བར་སྣང་། །དེ་ནས་ཐེག་ནས་ཟས་མདར་ཞག་གསུམ་བཞུགས། །དགུན་ཁ་ཡིན་ཀྱང་ནངས་སྔ་རི་མགོ་ནས། །ཁུ་བྱུག་ལན་གསུམ་གྲག་


CMR003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུམ་བཞིས་ཐོས། །དེ་ནས་བ་ཤིང་སྒར་དུ་བཞུགས་པའི་ནུབ། །ལུང་བསྟན་འདུལ་རྒྱུའི་ལྷ་འདྲེ་དེ་ཉིད་ནི། །གར་ཡོད་སྙམ་ཞིང་དམིགས་པ་གཏད་པའི་ཚེ། །གཡག་ཞོན་བྱ་ཤུན་བྱིལ་ཤུན་གོས་གྱོན་པ། །ཁ་སོ་བསྐོལ་ཞིང་ཁྱི་གཅིག་ཟད་ཅིང་བྱུང་། །སྤྲུལ་སྐུས་རྡོ་རྗེ་འཕངས་བས་གཡག་དེ་ཡི། །རྐང་པ་ཆག་སྟེ་ཁོ་ཡང་བྲོས་སོང་རྨིས། །དེ་ནས་ཡེལ་གྱི་གཞུང་ནས་ཕེབས་མ་ཐག །ར་ཁྲ་མ་ཡི་སོག་པོ་སྣ་དགུ་ཞེས། །ལྟས་ངན་ཐམས་ཅད་ཐུབ་པར་གྲག་པ་སྣང་། །དེ་ནས་རྒན་མོ་གཅིག་ལངས་ཙི་རད་བཅས། །ཐུར་ན་བྲོས་ཏེ་སོང་བ་གཟིགས་པར་གྱུར། །མཛོད་ཀྱི་ལྷ་ཁང་མདའ་དེར་བཞུགས་པའི་ནུབ། །འདུལ་རྒྱུའི་ལྷ་འདྲེ་དེ་ཉིད་བྱུང་བ་ལ། །གཡག་དེའི་རྐང་པ་དྲུད་ཅིང་འགྲོ་འདུག་པས། །ང་ཡི་གནས་འདིར་འདྲི་ནི་འོང་ལ་ཡོད། །ཕན་ཚུན་ལྷ་འདྲེ་རྣམས་ཀྱིས་བཀག་གྲོགས་གྱིས། །ཟེར་བའི་འབོད་པ་ཆེན་པོ་བཏང་ཐལ་བས། །ལྷ་འདྲེ་དཔག་ཏུ་མེད་པ་འདུས་བྱུང་བས། །བསྐྱེད་རིམ་བྱས་པས་དེ་དག་ཐམས་ཅད་ཀྱིས། །ཕྱག་ནི་གུམ་གུམ་འཚལ་ནས་བུད་སོང་བས། །མི་ནག་མདུང་ཁྱེར་གཅིག་གིས་ཨམ་གཙིགས་བསྡམས། །སྤྲུལ་སྐུ་རྡོ་རྗེ་གྲོ་ལོད་ཉིད་དུ་སྤྲུལ། །


CMR003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ཡི་སྐེ་ནས་བསྡུས་ཏེ་བྲག་ལ་བརྒྱབས། །ཁོ་ཡི་མདུང་དེ་ཆག་ཀྱང་ཨམ་གཙིགས་བསྡམས། །ཁོ་ཉིད་ཞབས་འོག་མནན་པས་སྐད་ངན་ཤོར། །ཅི་གསུང་བཀའ་དེ་ད་ནས་མི་བསྒྲུབ་རེ། །བདུད་རྒྱལ་རེ་སྡེ་མགོ་ཉག་དཔང་ཟེར་ནས། །སྲོག་གི་སྙིང་པོ་ཕུལ་ཞིང་དམ་ལ་བཏགས། །དེ་ནས་བྲག་ནི་ལྷ་ཁང་མ་ཞེས་པ། །མཛོད་ཅེས་བྱ་བ་སྔར་ནས་གནས་སྒོ་དང་། །གཏེར་སྒོ་ཡོད་ཅེས་གྲགས་པ་དེ་ཉིད་དུ། །ཀུན་གྱིས་འབྱོན་དགོས་ཟེར་ནས་བྱོན་པ་ན། །སྤྲུལ་སྐུས་རྟེན་འབྲེལ་མ་འགྲིགས་མི་འབྱོན་གསུངས། །འདི་མིན་གནས་སྒོ་ཡོད་པ་མ་ཐོས་པས། །འབྱོན་དགོས་ཞུས་ནས་ནན་གྱིས་བྱོན་པ་ན། །ལ་འཚུབ་ཁ་བ་ལྷག་པས་མ་ཐར་རོ། །དུས་ཕྱིས་འབྲི་གུང་ཞབས་དྲུང་རྣམ་པར་མཐོང་། །འབྲི་གུང་ཞབས་དྲུང་དེ་རུ་ཕེབས་པ་ན། །ཨོ་རྒྱན་ཐེའུ་རང་དམ་ལ་བཏགས་པའི་གནས། །ནམ་མཁའ་མཛོད་ཀྱི་བྲག་ཕུག་དེ་ཡིན་ཞིང་། །དེ་རུ་གནས་སྒོ་གཏེར་སྒོ་འདུག་པ་ནི། །མ་འོངས་པ་ན་ཞབས་དྲུང་ཁོ་རང་གིས། །སྐྱེས་རྒྱུད་གཅིག་གིས་དབང་བར་གསུང་འདུག་གོ །དེ་ནས་འདུལ་རྒྱུའི་ལྷ་འདྲེ་གར་ཡོད་སྙམ། །ཆུ་འཛུལ་འགག་ཁར་ཁོ་ཡི་གཡག་དེ་སྣང་། །བྲོས་


CMR003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡ་ཀིའི་བྲག་ལ་ཐིམ་ནས་སོང་། །བྲག་རྩར་བྱོན་པས་ཁོ་རང་ཁྱི་དམར་སྤྲུལ། །ཚེར་ཕུང་ཁ་གང་ཟོས་སོང་དམིགས་པས་གཟིར། །གནམ་ས་ལོག་ལྟར་ནག་དང་ཐོམ་མེ་བྱུང་། །དམིགས་པ་གཟིར་བས་བྲོས་ས་མ་རྙེད་ནས། །གཟུགས་དངོས་བསྟན་ནས་སྲོག་གི་སྙིང་པོ་ཕུལ། །ཡེལ་ཕུག་བན་དེ་འགའ་ལ་ཟུར་ཙམ་གསུངས། །དེ་ནས་ཕ་བོང་ཆེན་པོ་གཅིག་ཡོད་པས། །དེ་ཉིད་མཐོང་སར་ནོར་ཕྱུགས་གར་སོང་ཤི། །དར་དེ་ཆག་པར་སྔགས་ནས་མཛེ་མར་ཡོད། །ཟེར་ཞིང་ཐམས་ཅད་དགའ་ཞིང་ཡི་རང་ཕུལ། །ཡེལ་ཕུག་ཕེབས་ཉིན་ཉི་མས་འཇའ་གུར་ཕུབ། །རི་སྐོར་ཕེབས་པར་ཨོ་རྒྱན་རིན་པོ་ཆེ། །སྐུ་ནི་ཆུང་དུ་ཡོད་པ་གཅིག་ཞལ་གཟིགས། །སྔར་ནི་སུ་ལའང་མཐོང་ཐོས་མེད་པ་ཡི། །ཞབས་རྗེས་ཡ་ཟུང་བཏོན་ནས་ངོ་སྤྲད་པས། །བན་དེ་རྣམས་ཀྱང་མི་ཕྱེད་དད་པ་ཐོབ། །ཞབས་རྗེས་གཏེར་ནས་བཏོན་ཟེར་གྲགས་པ་བྱུང་། །དེ་ནས་སེང་གེ་གནམ་རྫོང་མཇལ་དུ་སོང་། །རྫུ་ནང་བན་དེ་དམར་ཅན་དེ་དང་འཕྲད། །ཕྱག་གིས་རྦབ་ནི་བསྒྲིལ་ཞིང་དེད་པས་ཡལ། །སྔར་དུ་སྒྲུབ་གནས་ཁུངས་ཆེན་ཡིན་ན་ཡང་། །དུས་ཕྱིས་དེ་རུ་སུ་བསྡད་ན་བ་སོགས། །རྩུབ་སློང་བྱུང་རིབ་ལོ་


CMR003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་ཕྱིས་སུ་ཐོས། །སྤྲུལ་སྐུ་བྱོན་པས་གདོན་དེ་བྲོས་སོ་སྙམ། །དེ་ནས་གཞན་ལ་རྣ་ཐོས་མེད་པ་ལ། །ནམ་རུ་བར་མར་བྱོན་ནས་གནས་སྒོ་ཕྱེས། །ཁྲག་སྒོར་མི་དམར་རྟ་དམར་ཅན་ཞིག་དང་། །དོམ་གཅིག་སྒོ་ཁྱི་བཞིན་དུ་འཐེན་ཅིང་འདུག །སྤྲུལ་སྐུ་ཉིད་ཀྱང་རེ་ཞིག་འཇིགས་སྐྲག་སྐྱེས། །རིག་པ་ངར་བསྐྱེད་དོམ་དེའི་སྟེང་དུ་མཆོངས། །དེ་ནས་མི་སྣང་ཞིབ་ཏུ་གནས་ངོ་སྤྲད། །དེ་རྗེས་དེར་ཕེབས་མི་ཆེན་ཁྲམ་སོགས་ཁྲིད། །ཐམས་ཅད་ཐར་དཀའ་འཇིགས་ཤིང་སྐྲག་ན་ཡང་། །ཉེ་ཞོ་མེད་པར་གནས་རྣམས་ངོ་སྤྲད་དེ། །ཕུག་པའི་ཕུག་ཏུ་ཨོ་རྒྱན་ཡུན་རིང་མཇལ། །ཐམས་ཅད་དེ་རུ་སྡོད་ལ་སྨོན་ལམ་ཐོབ། །གསུངས་ནས་བཛྲ་གུ་རུ་བསྐུལ་འདོན་མཛད། །ཨོ་རྒྱན་ཕྱག་གཉིས་མཐེ་བོང་བསླངས་མཛད་དེ། །ནུབ་ཀྱི་ཕྱོགས་སུ་ཕྱག་མཛུབ་གཏད་ནས་ཡལ། །དེ་ནས་བསྐོར་ལམ་ཕྱེས་ནས་བྱོན་པའི་ཚེ། །སེང་གེ་སྒྲ་སྒྲོག་སེང་གེ་ཆིབས་པ་མཇལ། །དེ་ནས་དཔལ་ཆེན་སྒྲ་ལོའི་སྒྲུབ་གནས་མཆོག །ར་ས་རྫོང་མགོར་གཏེར་མགོན་གསོལ་ཁ་མཛད། །མཚན་མོ་ཉི་མ་ཤར་ནས་འོང་སྣང་བྱུང་། །གནས་དེའི་ཞལ་གཟིགས་མང་པོ་ངོ་སྤྲད་དོ། །དེ་ནས་རྟ་རྣར་ཕེབས་


CMR003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཉི་མ་ལ། །འཇའ་གུར་མེ་ཏོག་རྣམ་པ་དོད་པར་ཤར། །ཡེལ་བའི་སྐུ་འདྲ་གསུང་བྱོན་མ་དེ་ལ། །མེ་ནི་ཅུང་ཟད་འབར་བ་གཟིགས་པར་གྱུར། །ཕེབས་ལམ་བན་དེ་ཞྭ་སེར་ཅན་ཞིག་འདུག །བྲོས་ནས་མཚོ་ཡི་ནང་དུ་སོང་བ་གཟིགས། །དེ་ནས་ར་ས་དཀར་འབེལ་གནས་སྒོར་ཕེབས། །ཤིན་ཏུ་ཐར་བར་དཀའ་བའི་ས་འདུག་ཅིང་། །མི་ནག་གཅིག་གིས་གློ་བ་ཁྱེར་སོང་བས། །འཛིངས་བས་གློ་བ་དེ་ཉིད་ཚུར་ལ་ལོན། །སྤྲུལ་སྐུ་ཐུགས་འཁྲུག་གཞན་རྣམས་སྐྲག་པ་ལས། །བན་དེ་འགྱེལ་ནས་མགོ་ཆག་ཁུར་དགོས་བྱུང་། །འོན་ཀྱང་མ་ཤི་ཉེས་སྐྱོན་མ་བྱུང་ངོ་། །ཕུག་པར་ཨོ་རྒྱན་ཆེན་པོ་ཡུད་ཙམ་གཟིགས། །གནས་ཕུག་ཕྱེད་ཙམ་ངོ་སྤྲད་འདི་ཡན་ནི། །ད་རུང་དུས་ལ་མ་བབ་གསུངས་ནས་བསྒྱུར། །མིག་གཡེལ་ཕུག་ཏུའང་རང་བྱོན་འགའ་ངོ་སྤྱད། །རྒྱབ་རིས་མདའ་དེར་བཞུགས་སྐབས་རྨི་ལམ་དུ། །གསལ་སྟོང་ཤོ་སྒོམ་ཞལ་ཡང་གཟིགས་པར་གྱུར། །ཁྲ་སྒམ་འགག་ཏུ་ཨོ་རྒྱན་སྐུ་རྗེས་དང་། །ཞབས་རྗེས་གཉིས་ཀྱང་ངོ་ནི་སྤྱད་པར་མཛད། །རྗེས་ཞག་འབུམ་རྫོང་གནས་སུ་ཕེབས་པ་ན། །སྤྱན་རས་གཟིགས་ལ་གྲུབ་ཆེན་ཉི་ཤུས་བསྐོར། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་


CMR003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས་པ་མཇལ། །དེ་ལ་བསྟོད་པ་གཅིག་ཀྱང་མཛད་པར་སྣང་། །དེ་སོགས་གནས་དེར་ལན་མང་ཕེབས་པ་ན། །གནས་ཕུག་མང་པོ་རིམ་བཞིན་གསར་འབྱེད་དང་། །ཞལ་གཟིགས་རང་བྱོན་མང་པོ་ངོ་སྤྱད་དོ། །དེ་ཕྱིར་གནས་ཡིག་ཚན་པ་མང་བའོ། །སྔོན་ཞིག་ན་བུན་རྫོང་དུ་བྱོན་དགོངས་ནུབ། །རྣལ་ལམ་ཌཱཀིས་ད་རེས་མི་ཐོན་གསུངས། །སྔོན་ཞིག་ཕེབས་ཀྱང་རྟེན་འབྲེལ་མ་འགྲིགས་ཏེ། །དེ་ཡང་གནས་སྒོ་གཏེར་སྒོ་ལ་སོགས་པ། །ཅུང་ཟད་སྔ་ཕྱི་མི་རུང་དུས་བབ་དགོས། །དཔེར་ན་རིག་འཛིན་རཏྣ་གླིང་པ་ཡིས། །མཁར་ཆུར་གུ་རུ་དྲག་པོའི་གཏེར་བཏོན་ཚེ། །གཏེར་སྲུང་སྨྱོ་ཁས་མཚོན་ཆའི་འཁོར་ལོ་བསྐོར། །ང་རང་དབང་སྐལ་ཅི་ཕྱིར་བཀག་གསུངས་པས། །ད་རུང་ལོ་གཉིས་དུས་ཚོད་མ་ཐེམ་ཟེར། །ཞེས་པའི་ལོ་རྒྱུས་དེ་དང་མཚུངས་པའོ། །དེ་ནས་ན་བུན་རྫོང་གི་བྲག་རྩེར་ཕེབས། །ཉི་མས་འཇའ་གུར་ངོ་མཚར་ཅན་ཕུབ་ཅིང་། །འཇའ་ཡི་གུར་ནི་ཡོལ་དཀར་འདྲ་བ་ཕུབ། །ཁྲོམ་འཚོགས་ཆེན་པོ་ཡོད་པ་ཀུན་གྱིས་མཐོང་། །ཐམས་ཅད་མི་ཕྱེད་དད་པ་ཐོབ་པར་གྱུར། །སྔོན་ཆད་སུས་ཀྱང་མ་གཟིགས་མ་གསུངས་པའི། །རང་བྱོན་ངོ་


CMR003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་ཅན་ནི་མང་དུ་བསྟན། །གནས་ཡིག་རྒྱབ་མ་འདི་ཡིས་ཞལ་གཟིགས་རྣམས། །གསལ་ཞིང་ངོ་མཚར་ཆེ་བར་ཡིད་ཆེས་སོ། །དེ་ལྟར་གནས་དེར་རྟགས་མཚན་ངོ་མཚར་བ། །ཀུན་ཡིད་འགུ་བར་འོང་བའི་རྒྱུ་མཚན་ཡང་། །གཏེར་རྙིང་གུ་རུ་ཁྱུང་དྲག་གཏེར་ལུང་ལས། །ད་ལྟའི་ཤུད་བུ་དཔལ་སེང་ཁྱོད། །དམ་ཆོས་སྙིང་པོ་བསྡུས་པའི་ཆོས་འདི་སྤྱོད། །དེ་ནས་སྐྱེ་བ་འགའ་ཞིག་མྱང་ཆོས་དབང་། །མཐའ་དམག་དབུས་འཕྱུར་དྲག་སྤྱོད་དུས། །མདོ་ཁམས་ན་བུན་རྫོང་ཉེའི་ས་ཡི་ཆར། །རྡོ་རྗེའི་མཚན་འཛིན་ཟབ་གཏེར་ཁ་བྱང་འཛིན། །ཞེས་པའི་ལུང་བསྟན་དེ་དང་མཐུན་ཕྱིར་ཏེ། །ཀླུ་རྒྱལ་ན་བུན་དགེ་བསྙེན་འཁོར་བཅས་ཀྱིས། །སྐུ་མདོག་ཕྱག་མཚན་སྲོག་སྙིང་བཅས་པ་ཡང་། །སྤྲུལ་སྐུའི་དགོངས་པའི་གཏེར་ནས་བྱུང་མཛད་དེ། །གསོལ་མཆོད་བསང་ཡིག་བདག་གིས་བཀོད་བྱས་ཏེ། །གནས་ཁྲིད་པ་ལ་བསྐུར་བ་དེ་ཚུགས་ལགས། །དེ་ནས་སྤྲུལ་སྐུ་ཉིད་ཀྱིས་དབང་བ་ཡི། །གནས་ཀྱི་གཙོ་བོ་སྤྱི་འབྱམས་དེ་ཉིད་དང་། །བྲག་དཀར་སེང་གེ་གནམ་མཆོང་འདྲ་བ་ཡི། །སྐྱོ་བྲག་མགོ་ཡི་གནས་སྒོ་ཕྱེས་ཚུལ་ནི། །པདྨ་བཀའ་ཡི་ཐང་ཡིག་འབྲིང་པོ་ལས། །རྟེན་དང་མཆོད་ཆ་


CMR003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱོན་སྤྱི་འབྱམས་ཞེས་བྱའི་གནས། །གཡས་ཀྱི་བྲག་དཀར་སེང་གེ་གནམ་མཆོང་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་སྟོན་ནས་འབྱུང་། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་།། །བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་གཏེར་སར་ལུང་། །ཆེ་མཆོག་ཤུད་བུ་དཔལ་སེང་ཁྱོད། །ཤར་གྱི་ཕྱོགས་ནས་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ཞེས་ཀྱི། །སྤྱི་འབྱམས་སེང་ཧ་རྫོང་ནས་གཏེར་སྒོ་འབྱིན། །གཏེར་སར་པདྨ་བཀའ་ཐང་བསྡུས་པ་ནས། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །ཁམས་ཀྱི་སེང་བྲག་ངོས་ནས་གཏེར་སྒོ་འབྱིན། །སངས་རྒྱས་བསྟན་སྐྱོང་མཐའ་ཡི་དམག་དཔུང་བཟློག །ཅེས་དང་། རཏྣ་གླིང་པའི་གཏེར་ལུང་ལས། ཁམས་ཀྱི་སྤྱི་འབྱམས་ཞེས་པ་དེར། །ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གནས་མཆོག་དེ་ཡི་གཏེར་རྣམས་འདོན། །ཁམས་ཀྱིས་གཏེར་ཁ་བརྒྱ་ལ་དབང་། །གནས་མཆོག་དེ་ཡི་གཡས་ཕྱོགས་ན། །ཐང་ཆེན་མཎྜལ་ཕུལ་བ་འདྲ། །དབུས་སུ་རི་རྒྱལ་ལྷུན་པོ་ནི། །དུང་དཀར་གཡས་སུ་འཁྱིལ་འདྲ་ཡོད། །རྒྱ་གར་བྱ་རྒོད་སྤུང་པ་འདྲ། །པདྨ་ང་ཡི་གནས་མཆོག་ཡིན། །


CMR003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དུས་ཚོད་མཚུངས་པ་སྟེ། །ཆོས་དབྱིངས་རྡོ་རྗེ་དགུང་ལོ་ང་དྲུག་བཞེས། །འཇང་གི་ཕྱོགས་སུ་སྐུ་དངོས་བཞུགས་སྐབས་ཏེ། །མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་དྲུག་པར། །སྤྱི་འབྱམས་དང་ནི་སེང་གེ་གནམ་མཆོང་གི །གནས་སྒོ་ཕྱེ་བར་མཛད་པ་ཡིན་པ་སྟེ། །གཏེར་ལ་ཆོས་གཏེར་ནོར་གཏེར་རྫས་ཀྱི་གཏེར། །ཤིང་གཏེར་ཆུ་གཏེར་ཡུལ་དང་ཐབ་ཆའི་གཏེར། །གོ་མཚོན་རྒྱན་ཆ་གོས་དང་ཟས་ཀྱི་གཏེར། །གནས་ཀྱི་གཏེར་དང་རྟེན་དང་མཆོད་ཆའི་གཏེར། །ས་སྣའི་གཏེར་དང་ཚོན་རྩིའི་གཏེར་ལ་སོགས། །རྣམ་གྲངས་མང་པོ་བརྗོད་ཀྱིས་མི་ལོང་སྟེ། །དེ་ཕྱིར་པདྨ་བཀའ་ཡི་ཐང་ཡིག་ལས། །གཏེར་ནི་ཁྱི་རོ་མ་གཏོགས་ཐམས་ཅད་འབྱུང་། །གསུངས་པས་གནས་སྒོ་འདི་ཡང་གཏེར་ཡིན་ཏེ། །སྐུ་གཟུགས་ཡིག་འབྲུ་མཆོད་རྟེན་ལ་སོགས་པ། །སྔར་ན་ཡོད་ཀྱང་གཏེར་བདག་བཀའ་སྲུང་གིས། །བསྐུང་ཞིང་སྦ་ཕྱིར་གཞན་གྱིས་མི་མཐོང་ལ། །ལ་ལས་མཐོང་ཡང་མིང་དོན་ངོ་མི་འཕྲོད། །སྐྱེས་ཆེན་ལ་ལས་འགའ་ཟུང་ཙམ་གསུངས་ཀྱང་། །དུས་ལ་མ་བབ་འགྲོ་དོན་ཆེར་མི་འབྱུང་། །དུས་ལ་བབ་ཚེ་དེ་དབང་གཏེར་སྟོན་གྱིས། །གནས་སྒོ་ཕྱེ་ནས་གནས་ཡིག་རྒྱས་བཀོད་


CMR003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པས། །འགྲོ་དོན་དུས་བབ་འགྲོ་བའི་སྒྲིབ་པ་སྦྱངས། །དེ་རུ་སྒྲུབ་པ་སུས་བྱས་ཉམས་རྟོགས་སྐྱེ། །དེ་ཕྱིར་གནས་སྒོ་གཏེར་གྱི་གྲངས་སུ་བསྒྲུང་། །དེ་ཡང་སྤྲུལ་སྐུ་དགུང་ལོ་བཅོ་ལྔ་པ། །ཡབ་ཡུལ་ངོམ་དུ་མཚམས་ལ་བཞུགས་སྐབས་ཤིག །ངོ་མི་ཤེས་པའི་གཞི་བདག་གཅིག་བྱུང་ནས། །ང་ནི་ས་ཐག་ཉེ་མིན་རིང་ནས་ཡིན། །ཟེར་ནས་བསྟན་པའི་དར་རྒུད་ལུང་བསྟན་གཅིག །ཚིགས་སུ་བཅད་པ་མང་ཞིག་ཞུས་ནས་ཀྱང་། །འདི་རྣམས་ཀུ་རེ་མིན་པས་བརྗེད་མི་རུང་། །ཡང་ཡང་མཇལ་བའི་སྨོན་ལམ་ཞུ་ཟེར་སོང་། །དེ་ནི་གནས་བདག་དགེ་བསྙེན་ཆེན་པོ་ཡིས། །སྤྲུལ་སྐུ་གདན་ཞུས་དང་པོ་ཡིན་པར་སྣང་། །དེ་ནས་དགུང་ལོ་བཅུ་དྲུག་བཞེས་པ་ལས། །ཆམ་གྱི་ཤོར་ལུང་ཁྱིམ་ཐུས་ཐོག་དེར་ཞག །རྣལ་ལམ་བུད་མེད་རལ་བུ་སྣུམ་སི་ལི། །གཅིག་བྱུང་ང་ཡི་བདག་པོ་ཁྱོད་ཀྱིས་དགོས། །ང་ལ་གནས་གཞི་བཟང་པོ་གཅིག་ཡོད་པ། །ཁྱེད་ལ་གཏད་ནི་དགོས་རྒྱུ་ཡིན་པའི་ཕྱིར། །ཁྱེད་ཀྱིས་བདག་ཕྱིར་ཨེ་ཕྱིན་ལྟོས་ཟེར་རྨིས། །དེ་ནས་བྱང་གིས་སྐུ་འབུམ་རྩར་བསླེབས་ནུབ། །སྔོན་གྱི་བུད་མེད་དེ་ཉིད་བྱུང་ནས་ཀྱང་། །ནངས་པར་འབྱོན་སར་གོ་ཧྲིལ་གྱིས་ལ་ཐེག །


CMR003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕྱོགས་ལྷ་འདྲེ་འཁྲུག་པ་བྱེད་ལེ་ཡོད། །ལམ་དུ་མི་ནི་ཁ་སྤུ་ཡོད་པ་ལ། །གློ་ན་ཐེལ་ཚེ་བཏགས་པ་ཞིག་འོང་བས། །དེ་ཡི་ལག་ནས་དངོས་པོ་ཅི་བྱུང་བ། །ཞག་གསུམ་བཟའ་མི་རུང་བ་རྟེན་འབྲེལ་གནོད། །ང་ནི་སྤྱི་འབྱམས་གནས་ནས་འོང་ཟེར་བས། །ཁྱོད་ཉིད་གནས་དེར་རྒྱུན་དུ་འདུག་གམ་སྨྲས། །རྒྱུན་དུ་མིན་ཀྱང་ཁྱེད་ནི་འབྱོན་ཟེར་བས། །ངེད་རྣམས་མང་དུ་འཚོགས་ནས་ཚོགས་འཁོར་ནི། །བཏང་གྲབས་ཡོད་པ་ཡིན་ནི་ཟེར་བ་རྨིས། །ཕྱིར་ནངས་མི་འགས་མར་ནི་ཁྱེར་བྱུང་བ། །ཞག་གསུམ་མ་ཟོས་རྟེན་འབྲེལ་དམིགས་པ་གཏད། །ལྷ་འདྲེའི་འཁྲུག་རྩོད་ཞི་བར་མཛད་པར་སྣང་། །དེ་ནས་སྐྱོ་བྲག་སྐྱོ་ཁོ་འགག་ཏུ་ཕེབས། །མཁའ་འགྲོ་དཔག་ཏུ་མེད་པས་བྲོ་འཁྲབ་པས། །ལུང་བ་ཐམས་ཅད་གང་ནི་འདུག་པར་གཟིགས། །དེ་ནས་གནས་སྒོ་རང་བྱོན་རིམ་པར་བསྟན། །དེ་ཚེ་ཨོ་རྒྱན་ཆེན་པོ་ལ་སོགས་པ། །ཡ་མཚན་ཞལ་གཟིགས་མང་དུ་བྱུང་བར་སྣང་། །དེ་ནས་སེང་གེ་གནམ་མཆོང་ཕུག་པའི་ནང་། །གཟིམས་ཁང་དེ་རུ་ཞག་གཅིག་བཞུགས་པ་ཡིས། །ཨོ་རྒྱན་རིན་པོ་ཆེ་ཉིད་མངོན་སུམ་དུ། །ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་བ་ཡི། །རྩེ་ལ་ཨ་ཡིག་


CMR003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་མཚན་པ་མཇལ། །དེ་ནུབ་བུད་མེད་མཛེས་ཤིང་ཡིད་འོང་བ། །ལྷ་ཚོགས་རྒྱན་ཆ་དུ་མས་བཀླུབས་པ་ཞིག །བྷན་བདུད་རྩིས་གང་བ་གཏད་པ་རྨིས། །བསང་མཆོད་ཚོགས་འཁོར་ལ་སོགས་ལེགས་ཚོགས་བསྒྲིགས། །ཟླ་སྟོད་སྤྱི་འབྱམས་གཡས་ཕྱོགས་ལུང་བསྟན་པའི། །བྲག་དཀར་སེང་གེ་གནམ་མཆོང་ཞེས་བྱ་བ། །རི་བོ་གར་མཛད་ཅང་བྱང་བྱ་བ་ཡི། །སྔོན་ཆད་སུས་ཀྱང་མི་ཤེས་མ་ཐོས་པའི། །ཡིག་དྲུག་ལྷ་སྐུ་ཞབས་རྗེས་ལ་སོགས་པ། །ངོ་མཚར་ཆེ་བ་དཔག་ཏུ་མེད་པ་བསྟན། །དེ་ནས་ཟླ་སྟོད་སྤྱི་འབྱམས་ཞེས་གྲགས་པ། །ཨོ་རྒྱན་སྒྲུབ་གནས་ཉི་མ་ཕུག་ཏུ་ཕེབས། །དེ་རུ་ཨོ་རྒྱན་ཆེན་པོ་དངོས་སུ་མཇལ། །གནས་དེའི་རང་བྱོན་ངོ་མཚར་དཔག་མེད་བསྟན། །ཕལ་ཆེར་སྤྲུལ་སྐུ་ཕེབས་པར་མ་ཐུབ་པས། །ཕ་ཀིར་སོང་དང་རང་བྱོན་ལྷ་སྐུ་དང་། །ཡི་གེ་ཞབས་རྗེས་ལ་སོགས་འདི་ལྟར་ཡོད། །གསུངས་ནས་ཕྱག་མཛུབ་གཏད་པར་བོད་སོག་ཚོ། །སོང་བས་ཇི་ལྟར་གསུངས་བཞིན་གསལ་པོ་རྙེད། །དེ་འདྲ་མང་བས་བོད་སོག་ཐམས་ཅད་མགུ། །ཨུལ་ཞིང་རྒྱལ་མོ་ཆ་གར་པཀཱི་སོགས། །སོག་པོའི་དཔོན་གཅིག་འདུག་པས་ལོ་ཙཱ་


CMR003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། །གནས་འདིར་རང་བྱོན་ངོ་མཚར་ཅན་འདི་ཚོ། །སྔོན་ཆད་བླ་མ་མང་དུ་ཕེབས་པ་ཡིས། །དེ་ཚོས་མ་གསུངས་བ་དེ་ཅི་ཡིན་ན། །སེམས་ངན་བྱས་ནས་མ་གསུངས་པ་ཡིན་ནམ། །མ་ཤེས་ན་ནི་ང་དང་ཁྱད་ཅི་ཡོད། །ཅེས་སོགས་ཟེར་ཞིང་དད་གུས་ཚད་མེད་བྱས། །སོག་པོ་ཇོ་རོག་དབོན་པོ་ན་འདུག་པ། །བཀའ་བསྒོ་བྱིན་བརླབས་བྱས་པས་ཕན་པར་གྱུར། །སོག་ཡུལ་མི་བཟང་ཉི་ཤུ་ཙམ་བསླེབས་བྱུང་། །བོད་ཚོས་ཨོ་རྒྱན་པདྨ་དངོས་ཡིན་ཟེར། །དད་རྟེན་གྲུབ་རྟགས་གནང་དགོས་ཟེར་བ་ལ། །ཨོ་རྒྱན་དངོས་ནི་དེང་སང་འབྱོན་མ་བཤད། །ཨོ་རྒྱན་ལུང་ནས་བསྟན་པའི་གཏེར་སྟོན་ཡིན། །དད་རྟེན་རུང་བའི་གྲུབ་རྟགས་བཞག་རྒྱུ་མེད། །འདི་རུ་གནས་སྒོ་ཕྱེས་པ་ཡིན་སྨྲས་པས། །དད་པར་གྱུར་ནས་དབང་དང་བཀའ་བསྒོ་ཞུས། །དེ་ཡི་ལོ་གཉིས་གོང་ལ་གནས་དེ་རུ། །སྔོན་ཚེ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །བདུད་དང་སྲིན་པོའི་ཁ་གནོན་ལ་བཞེངས་པའི། །ས་ཡི་མེ་བཙའ་མཆོད་རྟེན་ནག་པོ་དེ། །ཐོ་ཅོ་མཁན་གྱིས་ཀློག་ནས་ནང་བཞུགས་བཏོན། །ད་དུས་ནམ་མཁའ་དྭངས་ཤིང་གསལ་སྐབས་ལ། །རླུང་ནག་འཚུབ་མས་མུན་རུབ་ལམ་མི་ཐོད། །ཐང་དཀྱིལ་


CMR003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རུ་རླུང་ཐོག་གིས་ཁྱེར་བའི། །རྡོ་ནི་ཕོར་བ་ཙམ་གྱི་ཆར་བབ་ཅིང་། །དེ་ལོ་དེ་ནས་ཡུན་རིང་རླུང་ཐོག་གིས། །ཟླ་སྟོད་ཡུལ་དེའི་ཁང་པ་བཤིག་ལ་ཁད། །སེར་བ་རྒོད་སོགས་ཆོ་འཕྲུལ་བྱུང་འདུག་ཅིང་། །ཁོ་རང་གར་སོང་ཡུལ་དེར་ནད་ཡམས་དང་། །བསྙོ་འབོག་བརྒྱལ་ནད་མང་ཞིང་ཁོ་རང་གི །བསྲུང་རིམ་གར་བྱས་ན་ཚ་རྒོད་པར་གདའ། །ས་ཡི་མེ་བཙའ་དེ་ཉིད་བཤིག་ཀློག་དང་། །སྔར་ནས་གཏེར་གྱི་ཁ་བྱང་ཡོད་ཅེས་པའི། །ཕ་བོང་སྒམ་འདྲ་ངོ་མཚར་ཆེ་བ་ནི། །གནས་དེའི་རྒྱན་ཆར་ཨོ་རྒྱན་བཀོད་པ་དེ། །བཤིག་ནས་དུམ་བུ་མང་པོ་བྱས་གདའ་བ། །སེམས་ཅན་སྤྱི་ལ་གནོད་པ་ཆེ་བ་གཟིགས། །མཆོད་རྟེན་གསོས་ཤིང་རབ་གནས་བསྐྱར་པ་ན། །འགྲོ་བ་སྤྱི་ལ་ཕན་པའི་གནད་གཟིགས་པས། །མཆོད་རྟེན་དེ་ཡི་རྡོ་ནི་ཀླུ་ཡུལ་ནས། །ཨོ་རྒྱན་ཆོས་གོས་མཐུ་བར་བཏུམ་བྱོན་པའི། །རྡོ་ནག་གཡའ་མ་ཕྱི་ནང་དཀར་པོ་ཅན། །ནང་གཞུག་ས་ནག་ས་ཕྱོགས་དེར་མེད་པ། །འཇིམ་པ་ས་ལེགས་ས་དེར་མི་སྣང་བས། །ས་ནག་གཏེར་ནས་བཏོན་ཏེ་ནང་རྫོངས་བྱས། །བྱིན་རླབས་དམ་རྫས་རིན་ཆེན་སྣ་ཚོགས་བཞག །ས་འཇོམས་སྤྲིན་པོ་སྔར་གྱི་དེ་


CMR003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མུས། །དགོངས་པས་གཏེར་ནས་བཏོན་ནས་མཆོད་རྟེན་གསོས། །བོད་དང་སོག་པོའི་མདའ་དར་མང་པོས་བརྒྱན། །རབ་གནས་སླར་ཡང་བསྐྱར་ནས་ལེགས་པར་བྱས། །དེ་དུས་སྤྲུལ་སྐུས་ཇོ་བརྫུ་བ་དེ་ལ། །ཀུན་གྱིས་དྲིས་ཀྱང་ངན་པ་ཅང་མ་གསུངས། །དེ་ལ་བསམ་ཡོད་ཐམས་ཅད་འཇིགས་པར་གྱུར། །ཕ་ཝང་བཤིག་པ་འདི་ནི་གནས་ཀྱི་རྒྱན། །ཡིན་གྱི་འདི་ཡི་ནང་ན་གཏེར་སྒྲོམ་མེད། །འདི་ཡི་འོག་གམ་གཡས་གཡོན་ཡོད་སྲིད་གསུངས། །སྤྲུལ་སྐུ་ཕེབས་རྗེས་གསུང་དེ་ཁོས་ཐོས་ནས། །འོང་སྟེ་ཕ་ཝང་དུམ་བུ་མེར་བསྲེགས་ནས། །ཞིབ་མོར་བྱས་ཏེ་ཆུ་ཡི་ནང་དུ་བཏབ། །དེ་ཡི་མལ་དེ་བརྐོ་ཞིང་ཡོད་པ་ན། །སོག་པོའི་མི་བཟང་མང་པོ་དེར་སོང་ནས། །ཁར་སང་གཏེར་སྟོན་ཕེབས་པས་གནས་སྒོ་ཕྱེས། །རང་བྱོན་ངོ་མཚར་མང་པོ་བཏོན་རྒྱུ་གདའ། །ཁྱོད་ཀྱང་དེ་དང་འདྲ་ན་ངེད་ལ་སྟོན། །ཡང་ན་གཏེར་དེ་ངེད་ཚོས་མཐོང་སར་ཐོན། །དེ་ཚོ་མེད་ན་སྒར་པ་གཏོར་སྨྲས་བས། །ཁོ་ཉིད་མཚན་གུང་བྲོས་ཏེ་སོང་བ་ཐོས། །དེ་ཕྱོགས་གནས་པའི་སྐྱ་སེར་བོད་སོག་རྣམས། །ཕྱིས་ཀྱང་དད་པ་འགྱུར་བ་མེད་པ་ཡི། །སྤྲུལ་སྐུའི་གྲྭ་རིས་འགའ་རེ་སོང་བ་


CMR003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། །བཀུར་སྟི་འབུལ་ཞབས་བསུ་བསྐྱེལ་བྱེད་པ་ཐོས། །དེ་ནས་སྤྱི་འབྱམས་གནས་སྒོ་ཕྱེས་ཚར་ནས། །ཆེན་མོ་མདོ་ཞེས་བྱ་བར་ཕེབས་པ་ཡི། །ཆེན་མོ་གཡག་གདོང་ཞེས་བྱས་གཙོར་བྱས་པའི། །ལྷ་འདྲེ་མང་པོས་སྲོག་གི་སྙིང་པོ་ཕུལ། །དེ་ནས་སྤར་ངེ་ཕུག་ཏུ་བྱོན་པའི་ལམ། །སྔར་ལོ་ལུང་བསྟན་གདན་ཞུས་བྱེད་མི་སོགས། །ལྷ་འདྲེ་ངོ་ཤེས་མང་པོ་མཇལ་དུ་བྱུང་། །དེ་ནས་སྤར་ངེ་ཕུག་ཏུ་ཕེབས་པ་ནས། །སྤྲིན་ལ་ཁྲོ་བོ་ཀིང་གི་གཟུགས་ཀྱང་དོད། །དེ་སྐོར་གནས་སྒོ་འགའ་རེ་བཙལ་སྙམ་པས། །རྨི་ལམ་བུད་མེད་དུང་མདོག་གཞོན་ནུ་གཉིས། །གཅིག་ནི་སྤྲུལ་སྐུ་ཉིད་ཀྱི་རུམ་ན་འདུག །གཅིག་ནི་གནས་སྒོ་ཚོལ་དུ་སོང་བ་རྨིས། །དེ་ནས་བྱིས་ཐག་ལ་ནི་བུད་པའི་ཚེ། །ཌཱཀི་སེང་གེའི་གདོང་ཅན་དངོས་སུ་བྱོན། །བྱིས་ཐག་འཇུས་ནས་མཉམ་དུ་བྱོན་པ་གཟིགས། །དེ་ནས་བེ་རི་བསོད་ནམས་དཔལ་བཟང་མས། །ཆེད་དུ་བསྐུལ་ཞིང་གཞི་བདག་གནས་བདག་གི །གནས་སྒོ་དེ་ལ་མཛུབ་གུ་བཙུགས་ནས་བསྟན། །སེང་གེ་གནམ་མཆོང་ལ་སོགས་གནས་གཉན་སར། །ཚོགས་ཤ་མེད་ཅེས་སྨྲ་བར་མི་རུང་སྟེ། །སྨྲས་ན་གོད་ཁ་འབྱུང་སྲོལ་ཡོད་པ་


CMR003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གྲྭ་འཁོར་འགའ་རེས་ཚོགས་ཤ་མེད་རབ་སྨྲས། །བཀའ་སྲུང་དགེ་བསྙེན་སྨྱོ་ཁ་གནས་པ་ཡི། །མཚོ་འགྲམ་ཞིག་ཏུ་ཐབ་གསུར་ཤོར་བ་དང་། །ཕྱེ་རྒྱུའི་གནས་དེ་གཉན་པོར་འདུག་པའི་སློང་། །རྟ་ནོར་ཆུ་ལ་ཤོར་སོགས་གོད་ཁ་དང་། །གྲྭ་པ་འགའ་ཡང་གློ་བུར་སེམས་མ་བདེ། །འཚུབ་སློང་ཀྱང་ནི་རབ་ཏུ་ཆེ་བར་བྱུང་། །རྒྱལ་འགོང་ཆོ་འཕྲུལ་འགའ་ཡང་བྱུང་ན་ཡང་། །སྤྲུལ་སྐུ་ཉིད་ལ་གནོད་པར་མ་ནུས་སོ། །དེ་ནས་སྐུ་རྫོང་ཕྱུག་མོ་ཞེས་བྱ་བའི། །གནས་སྒོ་ཕྱེས་ཤིང་གནས་ཡིག་བཀོད་པར་མཛད། །རྣལ་ལམ་ཀླུ་ཡི་དངོས་གྲུབ་ཅུང་ཟད་ཕུལ། །ཕྱིར་ནངས་ལུས་སེམས་བདེ་དྭངས་མེ་རེ་བྱུང་། །དེ་ནས་ཀརྨར་ཕེབས་ཏེ་གསོལ་ཁ་བཏང་། །བྱམས་ཆེན་སྐུ་ཡི་སྙན་ལ་ཤོག་དྲིལ་ནི། །མང་པོ་སྙན་དྲིལ་བརྒྱབ་ན་གདའ་བ་གཟིགས། །ཀརྨའི་སྤྱི་ཁང་དེ་རུ་བཞུགས་པའི་ནུབ། །ཀརྨ་པ་ཉིད་གཙུག་ཏོར་ཡོད་པ་ལ། །ཞྭ་ནག་མནབས་པས་གཙུག་ཏོར་མི་སྒྲིབ་པ། །དངོས་སུ་ཞལ་གཟིགས་ཀརྨའི་གནས་ཡིག་གསུངས། །འབྱོན་ཁའི་ཟླ་གཅིག་གོང་ཙམ་འགྲོ་མགོན་གྱི། །སྐུ་འདྲའི་དབུ་ཞྭ་ཕུད་ནི་འདུག་པ་ལ། །ད་ལོ་ཡབ་སྲས་འདྲ་ནི་ཕེབས་འོས་མེད། །ཅི་ཡིན་གྲྭ་བསྒྲེས་


CMR003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གླེང་ངོ་སྐད། །འགྲོ་མགོན་སྐུ་འདྲ་མཇལ་ཚེ་ཤིག་ཤིག་བཞད། །ཕྱག་མཛུབ་སྐུ་འདྲའི་མཁུར་བ་ལ་བཙུགས་པས། །མི་ཡི་ཤ་ལྟར་ཕར་ལ་ནེམ་པ་དང་། །ཕྱག་མཛུབ་བསྐུམས་ནས་སྔར་ལྟར་གང་བ་བྱུང་། །སྔར་མེད་རིང་བསྲེལ་གཅིག་ནི་བྱོན་པ་ཡི། །ཐམས་ཅད་དད་ཅིང་གྲགས་ཀྱང་ཆེ་བར་བྱུང་། །གནས་ཀྱི་ངོ་སྤྲོད་འགའ་ཟུར་ཙམ་ཞིག་ལས། །ས་རྒྱ་ཆེ་བས་འབྱོན་ནི་མ་ཐུབ་བོ། །དམ་ཅན་འགག་ཏུ་རི་ཡི་རྩེ་མོ་ནས། །དམ་ཅན་མགར་བ་ནག་པོ་དངོས་སུ་གཟིགས། །བཀའ་བསྒོ་བྱས་པར་འགྲུབ་པའི་བརྡ་ཡང་བསྟན། །དེ་ལྟར་གནས་སྒོ་ཕྱེས་པས་དེ་རྣམས་ཀྱི། །གནས་ཡིག་བཀོད་ཅིང་ངོ་སྤྲོད་ཚར་བ་རྣམས། །སྔ་རིམ་མཐོ་ཐོག་ཙམ་ཞིག་ཡིན་པ་སྟེ། །ད་རུང་རྗེས་ནས་རིམ་པར་ཞིབ་རྒྱས་པ། །ཕྱེ་རྒྱུ་བཏོན་རྒྱུ་གྲངས་མེད་ཡོད་དོ་གསུངས། །དེ་ལྟར་འབུམ་རྫོང་འདྲབ་རྒྱལ་སྤོམ་ནེ་བྲག །ནམ་རུ་ར་ས་དཀར་འབེལ་སྐྱོ་བྲག་མགོ །སྤྱི་འབྱམས་ཀླུ་རྫོང་ཕྱུག་མོ་ན་བུན་རྫོང་། །དེ་ལྟར་གནས་ཡིག་རྒྱས་བཀོད་གནས་ཆེན་དགུ། །གནས་གཉིས་ཞལ་གཟིགས་མང་ཞིག་བཀོད་པ་ནི། །ར་ཚ་རྫོང་དང་ཀརྨ་གཉིས་ཡིན་ཏེ། །རང་བྱོན་འགའ་


CMR003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་བསྟན་པ་མི་ཐེ་བའི། །དེ་ལྟར་གནས་སྒོ་ཆེ་ཆུང་བཅུ་གཅིག་སྟེ། །བཅུ་བཞི་ནས་བཟུང་དགུང་ལོ་བཅུ་དྲུག་བར། །ལོ་ངོ་གསུམ་ལ་ཕྱེས་པའི་གནས་སྒོ་ཡིན། །ད་རུང་གནས་སྒོ་མང་དུ་དབང་བ་ཡི། །རིམ་པར་ཕྱེ་བའི་རྟེན་འབྲེལ་ཡོད་པའོ། །བློ་ཆུང་ཐོས་པས་དབེན་པ་ལ་ལ་ཡིས། །འདི་ལྟར་ལུང་ཕྲན་རེ་ལ་གནས་སྒོ་རེ། །དེ་ལ་བསྐོར་བ་འགའ་ཙམ་བྱས་པ་ན། །ཕན་ཡོན་དུང་ཕྱུར་འགྱུར་དུ་ཡོད་ཟེར་བ། །བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་སྲིད། །དེ་ལ་སངས་རྒྱས་རྣམས་ཀྱིས་མཛད་པ་དང་། །འགྲོ་དོན་ཐབས་ནི་དུ་མ་དཔག་དཀའ་སྟེ། །གྲུ་ཟམ་ས་རྡོ་ས་ཆུ་མེ་རླུང་སོགས། །གང་འདུལ་སྤྲུལ་པས་འགྲོ་དོན་བྱེད་པའི་ཚུལ། །མདོ་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་པ་དང་། །ཁྱད་པར་ཨོ་རྒྱན་རྗེ་ཡིས་བྱིན་བརླབས་པ། །བོད་ཡུལ་ཁ་བ་ཅན་འདི་ཁོ་ན་ཡང་། །ལུང་ལྔ་ལྗོངས་གསུམ་གླིང་གཅིག་སྒྲུབ་གནས་བརྒྱད། །རྫོང་བརྒྱུད་གངས་ཆེན་ཉི་ཤུ་རྩ་གཅིག་དང་། །གངས་རི་བཞི་དང་གནས་ཆེན་བརྒྱ་རྩ་བརྒྱད། །དེ་བཞིན་གནས་ཕྲན་སྟོང་དང་རྩ་གཉིས་ཏེ། །མི་གཅིག་སྐྱེས་ནས་མ་ཤིའི་བར་དུ་ནི། །བར་མེད་བསྐོར་ཀྱང་རྫོགས་པར་མི་འགྱུར་ཞེས། །ཨོ་རྒྱན་རྗེ་


CMR003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྣམ་ཐར་རྒྱས་བསྡུས་དང་། །བཀའ་རྒྱ་མ་དང་བཀའ་ཐང་རྒྱས་བསྡུས་ལ། །ལེགས་པར་གཟིགས་ན་དེ་དོན་གསལ་བར་མཆིས། །དེ་བཞིན་རང་བྱུང་རྒྱལ་བས་ཙཱ་རི་ཡི། །གནས་བསྟོད་ནང་དུ་བལ་ཡུལ་ཚུན་ཆད་ནས། །ཁ་བ་དཀར་དང་ཀོང་པོ་ལ་སོགས་ཡིན། །བོད་འདིར་རྩྭ་རིའི་གནས་ལག་གནས་ཕྲན་ནི། །སྟོང་ཕྲག་ཡོད་པར་བཤད་ཅེས་གསུངས་པར་སྣང་། །དེ་ལྟར་ཨོ་རྒྱན་སྲིན་ཡུལ་ཕེབས་རྗེས་ནས། །ད་ལྟ་བར་དུ་གནས་སྒོ་ཕྱེས་ཚད་ལ། །གནས་ཀྱི་སུམ་རུ་ཙམ་ལས་སོང་བ་མེད། །དེ་དོན་རཏྣ་གླིང་པའི་གཏེར་ཁ་ཡི། །ཨོ་རྒྱན་རྗེས་དྲན་ཚེས་བཅུ་བཟུང་ཐབས་ལས། །བདག་འདྲ་པདྨ་འབྱུང་གནས་ཀྱིས། །གཞན་ཕན་དགེ་བའི་བསམ་པ་ཡིས། །དུས་རེར་སྤྲུལ་པའི་གཏེར་སྟོན་རེ། །དེ་སྤྱོད་པ་ཡི་ཟབ་གཏེར་རེ། །ཡུལ་ཁམས་ཆེ་བར་གཏེར་ཆེན་རེ། །ས་ཡུལ་ཆུང་བར་གཏེར་ཕྲན་རེ། །མདོར་ན་གང་འདུལ་བསམ་ཡས་ཏེ། །ཨོ་རྒྱན་སྐུ་དྲིན་མི་ཆུང་ཚེ། །ཡུལ་ཕྱོགས་རེ་ན་གནས་སྒོ་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །ས་མཚམས་རེ་ན་གཏེར་ཁ་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །བན་དེ་རེ་ལ་ཆོས་ལུགས་རེ། །དེ་ཡང་ཨོ་རྒྱན་


CMR003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་རྡོ་ཡིན། །ཡུལ་གྲོང་རེ་ན་སྔགས་པ་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །ལྷ་སྲིན་དམ་ལ་འདོག་ཐབས་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །ངན་སྔགས་གཏེད་སེར་བཟློག་ཐབས་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །ཟླ་བ་རེ་ལ་ཚེས་བཅུ་རེ། །དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། །མདོར་ན་གང་འདུལ་བསམ་མི་ཁྱབ། །ཐམས་ཅད་ཨོ་རྒྱན་དུས་དྲན་ཡིན། །མ་འོངས་ལས་ཅིན་ཆོས་བྱེད་རྣམས། །ང་ལ་མོས་པ་སུས་བྱེད་པ། །དེ་ཡི་རྩ་ན་ང་ཉིད་བཞུགས། །ཞེས་གསུངས་ལུང་བསྟན་ཆེན་པོ་བཀའ་རྒྱ་མར། །ཡིག་དྲུག་ལ་སོགས་རང་བྱོན་བསམ་མི་ཁྱབ། །དེ་སོགས་རྣམ་པ་དུ་མར་སྤྲུལ་ནས་ཀྱང་། །འགྲོ་བའི་དོན་མཛད་བསྟན་པ་གནས་པར་འགྱུར། །ཞེས་གསུངས་ཕྱིར་ན་ཐེ་ཚོམ་སྤང་བར་བྱོས། །གནས་སྒོ་མང་དུ་ཕྱེས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དགོངས་གཏེར་ཐུགས་ཀྱི་གཏེར་ཁ་ནི། །ཐུགས་ཀྱི་ཀློང་ནས་ཇི་ལྟར་བཏོན་ཚུལ་ནི། །སྔ་ཕྱིའི་གོ་རིམ་ཧ་ཅང་འགྱང་ཆེ་ཡང་། །གོ་བདེའི་ཕྱིར་དུ་ཕྱོགས་གཅིག་བསྡུས་ཏེ་བཤད། །དེ་ཡང་གནམ་ཆོས་འོང་བའི་དཀྱིལ་ཙམ་ལ། །ཅི་སྔ་ཞིག་ལ་ཁ་བྱང་འབྱུང་བ་ཡི། །ལུང་བསྟན་བྱུང་བས་


CMR003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུའི་ཉིན་པར་ཞིག །ཚོགས་འཁོར་བཤམས་ནས་མཆོད་འབུལ་གསོལ་བཏབ་ཀྱང་། །ཁ་བྱང་ཞལ་གཟིགས་ལ་སོགས་རྟགས་མ་བྱུང་། །དེ་དོན་འགའ་རེས་ཚོར་བས་མ་ལེགས་སམ། །ཧ་ཅིང་འདོད་པ་ཆེ་བས་ལེན་ནམ་སྙམ། །ཡི་མུག་ག་ཆད་བློ་ཡང་མ་བདེ་བས། །དེ་སྐབས་ཞིག་ལ་བདག་གི་རྨི་ལམ་ན། །ཁ་བྱང་འོང་བར་སྔ་ཕྱི་འདི་འདྲ་བ། །གཅིག་ལ་ཡོད་ལེ་ཡིན་ཞེས་སྒྲ་ཞིག་གྲག །ཐུགས་གཏེར་བྲི་བར་མི་འཁྱོངས་དཀའ་བླས་ལ། །ས་གཏེར་འོང་ལ་སྔ་ཕྱི་མེད་དོའི་བརྡའ། །ཡིན་ནོ་བསམ་པ་མ་གཏོགས་དོན་མ་གོ །དེ་ནས་སྤྲུལ་སྐུ་དེ་སྔོན་མེད་པ་ཡི། །གདམས་ངག་བྲི་ན་བྲི་རྒྱུ་ཡོད་ཚུལ་གསུངས། །ཕྲན་བུ་འགའ་རེ་ཡི་གེར་བཀོད་པར་མཛད། །འདི་དག་ལྷ་ཡིས་གསུངས་པ་ལགས་སམ་ཞུས། །ལྷ་ཡིས་གསུངས་པ་ངས་ནི་མ་ཐོས་གསུངས། །འོ་ན་ཐུགས་བརྩམས་མཛད་པ་ཡིན་ནམ་ཞུས། །འདི་འདྲའི་རྩོམ་ཡང་ང་ཡིས་ཅི་ཤེས་གསུངས། །འོ་ན་ཉམས་ལ་ཤར་བའི་ཉམས་མགུར་ལྟར། །ཉམས་ལ་གང་ཤར་བྲི་བ་ལགས་སམ་ཞུས། །ཉམས་མགུར་འདྲ་བའི་གདམས་ངག་མི་འོང་གསུངས། །ཡང་ན་གང་དྲན་བྲི་བ་ལགས་སམ་ཞུས། །གང་


CMR003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་བྲི་བས་ཕན་པ་ཅི་ཡོད་གསུངས། །འོ་ན་ཇི་ལྟར་བྲི་བ་ཡིན་ཞུས་པས། །ཡེ་ཤེས་ལྷ་དང་འཇིག་རྟེན་དྲེགས་པ་སྟེ། །སྐུ་མདོག་ཕྱག་མཚན་ཇི་ལྟར་ཡོད་པ་དང་། །དེ་ཡི་སྔགས་ལ་ཇི་ལྟར་ཡོད་པ་དང་། །དེ་ལ་སྒྲུབ་ལུགས་ཇི་ལྟར་བྱས་ན་འགྲུབ། །ལྷ་དེའི་ལས་ཚོགས་གང་དང་གང་ཡོད་པ། །ལྷ་འདྲེ་ཆེ་ཆེ་སྲོག་སྔགས་ཡོད་པ་དང་། །དེ་ཉིད་བསྒྲུབས་ན་ཕྲིན་ལས་གང་སྒྲུབ་ནུས། །ལ་ལ་ཕྲིན་ལས་བསྒྲུབ་པར་མི་ནུས་དང་། །ལྷ་འདྲེ་ཆུང་ཞིབ་སྲོག་སྔགས་མེད་པ་དང་། །མཆོད་ན་ཕན་བཏགས་ནུས་དང་མི་ནུས་དང་། །ལས་ཚོགས་མིན་ཀྱང་ནད་གདོན་སོ་སོ་ལ། །སྔགས་དང་རྫས་ནི་གང་གིས་ཕན་པ་དང་། །རྟེན་འབྲེལ་བཅོས་ཀ་བྱེད་ན་གང་གིས་ཕན། །དེ་དག་ཟད་མེད་ཅི་འདོད་མ་ཡིན་ཏེ། །ལྷ་ལ་ལས་ཚོགས་ལ་ལ་ཕྱུག་པ་དང་། །ལ་ལ་འགའ་བཟུང་ཙམ་ལས་མེད་པ་དང་། །དེ་དག་བདག་གི་དཔེར་ན་ཁྱིམ་འདི་ན། །ཆས་ཀ་ཅི་འདུག་ཅི་ནི་མི་འདུག་པ། །བལྟ་བ་འདི་ལྟར་ཐམས་ཅད་མཐོང་ངོ་གསུངས། །ཅུང་ཟད་ཅུང་ཟད་བྲིས་པ་འགའ་རེ་ཡོད། །བཀའ་ཐང་སྡེ་ལྔའི་ལྷ་འདྲེ་བཀའ་ཐང་ནས། །སྙིགས་དུས་སྡེ་བརྒྱད་ཁེངས་ལོག་འབྱུང་ཚུལ་དང་། །དེ་ཡི་རྐྱེན་གྱིས་


CMR003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནད་མུག་མཚོན་འཁྲུག་དང་། །མི་བདེ་སྣ་ཚོགས་འབྱུང་བར་ལུང་བསྟན་ཅིང་། །དེ་ཉིད་བཅོས་ཐབས་ཡོད་པར་གསུངས་ན་ཡང་། །གཞུང་དེར་མགོ་སྨོས་ཙམ་ལས་མ་བྱུང་ཞིང་། །གཏེར་ཁ་གཞན་ལ་ཡོད་པའང་མ་ཚོར་བས། །འདི་ཡི་བཅོས་ཐབས་གཅིག་ནི་འདོད་དོ་ཞུས། །དེ་ཡང་ང་ཡི་བྲི་རྒྱུ་ཡོད་གསུངས་ནས། །སྡེ་བརྒྱད་སོ་སོའི་མདོས་ཆུང་བརྒྱད་དང་ནི། །གཅིག་བསྡུས་མདོས་ཆེན་གཅིག་དང་དགུ་བཀོད་དོ། །ཁ་བྱང་འོང་བར་ལུང་བསྟན་བྱུང་བ་དེ། །དགོངས་གཏེར་འོང་པའི་ལུང་བསྟན་ཡིན་པར་གོ །དེ་ནས་སྐུ་མཚམས་གྲོལ་ནས་འབྱོན་ཁ་ཡང་། །ད་རུང་འདི་ལས་མང་དུ་ཡོད་ན་ཡང་། །བརྗེད་པར་མི་འགྱུར་གསུངས་ནས་བྲི་མ་ཁོམས། །དེ་ནས་སེར་སྲུང་བྱང་བུ་དགོངས་གཏེར་གཅིག །ཕབ་ནས་དྲུང་ཡིག་པ་ཡི་བྱང་བུ་བྲིས། །ཞང་པོ་ཚང་གི་ཞིང་ལ་བཙུགས་བཞག་པས། །དེ་ལོ་ཡུལ་དེར་སེར་བ་ཆེན་པོ་ཡིས། །ཞིང་རྣམས་ཕལ་ཆེར་གནོད་ཆེར་བྱུང་ན་ཡང་། །བྱང་བུ་བཙུགས་པའི་ཉེར་སྐོར་ཐུབ་པར་གྱུར། །ཟབ་པའི་ངེས་ཤེས་ཀུན་གྱིས་གླེང་བ་ཐོས། །ལན་གཅིག་ཆར་པ་ཤིན་ཏུ་དཀོན་པའི་སྐབས། །སྡེ་ཡི་ཆར་ཞུས་བྱུང་ཡང་ཕྱག་དཔེ་


CMR003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཡར་ཕྱིར་ལུས་ནས་འདི་བྱེད་མ་རྙེད་པས། །དགོངས་གཏེར་ཕབ་ནས་ཆར་འབོད་བྱས་པ་ཡིས། །མྱུར་དུ་ཆར་པ་ཆེན་པོ་འདོད་བཞིན་བབ། །བྱང་ངོས་ཕེབས་སྐབས་ཆར་པ་ཆེ་དྲག་པས། །ཆར་བཀག་གཞན་འགའ་བྱས་ཀྱང་ཐུབ་མ་གྱུར། །དགོངས་གཏེར་ཕབ་ནས་གྲྭ་པར་སྔགས་བཅུག་པས། །ལམ་ཆར་ཐེམ་བུ་བཀག་ལྟར་བྱུང་ངོ་ཟེར། །དྲུང་ཡིག་པ་དང་གྲྭ་པ་ཐམས་ཅད་ནི། །གདམས་ངག་གཞན་མ་ཇི་དང་ཇི་ལས་ཀྱང་། །སྤྲུལ་སྐུའི་དགོངས་གཏེར་ཟབ་པའི་ངེས་ཤེས་སྐྱེས། །དེ་ནས་བདག་གིས་གདམས་ངག་མང་ཞིག་ཞུས། །ད་ནི་མང་དུ་ཞུས་ཀྱང་ཐུགས་སུན་སྲིད། །ཅི་ཡང་མི་ཞུ་བསམས་ནས་ཉལ་བའི་ནུབ། །ད་ལྟ་ཞུ་སྐབས་ཡིན་ཕྱིར་ཞུ་བར་གྱིས། །སྤྲུལ་སྐུ་སྤྱི་འབྱམས་མ་ཕེབས་སྔོན་འདི་ལ། །ཞེས་པའི་ལུང་བསྟན་རྨི་ལམ་སྐབས་སུ་ཐོས། །ད་རུང་ས་གཏེར་མ་ཐོན་སྔོན་འདི་ལ། །དགོངས་གཏེར་འདི་ལ་ཆ་ཚང་ཡོང་བ་འདྲ། །དེ་སྔ་གདམས་ངག་འགའ་རེ་མ་གཏོགས་པ། །དབང་དང་སྒྲུབ་ཐབས་ལ་སོགས་ཆ་ཚང་མེད། །དབང་དང་སྒྲུབ་ཐབས་ལ་སོགས་ཆ་ཚང་བ། །ཅི་འདུག་ཐམས་ཅད་ཡི་གེར་ཕབ་དགོས་ཞུས། །ཚེ་དཔག་ཐུགས་རྗེ་


CMR003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཀའ་བརྒྱད་དང་། །གྲོ་ལོད་ཧཱུྃ་མཐིང་ཁྲོས་མ་ལྷ་ལྔ་དང་། །དེ་སོགས་ཚིག་ཉུང་དོན་འདུས་དབང་དང་ནི། །སྒྲུབ་པ་ཚང་བ་སྤྲོས་མེད་ཁོ་ནའི་ལུགས། །སྔ་ཕྱི་ཐམས་ཅད་བསྡོམས་ལ་སྤྱོད་ཁ་ལོང་། །དེ་ནས་དགོངས་གཏེར་དེ་ཡང་མ་གསལ་སོང་། །ཐལ་ཐོལ་བྲི་བར་མ་སྤོབས་གསུང་བྱུང་བས། །ད་ནི་ཕལ་ཆེར་རྫོགས་པ་ཡིན་ནམ་སེམས། །དེ་དག་འགའ་རེའི་གཏེར་བསྒྲུབས་བདག་གིས་བྱས། །ཤིན་ཏུ་གཉན་ཅིང་འཚུབ་ཆ་ཆེ་བ་དང་། །རྟགས་མཚན་འོང་བ་ཤིན་ཏུ་མྱུར་བར་འདུག །སྤྲུལ་སྐུའི་ཕྱག་བྲིས་ཆོས་སྐྱོང་སྒྲུབ་ཐབས་ཤིག །ལྷོ་པ་རིན་པོ་ཆེ་ཡིས་གཟིགས་གསུངས་ནས། །ཞག་འགའ་སྐུ་ག ཞོག་དེ་རུ་བཞག་པ་ཡིས། །དཔེ་ཚེ་འདི་ལ་ཆོས་སྐྱོང་འཁོར་འདུག་གསུངས། །དེ་ལྟར་དགོངས་གཏེར་འབྱུང་བའི་ལུང་ཁུངས་ཀྱང་། །རྒྱལ་པོ་བཀའ་ཡི་ཐང་ཡིག་ཆེན་པོ་ལས། །ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་པ་འབྱུང་། །ཞེས་གསུངས་སྔགས་ཀྱི་བདག་པོ་གསུངས་པའི་དོན། །གསང་སྔགས་རྒྱུད་སྡེ་ཕལ་ཆེར་གསུང་པ་པོ། །གསང་སྔགས་


CMR003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་གཟུངས་སྔགས་ཀུན་གྱི་བདག །གསང་བའི་བདག་པོ་དངོས་སྤྲུལ་ཀུན་དགའ་བོ། །དེ་ཉིད་བོད་དུ་འཁྲུངས་པ་བཻ་རོ་ཙཱ། །དེ་དང་དབྱེར་མེད་ཤུད་བུ་དཔལ་སེང་གེ །སྐྱེ་མཐའ་མི་འགྱུར་རྡོ་རྗེ་ཡིན་པའི་ཕྱིར། །གསང་སྔགས་རིག་སྔགས་སྔར་མེད་ཐུགས་ལ་གསལ། །འདི་འདྲ་སྔར་ཡང་བྱུང་བའི་ལོ་རྒྱུས་ཡང་། །མངའ་བདག་མྱང་གིས་དམིགས་ཉོབ་མར་གྲགས་པའི། །གཏེར་གཞུང་ཡིན་པའི་སྔགས་དམིགས་མང་པོ་དང་། །པདྨ་གླིང་པོ་བསྙུང་དུས་མཛད་པ་ཡི། །སྡེ་བརྒྱད་གདོན་ཁྲོལ་སོ་སྔགས་ལ་སོགས་ཡོད། །སྤྱིར་ནི་དགོངས་གཏེར་ཤིན་ཏུ་དཀོན་པ་སྟེ། །གཏེར་སྟོན་གཞན་མ་རྣམས་ལ་མ་མཆིས་སོ། །དེ་ལྟར་འབྱུང་བའི་གནད་ནི་དུས་འཁོར་ལས། །གླིང་བཞི་རི་རབ་དུས་འཁོར་དཀྱིལ་འཁོར་ཏེ། །རང་བཞིན་གྱིས་གྲུབ་རྣལ་འབྱོར་རྣལ་འབྱོར་མ། །སྦས་ཚུལ་བཞུགས་ཏེ་འགྲོ་དོན་མཛད་གསུངས་ལྟར། །ཇོ་བོ་ལྷ་གཅིག་དྲུང་དུ་བུ་མོ་ནི། །བཙས་མ་ཐག་གཅིག་ལེགས་སྦྱར་སྐད་སྨྲ་བ། །ཇོ་བོས་གསུངས་ནས་རང་བཞིན་རྣལ་འབྱོར་མ། །འདིས་ནི་གསང་སྔགས་རྒྱུད་སྡེ་སྨྲ་འདུག་གསུངས། །དེ་ཕྱིར་རང་བཞིན་གྱི་ནི་རྣལ་འབྱོར་པ། །བོད་ཀྱི་ཕ་ཇོ་


CMR003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པའི་ཚུལ་བཟུང་ནས། །སྔར་མེད་རྒྱུད་སྡེ་སྨྲ་བ་ལ་སོགས་ཀྱང་། །བཀག་པ་མེད་ཚུལ་མི་བསྐྱོད་རྒྱལ་བས་གསུངས། །དེ་བཞིན་ཆོས་རྣམས་ཡང་དག་བར། །སྡུད་པའི་མདོ་སྡེ་ལས་ནི་བཀའ་བསྩལ་པ། །བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་ལ་ལ་ནི། །རང་གིས་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་། །རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་གསུངས། །དེ་ལྟར་གཏེར་གསར་དང་ནི་གནས་གསར་ལ། །ཡིད་མི་ཆེས་པའི་ཐེ་ཚོམ་བྱེད་བཞིན་དུ། །དགོས་ཆེད་ཅི་ཡོད་རྙིང་པ་དགའ་སྙམ་ན། །རྒྱུད་ཀྱི་རྒྱལ་པོ་ཀློང་ཆེན་ལས། །སོ་མ་མ་བཅོས་ཆོས་ཀྱི་གཞུང་། །བསྒྲིན་པོས་ཇི་ལྟར་བཅོས་ཀྱང་ལད། །དེ་ཕྱིར་མ་བཅོས་ཁྱད་པར་ཆེ། །བདུད་རྩི་འབྱུང་བའི་རྒྱུད་ལས་ཀྱང་། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་འདུས་ཀྱིས་ནི་འོ་མ་བཞིན། །བསླད་ནས་ཐུར་དུ་ལྟུང་བར་བྱེད། །ཅེས་གསུངས་དོན་ལྟར་གུ་རུ་ཆོས་དབང་གིས། །གཏེར་འབྱུང་ནང་ནས་རྒྱ་ཆེར་གསུངས་པའི་དོན། །ཅུང་ཟད་བསྡུས་ཏེ་ཟུར་ཙམ་བཤད་བྱ་བ། །པཎ་གྲུབ་ཚད་ལྡན་གཏེར་སྟོན་ཚད་ལྡན་གྱིས། །བསྒྱུར་ཕྲལ་བཏོན་ཕྲལ་བྱིན་རླབས་ཆེ་མོད་


CMR003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །དཔེ་རྒྱུད་མང་དུ་བརྒྱུད་པས་ལྷག་ཆད་མང་། །དཔེ་མང་འཛོམ་ཡང་ཞུ་དག་གཅིག་མི་གཏུབ། །བརྒྱུད་པ་རིང་དྲགས་བར་སྐབས་དམ་སེལ་ཆོད། །བཅོས་བསླད་མང་པོས་གཞུང་ཉིད་གར་སོང་མེད། །ལེགས་ལེགས་འདྲ་ཡང་བསྒྲུབས་པས་རྟོགས་མི་འབྱིན། །གསང་སྔགས་འཆལ་བས་དར་ལ་མ་སྨིན་གྱུར། །ལ་ལ་མི་རབས་གྲངས་དང་ལོ་ཡི་གྲངས། །ཆོས་དེའི་འདུལ་སྐལ་རྫོགས་པས་བྱིན་རླབས་ཆུང་། །གཏེར་སྟོན་སྔ་རིམ་མང་པོའི་བསྟན་པ་རྫོགས། །དཔེ་ཡང་མཁའ་འགྲོས་སྤྱན་དྲངས་མཐོང་ཐོས་མེད། །ལ་ལ་དཔེ་ཆ་ཡོད་ཀྱང་དབང་ལུང་ཆད། །ལ་ལ་དབང་ལུང་ཡོད་ཀྱང་སྒྲུབ་བརྒྱུད་ཚད། །དེ་དོན་ཨོ་རྒྱན་གཏེར་རྙིང་ལུང་བྱང་ལས། །བསམ་མེད་ལ་ལས་ང་ཡི་བཀའ་ལ་བསླད། །གཏེར་ཆོས་དཀྲུགས་ཤིང་རང་གཞན་དོན་མེད་བྱེད། །ཅེས་གསུངས་དེ་བཞིན་མངའ་བདག་མྱང་རལ་ཡང་། །མི་རབས་བརྒྱད་དུ་ཕ་རྗེས་བུ་ཡིས་བསླེབས། །དེ་ནས་དཀར་ནག་འདྲེས་མ་ཐེག་གུ་འདྲ། །དེ་བཞིན་དྲག་པོ་བདེར་གཤེགས་འདུས་པ་ཡང་། །མ་སྤེལ་གཅིག་བརྒྱུད་ལྟ་བུར་བྱིན་རླབས་ཆེ། །མ་འོངས་འཆལ་ཅིང་ཀུན་ལ་སྤེལ་དུས་འབྱུང་། །དེ་ཚེ་ལྷ་འདྲེས་འཁུ་ཞིང་ལྡོག་ལུང་


CMR003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །གུ་རུ་ཆོས་དབང་རྣལ་ལམ་ལུང་བསྟན་ཡང་། །མི་རབས་བརྒྱད་ནས་དབང་ལུང་རྒྱུན་ཙམ་ལས། །བྱིན་རླབས་བཀའ་ནི་ཡལ་བར་ཨོ་རྒྱན་གསུངས། །དེ་ཕྱིར་གནམ་ཆོས་དགོངས་གཏེར་ས་གཏེར་སོགས། །བརྒྱུད་པ་ཉེ་ཞིང་ཚད་ལྷག་བཅོས་སླད་མེད། །བྱིན་རླབས་མཁའ་འགྲོའི་ཁ་རླངས་མ་ཡལ་བ། །བསྒྲུབས་ན་མྱུར་དུ་རྟགས་མཚན་འབྱུང་བའོ། །དེ་བཞིན་གནས་དང་རང་བྱོན་རྟེན་རྣམས་ཀྱང་། །ཀློང་ཐང་སྒྲོལ་མ་རང་བྱོན་གསེར་གསོལ་བས། །བྱིན་རླབས་ཉམས་པར་གྱུར་པའི་ལོ་རྒྱུས་དང་། །བཅུ་གཅིག་ཞལ་ནི་ཡོ་བ་བསྲང་བ་ཡིས། །ཞབས་ངར་གྲུམ་པས་ཅུང་ཟད་ཉམས་ཞེས་གྲག །ཕག་གྲུའི་ཞབས་རྗེས་འཁོར་ལོ་ལྟར་འཁོར་བ། །གསེར་གསོལ་བྱས་པས་འཁོར་རྒྱུ་མེད་པར་གྲག །མཆོད་རྟེན་དཀར་མོ་འགུལ་ཤེས་ལོ་རེ་བཞིན། །རིམ་རེ་སྐྱེ་བར་གསེར་ཐོག་ཕུབ་པ་ཡི། །དེ་ནས་སྐྱེ་རྒྱུ་མེད་པར་སོང་བ་དང་། །དེ་བཞིན་སྔར་གྱི་གནས་བརྟན་བྱིན་རླབས་ཅན། །ཕྱིས་ནས་ཉམས་པའི་ལོ་རྒྱུས་དུ་མ་ཐོས། །ཙཱ་རི་ལ་སོགས་ཤིན་ཏུ་གཉན་ན་ཡང་། །གནས་སྒོ་བྱེ་སྔ་ཉམས་པས་རྩུབ་ཆགས་མེད། །མཐའ་འཁོབ་རྡོ་དང་མོན་སོགས་རི་དྭགས་


CMR003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྔོན། །མུ་སྟེགས་ལུགས་ལྟར་བཤས་མང་དམར་མཆོད་དར། །གསང་སྔགས་ཕོ་བྲང་ཡིན་ཟེར་དགེ་ཚུལ་སློང་། །ཞུས་པ་གྱ་མ་ཐོ་འཚོགས་ཚུལ་ཁྲིམས་འཆལ། །དམ་ཚིག་ཉམས་གྲིབ་གནས་ཀྱི་བྱིན་རླབས་རྣམས། །དེ་དོན་གསར་རྙིང་གཏེར་ཁ་དུ་མ་ནས། །རྩྭ་རིའི་གནས་མཆོག་རྡོ་ཡིས་ཉམས་པར་བྱེད། །རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས། །ཙཱ་རིའི་ཁོལ་དུ་ཤ་མཁར་བརྩིགས་པ་འབྱུང་། །སྐྱ་མིན་སེར་མིན་རྣམས་ཀྱིས་པདྨ་བདག་ཉིད་ཀྱི། །སྒྲུབ་གནས་རྣམས་སུ་དམ་ཉམས་བཀའ་ལོག་བྱེད། །ཞེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས། །གནས་དང་བྱིན་རླབས་རྟེན་མཆོག་ངོ་མཚར་རྣམས། །རིམ་པར་ཉམས་ཚུལ་རྒྱ་ཆེར་ལུང་བསྟན་ནོ། །དེ་ཕྱིར་གནས་སར་བྱིན་རླབས་ཆེ་བ་ཡིན། །དེ་ཡང་གནས་རྣམས་ཇི་ལྟར་ཁམས་ཆེ་བཞིན། །གཉན་ཅིང་འཚུབ་ཆ་ཆེ་ན་མ་ཉམས་རྟགས། །འབུམ་རྫོང་གནས་ནས་རང་བྱོན་གནས་རྡོ་འགའ། །བཀོག་ནི་ཁྱེར་བས་ཆོ་འཕྲུལ་འགའ་བྱུང་ནས། །ཡར་ལ་དེ་རྣམས་སྐྱེལ་དགོས་བྱུང་བ་དང་། །བདུད་རྩིའི་ཆུ་མིག་བུད་མེད་སྐྲ་བཀྲུས་པས། །ཆུ་མིག་དེ་ཉིད་སྐམ་ལ་ཁད་བྱུང་ཞིང་། །གནས་ཀྱི་ནང་དུ་བུད་མེད་རྒྱན་གཏོར་


CMR003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཀུན་གྱིས་མནའ་བསྐྱལ་མེ་རུ་འབར་མི་ཉིན། །ཐལ་ཚུབ་འདྲ་བ་འཚུབས་ནས་དེའི་ཕྱི་ནས། །འགགས་ནས་འགྲོ་སྟབས་དཀའ་བ་བྱུང་བ་ལ། །སྤྲུལ་སྐུ་ཕེབས་ནས་ཕྱག་ནས་མཛད་པ་ཡིས། །དེ་ནས་ལམ་བྱེ་ཆུ་མིག་སྔར་ལྟར་སོས། །དགོངས་གཏེར་ཇི་ལྟར་བྱོན་ཚུལ་དང་། །གཏེར་སར་གནས་སར་གྱི་དགོས་ཆེད་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནས་སར་གནམ་ཆོས་དགོངས་གཏེར་སོགས། །སྤྲུལ་སྐུའི་འགྲོ་དོན་ཐོག་མར་སྒོ་ཕྱེ་ཚུལ། །བཤད་པར་བྱ་སྟེ་ཐོག་མར་འབུམ་རྫོང་གི །གནས་དེས་འགྲོ་དོན་བསམ་ལས་འདས་པ་བྱུང་། །གནས་སྒོ་ཕྱེ་ནས་ལོ་ངོ་གཉིས་གསུམ་ཙམ། །བསྐོར་བ་བྱེད་པ་རྒྱུན་ཆད་མེད་འདྲ་བ། །མང་དུས་རི་དེ་ཕྲེང་བ་བཞིན་དུ་འཁོར། །གནས་སྐོར་བ་ཡི་རི་མཐའི་ས་ཆ་གང་། །དམག་ཆེན་སྒར་བཞིན་མེ་མདའ་ཁྲ་ཅིག་གེ །དེ་ཡང་བསམ་མེད་ཅལ་སྒྲོག་རྒྱུག་མིན་པའི། །བླ་མ་ཆེ་ཕྲ་རྟོགས་ལྡན་ཉམས་རྟོགས་ཅན། །བན་དེ་དགེ་བཤེས་སྔགས་པ་ཡོན་ཏན་ཅན། །སྨན་པ་ཐོན་པོ་རྒྱལ་བློན་བཙུན་མོའི་ཚོགས། །ཐག་རིང་རྣ་ཐོས་ཡུལ་སོགས་དཔག་མེད་འདུས། །འགའ་ཞིག་བསྐོར་དུང་མང་པོ་བརྒྱབ་


CMR003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཕྲེང་བ་དག་ཀྱང་ཁྲ་བོར་སོང་བ་མང་། །དེ་བཞིན་སྤོམ་ནེ་བྲག་ཀྱང་འགྲོ་དོན་ཆེ། །སྤྱི་འབྱམས་སེང་གེ་གནམ་མཆོང་གནས་གཉིས་པོ། །བོད་དང་སོག་པོ་བསྐོར་མི་གྲངས་མེད་བྱུང་། །ནམ་རུ་འདྲབ་རྒྱས་བསྐོར་མི་འགའ་རེ་ཙམ། །ར་ཙ་དཀར་འབེལ་ཕྱེ་ཡག་མ་གྲུབ་ཅིང་། །གཡང་ས་ཆེ་བས་འགྲོ་དོན་ཆེ་བར་མེད། །དེ་དག་རྣམས་སུ་ཕྱག་དང་བསྐོར་བ་དང་། །ཐུགས་དམ་དགེ་སྦྱོར་ཚོགས་བརྒྱ་བཏང་བ་དང་། །དགེ་བ་ཁས་ལེན་མར་མེ་དར་ཅོག་བཙུགས། །ཐམས་ཅད་སྣང་བ་དམ་པའི་ཆོས་ལ་འགྱུར། །རང་གི་བསྐོར་བ་མ་ནུས་འབྱོར་ལྡན་རྣམས། །གཞན་ལ་བསྐོར་བཅུག་ཡོན་ནི་རྒྱབ་པ་སོགས། །གནས་སྒོའི་འགྲོ་དོན་དུས་ལ་བབ་པའི་རྟགས། །འགྲོ་དོན་བསམ་ལས་འདས་པ་བྱུང་བའོ། །ཐོས་པ་ཆུང་ཞིང་དག་སྣང་མེད་པ་འགས། །བྲག་རི་ཙག་ཙུག་རེ་ལ་བསྐོར་བ་ཡིས། །དུང་ཕྱུར་འགྱུར་སོགས་ཡོད་པ་བདེན་ནམ་སྙམ། །དེ་ལ་སྤྱིར་ན་བཞེངས་པའི་རྟེན་གསུམ་ལས། །རང་བྱོན་ངོ་མཚར་ཆེ་བ་ལུང་རིགས་གྲུབ། །དེ་དག་མཇལ་དང་བསྐོར་བའི་ཕན་ཡོན་ཡང་། །ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ཉིད་ལས། །ལ་ལར་སངས་རྒྱས་རྣམས་ཀྱིས་སྤྲུལ་པ་ནི། །


CMR003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན། །དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས། །ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར། །དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན། །ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། །ཞེས་གསུངས་གནས་སར་འདི་དག་ཐམས་ཅད་ལ། །མཁའ་འགྲོ་ལྷ་སྲིན་རྣམས་ཀྱི་མཆོད་པའི་རྟེན། །སྐུ་རྟེན་སྦས་པ་དག་ནི་རང་བྱོན་རྣམས། །གསུང་རྟེན་ཡིག་འབྲུ་རང་བྱོན་ཆོས་གཏེར་བཞུགས། །ཐུགས་རྟེན་སྦས་དང་མཆོད་རྟེན་རང་བྱོན་རྣམས། །ཡོན་ཏན་རིན་པོ་ཆེ་དང་དམ་རྫས་གཏེར། །ཕྲིན་ལས་ཕུར་པ་ཐུན་རྫས་དྲག་སྔགས་གཏེར། །བཞུགས་ཕྱིར་མཆོད་རྟེན་མཆོག་ཏུ་གྱུར་པའོ། །དེ་ལ་བསྐོར་བ་བྱས་པའི་ཕན་ཡོན་ཡང་། །བསྐོར་བའི་ཚིགས་བཅད་ཐུབ་པས་གསུངས་པའི་མདོར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །མི་ཁོམ་བརྒྱད་རྣམས་སྤང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །


CMR003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བསྐོར་བ་བྱས་པ་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་བ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོ་ཐོབ་པར་འགྱུར། །འཛམ་བུ་གླིང་གི་རིགས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པ་དང་། །བློ་ལྡན་དུ་ཡང་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དགའ་བར་འགྱུར། །ཡིད་དུ་འོང་ཞིང་ལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་ཐོབ་པར་འགྱུར། །རྒྱལ་རིགས་མཆོག་ཏུ་སྐྱེ་བ་དང་། །བུ་སྨད་དང་ཡང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །བྲམ་ཟེ་ཆེ་ཞིང་མཐོང་བ་དང་། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིགས་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ན། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་དང་ལྡན་པར་འགྱུར། །འཛམ་བུ་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །


CMR003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པ་ན། །འདི་ནས་ཤི་འཕོས་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བར་འགྱུར། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པ་ན། །ཤ་ཟ་རྣམས་དང་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་ནུས་སོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པ་ན། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་སྒུར་པོར་ཡང་མི་འགྱུར། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ན། །མིག་ཀྱང་རྣམ་པར་དག་པ་དང་། །སྤྱན་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་སྤྱན་ཡང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་པ་ན། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དང་། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ན། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་


CMR003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བསྐོར་བ་བྱས་པ་ན། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་པོ་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྟོང་གིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པ་ན། །དྲན་པ་ཉེར་བ་བཞག་པ་བཞི། །སེམས་ཅན་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པ་བཞི་ཡང་ཐོབ། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་ལྔ་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མངོན་ཤེས་དྲུག་ལྡན་ཟག་མེད་དང་། །ཉོན་མོངས་ཐམས་ཅད་སྤངས་པ་ཡིས། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །འདོད་ཆགས་ཐམས་ཅད་སྤང་བ་དང་། །འཁོར་བ་ཐམས་ཅད་སྤང་བ་ཡིས། །རང་རྒྱལ་བྱང་ཆུབ་ཐོབ་པར་འགྱུར། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་གསུངས་ཕྱིར་ན་འཇིག་རྟེན་བདེ་ལེགས་དང་། །རྫོགས་པའི་སངས་རྒྱས་ཉིད་ཀྱང་ཐོབ་གསུངས་པས། །སྤྲུལ་སྐུས་གནས་སྒོ་ཕྱེས་པ་ལ་བརྟེན་ནས། །དེ་སྔ་ཡང་ནི་སེམས་ཅན་བྱེ་བ་ཕྲག །དཔག་མེད་བྱང་ཆུབ་ལམ་ལ་བཀོད་གྱུར་ཅིང་། །སླར་ཡང་གྲངས་མེད་བྱང་ཆུབ་ལམ་ཞུགས་འགྱུར། །གནས་སྒོ་ཕྱེས་པས་འགྲོ་


CMR003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པ་ཡང་། །ཤཱཀ་ཐུབ་གསུངས་པའི་མདོ་སྡེ་དེ་ཉིད་ལས། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམ་བུ་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཆོད་རྟེན་བསྐོར་བ་བྱས་པ་ན། །འཛམ་བུ་ཆུ་ཀླུང་གསེར་གྱི་ཕ་ཝང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་གསུངས་འགྲོ་ལ་དེ་ལྟར་ཕན་པར་འགྱུར། །དེ་བཞིན་གནས་ནང་རང་བྱུང་རྟེན་རྣམས་ལ། །མར་མེ་ཕུལ་མཁན་མང་དུ་བྱུང་བ་ནི། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པའི། །མར་མེ་འབུལ་བ་ཞེས་བྱའི་མདོ་སྡེ་ལས། །མར་མེ་འབུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་རྟེན་ལ་དེ་ལུས་འདུག་པར་ཤེས། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་


CMR003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །བདེར་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པ། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བ་མི་བདག་སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་ལྟ་ན་དགའ་བར་འགྱུར། །དེ་ཡི་ལས་བྱས་པ་དེས་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་དུ་བདེ་དང་ལྡན། །དེ་ཡི་ལུས་ཀྱི་ནད་ཀྱི་ཉོན་མི་སྟོན། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་བར་གཤེགས་ལ་མར་མེས་མཆོད་བྱས་པས། །རྐུན་པོའི་ནད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མར་བྱི་ཕོ་མེད། །དེ་ཡི་ལུས་ནི་ནམ་ཡང་གཅུས་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུ་འཇིགས་པ་མེད། །རྟག་ཏུ་འབྱོར་ཞིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡིས་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡི་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་ཤིན་ཏུ་དགའ་འགྱུར་ཏེ། །དེ་དག་རྣམས་ལ་གུས་པས་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་བསྟེན། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་


CMR003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་བློ་ལྡན་བདེར་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །ཕྱོགས་བཅུ་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེར་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་འགྱུར་རོ། །ཞེས་གསུངས་དེ་བཞིན་འབུམ་རྫོང་ལ་སོགས་པའི། །གནས་ལ་དར་ལྕོག་འཛུགས་མཁན་མང་དུ་བྱུང་། །དེ་ཡི་ཕན་ཡོན་དགོངས་འདུས་རྩ་རྒྱུད་ལས། །རླུང་རྟ་དར་བར་བྱེད་པའི་མཆོག །ཅེས་སོགས་ནས་བཟུང་དར་ལྕོག་རྒྱས་བཤད་ནས། །དུག་ཤིང་མིན་པའི་དར་ཤིང་ལ། །དྲི་མེད་དར་ལ་གཟུངས་སྔགས་བྲིས། །རི་མཐོ་དགོན་གནས་གྲོང་ཡུལ་དང་། །ཚོང་འདུས་མི་མང་འདུ་སར་བཙུགས། །བདེ་བ་ལྡན་ཞིང་སྡུག་བསྔལ་བྲལ། །རླུང་རྟ་བསྐྱེད་ཅིང་བསོད་ནམས་ལྡན། །རླུང་གིས་གང་ཕོག་སེམས་ཅན་ཀུན། །


CMR003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་དེ་ཡི་ཞིང་དུ་སྐྱེ། །འདི་ཡི་ཕན་ཡོན་བརྗོད་མི་ལོངས། །འབད་པར་རིགས་སོ་ས་མ་ཡཱ། །ཞེས་གསུངས་དེ་བཞིན་གནས་སར་དེ་དག་ཏུ། །བརྒྱ་ཕྱག་སྟོང་ཕྱག་འཚལ་མཁན་མང་དུ་བྱུང་། །ཕན་ཡོན་སྤྱན་རས་གཟིགས་ཀྱི་མདོ་སྡེ་ལས། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤངས། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་ཕྱག་འཚལ་བ། །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་བརྒྱན་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །བཏང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྟོན་པ། །གླིང་བཞི་ངག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་


CMR003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་འཆི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཐོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་བཟད་བསྐལ་བ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ནི་བསོད་ནམས་ཆེས་མང་ངོ་། །ཞེས་གསུངས་ཕྱིར་ན་ཕྱག་དང་བསྐོར་བ་དང་། །མ་ཎི་བསྙེན་གནས་དགེ་བ་ཁས་ལེན་སོགས། །གནས་ལ་བརྟེན་ནས་འགྲོ་དོན་དཔག་མེད་དེ། །དེ་ཡང་ས་གཞན་དེ་དག་བྱས་པ་བས། །གནས་ཆེན་གནས་ཕྲན་གནས་འདྲ་ལ་སོགས་པར། །བྱས་པས་འགྱུར་དང་ཕན་ཡོན་ཆེ་བའི་ལུང་། །ལུང་བསྟན་ཆེན་པོ་བཀའ་རྒྱ་མ་སོགས་ལས། །དེ་ལྟར་གནས་དང་གནས་འདྲ་ལ་སོགས་པར། །ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ། །བསྒྲུབས་པ་བྱས་པའི་ཕན་ཡོན་བསམ་མི་ཁྱབ། །ཕལ་བའི་གནས་སུ་ལོ་གཅིག་སྒྲུབ་པ་བས། །དེ་དག་རྣམས་སུ་ཞག་གཅིག་ཕན་ཡོན་ཆེ། །དེ་དག་ཤེས་པར་མཛོད་གཅིག་རྗེས་


CMR003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྣམས། །ཞེས་གསུངས་ཕྱིར་ན་ཕྱག་བསྐོར་མར་མེ་སོགས། །སུམ་བརྒྱ་དྲུག་བཅུ་ས་གཞན་བྱས་པ་བས། །གནས་འདི་རྣམས་སུ་གཅིག་བྱས་ཕན་ཡོན་ཆེ། །དུང་སོགས་རྒྱབ་པ་དེ་འདྲའི་དོན་ལ་དགོངས། །གནས་སྒོ་ཕྱེས་པ་ལ་བརྟེན་ནས་འགྲོ་དོན་བྱུང་ཚུལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྤྲུལ་སྐུའི་བསྙེན་བཀུར་ཞབས་ཏོག་སོགས། །གདུལ་བྱའི་སྒོ་ཡང་ཅུང་ཟད་བྱེ་བའི་ཚུལ། །ཨོ་རྒྱན་ལུང་བསྟན་རཏྣའི་གཏེར་ཁ་ལས། །འོན་ཀྱང་མ་འོངས་དུས་ཀྱི་ཐ་མ་དེར། །ང་ཡིས་སྦས་པའི་ཟབ་གཏེར་སླད་མེད་ལ། །སྤྱོད་པའི་སྤྲུལ་སྐུ་ལས་ཅན་མང་དུ་འབྱུང་། །སྔོན་ལས་འབྲེལ་ལྡན་གང་ཟག་དམ་པ་འདུ། །ཕྱོགས་མཚམས་གདུལ་བྱ་འགྲོ་དོན་རྒྱ་ཆེན་སྤྱོད། །མཁས་གྲུབ་ཡོན་ཏན་ལྡན་པ་ཀུན་འདུ་ཞིང་། །དད་ལྡན་རྒྱུད་བཟང་རིགས་ལྡན་ཕོ་མོའི་ཚོགས། །མང་དུ་འདུ་ཞིང་ཆོས་དང་ཟང་ཟིང་སོགས། །ཐབས་མཆོག་དུ་མས་འབྲེལ་བ་དོན་ལྡན་གྱི། །འགྲོ་དོན་འགྲུབ་ན་གཏེར་སྟོན་ཚད་མ་ཡིན། །ཅི་ཕྱིར་ཞེ་ན་ཡུལ་ལྷ་གཏེར་སྲུང་དང་། །མཁའ་འགྲོ་ཆོས་སྐྱོང་གདུལ་བྱ་ཐམས་ཅད་བསྐུལ། །ང་ཡིས་གཏེར་སྦས་དོན་ཡོད་བྱེད་པ་འབྱུང་། །ཞེས་གསུངས་གུ་


CMR003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རཏྣ་གླིང་པ་ཡི། །སྣེལ་གདོང་བ་སོགས་བོད་ཀྱི་སྡེ་བ་རྣམས། །དབུ་བླ་མཛད་ཅིང་བསྙེན་བཀུར་བྱས་ཚུལ་རྣམས། །རགས་རིམ་རྣམ་ཐར་ནང་དུ་བཀོད་པ་དང་། །དེ་བཞིན་གུ་རུ་ཆོས་དབང་རྣམ་ཐར་ལས། །གཏེར་སྟོན་ཡིན་པར་ལྷ་འདྲེ་མི་གསུམ་གྱིས། །མངའ་གསོལ་དགོས་པར་གསུངས་པས་སྤྲུལ་སྐུ་འདིས། །ལྷ་ཡིས་མངའ་གསོལ་ཞལ་གཟིགས་གདམས་པ་བསྟན། །འདྲེ་ཡིས་མངའ་གསོལ་དམ་བཏགས་སྲོག་སྙིང་ཕུལ། །དེ་ནས་མི་ཡིས་མངའ་གསོལ་བསྙེན་བཀུར་ཚུལ། །གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ལུང་བྱང་ལས། །ནང་ཆེན་ཕྱོགས་ནས་གདུལ་བྱའི་སྒོ་བྱེ་ཞིང་། །ཕག་ལོ་གདུལ་བྱ་རབ་གཅིག་འབྱུང་གསུངས་ལྟར། །ཁྱི་ལོའི་ལོ་མགོར་གནས་སྒོ་ཕྱེ་བ་ནས། །གཏེར་སྟོན་གྲགས་དང་གདུལ་བྱ་ཅུང་ཟད་དང་། །ནང་ཆེན་གྲྭ་ནང་སྤྲེལ་ཚ་ཞེས་བྱ་ཡི། །ཨོ་རྒྱན་བཞེངས་པའི་མཆོད་རྟེན་ཉེ་ལོགས་སུ། །རཱ་ག་ཨ་སྱས་རྫུ་འཕྲུལ་རྐང་པ་བཞི། །བརྩོན་འགྲུས་མྱུར་བའི་མ་ཧཱ་གོ་ར་དང་། །ཐེག་ཆེན་དོན་ལྡན་རྐང་བཞི་ཁལ་མའི་རིགས། །བདུད་རྩི་འོ་མའི་ཆུ་རྒྱུན་ལྡན་པའི་གནག །དེ་སོགས་བཅུ་ཕྲག་ལྔ་ལྷག་ཙམ་གཅིག་དང་། །པཉྩ་ལི་ཀའི་རས་ཕྲུག་


CMR003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཟའ་ཕུལ། །དེ་ནས་ས་བདག་རྒྱལ་པོ་ཕག་གི་ལོར། །རྒྱ་ནག་རྒྱལ་པོའི་བློན་རིགས་ཐམས་ཅད་ཀྱི། །ནང་ནས་ཆེ་ཤོས་རྒྱ་ཧོར་ལས་ཀ་ཅན། །ཁམས་ཕྱོགས་རྒྱལ་པོའི་ནང་ནས་མཆོག་གྱུར་པ། །ས་ཡི་ཚངས་པ་རིན་ཆེན་རྣམ་རྒྱལ་གྱི། །སྤྱན་དྲངས་ཞབས་པད་སྤྱི་བོས་བཏུད་བྱེད་ཅིང་། །སྐུ་མཆེད་སྲས་དང་བཙུན་མོ་བློན་འབངས་བཅས། །བཀའ་དབང་བྱིན་རླབས་ཀྱང་ནི་ཡིད་ཚིམས་ཞུས། །བརྒྱ་འབུལ་ལ་སོགས་མཆོད་སྤྲིན་རྒྱ་མཚོ་ཕུལ། །གསང་རྫོང་ཕོ་བྲང་ནང་དུ་སྤྱན་དྲངས་ཚེ། །རྒྱལ་འགོང་ནག་པོ་ཞིག་གིས་བྲག་དེ་ལ། །དཔང་བས་བཏབ་སྟེ་འདུག་པར་གཟིགས་པ་ཡིས། །མཚམས་གཅོད་བྱས་པས་ཡལ་ནི་སོང་བ་དང་། །དེ་ནས་གཅོད་པ་རྒྱལ་འགོང་ཞུགས་པ་གཅིག །ཡོད་པ་དེ་ཡང་བསྟོ་ནས་ཚུར་མཆོངས་ཤིང་། །རྫོང་དེ་ལས་སར་མི་ཡང་གཅིག་གཉིས་ཤི། །དེ་དག་འབྱུང་བའི་ལྟས་ནི་ཡིན་པར་སྣང་། །དེ་ནས་དབྲེ་ཁུར་ཆོས་ར་ཡོད་པ་ཡི། །ཁྲོམ་ཆེན་རྣམས་ལ་དབང་ཆོས་འབྲེལ་བ་མཛད། །ཁྲོས་མ་ཞིང་ལྤགས་འཛིན་པ་ཞལ་གཟིགས་ཤིང་། །ལྷ་འདྲེའི་བརྫུས་བུ་ཡིན་པར་གྲགས་པ་ཡི། །སྤྱོད་རྒྱལ་དབོན་སོགས་མཆོག་དམན་བར་མ་ཡིས། །སྐྱེས་


CMR003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཀུན་གྱིས་དད་གུས་བཀུར་སྟི་བྱས། །ཡར་ལ་བྱོན་པས་ཐུགས་ནི་འུར་བ་ཡིས། །མི་གཅིག་ཆིབས་ཁ་ཁྲིད་ལ་ཕྱག་ལྕག་བརྒྱབས། །ཆིབས་མཐུར་འཛིན་དུ་མ་བཅུག་བཀའ་བཀྱོན་ཚེ། །སྲོག་བདུད་མ་ནིང་ནག་པོ་རྐང་ཐང་གིས། །ཆིབས་ཁ་ཁྲིད་པ་གཟིགས་པ་ཡིན་པར་སྣང་། །དེ་ནས་ཨོ་རྒྱན་ཆེན་པོས་ཀླུ་བདུད་ཀྱི། །ཁ་གནོན་བཞེངས་པའི་མཆོད་རྟེན་རབ་གནས་མཛད། །ཀླུ་ནི་མདོག་ནག་རོ་སྟོད་དུག་སྦྲུལ་ལུས། །དུག་ལྕེ་ནག་པོ་ལིབ་ལིབ་བྱེད་པ་ལ། །ལུས་སྨད་མི་ཡི་ལུས་སུ་ཡོད་པ་ཞིག །ལྕི་ཆུ་ནང་དུ་ཕར་ལ་བྲོས་པ་གཟིགས། །གྲོང་འབལ་ལ་སོགས་དད་ལྡན་ཐམས་ཅད་ཀྱིས། །བརྒྱ་ཕྲག་ལྷག་པའི་འབུལ་ཆེན་བཀྱགས་ནས་ཀྱང་། །བསྔོ་སྨོན་དབང་དང་ཆོས་ཀྱི་འབྲེལ་བ་ཞུས། །དེ་ནས་གསང་བ་ལུས་མེད་རྡོ་རྗེའི་རྒྱུད། །རི་ཁག་བཅོ་བརྒྱད་ཀུན་གྱི་གཙུག་གི་ནོར། །བླ་མ་སྔགས་འཆང་གྲུབ་ཐོབ་ལ་སོགས་པ། །རྒྱུན་མ་ཆད་པའི་ཚང་སར་སྐུ་མཆེད་ཀྱི། །ཐབ་བསུ་སྐྱེས་བསུས་དང་བཅས་གདན་འདྲེན་ཞུས། །སྔགས་ཁང་གཡེ་གུ་མགོ་རུ་ཕེབས་པ་ན། །ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ནི། །ཧཱུྃ་ཡིག་ནག་པོས་ཐམ་འགག་གང་བ་


CMR003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཤོད་ཀྱི་མུན་ཁང་ནང་དེར་ལས་མགོན་ནི། །བྱ་རོག་གདོང་ཅན་འཇིགས་སུ་རུང་བ་གཟིགས། །ས་མཚམས་ཐད་དུ་སྤྲུལ་སྐུའི་རྨི་ལམ་དུ། །དྷཱ་ཀི་ཡིད་འོང་རྒྱུན་གྱིས་བཀླུབས་པ་གཅིག །ཕྱག་འཚལ་རྩི་བཅུད་མར་གྱིས་འབུལ་བ་བྱས། །ཁྱོད་ནི་སུ་ཡིན་གསུངས་པས་བུད་མེད་དེས། །ང་ནི་བུདྡྷ་སྐྱིད་བྱེད་ཡུམ། །ཀུན་ཏུ་བཟང་མོ་ཉིད་དང་མཉམ། །སྐྱེས་བུ་ཁྱེད་ཀྱི་ཟླ་གྲོགས་ཏེ། །ཚེ་དང་ལོངས་སྤྱོད་འཕེལ་འགྱུར་རོ། །ཞེས་ཟེར་མཉམ་དུ་འདུག་པའི་སྣང་བ་བྱུང་། །ལྷ་འབུམ་ལ་སོགས་ཁུ་དབོན་སྐུ་མཆེད་དང་། །སྟོད་ཧོར་སྲས་མོ་ལ་སོགས་བཙུན་མོ་ལྕམ། །བློན་འབངས་བཅས་པས་བརྒྱ་ཕྲག་གྲངས་ལྷག་པའི། །འབུལ་ཆེན་བཀྱག་ཅིང་དབང་ཆོས་གདམས་པ་ཞུས། །པད་འབྱུང་དངོས་ཕེབས་འདྲ་བའི་དད་འདུན་གྱིས། །སྔར་ནས་ས་ཆ་དེ་རུ་བླ་ཆེན་རྣམས། །ཕེབས་ནས་ཆོས་ཁྲི་སོ་སོར་བརྩེགས་སྲོལ་ཡང་། །མ་རྡོ་དགོས་ཕྱིར་ཞིག་ནི་འགྲོ་བ་ལ། །སྤྲུལ་སྐུའི་བཞུགས་ཁྲི་ཡོངས་ན་བཀྲ་ཤིས་པས། །སུས་ཀྱང་བཤིག་དབང་མེད་པའི་དྲིལ་བསྒྲགས་ཤིང་། །ཨོ་རྒྱན་རྗེ་ཡི་བཞེངས་པའི་མཆོད་རྟེན་རྣམས། །རབ་གནས་བསྐྱར་ཞིང་བཀྲ་ཤིས་རྟེན་འབྲེལ་


CMR003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །རྟ་རྣར་ཕེབས་པས་བསུ་བ་སེར་ཕྲེང་བསྒྲིགས། །བཀྲ་ཤིས་ཁྲ་རིང་གནས་སོགས་བཀུར་སྟི་ཆེ། །བླ་མ་ཁག་གཉིས་དགེ་འདུན་སྡེ་བཅས་པས། །བརྒྱ་འབུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོ། །དབང་ལུང་གདམས་པ་མང་དུ་གསན་པར་མཛད། །དེ་ནས་བྲེ་གུ་དཀར་སྒྲོན་ཞེས་བྱར་ཕེབས། །ལྷ་འདྲེ་མང་པོ་འདུས་ནས་ཕྱག་འཚལ་ཞིང་། །ས་སྐྱོང་ཆེན་པོ་བསོད་ནམས་དཔལ་བཟང་མས། །ཆིབས་དང་གོས་དར་མཆོད་སྤྲིན་གྱ་ནོམ་བཅས། །སྡེ་ནང་ཕེབས་དགོས་ཞེས་པའི་ཞུ་བ་ཕུལ། །སྤྱོམ་ནེར་སྔར་ཕྱིར་ཕེབས་སྐབས་བེ་རི་དང་། །མར་ཐང་སྡེ་ཡིས་བཀུར་སྟི་གྱ་ནོམ་བྱས། །གཡས་རུ་ཁིར་ཁར་དཔོན་གྱིས་སྤྱན་དྲངས་ཏེ། །སྤྲུལ་སྐུའི་མྱེས་པོ་རྣམ་སྲས་ཞེས་བྱ་བ། །སྔར་ནས་མི་ཤ་མང་འབྲེལ་མ་དུམ་པ། །སྤྲུལ་སྐུའི་ཆགས་ཕྱིར་ཁྱིམ་དུ་སོང་བ་ཡང་། །མི་དགའི་ཚིག་ཟུར་ཙམ་ཡང་མ་སྨྲས་པར། །གསོལ་ཞབས་གཟབ་པས་ཐམས་ཅད་ཡ་མཚན་གྱུར། །དེ་ནུབ་ནམ་ཕྱེད་རྔ་བརྡུང་རོལ་མོ་གྲག །གཟིམས་པས་རྨི་ལམ་བཙན་རྒོད་གསར་པ་དེས། །འཁོར་ནི་གསུམ་དང་བཅས་ཏེ་ཕྱག་འཚལ་ཞིང་། །ང་ཡི་སྲོག་གི་སྙིང་པོ་ཁྱེད་ཀྱིས་བླངས། །


CMR003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་ང་ལ་ཕན་པ་ཆེ་བར་བྱུང་། །ནངས་པར་འབྱོན་ཁ་ང་ལ་བསང་ཞིག་གནང་། །ཞེས་ཟེར་ཕྱིར་ནངས་བསང་ཡང་བཏང་བར་མཛད། །སྐྱོ་བྲག་དགེ་སློང་ཀརྨ་སངས་རྒྱས་ཀྱིས། །བཅུ་ཕྲག་བཅུ་ཡི་ལྷག་པའི་མཆོད་སྤྲིན་སྤྲོས། །རྣམ་རོལ་ལ་སོགས་ཤོར་མདའི་དད་ལྡན་རྣམས། །བརྒྱ་ཕྲག་ལྷག་པའི་འབུལ་ཆེན་མཆོད་སྤྲིན་དང་། །ཨོ་རྒྱན་དངོས་འདྲའི་མོས་པ་དད་འདུན་སྐྱེ། །ཕ་ཁང་དད་ལྡན་རྣམས་ཀྱིས་བརྒྱ་ཕྲག་དྲངས། །མཆོད་པའི་སྤྲིན་གྱིས་མངོན་པར་མཆོད་པར་གྱུར། །མིག་ཡེར་སྔ་ཕྱིར་གྲངས་སྨད་སྐུ་སྐྱེ་དང་། །ལྷོ་པ་རིན་པོ་ཆེ་ཡི་བསྙེན་བཀུར་དང་། །ཨོ་རྒྱན་སྐུ་ཚབ་ཕྱག་བཞག་བྱིན་བརླབས་ཞུས། །དེ་བཞིན་སྐྱོ་བྲག་བླ་མ་སྐུ་མཆེད་དང་། །ཤོར་ཕུ་དགེ་བཤེས་སྤོ་རུ་བ་སོགས་ཀྱིས། །སོ་སོར་སྤྱན་དྲངས་བཀུར་སྟི་ཕུན་ཚོགས་མཛད། །འབྲུག་པ་སྤྱི་ཕུག་པ་ཡིས་སྤྱན་དྲངས་ཚེ། །མེ་ཏོག་ཆར་བབ་བླ་མ་ཉིད་ཀྱིས་གཟིགས། །བསོད་ནམས་དགེ་བ་ལ་སོགས་བླ་མ་རྣམས། །མང་པོ་སོ་སོར་སྤྱན་དྲངས་བསྙེན་བཀུར་ཞིང་། །ཟུར་མང་སྐུ་སྐྱེ་ཁག་གསུམ་ལ་སོགས་པས། །མཆོད་པའི་སྤྲིན་ནི་གྱ་ནོམ་བསྐུར་བར་མཛད། །གཞན་ཡང་གར་ཕེབས་སྐྱ་སེར་ཚང་མ་ཡིས། །


CMR003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་ཅི་འབྱོར་མཆོད་པས་མངོན་པར་མཆོད། །ཤི་གསོན་མིང་བྱང་བསྔོ་སྨོན་དབང་དང་ལུང་། །ཞལ་མཐོང་གསུང་ཐོས་ཕྱག་དབང་བཀའ་བསྒོ་དང་། །ན་བཟའ་གསང་ཆབ་ཤང་མཚལ་གསོལ་རས་དང་། །ཕྱག་ནས་གསོལ་ཞག་གཏོར་མ་དམ་རྫས་སོགས། །ཨ་ཙ་ར་ཡིས་གསེར་མཐོང་བཞིན་དུ་འདོད། །བྱིན་རླབས་བཀའ་བསྒོས་ནད་གདོན་ཞི་བ་དང་། །གསང་ཆབ་སྐམ་རློན་བླུད་དང་བཏབ་པ་ཡིས། །ནོར་ནད་ཆད་དང་གསང་ཆབ་རིལ་བུ་ནི། །མགུལ་དུ་འཆང་བས་ཁྱིས་སྨུག་རྨ་མ་བྱུང་། །ཞལ་ཕུས་མིག་ནད་སོ་ནད་ཕན་པ་དང་། །དད་ལྡན་འགའ་རེར་རྨི་ལམ་སྤྲུལ་སྐུ་ཉིད། །བྱོན་ནས་ལེགས་ཉེས་ལུང་བསྟན་བརྡའ་བསྟན་སོགས། །དེ་འདྲ་བྱུང་བ་གྲངས་མང་བྲིར་མི་ལོང་། །ཨོ་རྒྱན་རྗེ་ཡི་བསྟན་པ་སྤྱི་ཡི་ལུང་། །གུང་ཐང་བྲག་ན་རིཏྟིས་བཏོན་པ་ལས། །གཏེར་སྟོན་ཡིན་མིན་གདུལ་བྱ་བབ་ཀྱིས་གསལ། །ལ་འཕྲང་ལུང་འཕྲང་རྗེས་སུ་མ་ཎིས་འགེངས། །བརྟུལ་ཞུགས་རྫུ་འཕྲུལ་འགྲོ་བ་དབང་དུ་སྡུད། །སེམས་བསྐྱེད་དག་པས་འགྲོ་དོན་སྒྲུབ་ལ་བརྩོན། །དེ་འདྲའི་གཏེར་བདག་སྐྱེས་མཐའི་སེམས་དཔའ་སྟེ། །གཏེར་སྟོན་མངོན་སློབ་གྲུབ་ཐོབ་


CMR003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གྱུར་ཡིན། །བཟང་ངན་འབྲེལ་གྱུར་ཐམས་ཅད་དོན་ལྡན་ན། །རྟེན་དུ་འགྲོགས་རྣམས་ཐར་ལམ་སྨོས་ཅི་དགོས། །ཞེས་གསུངས་ལུང་དང་རྗེས་སུ་མཐུན་པ་སྟེ། །དེ་སྐོར་སྤྲུལ་སྐུ་ན་བཟའ་སྐུ་ཆས་སོགས། །བརྡའ་ཙམ་མ་རྟོགས་ལེགས་པོ་ཅང་མེད་ཅིང་། །སྐུ་ན་ཕྲ་བས་བྱིས་སྦའི་རྣམ་པ་སྟེ། །མཇལ་མི་རྣམས་ཀྱང་མཉེས་རིག་ཡུ་འོས་ཀྱང་། །མི་དཔོན་བླ་དྲག་དགེ་བཤེས་ཡོན་ཏན་ཅན། །རང་རང་ང་རྒྱལ་ཆེ་སྣང་ཡོད་ཀུན་ཀྱང་། །དྲུང་དུ་བསླེབས་ནས་ཟིལ་གནོན་བག་ཞ་ནས། །ཧ་ཅང་སྨྲ་མི་ཕོད་པར་བག་དོགས་ཤིང་། །གཞན་སྣང་ཟིལ་གྱིས་གནོན་འདྲའི་རྟེན་འབྲེལ་ཤར། །ཟང་ཟིང་དངོས་པོ་བཀའ་འགྱུར་སྒྲོག་པ་དང་། །སྟོང་ཕྲག་བརྒྱ་པ་བརྒྱ་ཚར་དབུ་འཛུགས་དང་། །ཡིག་དྲུག་སྟོང་མཁར་ཁྲི་མཁར་མང་པོ་དང་། །འབུལ་བ་དགོན་གསོས་མང་ཇ་བསྐང་གསོའི་རྒྱུན། །གནམ་ཆོས་གླེགས་བམ་བཞེངས་སོགས་གཙོ་ཆེར་མཛད། །དེ་ལ་དོན་མི་གོ་བ་ལ་ལ་ཡིས། །དཀོར་རྫས་ལོངས་སྤྱོད་ཆར་ལྟར་བབ་ན་ཡང་། །གྲྭ་པ་གསུང་རིམ་ཁྱོག་པ་འགའ་མི་སྣང་། །ཆགས་ཕྱི་མི་ནག་རྣམས་ཀྱིས་དཀོར་དེ་ཟ། །བྱང་བུ་རྣམས་ཀྱང་ཕྲལ་དུ་བཞུ་མི་གྲུབ། །ཅེས་


CMR003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྨྲ་མཁན་འགའ་རེ་ཡོད་འདུག་སྟེ། །ཐ་མལ་སོ་སྐྱེའི་བླ་མ་ཡིན་ན་ནི། །དེ་འདྲས་དཀོར་འབྱང་དཀའ་བ་བདེན་མོད་ཀྱིས། །སྤྲུལ་སྐུ་འབྲེལ་ཚད་དོན་ལྡན་ཡིན་པའི་ལུང་། །གཏེར་སར་འབྲོ་བན་སྐྱེ་རྒྱུད་གཏེར་ལུང་ལས། །མ་འོངས་མདོ་ཁམས་རི་ཆེན་ཉེ་བ་ན། །རྡོ་རྗེའི་མིང་འཛིན་ཁ་བྱང་འཛིན། །མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར། །གསུངས་ཕྱིར་སྤྲུལ་སྐུའི་ཞལ་མཐོང་གསུང་ཐོས་ཀྱང་། །གནས་ངན་དུ་མའི་སྐྱེ་སྒོ་ཆོད་པ་ཡིན། །གཞན་ཡང་སྔོན་བྱོན་གཏེར་སྟོན་ཕྲང་བུ་བ། །མཚན་དངོས་ཤེས་རབ་འོད་ཟེར་ཞེས་བྱ་བ། །འབྲི་ཁུང་ཞབས་དྲུང་རིན་ཆེན་ཕུན་ཚོགས་དང་། །འབྲུག་པ་ངག་དབང་བཟང་པོ་ལ་སོགས་པས། །བླ་མར་བསྟེན་ཅིང་ཀུན་གྱིས་ཚད་འཛིན་པ། །དེ་དང་སྤྲུལ་སྐུ་འདི་གཉིས་ཐུགས་རྒྱུད་དང་། །ངོ་བོ་གཅིག་སྟེ་བཻ་རོའི་སྤྲུལ་པར་ངེས། །དེ་ཡི་གཏེར་ཁ་གྲོལ་ཐིག་ལུང་བྱང་ལས། །བཻ་རོ་ཁྱོད་ཀྱང་སྐྱེ་ཚུལ་གསུམ་བཟུང་ནས། །ང་ཡི་ཟབ་གཏེར་རྣམས་ཀྱི་སྒོ་འབྱེད་ཅིང་། །ཞེས་གསུངས་ས་གཏེར་དབང་ཚུལ་ལུང་བསྟན་ནོ། །གལ་ཏེ་མ་འགྲིགས་རྫོགས་པར་མ་ཐོན་ན། །དད་ལྡན་བུ་ཁྱོད་བསམ་པ་མ་ཕམ་དང་། །པད་


CMR003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ང་ཡིས་གདམས་པ་དངོས་སུ་སྟོན། །ཅེས་གསུངས་གནམ་ཆོས་སྔོན་ལ་འབྱུང་ལུང་དང་། །བེ་རོའི་སྐྱེས་རྒྱུད་སྤྲུལ་པའི་ཡོན་ཏན་ཡང་། །འདི་ཉིད་འདོན་པའི་ལས་ཅན་སྐྱེས་བུ་དེ། །པདྨ་བདག་དང་ཁྱད་པར་ཡོད་རེ་ཀན། །འདི་ལ་འབྲེལ་བ་ཅུང་ཟད་སུས་ཐོབ་པ། །སྡུག་བསྔལ་སྣང་བ་རྩད་ནས་བཅད་ནས་ནི། །བདེ་ཆེན་དག་པའི་ཞིང་ན་འཁོད་པར་བྱེད། །འདི་ལ་ལུས་ཀྱི་འབྲེལ་པ་སུས་ཐོབ་པ། །ཨོ་རྒྱན་མཁའ་འགྲོའི་གནས་སུ་སྐྱེ་བར་ངེས། །འདི་ཉིད་སྐུ་མཚལ་དྲི་ཆུ་ལྟོར་སོང་བ། །ལས་ངན་མཚམས་མེད་སྤྱད་ཀྱང་ངན་སོང་ཁེགས། །སྐྱེ་བ་གཅིག་གིས་བདེན་པོ་མཐོང་བར་འགྱུར། །དེ་ཕྱིར་སྐྱེ་བདུན་ཕལ་གྱི་དོ་ཟླ་མིན། །འདི་ལ་གུས་པ་ཉེ་བར་བྱེད་པ་རྣམས། །ཐོག་མའི་མགོན་པོ་ཀུན་བཟང་མཆོད་དང་མཚུངས། །འདི་ལ་ལོག་སྒྲུབ་བྱེད་པའི་སྐྱེ་བོ་ཡང་། །མཐར་ཡང་སྨོན་ལམ་གཅིག་གིས་གྲོལ་བར་འགྱུར། །ཞེས་གསུངས་ཕྱིར་ནས་འབྲེལ་ཚད་དོན་དང་ལྡན། །བཟང་འབྲེལ་བཞག་རྣམས་གཏན་བདེའི་མདུན་མ་འགྲུབ། །ངན་འབྲེལ་བཞག་རྣམས་ཚེ་འདིར་མི་དགེ་ཞིང་། །ཕྱི་མ་མནར་མེད་དམྱལ་བར་ཡུན་རིང་ཡོང་། །དེ་ཡིས་ལས་ངན་ཟད་ནས་ཐར་ཙམ་


CMR003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འཁོར་བ་མཐའ་མེད་འཁྱམས་པར་མི་འགྱུར་ཏེ། །བཻ་རོ་ཙཱ་ནའི་སྨོན་ལམ་སྟོབས་ཤུགས་ཀྱིས། །སྐྱེ་རྒྱུད་ཡང་སྤྲུལ་མཇལ་ནས་གྲོལ་བར་བྱེད། །དེ་ཡང་གནོད་པ་བྱས་ཕྱིར་མ་ཡིན་ཏེ། །ཐོས་དང་མཇལ་དང་ཡིད་ལ་དྲན་པ་ཡིས། །བཟང་འབྲེལ་དེ་ཡང་ཞོར་ལ་བྱུང་བ་ཡིན། །དེས་ན་གསང་ཆབ་སྐུ་མཚལ་ན་བཟའ་སོགས། །དེ་ཙམ་གྱིས་ཀྱང་འགྲོ་དོན་དཔག་མེད་དོ། །དེ་ཡང་ཀུན་མཁྱེན་མི་བསྐྱོད་རྒྱལ་བ་ཡིས། །བླ་མ་མིན་པ་བླ་མར་མ་བཅོས་པ། །བླ་མ་ཡིན་པར་བླ་མར་བྱོན་པ་དགོས། །གསུངས་ལྟར་སྤྲུལ་སྐུ་བླ་མ་ཚད་ལྡན་དུ། །གཏེར་རྙིང་ལུང་བསྟན་རྣམས་ལ་དཔང་པོ་ཆོས། །དེ་ལྟར་བླ་མ་རྡོ་རྗེ་སློབ་དཔོན་འདི། །མཆོད་པའི་ཕན་ཡོན་གསང་བ་འདུས་རྒྱུད་ལས། །དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡིས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། དེ་བཞིན་དུ་མཁའ་འགྲོ་མ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ། བསྐལ་པ་གངྒའི་བྱེ་མ་སྙེད་དུ་བཀུར་བ་བས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཏིལ་མར་གྱིས་བྱུག་པ་


CMR003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །ཞེས་དང་། གསང་བ་འདུས་པ་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་གངྒའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་བས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་བསྙེན་བཀུར་བྱས་པ་ཁྱད་པར་འཕགས་སོ། །བསོད་ནམས་སྔ་མ་དེས་ཕྱི་མ་དེ་ཡི་བརྒྱ་ཡི་ཆར་ཡང་མི་འགྲོ། སྟོང་གི་ཆར་ཡང་མི་འགྲོ། བྱེ་བའི་ཆར་ཡང་མི་འགྲོ་བྱེ་བ་དཔག་ཏུ་མེད་པ་བསྒྲང་བ་ལས་འདས་པའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་དང་། གསང་སྔགས་རྙིང་མ་རྫོགས་པ་ཆེན་པོའི་རྒྱུད་སྒྱུ་འཕྲུལ་སྡེ་བརྒྱད་སོགས་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་ཉན་ཐོས་སམ་རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་དེ་ཉིད་ལ། རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བསྐལ་བ་གྲངས་མེད་པའི་ཡུན་དུ་བྱས་པའི་བསོད་ནམས་ཀྱིས་ནི། གསང་བའི་ཐེག་པ་འདི་ལ་གནས་པའི་གང་ཟག་རྣལ་འབྱོར་པ་གཅིག་ལ། ཐ་ན་གྲོ་གཅིག་གམ་སྐད་ཅིག་ཙམ་དུ་བཀུར་སྟི་ཚུལ་བཞིན་དུ་བྱས་པའི་བསོད་ནམས་འབུམ་གྱིས་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གསང་བའི་ཐེག་པ་


CMR003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་འབྱུང་ཞིང་། གསང་བའི་ཐེག་པ་ཉིད་ལ་འགྲོ་བ་གཟུད་པའི་ཐབས་སུ་བསྟི་གནས་སུ་གསུངས་པ་ཡིན་གྱི། གཏན་དུ་བཞག་པ་ནི་མ་ཡིན་ནོ། །དེ་བས་ན་ངའི་སྤྲུལ་པས་ཀྱང་། ཆོས་རྣམས་སྣ་ཚོགས་ཇི་ལྟར་འདུལ་བར་སྟོན་པ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ། །རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ། སོ་སོའི་སྐྱེ་བོའམ་ཉན་ཐོས་སམ་རང་སངས་རྒྱལ་བའམ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ། མེ་ཏོག་དང་ཕྲེང་བ་དང་བྱུག་སྤོས་དང་བླ་རེ་དང་རྒྱལ་མཚན་དང་བ་དན་དང་ལྷབ་ལྷུབ་དང་། རོལ་མོའི་ཆ་བྱད་མང་པོ་ལ་སོགས་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས། ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལ་ཡང་། གཡོ་སྒྱུ་དང་གསོག་འཇོག་སྤངས་བའི་སྒོ་ནས། འདོད་པའི་ཚོགས་སྐད་ཅིག་ཙམ་བཏེག་ཅིང་། ལོངས་སྤྱོད་པའི་བསོད་ནམས་ཁྱད་པར་འཕགས་ཏེ། འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་


CMR003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའམ། ཉན་ཐོས་སམ་རང་རྒྱལ་བའམ། བྱང་ཆུབ་སེམས་དཔའི་བསོད་ནམས་སམ། ཡེ་ཤེས་ཀྱི་ཕུང་པོ་དེ་དག་བས་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་གི་བ་སྤུའི་བུ་གའི་ཆ་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ། འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས། ཏེ་ལོ་པའི་རྣམ་ཐར་ལས། ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་དགེ་སློང་ཚོགས། །གྲངས་མེད་བསྐལ་པར་རབ་ཏུ་མཆོད་པ་བས། །སྔགས་མོ་གཅིག་ཙམ་རབ་ཏུ་མཆོད་བྱས་པས། །ཕུལ་བྱུང་རྡོ་རྗེ་ཐེག་པའི་ངེས་པའོ། །ཞེས་གསུངས་སོ། །སྤྲུལ་སྐུས་ཚོགས་ཆང་དང་ཤ་སོགས་བཞེས་པ་ཡང་། གཞན་ཉན་ཐོས་རྣམས་བག་མེད་སྤྱོད་པ་དང་མི་འདྲ་སྟེ། བསྡུས་པ་ནང་གི་སྦྱིན་སྲེག་ཀུ་སུ་ལུའི་ཚོགས་གསོགས་དང་། རྒྱས་པར་ན་ཚོགས་འཁོར་མཛད་ནས་གསོལ་བས་སྦྱིན་བདག་ཚོགས་རྫོགས་བར་ཆད་ཞི་བ་སྟེ། བདེ་མཆོག་ངེས་བརྗོད་བླ་མ་ལས། སྐྱེ་བོ་ཉན་ཐོས་དཔག་མེད་ལས། །སྦྱིན་དང་བསོད་ནམས་སྤེལ་བ་བས། །ཚོགས་ཆུང་གཅིག་བྱས་བསོད་ནམས་ཀྱང་། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅེས་གསུངས་སོ། །དེ་བཞིན་བསྔོ་སྨོན་བྱང་


CMR003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཤི་གསོན་སོགས་ཀྱང་དོན་དང་ལྡན་ཏེ། བླ་མའི་ཡོན་ཏན་ཡང་བཟུང་ལས། །གཤིན་པོའི་རྗེས་སུ་དགེ་བ་གང་བྱས་པ། །རྣམ་པར་སྨིན་པ་བ་ཕྱིན་བེའུ་བཞིན། །གང་དུ་གནས་པ་དེ་ཡི་དྲུང་དུ་འགྲོ། །ཞེས་གསུངས་པས་བསྔོ་བའི་ནུས་པས་གཤིན་པོས་ངེས་པར་ཐོབ་པ་དང་། བ་ཚ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ཇི་ལྟར་རྒྱ་མཚོར་ཆུ་ཐིགས་གཅིག་ལྷུང་བས། །རྒྱ་མཚོ་མ་ཟད་བར་དུ་དེ་མི་སྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེར་མི་འཛད། །ཅེས་གསུངས་པས་ཟང་ཟིང་གི་གདུལ་བྱ་བྱུང་ཞིང་འབྱུང་བར་འགྱུར་བ་ཡང་འགྲོ་བ་སེམས་ཅན་གྱི་དོན་དུ་འགྱུར་ངེས་པའོ། །མི་ཆེ་ཕྲ་སྐྱ་སེར་ཀུན་གྱིས་བཀུར་སྟི་ཕུ་དུད་གདུལ་བྱའི་སྒོ་ཅུང་ཟད་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཡི། །འགྲོ་དོན་བྱུང་ཚུལ་བཤད་པར་བྱ་བ་ནི། །ཨོ་རྒྱན་ལུང་བསྟན་རཏཱའི་གཏེར་ཁ་ནས། །གཏེར་སྟོན་ཚད་ལྡན་ཡིན་པའི་དངོས་སུ་རྟགས། །སྔོན་ལས་འབྲེལ་ལྡན་གང་ཟག་དམ་པ་འདུ། །མཁས་གྲུབ་ཡོན་ཏན་ལྡན་པ་ཀུན་འདུ་ཞིང་། །དད་ལྡན་རྒྱུད་བཟང་རིགས་ལྡན་ཕོ་མོའི་ཚོགས། །


CMR003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མང་བར་འདུ་གསུངས་ཚད་ལྡན་མིན་རྟགས་ནི། །དད་ཅན་དཀོན་མཆོག་གསུམ་གྱི་བྱིན་རླབས་པའི། །ཚད་ལྡན་སྟོབས་ཆེན་རྣམས་ནི་འདུ་མི་སྲིད། །ཅེས་གསུངས་དེ་བཞིན་གཏེར་ཁ་དུ་མ་ནས། །ལས་ཅན་ཆོས་ཀྱི་བདག་པོ་ཐམས་ཅད་ཀྱང་། །བར་ཆད་བདུད་ཀྱི་དབང་དུ་མ་སོང་ན། །སྔོན་གྱི་སྨོན་ལམ་མཐུ་ཡིས་རྒྱུ་བྱས་ཏེ། །ཕྲལ་དུ་ཆོས་སྲུང་ཌཱཀིས་རྒྱུད་བསྐུལ་ནས། །རང་རང་ཆོས་སྐལ་དབང་ལུང་ལེན་པ་དང་། །སྒོ་གསུམ་ཞབས་ཏོག་སྒྲུབ་པར་གསུངས་པ་ལྟར། །དྲུང་པ་ཆོས་བདག་དྲག་ཤོས་གཅིག་ཡིན་པས། །རྗེ་ཉིད་ཕེབས་སྟབས་བདེ་བར་མ་བྱུང་ནས། །ལར་ནི་རཱ་ག་ཨ་སྱས་ནོར་མི་འགྱུར། །འོན་ཀྱང་བདག་ལའང་རྟགས་དང་རྟེན་འབྲེལ་བྱུང་། །འདི་ནི་མི་འགྱུར་རྡོ་རྗེ་འཁྲུལ་མེད་དེ། །མཉན་པ་སྤྲུལ་སྐུ་བདེ་ལེགས་སྙིང་པོ་ཁྱེད། །བྱོན་ལ་དབང་ལུང་གནས་ཆོས་དབང་སྐལ་རྣམས། །གསན་ནི་བྱོན་དང་བདག་དང་གར་དབང་བ། །དཀོན་མཆོག་བསྟན་འཛིན་རྣམས་ཀྱིའང་དབང་ལུང་རྒྱུན། །བདེ་ལེགས་སྙིང་པོ་ཉིད་ལས་གསན་གསུངས་ནས། །རྟ་ཁྲབ་ལྔ་སོགས་འབུལ་བ་བསྐུར་ནས་བྱོན། །གནམ་ཆོས་དབང་ལུང་མང་དུ་གསན་པ་དང་། །ཆོས་རྒྱལ་


CMR003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སྤྲུལ་པའི་རྒྱལ་པོ་རུ། །འབྲི་སྟག་ཞབས་དྲུང་རྣམས་ཀྱིས་ལུང་བསྟན་པ། །མི་དབང་བཀྲ་ཤིས་དར་མ་བསྟན་སྐྱོང་ཡང་། །ལུང་ཟིན་ཆོས་བདག་ཡིན་ལྟར་མང་དུ་གསན། །ཚང་སར་བླ་མ་ཀརྨ་བསྟན་སྐྱོང་དང་། །འཇང་གྲྭ་བླ་མ་ཀརྨ་རྒྱ་མཚོ་དང་། །བྷ་ཁ་སྤྲུལ་སྐུ་ཞེས་བྱ་རྗེས་འབྲང་གི །སྤྲུལ་པར་བདུད་འདུལ་རྡོ་རྗེའི་ལུང་ཟིན་དང་། །མངའ་རི་བླ་མ་དམ་ཆོས་དཔལ་བཟང་ཞེས། །སངས་རྒྱས་ཡེ་ཤེས་སྤྲུལ་པ་ཡིན་པ་རུ། །གཏེར་ཁ་གཞན་ནས་ལུང་གིས་ཟིན་པ་དང་། །རཱ་ག་ཨ་སྱ་པདྨ་རིག་འཛིན་དང་། །ཕྲིན་ལས་དོན་གྲུབ་ཡང་དག་མཐུ་སྟོབས་སོགས། །ལུང་ནས་ཟིན་པའི་ཆེ་ཕྲ་བཅུ་གསུམ་ཙམ། །གཞན་ཡང་བླ་མ་མཆོག་དམན་བར་མའི་ཚོགས། །ཁྲ་ལེབ་བླ་མ་ཁུ་དབོན་གྲྭ་སློབ་བཅས། །འཇའ་མོ་སྐུ་སྐྱེ་ཚེ་བྲོམ་སྐུ་སྐྱེ་དང་། །འཇང་གྲྭ་དཔལ་བཟང་བ་དང་དབང་ཆེན་པ། །འབྲུག་པ་བསོད་ནམས་དགེ་བ་གྲྭ་སློབ་བཅས། །ཟུར་མང་རི་པའི་བླ་མ་དཔོན་སློབ་འགའ། །འབྲས་མོ་ལྗོངས་ནས་རས་རྐྱང་མཛད་པ་ཡི། །རྟོགས་ལྡན་མཁའ་སྤྱོད་དབང་པོ་ཞེས་བྱ་བ། །རྒྱལ་པོས་བཙོན་དུ་བཟུང་བའི་མི་གཅིག་ལ། །སྙིང་རྗེའི་དབང་གིས་དེ་ཡིས་


CMR003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་བཞུགས་པས། །རྒྱལ་པོ་དད་ཅིང་བཀུར་སྟི་བྱས་པ་དང་། །ཁ་བ་དཀར་ནས་རས་ཆེན་སྔགས་བརྒྱུད་པ། །འཇང་གི་རྒྱལ་པོའི་དབུ་བླ་བྱེད་པ་ཡི། །རས་རྐྱང་མཛད་པའི་རྟོགས་ལྡན་གཅིག་དང་ནི། །ཨ་གཉེན་དམ་པའི་དབོན་བོ་དྲུང་པ་དང་། །ཀཐོག་ངོས་ནས་བླ་མ་རྟོགས་ལྡན་འགའ། །གོ་འཇོ་བསྟན་པ་དར་རྒྱས་དབོན་པོ་དང་། །སྟག་ར་སྐུ་སྐྱེའི་བླ་མཆན་བླ་མ་གཅིག །ཟུར་མང་ནང་སོ་ཆོས་ཀྱི་མཚན་ཅན་དང་། །སྐྱེས་ཚེ་བླ་མ་ཆོས་ཕོག་བླ་མ་དང་། །ཝ་པའི་གདུང་རྒྱུད་སྦྱང་ཡུལ་བླ་མ་གཉིས། །ཚ་བའི་བླ་མ་མ་ཎིའི་མཚན་ཅན་དང་། །ཁྱུང་པོའི་བླ་མ་འབྲུག་གྲགས་ཞེས་བྱ་དང་། །འབྲང་བའི་བླ་མ་རི་པའི་དབོན་པོ་དང་། །སྤུ་བོའི་བླ་མ་ཟུར་ཆེན་པ་དང་ནི། །འོག་མིན་ཀརྨའི་དགེ་འདུན་འཚོགས་པ་རྣམས། །གཞན་ཡང་དགེ་བཤེས་ཡོན་ཏན་ལྡན་པ་དང་། །ནུས་ལྡན་སྔགས་པ་སྨན་པ་ཨ་མཆོད་སོགས། །རྒྱུད་བཟང་ཡོན་ཏན་ལྡན་པ་དུ་མ་ཡིས། །གནམ་ཆོས་དབང་ལུང་གདམས་པ་ཞུ་བར་མཛད། །རྣལ་འབྱོར་རཱ་ག་ཨ་སྱ་བདག་ཉིད་ཀྱང་། །སྟོད་ཀྱི་འབོ་ཇོ་བུདྡྷ་དམད་པོ་མན། །ཁྱུང་པོ་བླ་བ་རྐེ་ཡི་ས་ཆ་ཚུན། །འོག་མིན་ཀརྨ་ཚུན་དང་ངོམ་ཡན་དུ། །


CMR003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡང་ཕྱིན་ཅིང་དབང་ཁྲིད་འབྲེལ་པ་བཞག །དེ་ཚེ་རཏྣའི་ལུགས་དང་གནམ་ཆོས་གཉིས། །གསར་རྙིང་གང་ལས་ཀྱང་ནི་འབྲིམ་ཁ་ཚ། །ཐམས་ཅད་ཀུན་གྱི་ཞུ་འདོད་བྲི་འདོད་ཆེ། །དབང་ལུང་མ་ཁྱབ་པ་ནི་མེད་པར་འགྱུར། །དེ་དག་རྣམས་ཀྱིས་ལ་ལས་ཉམས་ལེན་དང་། །ལ་ལས་ཅུང་ཟད་སྤེལ་བའི་ལོ་རྒྱུས་ཐོས། །དེ་ལྟར་གནམ་ཆོས་གསར་དུ་དར་བ་དེས། །ནད་མུག་མཚོན་འཁྲུག་ལ་སོགས་འཕྲལ་དུ་ཞི། །ལོ་ལེགས་ནད་མུག་ཉུང་སོགས་ཀུན་ལ་ཕན། །རང་རང་སོ་སོའི་བར་ཆད་རྐྱེན་ཞི་ནས། །བྱང་ཆུབ་མཆོག་གི་ས་བོན་ཐེབ་པ་དང་། །རྩེ་གཅིག་ཉམས་བླངས་ཚེ་འདིར་མཆོག་འགྲུབ་སྟེ། །འབྲས་མོ་ལྗོངས་སུ་ནམ་མཁའ་འཇིགས་མེད་ལ། །མཁའ་འགྲོའི་ལུང་བསྟན་གནམ་ཆོས་ཕན་ཡོན་ལས། །འདི་ནི་རྩ་གསུམ་བླ་རྡོ་ཡིན། །བཅང་བས་ནད་གདོན་སྡིག་སྒྲིབ་ཞི། །མཇལ་བས་བག་ཕེབས་ཤེས་རིག་འགྱུར། །ཉམས་བླང་ཕྱིར་མི་ལྡོག་པ་ཐོབ། །བརྡའ་དང་བརྡའ་ཡི་ཆོ་འཕྲུལ་ཆེ། །རིག་འཛིན་འདུས་པའི་གསང་ཚིག་བཅུད། །བཀའ་ཡིན་གཏེར་ཡིན་དག་སྣང་ཆེ། །འདི་ཡི་སྲུང་ཟློག་སུས་བྱས་པ། །བསྟན་དང་འགྲོ་བའི་བར་ཆད་སེལ། །


CMR003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་གང་དུ་གནས་པའི་ས། །པདྨ་འོད་དང་རྣམ་དབྱེར་མེད། །འབྲེལ་ཐོགས་སྐྱེས་བུ་ལྔ་བརྒྱ་ཕྲག །སུམ་འབུམ་འདི་ཡིས་གྲོལ་བར་བྱེད། །བསྟན་པའི་སྙིང་པོ་ཡུན་དུ་བསྲིངས། །རིག་འཛིན་རྩ་གསུམ་འདུས་པའི་ཡང་སྙིང་འདི། །འཆི་མེད་རྡོ་རྗེ་ཐིག་ལེ་མཆོག་གསང་ལམ། །འདི་ནི་བཏགས་ཆོག་རེག་ཆོག་དྲན་པས་ཆོག །མ་རུངས་བར་ཆད་བདུད་ཀྱི་གདུག་རྩུབ་དང་། །ཉམ་ང་ཁུ་འཕྲིག་དུས་མིན་ཚེ་ཡི་འཕྲང་། །ཀག་སྲི་མོ་དང་འབྱུང་བ་བཞི་ཡི་ནད། །མ་ལུས་སེལ་བ་འཆི་མེད་བདུད་རྩི་ཡིན། །འདི་ཡི་ཚེ་རིལ་ཚེ་ཆང་ཚེ་ཆུ་ལ། །རེག་དང་ཟོས་ཚད་བདེ་བ་ཅན་ཉིད་དམ། །མཁའ་སྤྱོད་རྔ་ཡབ་གླིང་གི་ཞིང་དུ་སྐྱེ། །ལོག་རྟོག་ཉམས་སྒྲིབ་དམ་སྲི་རྒྱ་འདྲེ་དང་། །འགོང་པོའི་བར་ཆད་སེལ་བའི་གཉེན་པོ་ཡིན། །ཅེས་གསུངས་དེ་དོན་གནམ་ཆོས་འདིར་ཡང་མཚུངས། །ཅི་ཕྱིར་གནམ་ཆོས་ཡིན་མཉམ་ཁྱད་པར་དུ། །འདི་ཉིད་ཁྱད་པར་འཕགས་ཏེ་དངོས་སུ་གསུངས། །གཅིག་ཤོས་ཉམས་དང་རྨི་ལམ་ཆོས་ཡིན་པས། །དེ་ནས་དགོངས་གཏེར་རྡོལ་བའི་འགྲོ་དོན་ནི། །བདག་དང་སྤྲུལ་སྐུ་དང་པོ་མཚམས་གྲོལ་དུས། །རྗེ་འབངས་སོག་པོ་ལྷ་དཔལ་སྐྱེས་མཐའ་


CMR003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །ལུང་བསྟན་བཀའ་རྒྱ་མ་དང་གྲོལ་ཐིག་སོགས། །གཏེར་ཁ་དུ་མ་དག་ནས་ལུང་བསྟན་ཅིང་། །འབྲི་ཁུང་ཞབས་དྲུང་གིས་ཀྱང་གསུངས་པ་དང་། །གནམ་ཆོས་ལས་ཀྱང་འདི་ཉིད་ལུང་བསྟན་པ། །ལྷོ་པ་སྤྲུལ་སྐུ་ཞེས་བྱ་འདི། །རྗེ་འབངས་སོག་པོ་ལྷ་དཔལ་ཡིན། །ཞེས་པའི་ལུང་བསྟན་གསལ་བའི་རིན་པོ་ཆེ། །དེ་ཡི་དྲུང་དུ་དགོངས་འདུས་བདག་གིས་ཞུས། །དེ་ཚེ་རྗེ་བཙུན་དེ་ཡིས་འདི་གསུངས་སོ། །ཁོ་བོ་ན་ཉིན་སྤྱི་འབྱམས་གནས་མཇལ་སོང་། །རྨི་ལམ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་མཇལ། །སྐྱེ་བ་མང་པོར་འབྲེལ་པ་ཡོད་ཚུལ་གསུངས། །གནས་དེ་ཁོང་གིས་དབང་བའི་རྟེན་འབྲེལ་གོ །ཁོ་བོ་དབུས་སུ་འགྲོ་ཁ་མཇལ་འདོད་པས། །རབ་ཀྱི་ཡར་ལ་ཕེབས་པ་ཨེ་ཐུབ་དང་། །མ་ཐང་ནང་དུ་ལམ་དུས་བྱེད་པའམ། །ཕྱིར་ལ་ང་ཉིད་སོང་ན་ཅི་འགབ་གསུངས། །ང་ཡང་དབུས་ནས་ཕྱིར་ལ་ཕེབས་ཤས་ཆུང་། །ད་རེས་མི་མཇལ་ཐབས་མེད་གསུང་བྱུང་ཡང་། །ད་ལོ་བླ་ཆེན་དགོན་པ་མཇལ་མི་རུང་། །སྨྲས་པས་མཇལ་ན་ཆབ་མདོའི་ཁ་མཆུ་ལོག །སྤྲུལ་སྐུ་དབུ་མི་ཐོན་སོགས་ཡག་ཉན་ཆེ། །རྗེས་སོར་ཅིས་ཀྱང་མཇལ་བའི་རྟེན་འབྲེལ་བྱེད། །ད་


CMR003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲེལ་བ་ཅིས་ཀྱང་མཛད་དགོངས་ན། །བརྟན་བཞུགས་རྟེན་འབྲེལ་ཞིག་ནི་གནང་ན་ཞུས། །དེ་ཚེ་བཞུགསས་གདན་གསར་དུ་ཚེམ་པ་དང་། །ཚེ་དཔག་མེད་པའི་གསེར་སྐུ་ཆེ་བ་གཅིག །ཕྱག་ཕྲེང་རཀྟ་ལ་སོགས་ལྔ་ཚན་བཅས། །ཕྱག་བྲིས་མཛད་ནས་བདག་ལ་བསྐུར་བའོ།། །།ཨོཾ་སྭ་སྟི། མི་འགྱུར་གཡུང་དྲུང་ཚེ་ལ་མངའ་བརྙེས་པའི། །པདྨ་འབྱུང་གནས་མཁྱེན་བརྩེ་ནུས་པའི་མཐུས། །ཤུད་བུ་དཔལ་སེང་རྣམ་འཕྲུལ་འགྲོ་བའི་མགོན། །ཞབས་པད་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །མཐའ་ཡས་འགྲོ་ཀུན་བུ་བཞིན་གཟིགས་པའི་ཕྱིར། །ཟབ་གཏེར་གདམས་པ་ཀུན་བཟང་གོ་འཕང་ཆེར། །འགོད་པའི་སྔོན་གྱི་ཐུགས་དམ་དེ་དགོངས་ལ། །བསྟན་དང་འགྲོ་འདི་བརྩེ་བས་མ་གཏོང་ཞིག །མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །བདུད་བཞིའི་དཔུང་ཚོགས་མིང་གི་ལྷག་མར་བྱས། །འཆི་མེད་རྡོ་རྗེའི་ཏིང་འཛིན་བརྙེས་པའི་ཕྱིར། །གྲངས་མེད་བསྐལ་པའི་བར་དུ་བཞུགས་སུ་གསོལ། །འོད་དཔག་མེད་མགོན་ཚེ་དང་ཡེ་ཤེས་དང་། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མ་ཡི། །མཁྱེན་བརྩེ་མཛད་ཕྲིན་རྨད་དུ་བྱུང་བའི་མཐུས། །ཞིང་འདིར་ཆོས་ཀྱི་འཁོར་ལོ་རྟགས་བསྐོར་


CMR003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བཀའ་དགོངས་ལ་སོགས་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་། །མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་མཐུ་སྟོབས་ཀྱིས། །མཆོག་སྤྲུལ་མི་འགྱུར་རྡོ་རྗེ་ཞབས་བརྟན་ཅིང་། །སྙིང་པོའི་བསྟན་པ་ཕྱོགས་བརྒྱར་སྤེལ་བར་ཤོག །ཅེས་པ་འདི་ཡང་། ༧ རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི། ཞབས་བརྟན་གསོལ་འདེབས་སུ་སྔགས་འཆང་ལྷོ་པས་བྲིས་པ་མངྒ་ལཾ། །བདག་ཀྱང་སྲུང་བའི་འཁོར་ལོ་ཆེན་པོ་ནས་མི་འདོར་བ་མཁྱེན་མཁྱེན། ཟླ་ཚེས་བཅུ་བཟང་བར་གྲུབ་པའི་གནས་མཆོག་ནས་ཕུལ། ཞེས་གསུངས་ལན་ལ་མི་འགྱུར་རྡོ་རྗེ་ཡིས། །དགོངས་པའི་གཏེར་ནས་ཕྱུང་སྟེ་སྔ་ཕྱི་ལ། །དང་པོ་ལྷོ་པ་སྤྲུལ་པའི་སྐུ་ཉིད་ནི། །སོག་པོ་ལྷ་དཔལ་རྒྱ་སྟག་དྲུས་མ་འཛིན། །དེ་ཡི་སྤྲུལ་པར་སྔར་ནས་ཡོངས་གྲགས་ཀྱང་། །དེ་ཡན་སུ་ལའང་མཐོང་ཐོས་མེད་པ་ལ། །བསྐལ་པ་མང་པོ་ནས་བཟུང་ད་ལྟའི་བར། །སྐྱེས་རབས་རང་ནི་སྐྱེ་བ་ཐམས་ཅད་དུ། །བར་དུ་གཅོད་བྱེད་བདུད་གཅིག་ཡོད་འདུག་པས། །གནོད་པ་བཟློག་ཐབས་གཟུངས་སྔགས་དམིགས་པ་དང་། །དེ་ཡི་སྒྲུབ་པ་བྱ་ཐབས་དང་བཅས་པ། །ཤོག་དྲིལ་ཞལ་


CMR003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་འདྲ་བཤུ་བ་དང་བཅས། །སྐྱེས་རབས་རྩ་ཚིག་དེ་ཡི་རྒྱས་བཤད་བཅས། །བསྐུར་བས་བར་ཆད་བསལ་བའི་རྟེན་འབྲེལ་འགྲིགས། །སྤྲུལ་སྐུ་བདེ་ལེགས་སྙིང་པོས་ཞུས་འདུག་པས། །ཚེར་ལུང་པ་དང་དཀོན་མཆོག་བསྟན་འཛིན་དང་། །གར་དབང་སྤྲུལ་སྐུ་མཉན་པ་བཞི་པོ་ཡིས། །སྤྲུལ་རྒྱུད་སྐྱེས་རབས་བརྟན་བཞུགས་འབྲེལ་མ་ལ། །སོ་སོའི་བར་ཆད་སེལ་བའི་སྔགས་དང་བཅས། །བསྐུར་བ་ཐུགས་དགྱེས་རྟེན་འབྲེལ་ལེགས་ཚོགས་འགྲིགས། །དེ་ཕྱིར་ཨ་ནུ་མགོན་སྲུང་སོང་བ་ལ། །དཀོན་མཆོག་བསྟན་འཛིན་ཤིན་ཏུ་ཐུགས་དགྱེས་ནས། །མི་འགྱུར་རྡོ་རྗེ་ཁྱེད་ཚང་སྐུ་འཁྲུངས་པ། །སྤྱིར་ན་སེམས་ཅན་ཀུན་ལ་ཕན་ཆེ་ཞིང་། །ཁྱད་པར་ངེད་ཚང་སྐུ་སྐྱེ་སྐུ་མཆེད་ལ། །ཤིན་ཏུ་བཀའ་དྲིན་ཆེ་ཞིང་རྨ་སེ་ཡི། །སྒྲུབ་གནས་གནས་སྒོ་ཕྱེས་པ་རྟེན་འབྲེལ་ལེགས། །ཞེས་གསུངས་ལུགས་གཉིས་ཞལ་ད་གསུང་བཟང་གནང་། །རི་བོ་ཆེ་པས་གནམ་ཆོས་བསྐུར་གསུངས་པས། །སྡེ་པ་ཡབ་སྲས་གཉིས་ཀྱི་སྐྱེས་རབས་ནི། །སྤྲུལ་སྐུའི་དགོངས་པའི་གཏེར་ནས་ཕྱུང་བ་དང་། །གནམ་ཆོས་སྒེག་རྡོར་སྤྲུག་བཙན་སྒྲུབ་ཐབས་བསྐུར། །ཆབ་མདོ་ཆོས་རྗེས་གནམ་ཆོས་བསྐུར་གསུངས་པས། །


CMR003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅུ་ལ་སོགས་པོ་ཏི་གཅིག་བསྐུར་རོ། །གཞན་ཡང་ལས་ཅན་སློབ་མ་དད་ལྡན་རྣམས། །རང་རང་སྐྱེས་རབས་དགོངས་གཏེར་ཕྱུང་ནས་གནང་། །བེ་ནུབ་ཞེས་པར་མི་རྣམས་དུས་རྒྱུན་དུ། །ཁྲག་ནི་བཤལ་ཏེ་འཆི་བའི་སྲི་ཡོད་པ། །དེ་ཉིད་བཅད་ཐབས་གདམས་པ་ཟབ་མོ་དང་། །ཚང་སར་ལྷ་སྲུང་ཡེ་ཤེས་མགོན་པོའི་འཁོར། །ལས་མགོན་དབུ་སྨུག་ཅེས་བྱར་སྐྱེས་པའི་ཚེ། །སྐྱེས་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། །དགོངས་གཏེར་ཕབ་ནས་ཚང་སར་པ་ལ་གནང་། །མར་ཐང་དཔོན་ཞིག་གཡུལ་དུ་འདས་པ་དེ། །བཙན་དུ་སྐྱེས་པའི་སྐྱེ་རྒྱུད་གྲོགས་སྔགས་བཅས། །དགོངས་གཏེར་ཕབ་ནས་ཁོ་རང་ཚང་ལ་གནང་། །གཞན་ཡང་སྔར་མ་གྲགས་པ་གསར་བྱུང་བའི། །རྡོ་རྗེ་མོན་པ་ཞེས་བྱ་བལ་པོ་ཡི། །བླ་མ་གཅིག་ནི་མགོན་པོའི་རིགས་སྐྱེས་པའི། །སྒྲུབ་ཐབས་ལས་ཚོགས་རྒྱས་པར་བཀོད་པ་དང་། །འཇང་གི་བླ་མ་རྟོགས་ལྡན་གཅིག་བཏང་བར། །འཇང་གི་དཀོར་བདག་དཀར་པོ་སྤྱན་གཅིག་གིས། །སྲོག་སྔགས་དེ་ཡི་གནོད་པ་ཞི་ཐབས་དང་། །རྒྱལ་པོའི་གདུང་རྒྱུད་འཕེལ་ཐབས་ལ་སོགས་དང་། །གཞན་ཡང་གཞི་བདག་ཆེ་ཕྲ་མང་པོ་ཡི། །སྲོག་


CMR003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྒྲུབ་ཐབས་ལས་ཚོགས་གསུངས་པ་རྣམས། །མཆོད་ཐབས་གསོལ་མཆོད་བདག་གིས་བརྩམས་བྱས་ནས། །སོ་སོར་མཁོ་བའི་ཡུལ་མི་འགའ་ལ་བྱིན། །ཡང་རི་ཤག་རོགས་སྡུག་འདྲེར་སྐྱེས་པ་དེའི། །གནོད་པ་སྲུང་ཐབས་སྔགས་དམིགས་འཁོར་ལོ་སོགས། །སོ་སོར་མཁོ་བ་རྣམས་ལ་བསླབས་བྱས་སོ། །ཆར་འབོད་ལ་སོགས་དགོངས་གཏེར་གདམས་པ་འགའ། །ཀཿཐོག་པ་སོགས་མང་པོས་བྲིས་ཏེ་སོང་། །སྤྱིར་ནི་སྔོན་བྱོན་གཏེར་སྟོན་ཕལ་ཆེར་དང་། །ཆོས་བདག་རྣམས་དང་རྟེན་འབྲེལ་འགྲིགས་པ་དང་། །མི་འགྲིགས་པ་ནི་ཅི་ཡང་བྱུང་འདུག་ཅིང་། །གནམ་ཆོས་འདི་ལ་ཆོས་བདག་མཆོག་དང་ནི། །དམན་དང་བར་མ་བརྒྱ་ཙམ་ལུང་བསྟན་ཀྱང་། །དེ་སྔོན་ལྔ་ཕྲག་གསུམ་ཙམ་ལས་མ་བྱུང་། །ད་དུང་ཆོས་བདག་ཀུན་ལ་འཕྲོད་ན་ནི། །རང་རང་བར་ཆད་སེལ་ཞིང་འགྲོ་དོན་འཕེལ། །དེ་ཕྱིར་ཀུན་ལ་འཕྲོད་པའི་རྟེན་འབྲེལ་སྨོན། །གནམ་ཆོས་དང་དགོངས་གཏེར་གྱི་འགྲོ་དོན་གྱི་སྒོ་ཅུང་ཟད་བྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཏེར་སྟོན་རྩོད་པ་བྲལ་ཚུལ་ནི། །སྤྱིར་ནི་ཐམས་ཅད་རྟེན་འབྲེལ་ཆོས་ཉིད་དེ། །སངས་རྒྱས་སྲིད་ན་བདུད་ཀྱང་མཉམ་


CMR003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྲིད། །ལྷ་སྲིད་པ་ན་འདྲེ་ཡང་སྲིད་པ་སྟེ། །དམ་ཅན་སྲུང་མ་སྲིད་ན་དམ་སྲི་སྲིད། །ནོར་ལྷ་གཏེར་བདག་སྲིད་ན་བསྲེ་རག་སྲིད། །དམ་ཆོས་སྲིད་ཕྱིར་བོན་དང་མུ་སྟེགས་སྲིད། །དཀར་པོ་སྲིད་ན་ནག་པོ་སྲིད་པ་དང་། །ཕ་རི་སྲིད་ན་ཚུ་རི་སྲིད་པ་དང་། །བཟང་པོ་སྲིད་ན་ངན་པ་སྲིད་པ་དང་། །མཐོ་རིས་སྲིད་ན་ངན་སོང་སྲིད་པ་དང་། །གཏེར་སྟོན་སྲིད་ན་གཏེར་འདྲ་གཏེར་རྫུན་སྲིད། །ཟབ་ཆོས་སྲིད་ན་ཆོས་ལོག་བཀའ་འཆལ་སྲིད། །དེ་དག་ཀུན་རྫོབ་རྟེན་འབྲེལ་ཆོས་ཉིད་ཡིན། །དོན་དམ་ཆོས་ཀྱི་དབྱིངས་ལ་བཟང་ངན་དང་། །ལེགས་ཉེས་མེད་དེ་བདེ་ཆེན་གདོད་མའི་དབྱིངས། །འོན་ཀྱང་དེ་ལྟར་མ་རྟོགས་སེམས་ཅན་ལ། །རང་རང་སྐལ་པར་འཚམས་པ་དུ་མ་སྣང་། །དེ་ཚུལ་པདྨ་བཀའ་ཡི་ཐང་ཡིག་ལས། །ལས་འཕྲོ་མེད་པར་ཐོན་རེ་ན་ར་ཀན། །གལ་ཏེ་བྱུང་ན་ཚབ་ཆེར་བསྡད་པར་བྱ། །རྫུན་གཏེར་བཅོས་མ་གཏེར་འདྲ་ཆོས་ཀྱིས་སེལ། །བསྟན་པའི་ཆོམ་ཆེན་བྱེད་པའི་དམར་ལམ་མཁན། །གང་གིས་བློ་ལ་མ་རུང་སུས་ངོ་ཤེས། །དམྱལ་བས་མི་སྡིག་འཇིགས་སྲན་ཅན་རྣམས་དང་། །ཨོ་རྒྱན་པ་དང་སྨོན་ལམ་གང་གིས་བཏབ། གཏེར་ཁུངས་


CMR003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་ཀྱང་རྣོ་ནུས་ཅུང་ཟད་མེད། །དེ་འདྲ་ཐོབ་ཕྱིར་མ་ཉེ་སྤང་བར་བྱ། །ཤེས་རབ་ཡོད་ན་ས་སྟེང་ཆོས་ཀྱིས་གང་། །མོས་གུས་ཡོད་ན་བླ་མར་མ་གྱུར་མེད། །བཅོ་བརྒྱད་སེང་གེ་གངས་ལ་འགྲོ་བ་ལ། །རྫུན་གཏེར་སེང་གེའི་གྲོགས་པོ་གང་དུ་འགྲོ། །ཞེས་གསུངས་དེ་བཞིན་བློན་པོ་བཀའ་ཡི་ཐང་ཡིག་ལས། །གཏེར་མིན་གཏེར་འདྲས་གཏེར་ལ་གནོད། །ཆོས་མ་ཡིན་པ་ཆོས་ཀྱིས་ཕམ། །ཞེས་གསུངས་དེ་བཞིན་བཀའ་ཐང་སྡེ་ལྔ་ལས། །དུས་ཀྱི་སྙིགས་མ་བྱུང་བའི་ཚེ། །ཡིད་ལོག་དམ་མེད་བསྟན་འཇིགས་སེལ། །ལེན་མ་མྱོང་བའི་ལུས་བླངས་ནས། །མི་དགེའི་སྣང་བར་རང་ཤར་ཏེ། །འདྲེ་ཡི་ཡིད་འགུལ་ཆོས་མིན་འཆད། །དབྱེ་བསལ་མེད་པའི་ཡི་གེ་རིས། །ཉོན་མོངས་མ་བྲི་མི་མགོ་བསྐོར་བ་ལ། །བཀའ་དང་འབྲེལ་མེད་ཁུང་མ་ག་ལ་ཡིན། །དམ་ཚིག་མེད་པས་སྙིང་རྗེ་ཆུང་། །ཤེས་རབ་ཁ་ཡན་འདོད་པ་ཆེ། །པད་འབྱུང་རྐང་འདྲེན་བོད་དུ་འོང་། །བསྟན་པའི་ཆོས་དང་མི་མཐུན་པའི། །བྱ་རུ་མི་རུངས་སྣ་ཚོགས་བྱེད། །རྫུན་མས་གཏེར་འདྲ་བྱེད་པ་འབྱུང་། །དམ་ཉམས་བསྟན་པའི་རུ་ཏྲ་ནི། །འགོང་པོ་སྤུན་དགུ་ཨ་ཚི་ཚི། །མ་སྲིན་མཆེད་དགུ་མ་མ་


CMR003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མ། །འབྱུང་བགེགས་འཆོལ་པ་མགོ་ལྔ་འབྱུང་། །བརྩམས་ཆོས་བྱས་པའི་ཟོག་པོའང་། །རང་བླ་རང་གིས་བཙོང་བ་འབྱུང་། །རང་སྨྲ་རང་གིས་འབེབས་པ་བྱུང་། །མི་མགོ་བསྐོར་བས་རང་མགོ་འཁོར། །ཆོས་པ་ཡང་ལ་གནོད་པ་འབྱུང་། །མི་མིན་རྨོངས་པས་བཟང་པོར་མཐོང་། །མི་དགེའི་སྣ་ལེན་བྱེད་པ་འདྲ། །ལྕགས་འཕྲང་ནག་པོར་དམག་སྣ་འདྲེན། །བསྟན་པའི་ཆོམ་རྐུན་ཁྱི་མགོ་ཅན། །ཐེའུ་རང་སྟོང་འཁྲུག་མི་མགོ་ཅན། །ཡམ་ཤུད་དམར་པོ་མི་མགོ་ཅན། །འདུ་ཁང་ནག་པོ་བཙུན་མོ་མགོ །མཛའ་བོ་གཡེན་འཇུག་མེ་ལྕམ་ཅན། །མི་ཡུལ་མ་སྲིད་སྲིད་པ་བརྒྱ། །རུ་ཏྲའི་བསྟན་པ་ཤར་བའི་རྟགས། །དུག་ལྔ་འཕེལ་ཞིང་ཁོང་ཁྲོ་ལྡང་། །བསྟན་པ་འདི་ཉིད་རུ་ཏྲའི་བསྟན། །སྡུག་པའི་སྐད་ངན་རྒྱུན་དུ་སྒྲོག །སེམས་ཅན་བདེ་བ་སྐད་ཅིག་མེད། །འཚོ་བས་རང་མ་སོས་པ་དག །ལུང་པའི་ཆུ་ངན་རྡོལ་བ་འདྲ། །དམ་སྲི་འབྱུང་པོ་ཁྱུ་རུ་ལོང་། །དེ་འདྲ་རྨུ་རྒོད་མང་དུ་འབྱུང་། །མི་ཕུང་བདག་བརླག་སུ་མ་ཚིངས། །སངས་རྒྱས་བྱ་བ་མ་ཡིན་འདོར་ཁུང་འདོར། །ཞེས་གསུངས་ལ་སྟོན་བྱིལ་བོན་གཏེར་ཁ་ནས། །སྟོད་ཧོར་གྱི་དམག་འོང་ཚུལ་


CMR003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་ཀརྨ་པ་ཞིག་གིས་བཟློག་པར་ལུང་བསྟན་ནས། །དེ་ཡི་དུས་སུ་ང་ཡི་སྤྲུལ་པ་ཡིན་ཟེར་ནས། །གཏེར་སྨིན་གཏེར་འདྲས་བསྟན་པ་བཤིག །ཟོག་པོ་ཆང་གཏེར་བཏོན་ནས་མི་རྣམས་བསླུ། །ཆོས་སྤྱོད་གླུ་དང་བོན་ལ་བྱེད། །གསང་སྔགས་ཁྲོམ་དུ་བཤད་པ་འོང་། །དེ་དུས་སངས་རྒྱས་བཀའ་ལུང་གཙོ་བོར་གྱིས། །དེ་དུས་རང་རེ་ཡོན་མཆོད་ཐམས་ཅད་ནི། །འགྲོ་བའི་དོན་ལ་བོད་དུ་འཚོགས། །ཞེས་གསུངས་རཏྣའི་གཏེར་ཁ་ལུང་བསྟན་ལས། །ལོག་ཤེས་མཁས་པའི་གཏེར་རྫུན་བཅུ་གསུམ་འབྱུང་། །ཚད་མེད་གཟུ་ལུམ་ང་ཡི་བཀའ་ལ་གནོད། །ཚད་དང་མི་ལྡན་རྫུན་གཏེར་ཟོག་པོའི་རིགས། །བྱིན་རླབས་དྲོད་མེད་དམ་པའི་རིགེས་མི་འདུ། །ཅོལ་མེད་མགོ་ཡང་རྨོངས་པ་བླུན་དད་ཅན། །མཚན་ཉིད་མ་རིག་བླུན་པོ་ཆོས་དད་ཅན། །བདུད་ཀྱིས་བློ་བསྒྱུར་དེ་ཀའི་རིགས་མཐུན་རྣམས། །ཐང་གཅིག་འདུ་ཡང་རྗེས་ལ་རླུང་གིས་ཁྱེར། །དད་ཅན་དཀོན་མཆོག་གསུམ་གྱིས་བྱིན་བརླབས་པའི། །ཚད་ལྡན་སྟོབས་ཅན་རྣམས་ནི་འདུ་མི་སྲིད། །ཆོས་སྲུང་མེད་པར་ཆོས་མཇུག་རབས་ཆད་ཅིང་། །ཡ་གའི་གནས་འགྱུར་ཀུན་གྱིས་ཚད་མི་འཛིན། །དེ་འདྲའི་རིགས་ཀྱིས་


CMR003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆོས་སེལ་དཀྲུགས་ཀྱང་། །དར་རྒྱས་མི་འབྱུང་ནམ་ཕུག་བཀྲ་མི་ཤིས། །དེ་འདྲའི་རིགས་རྣམས་གཏེར་སྟོན་ཚད་མ་ཡིས། །ལེགས་པར་ཚར་བཅད་ངན་པ་སུན་དབྱུང་བྱ། །རང་མགོ་ཐོན་ཅིང་བསྟན་པའི་ག་དར་ཡིན། །ཞེས་གསུངས་དེ་བཞིན་ལང་གྲོའི་ཞུས་ལེན་ལས། །འོང་ཀྱང་ང་ཡི་གཏེར་སྟོན་རྣམས་དང་དུས་མཚུངས་སུ། གཅིག་ཤོས་ཀྱི་བྱིན་རླབས་ཞུགས་པས། ལོག་ཤེས་རྣོན་པོའི་གཏེར་མིན་གཏེར་རྫུན་མང་དུ་འབྱུང་བས། ལེགས་པར་རྟོག་ལ་ཉེས་པ་ཅན་རྣམས་ཚར་ཆོད་ཅིག །དེ་རྣམས་ཀྱིས་ང་ཡི་བཀའ་ཚད་མ་སྒྲུབ་པའི་རྐྱེན་བྱེད་དོ། །ཆོས་དང་ཆོས་མིན་ཚད་དང་ལྡན་མི་ལྡན། ལེགས་པར་རྟོག་ཅིག །ཅེས་དང་། དེ་བཞིན་ཨོ་རྒྱན་ལུང་བསྟན་ཆེན་པོ་ལས། །ལ་ལས་རྫུན་གཏེར་ཉ་མའི་མགོ་བོ་བསྐོར། །གསང་བའི་ཡི་གེ་ཨོ་རྒྱན་གཏེར་ཡིག་བདུན། །བཀའ་རྟགས་བཞི་དང་མི་ལྡན་རྫུན་ཤོག་འཚོལ། །ཚད་མིན་གཟུ་ལུམ་རང་བཟོའི་དབང་བསྐུར་བྱེད། །གྲུབ་རྟགས་ཟེར་ཞིང་རྡོ་ལ་རྗེས་ངན་བཀོད། །ལུང་བསྟན་ཟེར་ཞིང་རང་བཟོ་སྣ་ཚོགས་འཆོས། །སྙིགས་དུས་བོད་འདིར་སྣ་ཚོགས་ཅི་འདྲའི་རིགས། །དབྱར་ཁའི་ས་བཞིན་མི་འབྱུང་


CMR003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་འབྱུང་། །ཞེས་གསུངས་མ་གཅིག་ལབ་སྒྲོན་ལུང་བསྟན་ནི། །རྡོ་རྗེ་སྒྲོན་མའི་གཏེར་ནས་བྱོན་པ་ལས། །བདུད་དང་རྒྱལ་འགོང་རྣམས་ཀྱི་སྤྲུལ་པ་ལ། །ལུང་པ་རེ་ན་གཏེར་སྟོན་ཡིན་ཟེར་བའི། །ཤིང་གཅོད་བྲག་བཤིག་མཚོ་དང་ཆུ་མིག་དཀྲུགས། །གཙུག་ལག་སྐུ་གདུང་མཆོད་རྟེན་ནང་ཆ་བཤིག །གཏེར་སྟོན་ཡིན་ཟེར་ཐོ་ཅོ་སྣ་ཚོགས་བྱེད། །རྒྱལ་བའི་བཀའ་དང་བསྟན་ཆོས་རྣམ་དག་རྣམས། །ཁྱད་གསོད་བྱེད་པས་ལོག་ཆོས་སྣ་ཚོགས་བསྒྱུར། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་རྣམས་དང་འགྲས། །རྒྱལ་ཁམས་རྣམས་སུ་ནད་མུག་ཐན་པ་འོང་། །དམག་དང་དུས་འཁྲུག་མི་དགེ་སྣ་ཚོགས་འབྱུང་། །ཁ་ལག་འབྲེལ་ཚད་རྡོ་རྗེ་དམྱལ་བར་ཁྲིད། །ཅེས་གསུངས་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལུང་བྱང་ལས། །ངལ་གསུམ་ལུང་དུ་ཟོག་གཏེར་མང་། །ལུང་མེད་དབང་ཁྲིད་བསླུ་ཆོས་དར། །དེ་ཚེ་འགྲོ་བ་མི་རྣམས་ཐེ་ཚོམ་ཆེ། །ཟོབ་པོ་གྲུབ་ཐོབ་དབྱེ་བ་སུས་མི་ཤེས། །གཏེར་ལོག་གཏེར་མིན་གཏེར་འདྲ་རྫུན་ཟོབ་གཏེར། །ཀོང་ཡུལ་ལུང་དེར་ཐེ་ཚོམ་ཡིད་གཉིས་ཟ། །མདོ་རྒྱུད་གཞུང་དང་དངོས་འགལ་གཏེར་ལོག་ཡང་། །


CMR003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ལྟ་ལོག་ལྷ་སྲིང་ཕོ་མོས་སྦས། །ལྷ་མིན་ལྷར་བརྫུས་འདྲེ་ཡིས་ལུང་བསྟན་ཡིན། །བསྐྱེད་རྫོགས་ཆོས་དང་མི་མཐུན་རྫས་ཆོས་ནི། །བོན་པོ་ཐང་ནགས་ཤ་རིའི་དབུ་ཅན་གྱིས། །སྤྲུལ་པས་སྦས་ཏེ་དེ་འདྲ་གཏེར་མིན་ཡིན། །འཕྲལ་དུ་རྫུ་འཕྲུལ་ཡོད་དེ་བློ་མི་ཁེལ། །དྲང་སྲོང་ལོག་ཤེས་འོད་ཟེར་ཁྲོག་གེ་ཞེས། །པདྨ་བདག་ལ་དམ་ཉམས་གཏེར་འདྲ་སྦས། །སྐྱེ་བདུན་ཡིན་ཞེས་རྫ་ས་ངན་ཕབ་རྒྱུན་སྤེལ། །གངས་ཅན་འགྲོ་བ་ཁྱུ་གཅིག་ལམ་ལོགས་ཁྲིད། །གཞན་ཡང་དེ་ཚེ་རྫུན་ཟོབ་བསླུ་ཆོས་ནི། །ཡང་ཡང་འབྱུང་སྟེ་དགེ་སྡིག་འདོར་ལེན་མེད། །བདག་འདྲ་པདྨའི་ཟབ་གཏེར་སྦས་གནས་སུ། །དེ་དང་ཉེ་བར་མ་རུངས་དམ་ཉམས་ཀྱི། །གཏེར་ལོག་འགའ་ཙམ་སྦས་པས་བརྟག་པ་གཅེས། །ཡང་དགོས་ཁྱད་པར་འདི་ཡི་དུས་སུ་མང་། །མཐོ་ནོན་ཕྲག་དོག་ཐལ་རླུང་ལྟ་བུར་འཚུབ། །བག་མེད་དཀོར་གྱིས་མྱོས་ཏེ་འཆལ་ཚིག་སྒྲོག །ཅེས་གསུངས་དེ་བཞིན་བདུད་འདུལ་གཏེར་ཁ་ཡི། །དགོངས་པ་ཡོངས་འདུས་གཏེར་སྟོན་བརྟག་ཐབས་ལས། །མ་འོངས་བསྐལ་པ་རྩུབ་འགྱུར་དྲག་སྤྱོད་དུས། །ང་མིན་ང་རུ་བརྫུས་ནས་བསྟན་པ་བཤིག །ཟོག་པོ་གཏེར་རྫུན་


CMR003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེང་ཁེངས་པ་འོང་། །མི་རྣམས་ལས་ངན་དབང་ཆེ་དེ་ཡི་དབང་དུ་འགྲོ། །འོན་ཀྱང་བསྐལ་མེད་ཚོགས་མ་བསགས་པ་ཀུན། །ལས་ངན་བདུད་སྤྲུལ་རྣམས་ཀྱིས་མངའ་དབང་སྡུད། །ཚོགས་མ་བསགས་པ་ཐམས་ཅད་དེ་རུ་འདུས། །དམ་ཉམས་དབང་དུ་གང་ཟག་འདུ་མི་སྲིད། །ནག་ཆང་བུད་མེད་ཐམས་ཅད་དབང་དུ་སྡུད། །དངོས་གྲུབ་ཡིན་པར་ཁྱི་ཕག་སྤྱོད་དང་མཚུངས། །མི་ནག་ཉ་མ་ཐམས་ཅད་མགོ་བསྐོར་བྱེད། །འགྲོ་དོན་བྱི་ཕྲུག་མང་པོ་དམྱལ་ཐག་གཅོད། །རང་བཟོ་ལོག་པར་སྟོན་ཅིང་ཀུན་ལ་འབར། །ལ་ལ་ལས་ངན་འཕྲོ་མཐུད་ནས། །སྟག་ར་ཀླུ་གོང་ཀླུ་སེང་དང་། །དཔལ་འབར་དམར་རྒྱན་ལ་སོགས་བདུད་སྤྲུལ་གྱིས། །གཏེར་ལོག་སྦས་རྣམས་བདུད་སྤྲུལ་རྣམས་ཀྱིས་བཏོན། །འབྲེལ་ཕུང་འབྲེལ་ཚད་མནར་མེད་དམྱལ་བར་ཁྲིད། །དེ་ཕྱིར་རྣམས་སུ་མི་རུངས་སྣ་ཚོགས་འོང་། །འཇིག་རྟེན་མི་རྣམས་ཀུན་དང་མཛད་སྤྱོད་བསྟུན། །མི་ནག་ཕོ་མོའི་ངོ་སྲུང་མངའ་དབང་སྡུད། །འཇིག་རྟེན་འདྲེ་སྲིན་བསྒྲུབས་ནས་མངོན་ཤེས་ཕྲན་བུ་བཤད། །ང་ཆེ་བརྗོད་ཅིང་གང་ཟག་རྣམས་ལ་འབར། །དམ་ཉམས་བདུད་རིགས་མ་ལུས་མངའ་དབང་སྡུད། །འཁོར་ཚོགས་མི་ནག་ཕོ་


CMR003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མ་གཏོགས་པ། །སྐལ་ལྡན་གང་ཟག་འཁོར་མི་སྲིད། །ཤོག་སེར་མཐོང་ཡང་ནག་གྱང་དྲི་མི་ཞིམ། །མཁའ་འགྲོ་རྒྱ་ཡི་ཡི་གེ་མེད། །དེ་འདྲའི་བདུད་སྤྲུལ་དུས་ངན་མཐའ་ལ་འབྱུང་། །དེ་རྣམས་རྒྱལ་ཁམས་ཕུང་འདྲེ་དངོས་དང་མཚུངས། །འོན་ཀྱང་མི་རྣམས་བདུད་དབང་ཆེ་བས་དེ་ལ་དད། །ཁ་ལག་འབྲེལ་ཚད་མནར་མེད་གནས་སུ་ལྟུང་། །ཞེས་གསུངས་ཨོ་རྒྱན་རྗེ་ཡི་ལུང་བསྟན་ལྟར། །སྔོན་གྱི་དུས་དང་བར་དང་ད་ལྟ་ཡང་། །གཏེར་རྫུན་བདུད་ཀྱི་ཆོ་འཕྲུལ་དཔག་མེད་བྱུང་། །གུ་རུ་ཆོས་དབང་བྱོན་དང་དུས་མཚུངས་པར། །པེ་དཀར་རྒྱལ་པོས་བྱིན་གྱིས་བརླབས་པ་ཡི། །གཏེར་རྫུན་གཏེར་ལོག་བྱེད་པ་བཅུ་གསུམ་བྱུང་། །རཏྣ་གླིང་དང་དུས་མཉམ་ཚོད་ཙམ་ནས། །འགོང་པོ་ཨ་ཆོས་ཞེས་བྱས་རྫུན་གཏེར་བྱས། །གླིང་ཚང་གོང་མས་སུན་འབྱིན་བྱས་པ་ཡི། །རྒྱ་ར་སངས་རྒྱས་ཡེ་ཤེས་འབྱམས་ཡིག་བསྐུར། །དེ་བར་ཁམས་དབུས་ཀུན་ཏུ་གདུལ་བྱ་འུར། །དེ་ནས་རྫུན་དུ་མཐོང་བས་ཀུན་གྱིས་བསླངས། །དཔའ་བོ་གཙུག་ལག་ཕྲེང་བའི་རྟོགས་ལྡན་འགའ། །གཏེར་འདོན་བ་ཡི་ལུང་བསྟན་བྱུང་བ་ལ། །དགེ་བསྙེན་ཁ་རིའི་གཏེར་འདྲ་ཡིན་སོགས་


CMR003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །མ་བཏོན་བསྒྱུར་བས་གདོན་རྟགས་བསྟན་ནས་ཡལ། །དབུས་མི་མངོན་ཤེས་ཕྲན་བུ་ཡོད་པ་ཞིག །གཏེར་རྫུན་བྱས་པས་རིཀཱའི་གཏེར་སྟོན་གྱིས། །ཚར་བཅད་མཛད་ཅིང་དེ་བཞིན་ཀོང་ཡུལ་དུ། །ཀྲོ་དྷི་བ་ཞེས་བྱ་བས་གཏེར་རྫུན་བྱས། །དེ་ནི་འཇའ་ཚོན་སྙིང་པོས་ཚར་བཅད་དོ། །དེ་བཞིན་འཇའ་ཚོན་པ་དང་དུས་མཚུངས་པར། །པདྨ་ལས་འབྲེལ་རྩལ་གྱི་གཏེར་རྙིང་ལས། །ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལུང་བསྟན་སྐབས། །དེ་དང་དུས་མཚུངས་ས་སྲིན་ནག་མོ་ནི། །ལྷོ་ཡི་ཕྱོགས་ནས་བུད་མེད་མངོན་ཤེས་ཅན། །ཁ་ལག་འབྲེལ་ཚད་ངན་སོང་གནས་སུ་ཁྲིད། །ཅེས་བྱ་བདུད་འདུལ་རྡོ་རྗེའི་གཏེར་སར་ལས། །བདུད་མོ་དམར་རྒྱན་སྐྱེ་བ་ལྷོ་ཡི་ཕྱོགས་ངོས་ནས། །བཙུན་མའི་ཚུལ་བཟུང་མཐའ་དབུས་ཀུན་དུ་ཉུལ། །ཀླུ་གོང་གཏེར་ལོག་སྦོས་པ་དེ་ཡིས་བཏོན། །དེ་ཕྱིན་རྣམས་སུ་ལྟས་ངན་འཕྲལ་དུ་འོང་། །མཐོང་ཐོས་འབྲེལ་ཚད་རྡོ་རྗེ་དམྱལ་བར་སྐྱེ། །ཞེས་ལུང་བསྟན་བཞིན་ལྷོ་ཡི་ལྷ་རྩེ་ཡི། །དཔོན་མོ་ཞེས་བྱ་མངོན་ཤེས་རྫུ་འཕྲུལ་ཅན། །གཏེར་ཕྲན་བཏོན་ཞིང་མཐའ་དབུས་ཉུལ་བ་ལ། །སོག་པོས་བསད་པས་སོག་ཡུལ་འཁྲུག་རྩ་བྱུང་། །ཀོང་པོར་རཀྴའི་


CMR003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་སྐུ་སྐྱེ་ཡིན། །ཞེས་པའི་ཀརྨ་རིག་འཛིན་བྱ་བ་གཅིག །བྷ་ཁ་སྐུ་སྐྱེ་ཐུགས་འདོག་ཅུང་ཟད་བྱས། །ཁོ་ཉིད་སྤོབས་པ་སྐྱེས་ནས་གཏེར་ཕྲན་ཕྱེས། །རྫུན་གཏེར་བྱས་པས་ཀོང་པོར་ཁྲིམས་ཕོག་སྟེ། །ཁོ་ཉིད་ཆུ་ལ་བསྐྱུར་ཏེ་ཚེ་དུས་བྱས། །སྤུ་བོ་ཆོས་རྫོང་ཁོ་ལ་བྱ་བ་ནས། །དཀོན་མཆོག་སྲུང་ཞེས་བྱ་བས་གཏེར་རྫུན་བྱས། །དེ་ཡང་བདུད་འདུལ་རྡོ་རྗེས་ཚར་བཅད་དོ། །ངོམ་ཡུལ་ཚེ་དབང་སྲུང་ཞེས་བྱ་བ་ཞིག །ཙཱ་རིར་སོང་བུས་ལུང་བསྟན་བྱུང་ཟེར་ཞིང་། །ཁོ་ཉིད་པད་གླིང་སྐྱེ་བ་ཡིན་ཟེར་ནས། །མཆོད་ཆ་རྟེན་དང་གཏད་ལ་སོགས་པ་རྣམས། །བཏོན་ཞིང་འདོན་རྒྱུ་ཡོད་ཟེར་མི་མགོ་བསྐོར། །ནང་ཆེན་བློ་གྲོས་རྒྱལ་པོ་ས་སྒང་བ། །ལ་སོགས་མཆོག་དམན་མགོ་བསྐོར་ཟང་ཟིང་བསྡུས། །ཆབ་མདོར་སོང་བས་རྫུན་རྐུབ་རྡོལ་ཏེ་ལྟུང་། །དེ་བཞིན་དཔའ་བོ་འབུམ་ཆུང་ཞེས་བྱ་བས། །དུང་དཀར་མཆོད་ཆ་ལ་སོགས་འདོན་པ་དང་། །མནན་གཏད་འདོན་སོགས་གཏེར་རྫུན་བྱས་པ་ལ། །དང་པོ་ཆབ་མདོ་བ་ཡིས་མཐོང་ཆེར་བྱས། །ཕྱིས་ནས་བཀའ་བཀྱོན་ཕོག་ནས་གར་སོང་མེད། །མདོར་ན་ཨོ་རྒྱན་སྲིན་ཡུལ་བྱོན་རྗེས་ཉིད། །ལྷ་སྲས་སད་ན་ལེགས་


CMR003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཏེར་བཏོན་ནས། །བཟུང་སྟེ་ཚད་ལྡན་གཏེར་སྟོན་སྤྲུལ་སྐུ་དང་། །བདུད་སྤྲུལ་གཏེར་རྫུན་གཏེར་ལོག་འདོན་པ་ནི། །རྒྱུན་ཆད་མེད་པར་བྱུང་བར་གྱུར་ན་ཡང་། །གཏེར་རྫུན་གཏེར་ལོག་ཆོས་བརྒྱུད་གཅིག་ཀྱང་མེད། །ཨོ་རྒྱན་ལུང་ལྟར་ཆོས་སྲུངས་མེད་པའི་ཕྱིར། །ཆོས་བརྒྱུད་རིབས་ཆད་སུས་ཀྱང་ཚད་མི་འཛིན། །དེ་ཡང་ཚད་ལྡན་གཏེར་སྟོན་བྱོན་པའི་ཚེ། །བདུད་དང་འགོང་པོས་དེ་ལ་འདྲེན་བཙུགས་ནས། །གཏེར་རྫུན་གཏེར་ལོག་མང་དུ་འབྱུང་གསུངས་ལྟར། །མི་འགྱུར་རྡོ་རྗེ་བྱོན་དང་དུས་མཉམ་དུ། །གཏེར་སྟོན་ཡིན་ཟེར་ཤིན་ཏུ་མང་བར་འབྱུང་། །འོད་ཟེར་བླ་མའི་སྐུ་སྐྱེ་ཟེར་བ་གཅིག །བྱང་སེམས་ཆོས་རྗེ་སངས་རྒྱས་ཡེ་ཤེས་སོགས། །སྐྱེ་བ་དྲན་རབས་ཡི་གེར་བྲིས་ཤིང་བཀྲམ། །ཚ་བ་རྡོ་རྗེ་དྲིལ་དཀར་གནས་ཕྱེ་ཞེས། །ཁྲག་ལ་ཞབས་རྗེས་བརྐོ་བཅུག་རྔན་པ་བྱིན། །ཕྱིས་སུ་བརྐོ་མཁན་ཉིད་ཀྱིས་གཞན་ལ་བཤད། །གཏེར་རྫུན་ཕར་ལ་བྲིས་བཅུག་ཚུར་ལ་སྟོན། །མ་ཎི་རིལ་བུ་ཞག་པོ་རེ་ནས་འཕུར། །བླ་མ་སུ་ཡིན་གདུང་རུས་དྲུང་བཞག་ནས། །རྟེན་དང་རིང་བསྲེལ་གང་འདོད་འབྱོན་པ་དེ། །གདུལ་བྱ་འུར་ཞིང་ཀཿཐོག་བླ་ཆེན་འགས། །དབང་


CMR003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞུས་པས་བདུད་འདུལ་ལུང་བསྟན་མཐོང་། །དེ་ཡི་དམ་རྫས་བསྲེས་པའི་རིལ་བུ་རྣམས། །དོང་དུ་སྦ་ཞིང་འགྱོད་པ་ཆེ་བར་གྱུར། །དེ་བཞིན་སྡེ་དགེར་འོད་ཟེར་བླ་མ་ཡི། །སྐུ་སྐྱེ་ཡིན་ཟེར་ཤེས་རབ་ཅན་གཅིག་གིས། །གཏེར་རྫུན་བྱས་ནས་ཤོག་དྲིལ་མང་དུ་བཏོན། །སྡེ་དགེ་གྲུབ་ཐོབ་དབུ་གཡོག་དབང་ལུང་བྱས། །སྡེ་དགེའི་དབོན་མོས་མ་འཛོར་ཕུལ་བ་དང་། །སྡེ་དགེ་ཕུན་ཚོགས་པ་ཡི་ཐུགས་དམ་རྟེན། །ལི་མ་རྐུས་ནས་དབོན་མོ་ལ་བྱིན་ནས། །སུ་ལ་མ་སྟོན་ཕྱག་བསྐོར་གྱིས་སྨྲས་པས། །ཕུན་ཚོགས་པ་ཡི་ངོ་ནོན་རྫུན་རྐུ་རྡིབ། །རྟ་དྲེལ་བརྒྱ་ཤར་རྙེད་པ་སྡེ་དགེས་འཕྲོག །སྲོག་ཐར་དགོན་ཆུང་བླ་མར་འཁོད་དོ་སྐད། །སེ་རང་བླ་མ་ཞེས་བྱས་གསེར་སྐུ་སོགས། །གཉིས་དོང་དུ་སྦས་དབུས་སུ་སོང་ཞོར་ནས། །མར་ལམ་འདི་ནས་གཏེར་འདོན་སྨྲས་ནས་ཡང་། །ཕྱིར་ལམ་སྟབས་མ་བདེ་བས་ལུས་པ་དང་། །ལྡེ་མིག་ཆུང་ཆུང་མང་པོ་ཁུག་མ་རུ། །བཅུག་པ་བསྟན་པ་གཏེར་གྱི་ལྡེ་མིག་ཡིན། །སྨྲས་ཤིང་སྤྱི་འབྱམས་གཏེར་ལ་ཁོས་དབང་ཞིང་། །ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལ་སོགས་པ། །སྐྱེས་ཆེན་མང་པོའི་སྐྱེ་བར་ཁས་ལེན་ཞིང་། །ལྷ་ཁང་ས་གཏིབ་


CMR003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་སོང་བ་རློག །འབུམ་གྱི་པོ་ཏི་གཅིག་ལོན་གཏེར་ཡིན་ཟེར། །ཁོ་ཡི་སྔོན་དུ་བདུད་འདུལ་རྡོ་རྗེ་ལ། །བཀའ་བརྒྱད་པོ་ཏི་བཅུ་གསུམ་ལུང་ཞུས་ཀྱང་། །བདུད་འདུལ་རྡོ་རྗེ་མི་འགྱུར་རྡོ་རྗེ་སོགས། །ཚད་ལྡན་མིན་ཞེས་འབྱམས་ཡིག་བསྐུར་བ་དེ། །བདུད་འདུལ་རྡོ་རྗེས་གཟིགས་པ་དེ་ཕྱིས་ནས། །ཕྱག་འབུལ་མ་གྲུབ་བཀའ་བཀྱོན་ཆེ་བར་སྣང་། །རྒྱ་རའི་གྲྭ་རིས་བན་དེ་གཅིག་གིས་ནི། །ཁོ་ཉིད་བདུད་འདུལ་རྡོ་རྗེས་ནན་གྱིས་བོས། །ཁྲི་ལ་བཞག་ནས་ཞལ་ད་ལུང་བསྟན་ཟེར། །ལྷ་སྟེང་མདུན་ནས་གནས་སྒོ་གཅིག་ཕྱེས་ཏེ། །སྤྱང་ཡུལ་ཕྱོགས་སུ་སོང་ནས་གནས་ཕྲན་ཕྱེས། །མི་འགྱུར་རྡོ་རྗེས་ལུང་བསྟན་ཡིན་སྨྲས་ནས། །ཝ་པ་སྐུ་སྐྱེར་པདྨ་འོད་འབར་ཞུས། །མི་འགྱུར་རྡོ་རྗེ་བདུད་འདུལ་རྡོ་རྗེ་གཉིས། །དངོས་སུ་མཇལ་མ་མྱོང་བ་གསལ་བྱུང་སྟེ། །ཉམས་དང་རྨི་ལམ་འདྲ་རུ་མཇལ་ལམ་ཅི། །བདེན་རྫུན་བཟང་ངན་ཅི་ཡིན་མ་ཤེས་སོ། །གོ་བོ་ཕུག་ནས་གནས་ཕྲན་ཕྱེས་པར་སྣང་། །ཅི་འདྲ་བཟང་ངན་དྲི་མི་མང་ན་ཡང་། །མི་ཤེས་སྨྲས་ནས་བསྟོད་སྨད་གཉིས་ཀ་སྤངས། །རྫ་རྒྱུད་ངོས་ན་བོན་པོའི་བུ་གཅིག་གིས། །བནྡེ་བྱས་པས་ལུང་བསྟན་བྱུང་ཟེར་ནས། །ངོམ་


CMR003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཕྱོགས་ནས་གནས་སྒོ་ཞད་ཙམ་ཕྱེས། །ཆབ་མདོའི་དཀྱིལ་འཁོར་བརྒྱད་པོ་འདུག་གོ་ཟེར། །སྨད་ཕྱོགས་གཏེར་ཁ་ཐམས་ཅད་ཁོ་ཡིས་དབང་། །སྟོད་རྣམས་མི་འགྱུར་རྡོ་རྗེས་དབང་ཟེར་ནས། །འགྲན་ཟླ་གཅུག་འདྲ་རེ་ཞིག་དྲག་ཆེར་བྱུང་། །ངོམ་པ་སྡེ་པས་ཆར་འབོད་བྱེད་བཅུག་པས། །མ་ཁུག་སྟོང་ལོག་བྱས་པས་ཅུང་ཟད་ཞི། །ཕྱིས་ཞིག་རྡོ་ལ་སོར་མོའི་རྗེས་དོད་པ། །ཁོ་རང་བཅད་པ་ཡིན་ནི་ཟེར་བ་དང་། །གཏེར་ནས་བཏོན་པ་ཡིན་ཟེར་རྡོ་རྗེ་དང་། །རྡོ་ཡི་ཕོ་མཚན་མཛུབ་གང་ཙམ་ཞིག་དང་། །ཞྭ་དམར་པ་ཡི་ཙཀ་ལི་ཞིག་ཀྱང་ཁྱེར། །ང་ཡི་ཆོས་རར་བྱུང་ནས་ཆོས་ཞུས་བསྡད། །ཁྱོད་སར་སོང་ཟེར་ལུང་བསྟན་བྱུང་བ་ཡིན། །མཆོད་ཆ་མང་པོ་བཏོན་པ་བལྟམ་ནི་ཡོད། །ང་ཉིད་བཟང་ངན་ཁྱེད་ཀྱིས་གསུང་དགོས་ཟེར། །རྨིས་ལྟས་རྒྱལ་འགོང་ཁོ་ན་འབྱུང་བར་སྣང་། །བསྔོ་བ་ཕལ་ཆེར་བྱེད་པ་གཅིག་ཡོད་པ། །བློ་ལ་འདུག་པ་ལུང་བསྟན་བྱུང་བས་ཟེར། །དབང་ལུང་འགའ་བྱས་བྱིན་འབེབས་དམིགས་པ་བྱས། །ཁོ་ཉིད་འཁྱག་རྒྱུ་མེད་ཅེས་ཟེར་བ་དེ། །འཁྱག་སྣང་ཇེ་ཇེ་ངོ་མདངས་ཇེ་གསལ་བྱུང་། །ཁྱེད་ཀྱི་བཟང་ངན་ངས་ནི་ཐག་མི་ཆོད། །པདྨ་འོད་


CMR003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འབར་འདི་ཐོན་བསྙེན་པ་གྱིས། །ལུང་བསྟན་ཇེ་གསལ་བྱུང་ན་བཟང་རྟགས་ཡིན། །ཇེ་ཇེ་འགྲིབ་ན་བསླུ་བ་ཡིན་ནོ་སྨྲས། །གྲུ་གུའི་ལྷོ་བྲག་ལ་སོགས་འགའ་ཞིག་གིས། །གནས་སྒོ་གཏེར་སྒོ་ཡོད་ཟེར་བུད་སོང་བས། །བདུད་འདུལ་རྡོ་རྗེའི་བསྟན་པ་སྤྱི་ལུང་ལས། །མ་རུངས་བདུད་ཀྱི་སྤྲུལ་པ་བོན་པོ་ཡིས། །སྡིག་ཅེས་གློ་བུར་གནས་སྒོ་འབྱེད། །བཀའ་སྲུང་ཁྲོས་ནས་ཡུལ་དེ་རུ། །ནད་ཡམས་མི་ཐོག་འབུད་པ་འོང་། །ཞེས་པ་ཡིན་པར་གོ་ཀྱང་ཅི་མ་སྨྲས། །སྐྱོ་ནས་སྡིག་ཅན་བུ་གཅིག་དབུས་སུ་སོང་། །ལོ་གྲངས་དྲུག་བདུན་གནས་རི་ཐམས་ཅད་མཇལ། །ཁམས་སུ་ཕྱིན་ནས་ཡིག་དྲུག་དུང་ཕྱུར་འགྲུབ། །བདག་ལ་ཆོས་ཞུས་སྐྲ་ཕུད་ཕུལ་བ་ཡི། །པདྨ་འོད་ཟེར་ཞེས་བྱའི་མིང་བཏགས་རྗེས། །གོ་བོ་ཕུག་དང་ཉེ་བའི་ས་ཕྱོགས་ནས། །ལུང་བསྟན་བྱུང་ཟེར་ཞབས་རྗེས་བཅུ་གསུམ་བཏོན། །བྲག་ལ་ཕྱག་ཞབས་རྗེས་ཀྱང་བཞག་འདུག་པ། །བདག་གི་དྲུང་དུ་ཡུན་རིང་བསྡད་པ་ཡི། །ལས་འཕྲོ་བཟང་བ་གཅིག་ནི་ཡིན་ནམ་སེམས། །མི་འགྱུར་རྡོ་རྗེ་བདུད་འདུལ་རྡོ་རྗེས་ཀྱང་། །དེ་ནི་ལས་ཅན་དཔའ་བོའི་རིགས་ཡིན་གསུངས། །དེ་ནས་ཁ་བ་དཀར་དུ་གནས་སྒོ་ཞིག །


CMR003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་རྒྱུའི་ལུང་བསྟན་བྱུང་ཟེར་བུད་སོང་བས། །ཁ་བའི་ཕྱོགས་སུ་གནས་སྒོ་རང་བྱེ་འབྱུང་། །ཟེར་བའི་གཏེར་ལུང་དེ་དང་འགྲིགས་སམ་སེམས། །ལྕགས་མོ་ཧོར་གྱི་ས་ནས་བུ་ཆུང་བོར། །ལོ་མང་སོང་ནས་ངོ་ལ་སྦྱབ་ར་གྱོན། །ས་རྒྱུས་ཁྱིམ་སོགས་མངོན་ཤེས་ཡིན་ཞེས་བཤད། །ངོ་མ་ནོན་པར་ཐམས་ཅད་མགོ་བསྐོར་ཏེ། །ཁོ་ཉིད་ཨོ་རྒྱན་པདྨའི་རྣམ་འཕྲུལ་ཏེ། །གུ་རུ་རཏྣ་གླིང་པ་ཡིན་ནོ་སྐད། །མཚོ་རྒྱལ་ཡིན་ཟེར་བུ་མོ་མཛེས་མ་ཁྲིད། །སྡེ་དགེར་བརྒྱ་འབུལ་ལ་སོགས་འབུལ་བ་བསྡུས། །བདུད་འདུལ་རྡོ་རྗེ་སྨ་ཕབ་ཁ་ཆད་སྤར། །ཟླ་གཉིས་ཙམ་ནས་སོག་པོའི་དམག་གིས་བཟུང་། །ཧོར་ལ་གཏད་པས་ངན་གསོད་བྱས་པར་གྱུར། །གེ་སར་ཡིན་ཟེར་སྒར་པ་གདུལ་བྱ་ཆེ། །ནད་པ་ཐམས་ཅད་རྡོ་ཕུང་ཞབས་སུ་མནན། །གྱད་རྡོ་བརྒྱབས་པས་མི་འཆི་ནད་པར་ཕན། །ཕྱིས་ནས་རྒྱལ་པོས་ཆད་པས་བསད་ཅེས་ཐོས། །ལྷ་ཐོག་སྡེ་ཟུར་མི་ཞིག་གདོན་ཞུགས་ལྟར། །རྫུ་འཕྲུལ་སྟོན་ཞིང་མི་མང་མར་བཅས་བསད། །རེ་ཞིག་སུས་ཀྱང་མ་ཐུབ་ཕྱིས་ནས་ཡལ། །དེ་ནི་གནམ་ཆོས་ཉིད་ནས་ལུང་བསྟན་ལྟར། །མ་མོ་དྲི་བཟང་ལྡན་པ་ཞུགས་པར་སྣང་། །རབ་


CMR003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་ཕྱོགས་སུ་བུད་མེད་དགེ་མ་ཞིག །རྫུ་འཕྲུལ་མངོན་ཤེས་ལྡན་པ་སོག་པོ་ཡིས། །བཟུང་ཡང་མཚོན་དང་མེ་མདའི་མ་གནོད་ཐོས། །ལྷ་མོ་རེ་བའི་ཤམ་ཐབས་ཅན་ཡིན་པར། །གནམ་ཆོས་ཉིད་ནས་གསུངས་པ་དེ་རུ་སྙམ། །མཐའ་མི་རེས་ཚང་བ་གཅིག་འོང་པ་ལ། །ཟུར་མང་ཕྱོགས་སུ་ཨོ་རྒྱན་སྤྲུལ་པར་སེམས། །བཀུར་སྟི་བྱས་ཤིང་གོས་དུམ་བདུག་པ་སོགས། །བྱས་པ་དེ་ནི་ཅལ་སྒྲོག་ཁོ་ནར་གསལ། །སྐྱོ་ནས་སྒོམ་པ་ཞིག་གིས་བུ་ཆུང་ལ། །ལུང་བསྟན་བྱུང་ཟེར་གོ་བོ་ཕུག་སོང་ཡང་། །ཅི་ཡང་མ་བྱུང་གྱི་ནར་ཡལ་སོང་ངོ་། །དགེ་རྒྱས་སྡེ་ནང་ལྷ་པ་ཞིག་གིས་ནི། །མངོན་ཤེས་ཐིག་ཅིང་རྡོ་ཡང་མང་དུ་བཅད། །སྤྲུལ་སྐུ་ལ་ཡང་མཇལ་ནས་འབུལ་བ་བྱས། །ང་ལ་མིང་གཅིག་གནང་དགོས་ཞུས་ན་ཡང་། །མིང་ཡང་མ་གནང་བཟང་ངན་མ་གསུངས་པ། །ངན་པ་རང་ནི་ཡིན་ཤས་ཆུང་ན་ཡང་། །བདུད་འདུལ་རྡོ་རྗེའི་གཏེར་གྱི་ལུང་ལས་ནི། །ཁམས་ཀྱི་ཕྱོགས་སུ་འདས་ལོག་ཁྱུ་གཅིག་འབྱུང་། །བྱང་གི་ཕྱོགས་ནས་ལྷ་པ་ཁྱུག་གཅིག་འབྱུང་། །སྨར་ཁམས་ཕྱོགས་ནས་རྟོགས་ལྡན་ཁྱུ་གཅིག་འབྱུང་། །ཟོག་པོ་རྫུན་གཏེར་ས་སྟེང་གང་བའི་དུས། །ཁམས་ཀྱི་ཕྱོགས་


CMR003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདུད་མོས་མ་རུངས་རྫུ་འཕྲུལ་སྟོན། །ཞེས་གསུངས་ནང་དུ་དེ་ཡི་རིགས་རྣམས་འདུ། །དེ་དག་ཐམས་ཅད་ངན་པར་མ་ངེས་ཏེ། །གཞན་རྒྱུད་མཁྱེན་པའི་མངོན་ཤེས་མེད་ན་ཡང་། །གཏེར་ལུང་རྣམས་དང་དེ་ཡི་བྱེད་སྤྱོད་བསྟུན། །ཉམས་དང་རྨི་ལམ་རྟེན་འབྲེལ་བརྟག་པ་ན། །བཟང་ངན་གང་ཡིན་ཧམ་ཙང་ཤེས་ན་ཡང་། །མུ་སྟེགས་ཅན་ལའང་དམོད་པར་མི་བྱ་བ། །གསང་སྔགས་དམ་ཚིག་གཉན་པོ་ཡིན་པ་དང་། །ཡོན་བདག་རྣམས་ཀྱང་ཆགས་སྡང་རེད་པར་ཐོང་། །དེ་ཕྱིར་བདག་གིས་བཟང་ངན་མི་སྨྲའོ། །དེ་བཞིན་རྨ་གཉེན་སྤོམ་རའི་ཞོལ་དུ་ཡང་། །ཨོ་རྒྱན་དང་ནི་གེ་སར་སངས་རྒྱས་རྣམས། །ཡིན་ཟེར་རྫུ་འཕྲུལ་ཅན་གསུམ་བཞུགས་སོ་སྐད། །དེ་ཕྱོགས་སྨད་དུ་ཆོས་ལུགས་རྙིང་མ་པ། །གུ་རུ་ཤཱཀྱ་སེང་གེ་ཡིན་ཟེར་བས། །དགོན་པ་ཞིག་ཀྱང་བརྒྱབས་ནས་ཡོད་པ་ཐོས། །དབུས་སྨད་རོང་གི་ཆ་གར་ཞེས་བྱ་བར། །མངོན་མཁྱེན་པ་ཞེས་མངོན་ཤེས་ཡོད་པ་གཅིག །གནམ་ཆོས་པོ་ཏི་བཞི་ཙམ་ཡོད་པ་དང་། །དྭགས་པོའི་སྟོད་དུ་ས་ལ་སྒང་པ་ཞེས། །ཤོག་སེར་པོད་ཆུང་གཅིག་ཙམ་ས་ནས་རྙེད། །གོང་སྨད་གཏེར་སྟོན་གཅིག་ནི་གསར་


CMR003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །གྲམ་པ་ནང་དུ་འགྱེལ་བས་སྐུ་རྗེས་བྱུང་། །མཚམས་ལ་བཞུགས་པས་གཏེར་ཆོས་མཐོང་ཐོས་མེད། །ཟེར་བ་ཐོས་པས་དེ་རྣམས་བཟང་དང་ངན། །མི་ཤེས་བརྟག་དོན་མེད་ཕྱིར་བཏང་སྙོམས་བཞག །དེ་བཞིན་འབྲས་མོའི་གནས་སྒོ་ཕྱེས་པར་ཡང་། །མངའ་བདག་རྒྱུད་པ་དཀར་ལུགས་རིག་འཛིན་གཅིག །འབྲུག་པ་དབུ་རལ་ལ་སོགས་བྱུང་ཞིང་འདས། །དེ་དག་ས་ཡི་གཏེར་དང་གནམ་ཆོས་སོགས། །མ་བྱུང་ན་ཡང་གཏེར་སྟོན་ཡིན་པར་གྲགས། །བཀའ་རྒྱ་མ་དང་མཐུན་ཕྱིར་བཟང་པོར་སེམས། །པདྨ་བཀའ་ཐང་སོགས་ནས་མ་གསུངས་ཀྱང་། །གསང་གཏེར་ཡིན་ཕྱིར་ཀརྨ་གླིང་པ་དང་། །རིན་ཆེན་ཕུན་ཚོགས་འཕྲང་བུ་གཏེར་སྟོན་དང་། །མངའ་རི་པཎ་ཆེན་བཀྲ་ཤིས་སྟོབས་རྒྱལ་དང་། །ལས་འཕྲོ་གླིང་པར་གྲགས་པ་སྔ་ཕྱི་གསུམ། །དེ་དག་རྩོད་མེད་གཏེར་སྟོན་ཡིན་པར་སྣང་། །ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་བ། །གཏེར་སྟོན་དྲི་མེད་སྡེ་ལྔའི་གཙོ་བོ་དང་། །ནམ་མཁའ་འཇིགས་མེད་དང་ནི་གཉིས་པོ་ལ། །ས་གཏེར་མ་བྱུང་ན་ཡང་གཏེར་སྟོན་ནི། །ཚད་ལྡན་ཡིན་པར་ཉི་ཟླ་ལྟར་དུ་གྲགས། །པདྨ་བཀའ་ཐང་མི་གཅིག་གསུམ་ཙམ་ནས། །


CMR003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་སངས་རྒྱས་བླ་མ་ནས་བཟུང་སྟེ། །མི་འགྱུར་རྡོ་རྗེའི་བར་དུ་གཏེར་སྟོན་ནི། །བཞི་བཅུ་ཞེ་དགུ་གསུངས་པའི་ནང་ནས་ནི། །མི་འགྱུར་རྡོ་རྗེ་མ་གཏོགས་བྱོན་ཚར་ཞིང་། །ལས་འཕྲོ་གླིང་པ་གསུམ་བཞི་ཙམ་ཡང་བྱོན། །ཞིག་པོ་གླིང་པ་ལ་ཡང་གཉིས་བྱོན་ནོ། །མི་འགྱུར་རྡོ་རྗེ་ཟེར་བའི་གཏེར་སྟོན་ནི། །སྔར་ནི་གཅིག་ཀྱང་བྱོན་པར་མ་གྱུར་ཏེ། །གཏེར་སྟོན་མིན་པར་གསང་མཚན་དེ་ལྡན་པ། །ཤིན་ཏུ་སྔ་མོ་དུས་གཅིག་བྱུང་བའོ། །དེ་བཞིན་མི་འགྱུར་རྡོ་རྗེ་མ་ཡིན་ཀྱང་། །སྤྱི་འབྱམས་གཏེར་ཕྲན་འདོན་སྙམ་ཁ་བྱང་ཁྱེར། །དབུས་ནས་རྟོགས་ལྡན་པ་གཅིག་བྱོན་པ་ཡང་། །རྟེན་འབྲེལ་མ་འགྲིགས་གཏེར་ཡང་མ་ཐོན་པར། །ཁ་བྱང་སྐྱོ་བྲག་པ་ལ་ཕུལ་ནས་ཀྱང་། །རྒྱ་ནག་ངོས་ཤིག་སོང་བའི་རྣ་ཐོས་སྣང་། །པདྨ་བཀའ་ཐང་ལུང་གི་ཟིན་པ་ཡི། །ཡོངས་སུ་གྲགས་པའི་གཏེར་ཆེན་ཞེ་དགུ་ཡང་། །མི་འགྱུར་རྡོ་རྗེ་མ་གཏོགས་གཞན་རྣམས་ཀྱི། །གཏེར་ཁ་བརྒྱ་རྩ་དབང་བར་གསུངས་པ་མེད། །དེ་ཕྱིར་འདི་ནི་གཏེར་སྟོན་རྒྱལ་པོ་ཡིན། །བསྲེགས་བཅད་བརྡར་བས་ཛམ་བུ་ཆུ་གསེར་ལྟར། །སྟོན་པའི་བཀའ་ཡང་ལེགས་པར་བརྟགས་ཏེ་བླང་། །བླུན་དད་


CMR003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་ཁོ་ནས་མི་རུང་གསུངས། །དེ་ལྟར་བརྟགས་པས་སྤྲུལ་སྐུ་འདི་ཉིད་ནི། །དྲི་མེད་བེཌཱུརྱ་ཡི་སྙིང་པོ་བཞིན། །བརྟག་ནི་སྐྱོན་བྲལ་ཡོན་ཏན་ཕུན་སུམ་ཚོགས། །རྩོད་པ་བྲལ་བ་ལུང་དང་རིགས་པས་གྲུབ། །ཅི་ཕྱིར་བཀའ་ཐང་གཏེར་སྟོན་བརྟག་པ་ནས། །མདོ་སྔགས་སྤྱི་ལུང་ཡིད་ཆེས་དཔང་པོ་བཙུགས། །གཏེར་སྟོན་རྣམ་ཐོར་ཆ་ལུགས་ཅི་འདུག་དྲི། །ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱན། །མདོ་རྒྱུད་ཡིན་པས་ཚད་བཟུང་དཔང་པོ་བཏུབ། །བསྟན་ཆོས་རྣམས་དང་གང་ཟག་ཚད་མི་བཟུང་། །དབང་པོ་མིག་གཏུབ་ཁ་འཛིན་ཕྱོགས་ཆ་ཡིན། །ཆོས་དང་ཆོས་མིན་གཉིས་ཕྱེ་བརྟག་པར་བྱ། །ས་རྟགས་གང་ཤར་རྒྱལ་ཁམས་ཡོང་ལ་ཉན། །མང་པོའི་ནང་ནས་གཅིག་ནི་ཡིན་པར་བཟུང་། །དེ་དུས་བཀུར་གནས་ས་རྟགས་ཤར་ལ་བྱེད། །གཏེར་ཁ་མང་མཐུན་ལུང་གིས་ཟིན་ལ་བྱེད། །ཆུ་དང་ཆང་གཉིས་ངེས་རྟགས་འདྲེ་བས་གསལ། །ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེད། །ཆོས་དེས་འདུལ་ཞིང་ཉམས་སུ་ལེན་ལ་བྱེད། །ལྷ་དང་འདྲེ་གཉིས་བསྲེས་ཀྱང་མི་འདྲེས་ཏེ། །ང་ཡི་བཤད་དང་མཐུན་པ་གཅིག་ལ་བྱེད། །གསེར་ནི་ས་འོག་ཡོད་ཀྱང་འོད་ནི་མཁའ་ལ་ལྡིང་། །མདོ་


CMR003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལུང་དང་མཐུན་པ་གཅིག་ལ་བྱེད། །ཅེས་གསུངས་བཞིན་དུ་བཀའ་ཐང་མང་པོ་དང་། །བཀའ་ཐང་སྡེ་ལྔ་རཏྣ་གླིང་པ་ཡི། །བསྟན་པ་སྤྱི་དང་གང་ཟག་དགོས་ལུང་གཉིས། །གུ་རུ་ཁྱུང་དྲག་ལ་སོགས་གཏེར་རྙིང་དང་། །འཇའ་ཚོན་པ་དང་བདུད་འདུལ་རྡོ་རྗེ་ཡི། །གཏེར་གནས་མི་གཅིག་གཏེར་ཁ་གསུམ་རྣམས་མཐུན། །ཀོང་ཡུལ་སྨད་ན་རྩེ་ལེ་སྤྲུལ་སྐུ་ཡིས། །རཀཱི་གཏེར་སྟོན་ལ་སོགས་གཏེར་ལུང་ལས། །ཀོང་པོའི་ཡུལ་དུ་ཤུན་ལྤགས་ལན་གསུམ་རྗེ། །གཡེ་གུ་ཐང་དུ་མཆོད་རྟེན་རང་སྐྱེས་འབྱུང་། །ཞེས་སོགས་མི་འགྱུར་རྡོ་རྗེ་བྱོན་པ་ཡི། །དུས་རྟགས་ཐམས་ཅད་དེང་སང་ཚང་བྱུང་བས། །ཁམས་ཕྱོགས་ངོས་ནས་མི་འགྱུར་རྡོ་རྗེ་ཡིན། །ཟེར་བའི་གྲགས་ཆེན་བྱུང་ན་ཐེ་ཚོམ་མེད། །དེ་ཡི་གསུང་ཕྲིན་བཀའ་རྣམས་སྡེ་པས་ཐོས། །བྷ་ཁ་སྤྲུལ་སྐུ་འདས་པའི་དངུལ་གདུང་གི །རབ་གནས་བྱ་ཕྱིར་ཕེབས་པ་ཐུབ་ན་རབ། །མ་ཕེབས་ཀྱང་ནི་དངུལ་གདུང་དགོངས་གཏད་དང་། །སྤྲུལ་སྐུ་གར་འབྱོན་དགོངས་པ་ཞུ་ཕྱིར་དང་། །སྡེ་པའི་སྐུ་རིམ་གདུང་རྒྱུད་འཕེལ་ཐབས་སོགས། །བྷ་ཁ་སྤྲུལ་སྐུའི་ཐུགས་དམ་ཕྱག་ཕྲེང་དང་། །རྨ་ཀུང་ལུང་གི་གནས་ནས་སྤྱན་དྲངས་


CMR003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཤེལ་ལས་གྲུབ་པ་དགེ་པ་ཤེལ་རིའི་གཟུགས། །དེ་སོགས་འབུལ་བ་དང་བཅས་ཕྱིན་བྱུང་བས། །ཤེལ་རིའི་བཀོད་པ་དེ་ཡི་ལོགས་ཤིག་ནས། །ལྷ་མོ་རྣམ་རྒྱལ་མ་ཡི་སྐུ་ཆུང་ངུ་། །མེ་ལོང་གཟུགས་བརྙན་ལྟ་བུར་སྤྲུལ་སྐུས་གཟིགས། །འབྲུག་པའི་བླ་མ་བསོད་ནམས་རྒྱ་མཚོ་ཡིས། །གོ་འཇོར་རྡོ་རྗེ་ཕྲེང་བའི་དབང་བཙུགས་པས། །སེར་མོ་བ་ཡང་བཞི་བརྒྱ་ཙམ་འཚོགས་པར། །བདུད་འདུལ་རྡོ་རྗེ་ལ་སོགས་གཞན་རྣམས་ནི། །མི་ཤེས་དབང་དྲག་རྒྱ་མཚོའི་སྐུ་སྐྱེ་དེ། །གཏེར་སྟོན་ཐེ་ཚོམ་མེད་པར་ཡིན་གསུངས་པས། །རྙིང་མའི་བན་དེ་འགའ་ཞིག་རྐང་གཏད་ཀྱིས། །གནས་དང་སྤྲུལ་སྐུ་མཇལ་ཕྱིར་སླེབས་བྱུང་ངོ་། །དེ་བཞིན་གཞན་ཕྱོགས་དཔོན་ཆེན་འགའ་ཡིས་ཀྱང་། །དེ་ཉིད་མི་འགྱུར་རྡོ་རྗེ་ཡིན་ངེས་རེད། །ངེད་རྣམས་དད་ཀྱང་མཇལ་ཐབས་མི་བདེ་སྨྲས། །དེ་ལྟར་བཟང་ངན་བརྟག་གཞིག་བྱས་པ་ན། །གཏེར་སྟོན་ཡིན་པར་ཐམས་ཅད་ཡིད་ཆེས་རྩོད་པ་དང་བྲལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཏེར་སྟོན་རྣམ་གཉིས་ཞལ་རྒྱས་པས། །བསྟན་དང་འགྲོ་ལ་ཕན་པ་བྱུང་ཚུལ་ནི། །ཁྲག་འཐུང་བདུད་འདུལ་རྡོ་རྗེ་འདི་ཕྱོགས་ཕེབས། །


CMR003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་པདྨ་བཀའ་ཐང་འགའ་ཟུང་ལས། །རྙིང་མའི་གཏེར་ཆོས་མཐོང་རྒྱ་ཆུང་བ་ཡི། །སྐྱ་སེར་ཐམས་ཅད་དབྱངས་གཅིག་མགྲིན་གཅིག་ཏུ། །དུས་གཅིག་གཏེར་སྟོན་གཉིས་ནི་འབྱུང་མི་སྲིད། །གང་ཡིན་གཅིག་ནི་གཏེར་སྟོན་མིན་ནོ་ཟེར། །དེ་དོན་པདྨ་བཀའ་ཡི་ཐང་ཡིག་ལས། །འགལ་བ་གཏེར་གཉིས་དུས་གཅིག་མི་འབྱུང་སྟེ། །རིམ་པར་བྱོན་པ་མདོ་རྒྱུད་ལུང་གིས་ཟིན། །མྱ་ངན་འདས་ལས། ཡུལ་གཅིག་འཁོར་ལོས་སྒྱུར་རྒྱལ་གཉིས་འབྱུང་བ་དང་། འཇིག་རྟེན་ཁམས་གཅིག་སངས་རྒྱས་གཉིས་འབྱུང་བ། དེ་ལྟ་བུའི་གནས་མེད་དོ། །ཞེས་གསུངས་པས། སངས་རྒྱས་སྟོང་རྩ་དུས་གཅིག་ཏུ་རང་བྱུང་ན། དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ། །དོན་རྫོགས་ལས། གསང་སྔགས་དར་དུས་སྔགས་པས་བདུད་ལས་བྱེད། །བདེན་པ་མཐོང་བའི་སྤྲུལ་སྐུ་གཉིས་མི་འབྱུང་། །བྱུང་ན་མི་སྲིད་རྒྱུད་མདོ་ཀུན་དང་འགལ། །ཞེས་གསུངས་པས། ཇི་སྲིད་ཉིན་པར་གྱུར་པ་ཐམས་ཅད་དུ། །ཕྱོགས་བཞི་མཚམས་བརྒྱད་ཉི་མ་ཤར་བྱུང་ན། །དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ། །སོ་སོར་འབྲང་མའི་མདོ་ལས། མི་ལ་པདྨོ་སྐྱེ་བ་ངོ་མཚར་ཆེ། །འཇིག་རྟེན་སངས་


CMR003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྟོན་མཆོག་དེ་འདྲའོ། །ཞེས་གསུངས་པས། ཇི་སྲིད་མཚན་མོར་གྱུར་པ་ཐམས་ཅད་དུ། །ཕྱོགས་བཞི་མཚམས་བརྒྱད་ཟླ་བ་ཤར་བྱུང་ན། །དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོ། །དགོངས་པ་འདུས་པ་ལས། འཇིག་རྟེན་གཅིག་གམ་གླིང་གཅིག་ཏུ། །ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ནས། །བསྟན་པ་གཅིག་གིས་གནས་སྐབས་ན། །མཛད་པ་མཐར་ཕྱིན་སངས་རྒྱས་གཉིས། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་མི་སྲིད་ལུང་དང་འགལ། །ཞེས་གསུངས་པས། ཇི་སྲིད་རྟ་རྒྱུག་ཁྱི་རྗེས་འདུག་པ་ན། །དེ་བཞིན་བྱེ་བྲག་མ་འདྲེས་པའི་མདོ་ལས། ཡར་སྐྱེས་གཅིག་དང་མར་འགྲིབ་བཅོ་བརྒྱད་དེ། །འཕེལ་འགྲིབ་གཉིས་པོ་དུས་གཅིག་བྱེད་མི་སྲིད། །མི་སྲིད་སྲིད་པའི་ཁྱད་འཕགས་དེ་འདྲ་བ། །ས་སྟེང་བྱུང་ན་འཕགས་པའི་ལུང་གིས་བཀག །ཅེས་གསུངས་པས། ཇི་སྲིད་ཡུལ་གཅིག་རྒྱལ་པོ་གཉིས་བྱུང་ན། །དེ་བཞིན་ཀླུའི་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུའི་བདག་པོ་ཁྱོད་འདི་སྐད་དུ། འདི་ལ་ལུང་བསྟན་པའི་གང་ཟག་ཞེས་ཟེར་བ་དེ། མངོན་སུམ་དུ་ཁོང་དུ་ཆུད་པ་ནི། །ལུང་བསྟན་པའོ། །ཞེས་གསུངས་པས། སྐྱེ་རྒས་ན་འཆི་དུས་


CMR003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱུང་བ་ན། །དེ་བཞིན་པདྨ་དཀར་པོ་ལས། །བདེན་པའི་ངག་རྣམས་རབ་ཏུ་མང་པོར་བཤད། །འདི་ནི་མ་བསླབས་རྣམས་ཀྱིས་རིག་པར་དཀའ། །ཞེས་གསུངས་པས། ཁྱི་ཕག་ཕྲུ་གུ་ཤ་བའི་རྭ་ཅོ་ལ། །ང་ཡི་གཏེར་འབྱིན་དཔེ་མཚོན་དཔེ་མ་མཚུངས། །ཞེས་གསུངས་པའི་དོན་ནི་འདི་ལྟར་ཏེ། །སྤྱིར་ནི་མདོ་རྒྱུད་མན་ངག་ཐམས་ཅད་ནས། །བཀག་པ་ཀུན་ལ་དམིགས་གསལ་མ་བཀག་པ། །རེ་རེ་ཡོད་པ་མཁས་པ་ཀུན་གྱིས་མཁྱེན། །འདུལ་བ་ལུང་ནས་བུད་མེད་སྤྱོད་བཀག་ཀྱང་། །རྩ་རླུང་རང་དབང་ཐོབ་ལ་མ་བཀག་པ། །བརྟག་གཉིས་ལ་སོགས་རྒྱུད་སྡེ་ཀུན་ནས་གསལ། །སྲོག་བཅད་མདོ་རྒྱུད་ཀུན་ལ་ཆེར་བཀག་ཀྱང་། །བླ་མའི་སྐུ་སྲོག་བརྟན་པ་ཡོད་མེད་ལ། །ཐུགས་ན་མ་བཀག་མྱ་ངན་འདས་མདོར་གསལ། །ཤ་ཆང་མདོ་སྔགས་ཀུན་ནས་བཀག་ན་ཡང་། །ཚོགས་འཁོར་དམ་རྫས་མ་བཀག་དམ་ཚིག་བསྲུང་། །འདུལ་བ་ཉིད་ལས་དགོང་ལྟོ་བཀག་མོད་ཀྱི། །ནད་པ་མ་ཕན་བར་དུ་མ་བཀག་གནང་། །དེ་བཞིན་གཏེར་སྟོན་དུས་གཅིག་གཉིས་མི་འབྱུང་། །རིམ་པར་འབྱུང་ཞེས་གསུངས་པའི་དོན་དེ་ཡང་། །ལུང་པ་གཅིག་ཏུ་གཏེར་ཆོས་གཅིག་


CMR003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །གཏེར་སྟོན་གཉིས་ནི་དུས་གཅིག་མི་འབྱུང་སྟེ། །དེ་མིན་གཏེར་སྟོན་དུས་གཅིག་མང་དུ་འབྱུང་། །ལུང་པ་གཅིག་ཏུ་མི་འབྱུང་བ་དེ་ཡང་། །ལུང་པ་གཅིག་ཏུ་གཏེར་ཆེན་གཉིས་མི་འབྱུང་། །དེ་མིན་གཏེར་ཕྲན་གསང་གཏེར་བཀག་པ་མེད། །གཏེར་སྟོན་ཆེན་པོ་རེ་ལ་ཆུང་མང་བསྐོར། །གཙོ་འཁོར་ཚུལ་དུ་འབྱུང་བར་བཤད་པ་ཡིན། །ཅི་ཕྱིར་ཞེ་ན་རྗེ་འབངས་ཉེར་ལྔའམ། །རྒྱས་པར་སྐལ་ལྡན་བརྒྱ་དང་རྩ་བརྒྱད་པོ། །ཨོ་རྒྱན་དྲུང་དུ་དབང་ལུང་དམ་ཚིག་གཅིག །སེམས་བསྐྱེད་སྨོན་ལམ་གཅིག་པའི་རྟེན་འབྲེལ་གྱིས། །བྱང་ཆུབ་བར་དུ་འབྲལ་བ་མེད་པ་སྟེ། །རྗེ་འབངས་གཅིག་གི་སྐྱེ་བ་དངོས་བྱོན་ནས། །གཏེར་སྟོན་ཡོངས་གྲགས་ཆེན་པོ་རེད་པའི་དུས། །གཞན་མ་ཀུན་གྱིས་སྤྲུལ་པ་ཡང་སྤྲུལ་དང་། །བྱིན་བརླབས་ཞུགས་ཤིང་འོད་ཟེར་ཕོག་པ་ཡིས། །གཏེར་སློབ་ཡོན་བདག་སྐྱ་སེར་མཆོག་དམན་ནི། །སྟོབས་ཆེན་དང་ནི་སྦས་ཚུལ་སྣ་ཚོགས་ཀྱི། །གཏེར་ཆོས་སྤེལ་བའི་གྲོགས་དང་འགྲོ་དོན་གྱིས། །སྒོ་ཕྱེ་བ་ཡི་གྲོགས་ནི་བྱེད་པ་སྟེ། །དེ་ཚེ་ལས་ཅན་དྲག་རིམ་འགའ་དང་འགས། །རང་རང་གཏེར་ཕྲན་ཅུང་ཟད་ཐོན་པ་འོང་། །ལ་ལ་སུ་ལ་འོང་སྟོན་དུ་མི་རུང་བར། །


CMR003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཉམས་སུ་ལེན་ནས་སྦ་དགོས་དང་། །ལ་ལ་ཅུང་ཟད་སྤེལ་བར་རུང་བ་དང་། །ལ་ལ་དར་སྲོལ་ཆེན་པོ་འབྱུང་བ་དང་། །ལ་ལ་གཅིག་བརྒྱུད་ཁོ་ན་དགོས་པ་ཡོད། །དེ་བཞིན་ཡུལ་གྲུ་མི་གཅིག་གཞན་དག་ཏུ། །གཏེར་ཆེན་མང་པོ་དུས་མཉམ་འབྱུང་བ་ཡོད། །གསེར་དངུལ་ཟངས་ལྕགས་འཁོར་ལོས་སྒྱུར་རྒྱལ་གཉིས། །དུས་གཅིག་མི་འབྱུང་མོད་ཀྱི་དེ་ལས་གཞན། །སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གཉིས་འབྱུང་བ། །ཁྲི་སྲོང་ལྡེའུ་བཙན་རྒྱ་ནག་རྒྱལ་པོ་གཉིས། །མི་མཇེད་འཇིག་རྟེན་འཛམ་གླིང་འདི་ཉིད་དང་། །སྟོན་པ་སངས་རྒྱས་གཉིས་ནི་དུས་གཅིག་མིན། །དེ་མིན་མངོན་དགའ་བདེ་ཆེན་འོག་མིན་སོགས། །རྫོགས་པའི་སངས་རྒྱས་གྲངས་མེད་མཉམ་དུ་བཞུགས། །སངས་རྒྱས་སྟོང་རྩ་དུས་གཅིག་མི་འབྱུང་བ། །སྟོན་པའི་ཚུལ་བཟུང་མི་འབྱུང་བར་གསུང་གིས། །རྫོགས་ཆེན་ལ་སོགས་རྒྱུད་སྡེ་འགའ་གསུངས་ཚེ། །སངས་རྒྱས་སྟོང་རྩའི་འཁོར་གྱིས་བསྐོར་ནས་གསུངས། །བསྟན་པའི་བདག་པོ་གཉིས་ནི་མི་འབྱུང་གིས། །དེ་མིན་རྒྱལ་པོ་ཟས་གཙང་འཇམ་པའི་དབྱངས། །སྒྱུ་མ་ལྷ་མཛེས་འཇིག་རྟེན་དབང་ཕྱུག་སྟེ། །ཀུན་དགའ་པོ་ནི་


CMR003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་རྡོ་རྗེ་འཛིན། །སྒྲ་གཅན་འཛིན་ནི་རྡོ་རྗེ་སེམས་དཔའ་ཉིད། །ཨ་ར་ལི་ཡི་རྒྱུད་ལས་གསུངས་པ་སྟེ། །དེ་དག་གིས་ཀྱང་བདེན་པ་མ་མཐོང་ངམ། །དེ་བཞིན་མདོ་སྡེ་རེ་རེ་གསུངས་ཙམ་ན། །སེམས་ཅན་དཔག་མེད་བདེན་པ་མཐོང་བར་བཤད། །འཛམ་གླིང་གཅིག་འདིར་ཉི་མ་བརྒྱད་མི་འཆར། །དེ་མིན་སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །ཉི་ཟླ་བྱེ་བ་ཕྲག་བརྒྱ་ཡོད་པའི་ཕྱིར། །ཕྱོགས་མཚམས་ཀུན་ཏུ་ཉི་ཟླ་ཤར་ནི་ཡོད། །མི་མཇེད་འཇིག་རྟེན་ཁམས་ནི་འདི་ཉིད་ན། །ཡར་འཕེལ་མར་འགྲིབ་དུས་གཅིག་མི་འབྱུང་གིས། །དེ་མིན་ཕྱོགས་བཅུའི་འཇིག་རྟེན་གཞན་དག་དུ། །ལ་ལ་ཡར་འཕེལ་ལ་ལ་མར་ལ་འགྲིབ། །ལ་ལ་ཆག་ཅིང་ལ་ལ་གནས་དང་འཇིག །གཅིག་ཏུ་མ་ངེས་དུས་གཅིག་དུ་མ་ཡོད། །ཡུལ་གཅིག་འཁོར་ལོས་སྒྱུར་རྒྱལ་གཉིས་མི་འབྱུང་། །དེ་མིན་རྒྱལ་པོ་མང་དུ་འབྱུང་བ་གསལ། །དེ་དོན་བཀའ་ཐང་ཉིད་ལ་གསལ་བ་སྟེ། །བསྟན་པ་གཅིག་ལ་རྡོ་རྗེ་གདན་ཉིད་དུ། །རྫོགས་པའི་སངས་རྒྱས་གཉིས་འབྱུང་བཀག་པས་གསལ། །དེ་དོན་རཏྣ་གླིང་གི་གཏེར་ཁ་ཡི། །བསྟན་པ་སྤྱི་ཡི་ལུང་བསྟན་ཆེན་པོ་ལས། །རཏྣ་གླིང་དང་དུས་མཉམ་འབྱུང་


CMR003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི། །གཏེར་བདག་དེ་དང་དུས་མཚུངས་གཞན་ཡང་འབྱུང་། །ཟམ་བུ་ལུང་དུ་དཔའ་བོའི་གཏེར་སྟོན་འབྱུང་། །རྗེས་ལ་དམ་ཆོས་བསྟན་པ་དར་བར་འགྱུར། །རུ་མཚམས་དག་ཏུ་སྦས་པའི་གཏེར་སྟོན་འབྱུང་། །བསྟན་པའི་སྒྲོན་མེ་གཏེར་སློབ་དག་གིས་སྐྱོང་། །ལྷོ་སྟོད་ཕྱོགས་སུ་ཟབ་གཏེར་སྤྱོད་པ་འབྱུང་། །དུས་དང་བསྟུན་པའི་འགྲོ་དོན་འགའ་ཙམ་འབྱུང་། །བུམ་ཐང་ཕྱོགས་སུ་གཏེར་རྒྱས་སྤྱོད་པ་འོང་། །རང་གཞན་དོན་སྤྱོད་བསྟན་པ་རྒྱས་བྱེད་འབྱུང་། །ཉང་ཀོང་ཕྱོགས་སུ་གཏེར་སྟོན་གཉིས་ཙམ་འོང་། །ཡང་ན་བྱར་དག་དམྱལ་རང་འབྱུང་ཡང་སྲིད། །གཏེར་ཕྲན་འདོན་ཅིང་དོན་གཉིས་བག་ཙམ་སྤྱད། །གཏེར་མིན་གཏེར་རྫུན་བྱེད་པར་འབྱུང་སྲིད་པས། །དེ་ཡིས་ཚད་ལྡན་བཀའ་ཡི་ཆོམ་པོ་བྱེད། །ལུང་པ་གཅིག་དང་གཏེར་ཆོས་གཅིག་པ་ཡི། །གཏེར་སྟོན་གཉིས་ནི་ང་ཡི་ལུང་མ་བསྟན། །དེ་མིན་ཕྱོགས་མཚམས་གཏེར་སྟོན་འགའ་འབྱུང་སྲིད། །གཏེར་སྟོན་ཆེ་བ་རེ་ལ་ཆུང་མང་བསྐོར། །དཔེར་ན་སྤང་ལ་ཤོ་མང་རྡོལ་བ་ལྟར། །སྙིགས་མའི་དུས་སུ་གཏེར་སྤྱོད་མང་དུ་འགྱུར། །ལ་ལས་བསྟན་སྐྱོང་ལ་ལས་རང་དོན་བསྒྲུབས། །ལ་ལས་འགྲོ་འདུལ་


CMR003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་སྦས་ཚུལ་སྤྱོད། །ཅེས་གསུངས་དེ་བཞིན་པདྨ་གླིང་པའི་གཏེར། །ལུང་བསྟན་ཆེན་པོ་ཀུན་གསལ་མེ་ལོང་ལས། །སྙིགས་མའི་དུས་ངན་འབྱུང་ཚུལ་ལུང་བསྟན་སྐབས། །དེ་དུས་ལུང་པ་རེ་ན་གཏེར་སྟོན་རེ་རེ་འབྱུང་། །དེ་བཞིན་ཡེ་ཤེས་འོད་མཆོག་གཏེར་ལུང་ལས། །རྩོད་པ་དར་བའི་ཡང་སྙིགས་དེར། །སྤང་ལ་ཤ་མོང་རྡོལ་བ་བཞིན། །གཏེར་སྟོན་ས་འོག་འབུ་ལང་ཡང་། །ནགས་ལ་མེ་ཏོག་འཁྲུངས་པ་བཞིན། །ཟབ་གཏེར་ཡང་མའི་ལུང་མ་ཡང་། །ཞེས་གསུངས་བཞིན་དུ་སྔོན་བྱོན་ལོ་རྒྱུས་ཀྱང་། །གྲྭ་པ་མངོན་ཤེས་རག་ཤག་གཏེར་སྟོན་གཉིས། །ཕལ་ཆེར་དུས་མཉམ་པདྨ་གླིང་པ་དང་། །རཏྣ་གླིང་པ་ཀུན་སྐྱོང་གླིང་པ་སྟེ། །གཏེར་ཆེན་གསུམ་དང་གཏེར་ཕྲན་དུས་མཉམ་མང་། །འབྲི་ཁུང་གཏེར་སྟོན་རིན་ཆེན་ཕུན་ཚོགས་ལ། །སློབ་མ་གཏེར་སྟོན་ཡིན་ངེས་ལྔ་བྱུང་སྐད། །མངའ་རི་པཎ་ཆེན་བདུད་འཇོམས་རྡོ་རྗེ་དང་། །ཞིག་པོ་གླིང་པ་འབྲོང་བུ་གཏེར་སྟོན་ཏེ། །དེ་དག་ཀུན་ལས་འབྲི་ཁུང་གཏེར་སྟོན་ཉིད། །གཏེར་ཆོས་ཕར་ལ་གནང་ཞིང་ཚུར་ཡང་ཞུས། །གྲུབ་ཐོབ་དངོས་གྲུབ་སློབ་མ་མངའ་བདག་མྱང་། །ལས་འབྲེལ་རྩལ་གྱི་སློབ་མ་ལས་ལྡན་པ། །དེ་བཞིན་


CMR003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་གཉིས་ཀས་གཏེར་ཆེན་ཐོན། །མངའ་རི་པཎ་ཆེན་རིག་འཛིན་ཆེན་པོ་གཉིས། །སྐུ་མཆེད་གཉིས་ཀ་གཏེར་སྟོན་ཡིན་པར་གྲགས། །ཉི་ཟླ་སངས་རྒྱས་ཀརྨ་གླིང་པ་གཉིས། །ཡབ་ཀྱི་གཏེར་ཕྲན་སྲས་ཀྱི་གཏེར་ཆེན་ཐོན། །རཏྣ་གླིང་པ་ལས་འཕྲོ་གླིང་པ་གཉིས། །ཨ་མྱེས་གཏེར་ཆེན་ཚ་བོའི་གཏེར་ཕྲན་ཐོན། །འཇའ་ཚོན་པ་ཡི་སློབ་མ་ཡིན་པ་ཡི། །ནམ་མཁའ་འཇིགས་མེད་གནམ་ཆོས་གནས་སྒོ་ཕྱེས། །རྩེ་ལེ་སྤྲུལ་སྐུའི་གཏེར་ཕྲན་བཏོན་པར་སྣང་། །འཇའ་ཚོན་སྙིང་པོ་ལྕགས་སྡེ་གྲུབ་ཐོབ་གཉིས། །ལུང་པ་གཅིག་སྟེ་གཉིས་ཀས་གཏེར་བཏོན་ཏེ། །ཕན་ཚུན་དོད་འདུན་གཏེར་ཆོས་ཞུ་རེས་མཛད། །གཏེར་ཆོས་མི་གཅིག་ཕྱིར་ན་མ་བཀག་གོ །སངས་རྒྱས་གླིང་པ་རྒོད་ལྡེམ་བཟང་པོ་དཔལ། །གསུམ་པོ་དུས་མཉམ་ཡིན་པའི་ལོ་རྒྱུས་སྣང་། །དེ་བཞིན་འཇའ་ཚོན་སྙིང་པོ་བཞུགས་སྐབས་ནས། །བདུད་འདུལ་རྡོ་རྗེས་ས་གཏེར་ཐོན་པའོ། །བདུད་འདུལ་རྡོ་རྗེའི་གཏེར་སར་ལས་བྱུང་བའི། །པདྨ་བཀའ་ཡི་ཐང་ཡིག་བསྡུས་པ་ནས། །དེ་ནས་པདྨའི་ཐུགས་སྤྲུལ་བདུད་འདུལ་རྣམ་བཞི་ནི། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །ཁམས་


CMR003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེང་བྲག་ངོས་ནས་གཏེར་སྒོ་འབྱིན། །སངས་རྒྱས་བསྟན་སྐྱོང་མཐའ་ཡི་དམག་དཔུང་བཟློག །བདུད་འདུལ་རྡོ་རྗེ་པདྨ་གར་དབང་རྩལ། །པུ་རི་དག་རྫོང་ཕུག་ནས་གཏེར་སྒོ་འབྱིན། །རྫོགས་ཆེན་བསྟན་སྐྱོང་བདུད་དཔུང་མ་ལུས་འདུལ། །བདུད་འཇོམས་རྡོ་རྗེ་ཡེ་ཤེས་ཁྱུང་དྲག་རྩལ། །བུ་ཆུ་གཏེར་ལྷའི་ངོས་ནས་གཏེར་སྒོ་འབྱིན། །སྡེ་བརྒྱད་འདུལ་ཞིང་རྫོགས་ཆེན་བསྟན་པ་སྐྱོང་། །པདྨ་རྡོ་རྗེ་བདུད་འཇོམས་རོལ་པ་རྩལ། །དམར་ནག་རཀྟའི་གནས་ནས་གཏེར་སྒོ་འབྱིན། །མདོ་སྔགས་བསྟན་སྐྱོངས་མཐའ་ཡི་དམག་དཔུང་ཟློག །ཅེས་གསུངས་དེ་བཞི་དུས་གཅིག་བྱུང་ན་ནི། །བསྟན་དང་འགྲོ་ལ་བདེ་སྐྱིད་འབྱུང་བར་བཤད། །དེ་བཞིན་མི་འགྱུར་རྡོ་རྗེའི་གནམ་ཆོས་ལས། །གཏེར་སྟོན་བདུད་འདུལ་རྡོ་རྗེ་འདི། །རྗེ་འབངས་ལོ་ཆུང་སྤྲུལ་པ་ཡིན། །ཞེས་གསུངས་ཕྱིར་ན་ཕན་ཚུན་ཐེ་ཚོམ་མེད། །མཇལ་འདོད་མཇལ་ན་རྟེན་འབྲེལ་ལེགས་སྨྲས་ཀྱང་། །སྤྲུལ་སྐུའི་ཉེ་གཞི་གྲོས་ལ་དབང་བ་རྣམས། །དུས་ཀྱི་སྟབས་ཀྱིས་མི་འགབ་ཟེར་ནི་དགག ། །རཏྣའི་གཏེར་ཁ་ཨོ་རྒྱན་ལུང་བསྟན་ལས། །མི་རྣམས་ཁ་ལ་གནོད་སྦྱིན་མཁའ་ལ་རྒྱུ། །མགྲིན་པར་ཞུགས་ནས་འཇིག་


CMR003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁ་ལྕེས་དཀྲུག །དེ་ཡང་བོད་ཀྱི་བསྟན་པ་ཉམས་རྟགས་ཡིན། །གསུངས་པ་བཞིན་དུ་གཏེར་སྟོན་རྣམ་གཉིས་བར། །དབྱེན་དང་ཁ་ལྕེ་མི་རུང་མང་དུ་གྲགས། །བདག་གིས་མཇལ་འདོད་སྟོད་ན་སོང་ན་ཡང་། །གཏེར་སྟོན་རྐྱ་བཤར་བཏང་བྱོན་མ་སླེབ་ཅིང་། །དཀའ་བློས་ཆེ་ཞིང་ཡི་མུག་སེམས་ཕམ་ཤིང་། །ཁྱམ་དྲུ་མཚམས་དང་སྒྲུབ་པ་དབང་ལུང་སོགས། །བློ་གཉིས་སོང་རྗེས་གཏེར་སྟོན་བཞུགས་ཡོད་པས། །མཇལ་ནི་ཤོག་ཟེར་ཆ་ངག་གཏམ་སྙན་བྱུང་། །སྤྲུལ་སྐུས་ཆིབས་དང་ཞུ་ཡིག་ཆོས་སྐལ་བསྐུར། །མཇལ་བས་དང་པོ་ཉམས་ཚད་འདྲ་བ་ཡི། །ཞུ་འབུལ་མང་དུ་བྱས་པས་བདག་ཡིད་ཆེས། །ཐུགས་ནི་ཤིན་ཏུ་གཏུམ་པ་ཡིན་འདུག་ཀྱང་། །བདག་གིས་མི་འཚམས་ཞུས་ཀྱང་བཞད་པ་ལས། །ཐུགས་རྟོག་མ་མཛད་ཐུགས་བརྟག་དཔག་མེད་དང་། །བདག་གིས་ལུང་བྱང་ཆོས་སྐལ་དམ་རྫས་གནང་། །མི་འགྱུར་རྡོ་རྗེ་ཁོང་དང་བདག་གཉིས་ནི། །ཨོ་རྒྱན་དྲུང་ནས་ད་བར་འབྲལ་མ་མྱོང་། །ད་ལམ་མི་མཇལ་བ་ཡི་ཐབས་མེད་གསུངས། །སྤོམ་ནེའི་གནས་སུ་ཞལ་འཛོམ་བྱེད་པ་དང་། །གནས་ཀྱི་ཞལ་གཟིགས་ཕྱེ་འཕྲོ་རྣམས་ཕྱེ་ཞིང་། །རབ་གནས་ལ་སོགས་


CMR003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བསྒྲིགས་པར་ཆད། །རང་གཉིས་སྐྱེ་ཀུན་འགྲོགས་པ་རྡོ་རྗེའི་ཚིག་ལགས་པས། དམ་ཆོས་སྦྱིན་རེས་ཀྱིས་ཁོ་བོས་ཀྱང་སྤྱི་བོའི་རྒྱན་དུ་ཁུར་ངེས་པས་དེ་བཞིན་དགོངས་དབྱིངས་ཞུ་ཞེས་སོགས། གསེར་སྐུ་རྡོར་དྲིལ་ཆིབས་པ་བཀའ་ཤོག་དང་། །སྐུ་ཚེ་བརྟན་བཞུགས་བསྐུར་བ་འདི་ལགས་སོ།། ཨོཾ༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ༔ ཀ་དག་རྒྱལ་པོ་གདོད་མའི་གཞིར་རྫོགས་པ། །སྐུ་གསུམ་རིག་རྩལ་སྐུ་ལྔར་ལྷུན་གྱིས་གྲུབ། །རྒྱལ་བསྟན་ཉིན་བྱེད་རིག་འཛིན་གྲུབ་པའི་དབང་། །བསྐལ་པ་རྒྱ་མཚོར་རྡོ་རྗེའི་བརྟན་བཞུགས་གསོལ། །ས་གསུམ་ཡོངས་གྲགས་རིག་འཛིན་རྡོ་རྗེའི་མཚན། །ལྟ་ངན་རི་དྭགས་མཐའ་དག་དཔུང་གཞོམ་ཕྱིར། །མི་ཤིགས་སྲ་བརྟན་ཐིག་ལེ་འོད་ཀྱི་སྐུར། །འགྱུར་མེད་རྡོ་རྗེའི་གདན་ལ་བརྟེན་བཞུགས་གསོལ། །གྲགས་ལྡན་ཀུན་ཏུ་བཟང་པོའི་རྣམ་རོལ་ལས། །ཡེ་ཡིན་ངང་རྫོགས་གདོད་མའི་དབྱིངས་དག་པ། །སྲིད་ཞིའི་མགོན་པོ་རིག་འཛིན་སྤྲུལ་པའི་སྐུ། །མཛད་ཕྲིན་ནམ་མཁའི་མཐའ་མཉམ་འཕེལ་གྱུར་ཅིག །ཅེས་པ་རིག་འཛིན་མི་འགྱུར་རྡོ་རྗེ་ཉིད། །ངེས་པའི་སངས་རྒྱས་ཡིན་པའི་ངེས་ཤེས་ཀྱིས། །དེ་ཉིད་བརྟན་བཞུགས་རྡོ་རྗེའི་རྒྱ་མདུད་


CMR003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་ཕུལ། །སརྦ་མངྒ་ལཾ།། དེ་ཡང་ཕན་ཚུན་གཏེར་ཁ་གཉིས་མཚུངས་པར། །ཞལ་འཛོམ་གཏེར་ཆོས་ཞུ་རེས་མཛད་གྲུབ་ན། །ཕན་ཚུན་གཉིས་ཀའི་བར་ཆད་སེལ་བ་དང་། །རྟེན་འབྲེལ་ལེགས་ཀྱང་དེ་ཉིད་འགྲུབ་དཀའ་སྟེ། །བདུད་ཀྱི་བར་ཆད་ཡོད་པར་ལུང་བསྟན་ལྟར། །བདུད་འདུལ་རྡོ་རྗེ་ཚབ་ཆེར་བསྙུང་བ་དང་། །སྤྲུལ་སྐུ་འབྱོན་ཁ་དང་ནི་ལམ་དུ་ཡང་། །ཚབ་ཆེན་བསྙུང་བ་ཞག་འགའ་འགོར་ན་ཡང་། །དགོངས་གཏེར་བབ་ནས་བར་ཆད་སེལ་ཐབས་འགའ། །མཛད་པས་མ་སྐྱོན་གནས་དེར་འཛོམས་གྱུར་ཏེ། །བདེ་ནས་འབྱོན་ཉིན་ནམ་མཁར་འཇའ་ཚོན་བཀྲ། །ཞལ་འཛོམ་སྔ་དྲོ་ཤར་དང་བྱང་ངོས་ཀྱི། །ནམ་མཁའ་ཁྱབ་པའི་སྤྲིན་འཇའ་དར་དཀར་ཡུག །འདྲ་བ་འཇམ་ཞིང་ཡོ་འགུལ་མེད་པ་ལ། །དེ་མིན་ནམ་མཁའ་སྤྲིན་མེད་དྭངས་བ་བྱུང་། །སྤྲུལ་སྐུ་ཕར་ལ་སྒར་དུ་བྱོན་པ་ན། །བདུད་འདུལ་ཚང་ནས་རྒྱ་གླིང་སྤོས་བསུ་དང་། །ཞབས་སུ་ལྡང་བ་ཕྱག་ནི་མཉམ་ཕྱག་དང་། །གདན་ཡང་མཉམ་དུ་མཛད་སོགས་བཀུར་སྟི་ཆེ། །རྟ་ཁྲབ་ལ་སོགས་དགུ་ཚན་ཙམ་ཕུལ་ནས། །ས་གཏེར་དབང་གི་ཆེ་


CMR003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཐོམས་ཅད་དང་། །གཏེར་ཆོས་ཕབ་ཚར་པོད་ཆེན་བཞི་འདུག་པ། །བཀའ་གཏད་གནང་ཞིང་ཆོས་བདག་ཆེན་པོར་བསྐོས། །པད་ཞྭ་གོས་བེམ་གདན་དམར་དབང་བུམ་དང་། །རག་དུང་རྒྱ་རྔ་ཆིབ་དང་ཆིབ་ཧྲལ་དང་། །འཚོགས་དུང་ལ་སོགས་སྣ་གྲངས་ཉེར་གཅིག་ཕུལ། །གནམ་ཆོས་དབང་སྣ་ཉི་ཤུ་ཙམ་གཅིག་དང་། །ཡབ་སྲས་ཆོས་སྐལ་པོ་ཏི་གཉིས་པོ་གསན། །གཏེར་སྟོན་ཕན་ཚུན་རྟེན་འབྲེལ་འགྲིགས་ཕྱི་ནས། །དཔེ་ཆ་བསྐུར་ཞིང་དགོངས་པ་གཏད་པས་ཆོག །གནམ་ཆོས་ཡོངས་རྫོགས་བྲིས་ལ་ང་ལ་སྐུར། །བདག་གིས་སྤུ་བོར་སྤེལ་ཞིང་དབུས་གཙང་བསྐུར། །བདག་གི་གཏེར་ཁའི་ཆོས་རྣམས་འདི་དག་དང་། །སླད་ནས་གཏེར་ཤོག་ཕབ་ནས་བསྐུར་བ་རྣམས། །ཁྱེད་ཀྱིས་འདི་ཕྱོགས་ངོས་ལ་གང་འཕེལ་གྱིས། །ཨོ་རྒྱན་བསྟན་པ་གཅིག་ཡིན་མཉམ་དུ་འདེགས། །ད་དུང་གཏེར་སྟོན་ཚད་ལྡན་གཞན་བྱུང་ཡང་། །དེ་ལྟར་ཡིན་གྱི་ཕན་ཚུན་བཀག་པ་མེད། །གནམ་ཆོས་འདི་རྣམས་ཆ་ཚང་ངོ་མཚར་ཆེ། །ཁྱེད་ཚང་རྣམས་ཀྱིས་འདི་ཉིད་གཙོ་བོར་ཟུང་། །དེ་སོགས་ལུགས་གཉིས་ཞལ་ད་མང་མཛད་པས། །སྤྲུལ་སྐུ་གྲགས་སྔ་གནམ་ཆོས་གནས་སྒོ་མང་། །ད་ནི་ས་


CMR003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཐོན་པ་འགྱུར་རམ་ཞུས། །ས་གཏེར་ཐོན་པ་ཁག་ཁུར་ཆོག་པ་ཡིན། །ཐོན་དུས་ཆོས་དང་དམ་རྫས་བསྐུར་ཤོག་གསུངས། །བུམ་སྒྲུབ་རུ་རྩི་བྱེད་གསུང་གསང་ཆབ་ཀྱི། །ཟན་སྒང་མགོ་ཙམ་མང་དུ་མཛད་ནས་བསྣམས། །ན་བཟའ་དགོས་གསུངས་རྙིང་པ་དཀར་པོ་གཅིག །ཕུལ་བ་རེ་ཞིག་དབུ་ཡི་གཙུག་ཏུ་བཞག །ཤོག་སེར་ནང་རྟེན་བསྟན་ཞལ་མཛད་པའི་ཚེ། །ཞིག་པོའི་གཏེར་ཁ་ཨོ་རྒྱན་སྐུ་ཚབ་ལ། །འོད་ཟེར་འཇའ་གུར་ཕུབ་པ་སྤྲུལ་སྐུས་གཟིགས། །སྲས་དང་ཡུམ་དང་གྲྭ་སློབ་ཐམས་ཅད་ཀྱི། །གནམ་ཆོས་མཉམ་དུ་ཞུས་ཤིང་དད་པ་ཐོབ། །གཏེར་སྟོན་གཉིས་ཀྱིས་རང་བྱོན་མང་པོ་དང་། །ཞབས་རྗེས་འགའ་ཡི་ཞལ་ཡང་གསར་དུ་ཕྱེས། །གནས་ལ་བཀྲ་ཤིས་རབ་ཏུ་གནས་པ་དང་། །འཇིག་རྟེན་བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་བསྒྲིགས། །བདག་ཅག་ཆོས་བྲོ་འཁྲབ་ཅིང་ལྷ་གསོལ་བཏང་། །སྟག་ལུང་རྟོགས་ལྡན་མངོན་དགའ་ཞེས་བྱ་དང་། །མངའ་རི་དབུས་གཙང་ཀཿཐོག་ལྔ་སོགས་ཀྱི། །རྙིང་མར་མཁས་པའི་བླ་མ་དེ་རྣམས་ཀྱིས། །རྣམ་གཉིས་ཞལ་འཛོམས་དབང་ལུང་བསྟན་ཐོབ་པའི། །ཁྱེད་ཀྱི་བཀའ་དྲིན་ཡིན་ཟེར་ལེགས་སོ་བྱིན། །སྔོན་


CMR003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གུ་རུ་ཆོས་དབང་གཏེར་ཐོན་ཀྱང་། །ཀུན་གྱིས་གཤེ་ཤིང་ཐེ་ཚོམ་བྱེད་སྐབས་སུ། །གཏེར་སྟོན་མངའ་བདག་མྱང་རལ་དེར་ཕེབས་ནས། །མདའ་མཁན་མདའ་དང་གཞུ་མཁན་གཞུ་ཤེས་ལྟར། །གཏེར་དེ་ཚད་ལྡན་ཡིན་མིན་ཁོ་བོས་ཤེས། །ཁོ་བོ་གཏེར་བདག་ཡིན་པས་སྟོན་དང་གསུངས། །ཕྱག་ཏུ་གཏད་པས་ཤོག་དྲིལ་གཅིག་ལ་ནི། །ནང་དུ་མ་གཟིགས་ཤངས་སུ་བསྣམས་བྱས་ནས། །གཏེར་ཆོས་རྩོད་པ་མེད་པ་ཡིན་པར་འདུག །ཉེ་གནས་ཀུན་གྱིས་བྲིས་དང་སྒྲོག་པར་གྱིས། །གཤེ་བ་དམྱལ་བ་ཁ་ལ་མེ་འབར་ཡིན། །ང་ནི་གཞོན་ན་འདི་ཚོ་ཞུ་འདོད་ཀྱང་། །ང་རྒས་ང་ཡི་གཏེར་ཆོས་བདག་པོ་ཡང་། །ཁྱེད་རང་རེད་པས་བདག་པོར་སྤྱད་གསུངས་ནས། །དབང་ལུང་གནང་ཞིང་བཀའ་བབ་བརྒྱུད་པ་གཏད། །ཆོས་དབང་ཞལ་ནས་མྱང་རལ་ཆོས་སྐོར་རྣམས། །ཡོངས་རྫོགས་བཀའ་བབ་བདག་མིན་གཞན་ན་མེད། །དེ་དོན་གཏེར་འབྱུང་ནང་ནས་རྒྱས་པར་གསུངས། །དེ་བཞིན་བདུད་འདུལ་རྡོ་རྗེའི་ཆོས་རྣམས་ཀྱི། །ཡོངས་རྫོགས་བཀའ་བབ་སྤྲུལ་སྐུ་འདི་ལ་གཏད། །ལུང་སོགས་ཞིབ་ཆ་རྒྱས་པར་མི་དགོས་ཏེ། །ཨོ་རྒྱན་དྲུང་དུ་མཉམ་དུ་ཐོབ་ཕྱིར་རོ། །ཞེས་གསུངས་ཕ་


CMR003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྟ་བུ་ཡིན་ནོ་གསུངས། །སྔོན་ཚེ་མངའ་རི་རིག་འཛིན་ཆེན་པོ་དང་། །ཞིག་པོ་གླིང་པ་གཏེར་ཁ་དུས་མཉམ་པ། །གྲྭ་སློབ་དབྱེན་ཁ་ཆད་པས་ཐུགས་མ་མཐུན། །ད་ལྟ་ཆོས་བརྒྱུད་མི་མཐུན་ལོག་ལྟ་ཆེ། །གཏེར་སྟོན་གཉིས་ཀ་ཐུགས་འགྲིས་ཆོས་འབྲེལ་ཅན། །འབྲི་ཁུང་ཞབས་དྲུང་རིན་ཆེན་ཕུན་ཚོགས་ཀྱིས། །གཏེར་སྟོན་ཕན་ཚུན་ལུང་བསྟན་ངན་པ་སོགས། །བདེན་ནམ་ཞུས་པས་དེ་འདྲའི་གཤེ་སྐུར་ནི། །ཤོག་སེར་ནང་དུ་དེ་འདྲ་མི་སྣང་སྟེ། །གཏེར་སློབ་ཡིག་མཁན་རྣམས་ཀྱིས་བྲིས་སོང་ཞེས། །གཉིས་ཀས་སོ་སོར་གསུངས་པའི་གསུང་རྒྱུན་དེ། །འབྲི་ཁུང་ཞབས་དྲུང་ལས་བརྒྱུད་ལྷོ་པས་གསུངས། །འོན་ཀྱང་དེ་ཡིས་པད་འབྱུང་བསྟན་ལ་གནོད། །གསང་སྔགས་རྙིང་མའི་བསྟན་པ་གཉིས་སུ་གྱེས། །གཉིས་ཀ་མི་མཐུན་བྱ་རོག་འུག་པ་འདྲ། །དེ་འདྲར་མ་སོང་བདག་གིས་ལེགས་བྱས་ཡིན། །གཏེར་སྟོན་གཉིས་བྱུང་མི་སྲིད་ཟེར་སྣང་སྟེ། །པདྨ་བཀའ་ཐང་སྡེ་ལྔའི་ནང་ནས་ནི། །དེང་སང་དུས་འདིར་དབུས་གཙང་མངའ་རི་སོགས། །གཏེར་ཕྲན་འདོན་པ་བརྒྱད་ཙམ་འབྱུང་བར་གསུངས། །སུ་ཀ་ཕ་ལ་དཔེ་མེད་དྲག་དབང་དང་། །ཡིད་བཞིན་མགོན་


CMR003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་བདེ་ཆེན་སེང་གེ་དང་། །སློབ་དཔོན་ཟ་རེ་དྷ་ཏི་གཱི་ཤྲཱི་དང་། །ཐུགས་རྗེ་ཆེན་པོ་མ་གཅིག་ཕག་འབུམ་བརྒྱད། །དུས་མཉམ་འབྱུང་ཞིང་བར་ཆད་མ་བྱུང་ནས། །སྐྱེ་བདུན་བཀྱེ་ཞིང་འགྲོ་དོན་འཕེལ་བ་ན། །མཐའ་དམག་བཟློག་ཅིང་བོད་ལ་ཕན་པར་བཤད། །གུ་རུ་ཨ་ནན་ཏ་ཡིས་གཏེར་ཁ་ཡི། །ཐུགས་རྗེ་ཆེན་པོ་འོད་ཆོག་ཆོས་སྐོར་ནས། །ཕུག་ཅེས་བྱ་བའི་ས་ཆ་རུ། །བླ་མའི་མཆོག་གཏེར་ལོངས་སྤྱོད་པའི། །ཀུན་དགའ་འམ་ནི་སྙིང་པོའི་མཚན། །པདྨའི་ཐུགས་ཀྱི་སྤྲུལོ་པ་འབྱུང་། །ཞེས་པ་བདེ་ཆེན་གསང་ཕུག་ནས། །གཏེར་ཁ་གནས་སྒོ་གཉིས་ཀ་ཕྱེས། །གཏེར་བཞད་སྙིང་པོ་མཚན་ཡིན་པས། །བདུད་འདུལ་རྡོ་རྗེ་འདི་ཉིད་དོ། །འཇའ་ཚོན་སྙིང་པོའི་གཏེར་ཁ་ཡི། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནས། །ཤར་གྱི་ཕྱོགས་ནས་རྡོ་རྗེ་འགྱུར་མེད་མིང་། །སྤྲུལ་སྐུའི་ཞབས་འདེགས་བསྟན་པ་དར་བར་བྱེད། །ཞེས་པ་ཡང་མི་འགྱུར་རྡོ་རྗེ་སྟེ། །མི་འགྱུར་འགྱུར་མེད་དོན་ལ་གཅིག་ཕྱིར་རོ། །ད་རུང་མ་འོངས་གཏེར་སྟོན་འབྱུང་ལུང་ཡང་། །གུ་རུ་ཨ་ནན་ཏ་ཡིས་གཏེར་ལུང་ལས། །ལར་གྱི་ཧོར་ལོ་བཅུ་ཡི་བར་དུ་གནས། །མི་མིན་དམག་གིས་ལོ་ཙཱ་ལོ་ལྔ་


CMR003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཡོངས་སུ་སུམ་ཅུ་སོ་ལྔ་བགྲོད་པའི་ཚེ། །པདྨའི་བསྟན་པ་ཉི་ཞུར་ཙམ་གཅིག་ཆགས། །གསང་སྔགས་ལོངས་སྤྱོད་སྦས་པའི་ཡུལ་དུ་སྐྱོང་། །སྐྱབས་གནས་མཆོག་དང་ལྡན་པའི་གང་ཟག་ཀྱང་། །སྟོབས་ལྡན་འགའ་རེ་འགའ་རེ་འབྱུང་། །གཙང་སྟོད་ཉི་མའི་ལྷོ་བྲག་ནས། །བྱང་ཆུབ་སེམས་དཔས་བྱིན་བརླབས་པས། །ཟབ་གཏེར་ཆོས་ལ་ལོངས་སྤྱོད་པའི། །རཏྣ་འམ་ནི་བུ་ཡི་མཚན། །པདྨའི་མིང་ཅན་སྟོབས་པོ་ཆེ། །རྫུ་འཕྲུལ་སྣ་ཚོགས་སྟོན་པ་ཡིས། །བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །ཨོ་རྒྱན་ཐུགས་ཀྱི་སྤྲུལ་པ་འབྱུང་། །ཀོང་སྨད་པ་ཡོ་དགོན་སར་དུ། །ཟབ་གཏེར་ཆོས་ལ་ལོངས་སྤྱོད་པའི། །སངས་རྒྱས་སམ་ནི་བློ་གྲོས་མཚན། །མི་མིན་དམག་དཔུང་བཟློག་པ་ལ། །པདྨའི་གསུང་གི་སྤྲུལ་པ་འབྱུང་། །ཉང་ཀོང་རྒྱལ་གྱི་ས་ཆ་རུ། །ཟབ་མཆོག་གཏེར་ལ་ལོངས་སྤྱོད་པའི། །པདྨ་འམ་ནི་མཚོ་ཡི་མིང་། །ལས་ཀྱི་དམག་དཔུང་བཟློག་པ་ཡི། །གཏེར་བདག་ཐུགས་ཀྱི་ཡང་མཛོད་དེ། །སེམས་དཔའི་སྤྲུལ་པར་གྲགས་པ་འབྱུང་། །སྙམ་གི་གྲོང་སྟོད་རི་མོ་རུ། །ཤེས་རབ་གཞོན་ནུ་ཞེས་པ་ཡིས། །ཐུགས་གཏེར་ཆོས་ལ་ལོངས་


CMR003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི། །བདུད་འཁྲུག་དམག་དཔུང་བཟློག་པ་ཡི། །པདྨའི་སྐུ་ཡི་སྤྲུལ་པ་འབྱུང་། །གཡོར་པོའི་གྲག་སྟོང་ཆད་ཁྱིམ་དུ། །གསང་གཏེར་ཆོས་ལ་ལོངས་སྤྱོད་པའི། །སྡེ་བརྒྱད་དམག་དཔུང་བཟློག་པ་ཡི། །བཙུན་ཞེས་པདྨའི་ཐུགས་སྲས་འབྱུང་། །རི་བོ་རྩེ་ལྔའི་ལྷོ་ཕྱོགས་སུ། །ལོང་རྡོ་ཚེ་ཡི་ཕོ་བྲང་ནས། །ཨ་ཏིའི་གཏེར་ལ་ལོངས་སྤྱོད་པའི། །དྷརྨ་པྲཛྙ་ཞེས་པ་ཡིས། །ཧོར་གྱི་དམག་དཔུང་བཟློག་པ་ཡི། །པདྨའི་ཐུགས་ཀྱི་སྤྲུལ་པ་འབྱུང་། །གཙང་སྟོད་ས་སྐྱའི་གངས་ཞོལ་དུ། །རྫོགས་གཏེར་ཆོས་ལ་ལོངས་སྤྱོད་པའི། །ཤེས་རབ་བླ་མེད་མཚན་གསོལ་བའི། །ཨོ་རྒྱན་ལས་ཀྱི་སྤྲུལ་པ་འབྱུང་། །གཡོར་སྟོད་པ་ཡི་གྲྭ་ཡར་དུ། །མཆོག་གཏེར་ཆོས་ལ་ལོངས་སྤྱོད་པའི། །རཏྣ་ཨོ་རྒྱན་མཚན་གསོལ་བའི། །ཆོས་བདག་པདྨའི་ཐུགས་སྤྲུལ་འབྱུང་། །ཞེས་གསུངས་དེ་བཞིན་མདོ་ཁམས་སྒང་འདི་ནས། །ཞིག་པོ་གླིང་པའི་སྐྱེ་མཐའ་ལུང་བྱང་ནི། །ཤེས་རབ་འོད་ཟེར་ཞེས་བྱའི་གཏེར་སྟོན་འཁྲུངས། །དབུས་སུ་བྱོན་ནས་ཟུར་མཁར་རྡོ་ཡི་ནི། །མཆོད་རྟེན་ནང་ནས་ཚེ་ཆུ་ལ་སོགས་འདོན། །བོད་ཀྱི་རྒྱལ་པོ་དང་ནི་ཡོན་མཆོད་དུ། །འགྱུར་ཞིང་བསྟན་ལ་ཕན་པར་


CMR003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སྟེ། །བཀའ་རྒྱ་མ་དང་པད་གླིང་གཏེར་ཁ་ནས། །ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར། །ཟབ་མོ་གཏེར་གྱི་བསྟན་པ་ག་ལ་རྫོགས། །ཇི་སྲིད་སེམས་ཅན་ལས་སྤྱོད་མ་ཟད་པར། །པདྨ་འབྱུང་གནས་ཐུགས་རྗེ་ག་ལ་རྫོགས། །ཇི་སྲིད་ལས་འཕྲོ་ཅན་རྣམས་མ་ཟད་པར། །གསང་སྔགས་ཟབ་མོའི་ཆོས་རྣམས་ག་ལ་རྫོགས། །ཞེས་གསུངས་བཞིན་དུ་ད་ལྟ་བཞུགས་པ་དང་། །མ་འོངས་དུས་མཉམ་བྱུང་བ་མི་འགལ་ལོ། །དེ་ལྟར་གཏེར་སྟོན་གཉིས་པོ་ཞལ་འཛོམས་པས། །དེ་ཕྱིར་དེ་ལོ་ཆབ་མདོ་ལོ་ལེགས་ཤིང་། །ནོར་མུའི་སྐྱག་པ་ཆེ་ཡང་ཆེར་མ་མཆེད། །མར་ཐང་དཔོན་རིགས་གཅིག་སོགས་ཤེས་ལྡན་འགས། །ད་ལོ་ཆར་བབ་ལོ་ཕྱུགས་ལེགས་པ་འདི། །གཏེར་སྟོན་ཞལ་འཛོམ་བྱུང་བའི་གནད་ཡིན་ཞེས། །རྟེན་འབྲེལ་ལེགས་པའི་མངོན་རྟགས་གསལ་བར་འགྱུར། །གཏེར་སྟོན་གཉིས་ཞལ་རྒྱས་པས་བསྟན་པ་སེམས་ཅན་ལ་ཕན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སླར་ཡང་སྒྲུབ་པ་མཛད་ཚུལ་ནི། །བདུད་འདུལ་རྡོ་རྗེ་ཚེར་ལུང་དྲུང་པ་དང་། །ལྷོ་པ་སྤྲུལ་སྐུ་རིན་ཆེན་རྣམ་རྒྱལ་སོགས། །མཁྱེན་ལྡན་མང་པོས་


CMR003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མ་མཛད་ན། །བར་ཆད་འབྱུང་དོགས་ཡོད་ཅེས་དངོས་དང་ནི། །བཀའ་ཕྲིན་དག་ཀྱང་མང་དུ་བྱུང་བ་དང་། །དེ་བཞིན་པདྨ་བཀའ་ཡི་ཐང་ཡིག་ལས། །ཆོས་ལ་རང་གིས་ཉམས་ལེན་མ་བྱས་ན། །གཞན་མ་ཡིད་མི་ཆེས་ཤིང་བརྩིས་མི་ལོང་། །མི་ཚེ་ཉམས་ལེན་སྒྲུབ་ལ་དྲིལ་ལ་ཞོག །ཅེས་གསུངས་བཞིན་དུ་མངའ་བདག་མྱང་རལ་གྱི། །ས་གཏེར་ཐོན་རྗེས་བཅུ་གསུམ་ལོ་ལ་བསྒྲུབས། །རཏྣ་གླིང་པས་དབྱར་རེ་དགུན་ཤོག་ལས། །སྒྲུབ་པ་མ་མཛད་པ་ལ་མི་ཀུན་འབད། །གནམ་ཆོས་ལུང་ལ་ཉི་ཤུ་མ་ལོན་བར། །བར་ཆད་ཡོད་པས་སྐུ་རིམ་གཟབ་དགོས་གསུངས། །ཁྱད་པར་བཅུ་བདུན་རྩིས་ཀྱི་སྤར་ཁའང་རྩུབ། །བཅོ་བརྒྱད་སྟག་ལོ་ལ་ཡང་བར་ཆད་ཡོད། །དེ་དག་དགོངས་ནས་ལྡོམ་བུ་མཛད་ཚེ་ཡང་། །མཚམས་བསྡམས་དགོས་གསུངས་ཞག་གཅིག་སྔ་ཕྱི་མཛད། །ཁར་སང་དུས་ནས་རེ་ནེ་དགོན་དེ་རུ། །ང་ཡི་ཟླ་གཅིག་མཚམས་ཞིག་ཐོན་པ་ན། །རྟེན་འབྲེལ་ལེགས་པོ་འགྲིགས་རྒྱུ་ཡོད་པ་ལ། །ལྡོམ་བུ་དགོས་ཟེར་མ་འགྲིགས་གསུངས་ནས་བཀྱོན། །དེ་ནས་བྱི་བའི་ལོ་མཇུག་མགོ་ཟླ་ཡི། །ཚེས་བཅུ་ནས་བཟུང་ལོ་གསུམ་དམ་བཅའ་མཛད། །གསར་རྙིང་ལོ་


CMR003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གུ་རུ་ཞི་བ་བསྙེན། སྒྲུབ་ཁང་འཇའ་ཚོན་ཟུག་པ་ལ་ལས་མཐོང་། །མཚམས་ཁང་ཚེ་དབང་མང་ཞིག་གསན་པ་ཡིས། །དག་པའི་གཟིགས་སྣང་རྟགས་མཚན་འགའ་རེ་བྱུང་། །དགོངས་གཏེར་ཕལ་ཆེར་རྫོགས་པར་ཕབ་གྲུབ་ཅིང་། །རྩ་རླུང་དང་ནི་ཐོད་རྒལ་ཁྲེགས་ཆོད་དང་། །སྒྲུབ་པ་ཆེ་ཕྲ་དུ་མ་མཛད་ཅིང་བཞུགས། །དེ་ཡང་རྟོག་དཔྱོད་ཆེ་ཞིང་ཁ་མང་དང་། །བློ་ཆུང་འདོད་པ་ཆེ་བ་ལ་ལ་ཡི། །ད་ནི་སྤྱི་འབྱམས་གཏེར་དེ་ནམ་འདོན་ཟེར། །ཉི་ཤུ་ཡན་ཆད་ལོན་ཛ་རྟེན་འབྲེལ་ཡོད། །སྨྲས་ཀྱང་ངེས་པར་ཐོན་ནམ་ཟེར་བ་སོགས། །དོན་མེད་རྟོག་ཟླ་མཁན་ཚོ་འདི་ལ་ཉོན།། བརྡ་ཡིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཀྱེ་མ་སྐྱེས་བུ་རིགས་ཀྱི་བུ༔ ཁྱོད་ནི་རྗེ་འབངས་ཤུད་པུ་དཔལ༔ པདྨ་ང་ཡིས་བྱིན་གྱིས་བརླབས༔ སྔོན་ཚེ་རྒྱལ་སྲས་སད་ན་ལེགས༔ དེ་ནས་སྐྱེ་བ་འགའ་བརྒྱུད་དེ༔ སད་ན་ལེགས་ཀྱི་སྐྱེས་མཐའ་སྟེ༔ སྔགས་འཆང་རཱ་ག་ཨ་སྱས་མིང་༔ སྔོན་ཚེ་སྐྱེ་བ་དུ་མ་ནས༔ འབྲལ་མེད་མི་འབྲལ་སྨོན་ལམ་ལྡན༔ སྔོན་ཚེ་སྐྱེ་བ་གྲངས་མེད་ནས༔ འབྲལ་བ་མེད་པ་དེ་ཡིས་མཐུས༔ དེང་འདིར་བག་ཆགས་


CMR003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སད་པ་ལས༔ གནམ་ཆོས་ཐུགས་གཏེར་བདག་ཉིད་སོགས༔ ལྷ་ཡིས་གསུངས་པའི་སྙན་བརྒྱུད་འདི༔ དམ་དང་མི་ལྡན་སྐལ་མེད་པ༔ ཕལ་པ་ཀུན་གྱི་ལག་མི་འགྲིམ༔ རིམ་བཞིན་བཀའ་རྒྱ་མ་གྲོལ་བར༔ གཞན་ལ་བསྟན་ན་བར་ཆད་འོང་༔ བྱ་ཁྱི་བཅུ་གསུམ་བཅུ་བཞི་ལ༔ བར་ཆད་ཀག་ཡོད་བླ་ཆེན་དང་དགོན་ཆེན་གང་ཡང་མཇལ་མི་རུང་གལ་ཏེ་དམ་འདས་མཇལ་གྱུར་ན༔ ཆོས་སྐྱོང་དམ་ཅན་དཀོར་བདག་ཀུན༔ ཁྲོས་ནས་སྙིང་རླུང་དྲག་པོ་ཡིས༔ ཚེ་ཡི་དུས་བྱེད་མི་རིང་འགུམ༔ ཁམས་ཕྱོགས་གཏེར་ཀུན་ཆུད་ཟོས་འགྱུར༔ སླར་ཡང་པད་འབྱུང་ཟབ་ཆོས་ནི༔ མ་ཡིན་གཞན་ནི་བྱེད་མི་རུང་༔ གསང་སྔགས་རྫོགས་ཆེན་མ་གཏོགས་པ༔ འདུལ་ཁྲིམས་བསྟན་ལ་ཞུགས་མི་རུང་༔ འོན་ཏེ་དེ་ལ་ཞུགས་གྱུར་ན༔ བར་ཆད་རྐྱེན་གྱིས་རྟེན་འབྲེལ་འཆུག༔ སྙིང་རླུང་གཟའ་མཛེས་དུས་མིན་འཆི༔ ཁམས་ཀྱི་གཏེར་ཀུན་ཆུད་ཟོས་འགྱུར༔ གལ་ཏེ་དུས་ཀྱི་གཏེར་མ་ཐོན༔ ནད་མུག་མཚོན་དང་དུག་རྣམས་ཀྱིས༔ ཕྱོགས་ཀུན་མི་ཐོག་ཡམས་གཅིག་འབུད༔ གལ་ཏེ་དབང་ཆེན་ཤེད་ཆེ་སྟེ༔ མི་འདོད་དབང་མེད་རྟེན་འབྲེལ་ཀུན༔ འཆུག་ཏུ་བཅུགས་ན་དེ་ཡི་


CMR003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གནད༔ གཟའ་བདུད་དྲག་པོ་རཱ་ཧུ་ལ༔ མ་མོ་ཨེ་ཀ་ཙ་ཏི་དང་༔ གནོད་སྦྱིན་དམར་ནག་རྡོར་ལེགས་དང་༔ སྲོག་བདུད་མ་ནིང་ཁ་མོ་ཆེ༔ བདུད་མགོན་ནག་པོ་ལ་སོགས་པས༔ གང་ཡིན་གནོད་བྱེད་དེ་ཉིད་ལ༔ ཕྲལ་དུ་བཀའ་ཡི་ཆད་པས་སྡིག༔ སྲོག་ལ་བབ་བར་གྱུར་ན་ཡང་༔ ང་ཡི་ཟབ་ཆོས་མ་ཡིན་པ༔ གཞན་ལ་ཞུགས་པར་བྱས་གྱུར་ན༔ བཀའ་ཡི་ཆད་པས་སྡིག་འགྱུར་རོ༔ དེ་ལྟར་དམ་ལ་མ་འདས་བསྲུང་༔ ཁམས་ཕྱོགས་གཏེར་ཁ་མང་ཞིག་ཐོན༔ རིགས་དང་ལྡན་པའི་བུད་མེད་ལྔ༔ རིམ་བཞིན་འཕྲད་དེ་སྤྲུལ་སྲས་ལྔ༔ རང་དང་འགྲོ་དོན་མཉམ་པར་འགྱུར༔ རྫོགས་པ་ཆེན་པོས་འགྲོ་བ་གྲོལ༔ སྦས་གཏེར་ཐམས་ཅད་དོན་དང་ལྡན༔ འཁོར་དུ་དཀར་ཆས་ལྕང་ལོ་ཅན༔ རབ་ཏུ་མང་བ་འབྱུང་བར་འགྱུར༔ རྟོགས་པར་ལྡན་པ་མང་བར་འོང་༔ དེ་དུས་ཨ་ཏིའི་བསྟན་པ་དར༔ ལུང་བསྟན་འདི་ཡང་གསང་བར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ བརྡ་ཡིག༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཞི་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་པ་ལགས་སོ༔ སྐུ་མཚམས་


CMR003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་རྨི་ལམ་གསུངས་པ་ཡིས། །སྤྱི་ལུང་སྙན་ངག་འདྲ་བ་གཅིག་ཀྱང་སྣང་། །དེ་ནས་སྟོབས་ཆེན་སྲ་བརྟན་ལྕགས་མོ་གླང་། །སྤྲུལ་སྐུ་དགུང་ལོ་བཅུ་བདུན་བཞེས་པ་ཡི། །གུ་རུའི་བྱིན་རླབས་དབང་ཆེན་སྤྲེལ་ཟླ་ཡི། །ཡར་ཚེས་གཅིག་ནས་དབུ་བཙུགས་སྒྲུབ་པ་མཛད། །ཐོག་མར་སྐུ་མཆོག་འཇམ་དཔལ་ཀིང་ཀང་དང་། །བདུད་འདུལ་རྡོ་རྗེའི་ཚ་བ་དམར་ཐག་དང་། །འཆར་ཁ་ཀིང་ཀང་ནག་པོའི་བསྒྲུབས་པའང་བྱས། །གནོད་བྱེད་བགེགས་རིགས་གཞོབ་ཐུལ་སྲེག་པ་དང་། །བགེགས་ཀྱི་གནོད་པས་ཚུགས་པར་མི་འགྱུར་ཞེས། །ལུང་བསྟན་པ་ཡི་སྒྲ་ཡང་གསལ་བར་ཐོས། །དེ་ནས་གནམ་ཆོས་ཉིད་ཀྱི་གཏེར་བསྒྲུབ་ཏུ། །བཅོམ་ལྡན་་་དཔེ་རིས་མ་གསལ། འཇམ་དཔལ་གཤིན་རྗེའི་གཤེད་པོ་ནི། །དམར་པོ་དང་ནི་འུར་ལན་ཞེས་བྱ་དང་། །བྷེ་ཏ་ཙ་ལི་ལྷ་མོ་རོ་ལངས་མ། །གསོད་བྱེད་ནག་མོ་ཤ་ཟ་ཚེ་བརླག་དང་། །གཏེར་རྙིང་འཇམ་དཔལ་དམར་པོའི་སྒྲུབ་པ་མཛད། །སོ་སོའི་གཞུང་དང་མཐུན་པ་ཡིས། །རྟགས་མཚན་འགའ་རེ་བྱུང་ན་ཡང་། །དགོས་པ་ཆུང་སྙམ་མ་བྲིས་གསུངས། །ཆར་མུན་ཆེན་པོ་འཁྲིགས་པའི་ནང་། །གཤིན་རྗེའི་ཉི་ཟླའི་ཆ་ལང་འཛིན། །ཡུམ་


CMR003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞགས་པ་ཐོགས་པ་གཉིས། །དངོས་སུ་གཟིགས་པའི་གཟུགས་བརྙན་ནི། །ཤོག་བུའི་ལོགས་སུ་ཕྱག་བྲིས་མཛད། །ཁྲོ་བོ་གཞན་དང་མི་འདྲ་བའི། །འཇིགས་སུ་རུང་བ་ཞིག་ཡོད་ཟིན། །དེ་ནས་པདྨ་སམ་བྷ་ཝ། །ཟོར་ལྤགས་ཅན་གྱི་སྒྲུབ་པ་ནི། །ཞག་པོ་བཞི་བཅུ་ཞེ་ལྔ་མཛད། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །ཟངས་བྲག་དམར་པོའི་རྩེ་རྒྱལ་དྲུང་། །ཆིབས་སུ་རྔམ་པ་དྲེད་ལ་ཆིབས། །ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །ཉི་མའི་དཀྱིལ་འཁོར་གསལ་བར་ཤར། །དབུ་ལ་རིན་ཆེན་རྨོག་ཞུ་གསོལ། །ཕྱག་ན་རལ་གྲི་མེ་འབར་དང་། །མདུང་ཐུང་ལ་སོགས་བསྣམས་བྱས་ཏེ། །འཇིགས་མེད་སེང་གེའི་སྒྲ་བསྒྲགས་པས། །བགེགས་རིགས་དྲེད་ཀྱི་གཟུགས་ཅན་གཅིག །རི་བོང་ཞོན་ནས་མཆེ་བ་གཙིགས། །མི་དང་རི་བོང་བྱི་ལའི་གཟུགས། །འཛིན་པའི་བགེགས་རིགས་མང་ཞིག་བསྒྲལ། །ཆུང་པོ་ཆེ་ལ་བསྒྲལ་བྱས་པས། །རང་བྱུང་སྣ་ཚོགས་རྡོ་རྗེ་རྙེད། །ཉིད་ཀྱི་སྐུ་ལུས་དཀྱིལ་འཁོར་ནི། །ཡོངས་སུ་རྫོགས་པར་འགྱུར་བ་སོགས། །ཉམས་དང་རྨི་ལམ་དག་སྣང་ཤར། །དེ་ནས་རཏྣའི་གཏེར་ཁ་ཡིས། །གྲོ་ལོད་ཧཱུྃ་སྒྲུབ་མཛད་པའི་


CMR003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །ཉམས་དང་རྨི་ལམ་གསལ་སྣང་ནི། །ཉིད་ཀྱི་དབུ་སྐྲ་གྱེན་དུ་བརྗེས། །ལུས་ལ་མེ་ཆེན་རབ་ཏུ་འབར། །ལག་ན་རྡོ་རྗེ་མདུང་རིང་ཐོགས། །ནམ་མཁའ་ས་གཞི་བར་སྣང་ཀུན། །ཧཱུཾ་ཡིག་སྔོན་པོས་ཐམ་འགག་གང་། །བཞུགས་གདན་དཀར་པོ་གཅིག་ལ་ནི། །སྣ་ཚོགས་རྡོ་རྗེ་པད་ཟླའི་སྟེང་། །སེམས་དཔའི་སྐྱིལ་ཀྲུང་བཅས་མཛད་དེ། །ཕྱག་གཡོན་པདྨ་འཛིན་པའི་སྟེང་། །རྡོ་རྗེ་འཕྲེད་དུ་བཞག་སྟེ་བསྣམས། །ཤེལ་དང་བྱི་རུའི་ཕྲེང་བ་ནི། །ཆེ་ཕྲ་རྣམ་པ་སྣ་ཚོགས་དང་། །གཡུང་དྲུང་གཡས་འཁྱིལ་མདུན་དུ་བཞག །དེ་སོགས་ངོ་མཚར་དག་སྣང་བྱུང་། །དེ་ནས་གནམ་ཆོས་ནས་བྱུང་བའི། །ཡང་དག་ཐུགས་ཀྱི་སྒྲུབ་པ་མཛད། །མདུན་དུ་པདྨ་དམར་སེར་སྟེང་། །གསེར་གྱི་འཁོར་ལོ་རྩིབས་སྟོང་པ། །གཡས་སུ་ཡུན་རིང་འཁོར་བ་དང་། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བཻཌཱུར་མདོག་ཅན་རྩེ་མོ་ཅན། །ཡུ་བ་ཤིང་ལས་བྱས་པ་ཞིག །ཕྱག་ཏུ་གཏད་པའི་སྣང་བ་བྱུང་། །ནུབ་གཅིག་མདུན་གྱི་ནམ་མཁའ་ལ། །ཐུགས་མཆོག་བཛྲ་ཧེ་རུ་ཀ །མངོན་རྟོགས་ཉིད་དང་མཚུངས་པ་ལ། །དབུ་སྐྲ་གསེར་གྱི་ཨ་ལོང་ནི། །ཆུང་ངུ་མང་པོས་བསྡམས་པ་ཞིག །མནལ་མ་


CMR003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སད་པར་གསལ་བར་མཇལ། །ད་ནས་རཏའི་གཏེར་ཁ་ཡིས། །ཁྱུང་དམར་མེ་ཕྲེང་ཐོག་རྒོད་བསྙེན། །ཉིད་ཀྱི་སྐུ་ལ་མེ་ལྕེ་ནི། །སྔོ་དམར་རབ་ཏུ་འབར་བ་དང་། །བཞུགས་གནས་ཕྱོགས་བཞི་དབུས་དང་ལྔ། །མདུན་རིར་མེ་ཏོག་སྐྱེད་མོའི་ཚལ། །ཡན་ལག་བརྒྱད་ལྡན་ཆུ་མིག་བརྒྱད། །ཤར་དུ་ནོར་བུ་པདྨ་དང་། །ལྷོ་རུ་དུང་དང་གཡུ་འབྲུག་དང་། །ནུབ་ཏུ་ཉི་ཟླ་བུམ་པ་དང་། །བྱང་དུ་མེ་ཏོག་ཨ་རུ་ར། །སྣ་ཚོགས་རྡོ་རྗེ་ལ་སོགས་གསལ། །དྷཱཀི་བུད་མེད་མཛེས་མའི་ཚུལ། །འཛུམ་པའི་མདངས་བཅས་བཀྲ་ཤིས་ཞོ། །ཟོ་བ་གང་ཙམ་དྲངས་སྣང་བྱུང་། །དེ་ནས་གནམ་ཆོས་ལས་བྱུང་བའི། །གནམ་ལྕགས་སྡིག་པའི་སྒོས་སྒྲུབ་མཛད། །ནམ་མཁའ་ས་གཞི་བར་སྣང་ཀུན། །ཡེ་ཤེས་མེ་ཡིས་རབ་ཏུ་གང་། །རྒྱལ་འགོང་བཙུན་གཟུགས་གསུམ་བཞི་ཙམ། །འབྱུང་པོ་བྱ་གཅན་རི་དྭགས་གཟུགས། །མང་པོ་ཤི་ནི་འདུག་པ་ཡི། །ཤ་ནི་ཅུང་ཟད་གསོལ་སྣང་བྱུང་། །དེ་ནས་མཚན་བརྒྱད་གཅིག་དྲིལ་གྱི། །སྒྲུབ་པ་ཡང་ནི་ཅུང་ཞིག་མཛད། །དེ་ནས་རཏྣའི་གཏེར་ཁ་ཡིས། །ཀུན་དྲིལ་ཡིད་བཞིན་ནོར་བུ་ཡི། །སྒྲུབ་པ་ཡུན་རིང་མཛད་པའི་ཚེ། །གནས་སྒོ་


CMR003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཕྱེ་དགོས་པའི། །ལུང་བསྟན་བསྐུལ་ལྕགས་ཡང་ཡང་བྱུང་། །རྨི་ལམ་གནས་དེ་རྣམས་སུ་ཕྱིན། །འཁོར་ལོ་པདྨ་ཡིག་འབྲུ་སོགས། །རང་བྱོན་རྣམས་ཀྱང་གསལ་བར་གཟིགས། །རྡོ་རྗེ་གཅོད་པ་ཡིན་སྙམ་བྱེད། །གནས་ཡིག་དཀར་ཆག་ཐམས་ཅད་ནི། །རྡོ་ལ་བརྐོས་པ་གཏད་སྣང་བྱུང་། །ཉི་མ་ཤར་བའི་ཉི་ཟེར་རྒྱུད། །གུ་རུ་པདྨའི་ཕྱག་མཚན་རྣམས། །གསལ་བར་སྣང་ལ་ཉིད་ལ་ཐིམ། །ཐོད་པ་བདུད་རྩི་དཀར་པོས་བཀང་། །ཕྱག་གཡོན་སྡིགས་མཛུབ་ཀྱིས་དཀྲུགས་ནས། །མདུན་དུ་དྷཱ་ཀི་མཚོ་རྒྱལ་མ། །གསལ་བར་བཞུགས་ལ་མཆོད་པ་དང་། །ཉིད་ཀྱི་དབུ་ཡི་གཙུག་རོལ་ནས། །ངོ་བོ་ཨུ་རྒྱན་ཡིན་མོད་ཀྱི། །རྣམ་པ་ཉིད་ཀྱི་བླ་མའི་སྐུ། །སྐུ་གསུང་ཐུགས་ལས་འོད་ཟེར་ནི། །དཀར་དམར་མཐིང་ཁ་གསུམ་འཕྲོས་པས། །ཉིད་ཀྱི་གནས་གསུམ་ལ་ཐིམ་དང་། །དཀར་གསུམ་མངར་གསུམ་འདྲེས་མ་ཡིས། །བདུད་རྩི་ཕོར་གང་གསོལ་བ་དང་། །མཚན་ལྡན་དྷཀི་མཛེས་མ་ཡིས། །ཞོ་ཕོར་གང་ནི་ཕྱག་ཏུ་ཕུལོ། །གསོལ་བས་ལུས་སེམས་བདེ་བས་ཁྱབ། །ཨོ་རྒྱན་ཆེན་པོས་ཉིད་ལ་གཟིགས། །དགྱེས་པའི་ཚུལ་གྱིས་བཞད་པ་སོགས། །ཉམས་དང་རྨི་


CMR003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དག་སྣང་ཤར། །དེ་ནས་གནམ་ཆོས་ནས་གསུངས་པའི། །བླ་མ་རྡོ་རྗེ་ཆེན་པོ་བསྒྲུབས། །མདུན་དུ་དུག་སྦྲུལ་ཆེན་པོ་གཅིག །མཆེ་བ་གཙིགས་ཤིང་གནམ་དུ་ལངས། །ས་ལ་བརྡབས་པས་མི་ཀུན་བྲོས། །ཉིད་ཀྱི་ཕྱག་ཏུ་ཁ་ཊོ་ནི། །རྩེ་གསུམ་མེ་ལྕེ་འབར་བ་གཅིག །དུག་སྦྲུལ་སྟེང་དུ་འཕངས་པ་ཡིས། །ལྷོ་ཡི་ཕྱོགས་སུ་བྲོས་སོང་བས། །རྗེས་སུ་དྲག་པོའི་རྡོ་ཟོར་འཕངས། །ཀླད་པ་བཅོམ་ནས་འཐོར་སོང་དང་། །ཉིད་ཀྱི་སྐུ་ལུས་འོད་ཆེན་པོ། །འཕྲོས་པས་རི་ལ་མེ་ཤོར་སྙམ། །མི་རྣམས་བྲོས་ཏེ་སོང་བ་སོགས། །ཉམས་དང་རྨི་ལམ་ངོ་མཚར་རོ། །དེ་ནས་རཏྣའི་གཏེར་ཁ་ཡིས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡིས། །བསྙེན་སྒྲུབ་ལས་སྦྱོར་གཞུང་ལྟར་བྱས། །ཚོགས་འཁོར་རྒྱ་ཆེན་བཏང་བའི་ཚེ། །ཚོགས་གཏོར་རང་བྱོན་བྱུང་བ་དང་། །སྒྲུབ་ཁང་ནང་དུ་ཐུབ་དབང་སྐུ། །གསེར་གྱིས་གར་བླུགས་མི་ཚད་འདུག །དེ་ལ་མེ་ཏོག་གཏོར་བ་ཡིས། །གདུགས་སུ་གྱུར་ནས་དབུ་གཙུག་འཁོར། །དཔོན་སློབ་མང་པོས་ཆོས་བྲོ་འཁྲབ། །མགུར་དབྱངས་ལན་ཞིང་དཀྱིལ་འཁོར་བསྐོར། །དེ་ཚེ་མཁའ་ལ་ཉི་ཟླ་ཤར། །མཐའ་མི་མང་པོས་གུས་


CMR003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །དངོས་སུ་ཉམས་དགའ་རིག་པ་དྭངས། །ཉམས་དང་རྟོགས་པའི་བོགས་ཐོན་ནོ། །དེ་ནས་རྡོར་སེམས་སྒོམ་བཟླས་ལ། །ཞག་པོ་བཅུ་བར་ཐུགས་དམ་མཛད། །མནལ་ལམ་བུད་མེད་མཛེས་མ་གཅིག །བུམ་པ་དཀར་པོ་གཅིག་གི་ནང་། །རྣམ་འཇོམས་གཟུངས་ཆུ་ཡིན་སྙམ་པ། །སྐུ་ལུས་ཁྲུས་གསོལ་ཐུགས་དགྱེས་ཤིང་། །གོས་དཀར་ཆེ་ཞིང་བཟང་བ་མནབས། །དེ་ནས་ཉམས་དང་རྨི་ལམ་འདྲེས།། །དོན་ལ་ཨོ་རྒྱན་ཉིད་ཡིན་མོད། །རྣམ་པ་རཱ་ག་ཨ་སྱའི་ཚུལ། །དཔེ་ཆའི་ལུང་ཞིག་ཡིན་སྙམ་བྱས། །ཞལ་ནས་འདི་རྣམས་གསུངས་པ་ཐོས། །ས་གཅིག་སྡོད་ལ་ཕྱོགས་ཀུན་ཉུལ། །དམའ་སར་སྡོད་ལ་མཐོ་སར་སོང་། །རྣ་བ་ཁོབ་ལ་ཅི་ཟེར་ཉོན། །མིག་གཉིས་ཚུམ་ལ་ལྟད་མོ་ལྟོས། །གཅིག་པུར་སྡོད་ལ་གྲོགས་དང་འགྲོགས། །ཡིན་ཡིན་མ་ཡིན་མ་ཡིན་ནོ། །གུ་གུ་མི་གུ་མི་གུ་སྨོས། །དེ་སྐད་ཉམས་རྨིས་མཚམས་ལ་ཐོས། །དེ་ནས་གནམ་ཆོས་ཐུགས་གཏེར་གྱི། །ཐུགས་རྗེ་ཆེན་པོ་ལྷ་ལྔ་བསྙེན། །བྱི་རུ་དམར་པོའི་ཕྲེང་བ་གཅིག །ཉིད་ཀྱི་མགྲིན་པར་བརྒྱན་བྱས་ཏེ། །ཕྱག་ཏུ་པདྨ་འདབ་བརྒྱད་ཐོགས། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་


CMR003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །མཁའ་ལ་ཉི་མ་ཤར་བ་རྨིས། །འཇའ་ཚོན་སྙིང་པོའི་གཏེར་ཁ་ཡིས། །དཀོན་མཆོག་སྤྱི་འདུས་ཞག་བདུན་བསྙེན། །སྐུ་ལ་གོ་ཁྲབ་བཟང་དགུ་མནབས། །གྱེན་དུ་བྱོན་ཚེ་ནམ་མཁའ་ལ། །ཉི་མའི་དཀྱིལ་འཁོར་ཤར་བ་སོགས། །ཉམས་དང་རྨི་ལམ་གསལ་སྣང་དང་། །དངོས་སུ་གཞན་གྱིས་མཐོང་བ་ཡིས། །སྒྲུབ་ཁང་འཇའ་ཚོན་ཡང་ཡང་ཟུག །ལྷག་པར་ཤར་གྱི་ཕྱོགས་རོལ་ནས། །འཇའ་ལམ་འཇའ་སྤྲིན་ཡང་ཡང་བྱུང་། །དེ་ཚེ་སྤྲུལ་སྐུའི་ཞལ་ནས་ཀྱང་། །ཤར་གྱི་ཕྱོགས་ཀྱི་འཇའ་ཚོན་འདིས། །ང་འདུག་བཅུག་ལེ་མེད་དོ་ཞེས། །གསུངས་པ་འགའ་རེས་ཐོས་སོ་སྐད། །སྤྲུལ་པའི་སྐུ་རིན་པོ་ཆེ་དེ་ཉིད་ཀྱི་གཏེར་ཁ་གསར་རྙིང་རྣམས་ཀྱི་སྒྲུབ་པ་རྟགས་ཐོན་མཛད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ལྟར་སྐུ་མཚམས་མཛད་པའི་ཚེ། །སློབ་དཔོན་རཱ་ག་ཨ་སྱས་ཀྱང་། །ཆགས་ཕྱིར་འདུག་སྟབས་མ་བདེ་སྟེ། །འོན་ཀྱང་ལོ་རེ་ཞག་བཅུ་ཙམ། །སྐུ་རིམ་མགོན་པོའི་མདོས་ཆེན་དང་། །སྦྱིན་སྲེག་དང་ནི་ཚེ་དབང་འབུལ། །སུན་བཟློག་བརྟན་བཞུགས་ལ་སོགས་འབུལ་བ་བྱས། །སྔོན་དུས་གཏེར་སྟོན་རྣམ་གཉིས་ཞལ་འཛོམ་དུས། །


CMR003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཁྲག་འཐུང་བདུད་འདུལ་རྡོ་རྗེ་ལ། །རཱ་ག་ཨ་སྱས་འདི་སྐད་ཞུ་བ་ཕུལ། །བདག་ནི་མཁོས་ཆུང་བྱ་བྲལ་གཉོམ་ཆུང་སྟེ། །སྤྲུལ་སྐུའི་བདག་རྐྱེན་ལ་སོགས་མི་འོས་ཀྱང་། །ཕྱོགས་འདིར་རྙིང་མའི་བླ་མ་དཀོན་པ་དང་། །འདིར་ཕྱོགས་དབང་དྲག་རྒྱ་མཚོ་གྲགས་ཆུང་བས། །བདག་པོ་བྱེད་མཁན་སུ་ཡང་མི་སྣང་ཞིང་། །བདག་ལ་མངོན་ཤེས་ཡོད་པ་མ་ལགས་ཏེ། །ཉམས་དང་རྨི་ལམ་འཁྲུལ་པའི་གནས་སྐབས་སུ། །འདི་ཡི་ཆགས་ཕྱི་བདག་གིས་མ་འགྲུབ་ན། །དགུང་ལོ་བཅུ་གཅིག་ཙམ་ལ་གཤེགས་ལྟས་མཐོང་། །དེ་ཕྱིར་བདག་གིས་ཆགས་ཕྱི་བསྒྲུབས་བྱས་ཀྱང་། །དུས་ཀྱི་དབང་གིས་དཀའ་ལས་འཇིགས་སྐྲག་ཆེ། །ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་ཀྱང་། །བརྩོན་འགྲུས་ཆེར་བསྐྱེད་སྐུ་རིམ་བསྒྲུབས་བྱས་པས། །དེ་སྔ་བར་ཆད་དབང་དུ་མ་ཤོར་ནས། །ད་ལྟ་གཏེར་སྟོན་གཉིས་པོ་ཞལ་འཛོམས་ཐུབ། །ཁྱེད་ནི་ཡབ་ཡིན་ཁོང་ནི་སྲས་དང་འདྲ། །སྐྱེ་བ་ཀུན་ཏུ་འབྲལ་མ་མྱོང་གསུངས་ནས། །ཐུགས་ཀྱི་དད་གུས་རྩིས་ཆེན་མཛད་འདུག་པས། །ངས་ནི་ཡབ་ཀྱི་ལག་ཏུ་སྲས་འཕྲོད་དོ། །ད་ནི་ཅི་མཛད་ཡབ་གཅིག་ཁྱེད་རང་ཤེས། །དུས་ཀྱང་སྙིགས་ཆེ་བར་


CMR003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་རྐྱེན་མང་བས། །སྐུ་ཚེ་བརྟན་ཞིང་ས་གཏེར་ཐོན་པ་དང་། །མ་ཇོ་ལ་སོགས་གར་ཡོད་ལུང་བསྟན་དང་། །ཞལ་ད་ཐུགས་དམ་སྐྱབས་འཇུག་མཛད་པར་ཞུ། །ང་ནི་ཆགས་ཕྱི་སློབ་གཉེར་འབུལ་མཁན་ཡིན། །ཁོང་གིས་རྩ་བའི་བླ་མར་ཁྱེད་འོས་པས། །དེ་རིང་ཕན་གྱི་ཕོག་འགེལ་ཁྱེད་ལ་འབུལ། །ང་ནི་ན་སོ་རྒས་ཤིང་འཆི་རན་པས། །དེང་ནས་ཚེ་མཚམས་བྱེད་པའི་དམ་བཅའ་ཕུལ། །ཞུས་པས་བདུད་འདུལ་རྡོ་རྗེས་འདི་སྐད་གསུངས། །ཁྱོད་ཀྱི་སྤྲུལ་སྐུའི་ཆགས་ཕྱི་འགྲུབ་འདུག་པས། །ཐུབ་དབང་ཨོ་རྒྱན་གཉིས་ཀའི་ཆགས་ཕྱི་ཡིན། །རྗེས་སུ་ཡི་རང་ད་རུང་ཆགས་ཕྱི་བསྒྲུབས། །ཁྱེད་ནི་མཚམས་སྒྲུབ་མང་པོ་ཐོན་པ་ཡི། །རིག་འཛིན་རྒས་པོ་ཡིན་པར་འདུག་པའི་ཕྱིར། །ད་ནི་མཚམས་སྒྲུབ་དགོས་རྒྱུ་ཅི་ཡང་མེད། །ང་ཡི་དཀྱིལ་འཁོར་འཛིན་པའི་བུ་དགུ་ཡི། །གཅིག་ནི་ཁྱོད་ཡིན་གསུངས་ནས་ལུང་བསྟན་དང་། །ངོ་མཚར་རིལ་བུ་ཨ་རྒྱ་ཅན་ཡང་གནང་། །གནམ་ཆོས་རྣམས་ནི་ངེད་ཀྱིས་སྤྱི་བོར་སྤེལ། །དབུས་གཙང་ན་ཡང་སྙན་གྲགས་སྒྲོག་པར་བྱེད། །ཁྱོད་ནི་གསར་རྙིང་གཏེར་ཁ་ཐམས་ཅད་དང་། །ང་ཡི་གཏེར་ཁ་དང་ནི་གནམ་ཆོས་ཀྱི། །


CMR003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུང་ཁྲིད་སོགས་འགྲོ་དོན་གང་འཕེལ་གྱིས། །ཁྱད་པར་ཁྲེགས་ཆོད་རྟོགས་པ་མི་མཐོང་ཡང་། །ཐོད་རྒལ་སྟོན་དང་བར་དོ་དེས་ཆོད་གསུངས། །རྟེན་འབྲེལ་ཡོད་སྙམ་ལེགས་སོ་ཞུས་ནས་ཀྱང་། །ལོ་ངོ་ཕྱེད་བཞིར་གསུངས་ལྟར་འགྲོ་དོན་བྱས། །བར་ཆད་མེད་ཅིང་འགྲོ་དོན་འཕེལ་བར་བྱུང་། །དེ་སྐབས་སྤྲུལ་སྐུ་དགུང་ལོ་བཅུ་དགུའི་སྟོད། །ཡོས་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོ་ལ། །སྤྲུལ་སྐུའི་དྲུང་དུ་སྐུ་རིམ་བསྒྲུབས་ཚར་ནས། །དངོས་སུ་ཞུ་འབུལ་ཐ་མ་འདི་ལགས་སོ། །ཁྱེད་ཀྱི་ཐུགས་ནི་སངས་རྒྱས་ཡིན་མོད་ཀྱིས། །དེ་སྔོ་ན་སྐུ་ནི་བྱིས་པའི་ཚུལ་དུ་བཞུགས། །ཆོས་དང་འཇིག་རྟེན་ཁག་ཁུར་བདག་གིས་བྱས། །ད་ནི་སྐུ་ཚད་རྫོགས་ཤིང་བསམ་ལུས་འཕྲོད། །ཡབ་ཡུམ་སྐྱེ་ས་རིགས་རྒྱུད་གང་ས་ནས། །འཇིག་རྟེན་མཁྱེན་རྒྱའང་ཁྱེད་ལ་ཡོད་འོས་ཡིན། །དེང་སང་དུས་ཀྱང་ཤིན་ཏུ་འཇིགས་སུ་རུང་། །སྐྱེས་ཆེན་དམ་པ་རྣམས་ཀྱང་དབུ་ཐོན་དཀའ། །དེ་ཕྱིར་མཚམས་ལ་བཞུགས་སམ་ཕྱོགས་ལ་འབྱོན། །ལུགས་གཉིས་བྱ་བ་ཅི་དང་ཅི་མཛད་ཀྱང་། །ཨོ་རྒྱན་རྗེ་ལ་གསོལ་བ་ཐོབ་མཛོད་ལ། །ཉིད་ཀྱི་ཐུགས་ལ་གང་ཤར་མ་གཏོགས་པ། །ང་ལ་བློ་དྲི་གཅིག་ཀྱང་མི་མཛད་


CMR003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། །མདའ་ནི་ཡག་པའི་ཐོག་ཏུ་གཞུ་ཕབ་དཔེ། །ད་ནི་ང་ཡི་བློ་ཉེས་རེད་ཤོར་ན། །ང་རང་སྡུག་པའི་ནད་ཀྱིས་འཆི་བར་འགྱུར། །ཁྱོད་རང་གསལ་ཉམས་ཤར་དུས་མངོན་ཤེས་མངའ། །མ་གསལ་དུས་ཀྱང་ཨོ་རྒྱན་ལུང་བསྟན་འབྱུང་། །མ་བྱུང་ན་ཡང་བརྟག་པས་ཐིག་འོས་ཡིན། །དེ་ཕྱིར་ཉིད་ཀྱི་དགོངས་པས་ཐག་ཆོད་མཛོད། །གལ་ཏེ་དེ་ཉིད་ལོག་པར་གྱུར་ན་ཡང་། :།ལས་ཀྱི་རྣམ་སྨིན་ཡིན་པས་འགྱོད་པ་མེད། །སྔོན་ཚེ་ཐུབ་དབང་པད་འབྱུང་བཞུགས་དུས་ཀྱང་། །རྟེན་འབྲེལ་ལོག་པ་མང་པོ་བྱུང་འདུག་སྟེ། །ལས་ཀྱི་རྣམ་སྨིན་ཡིན་ཚུལ་སྔོན་བྱུང་གི །ལོ་རྒྱུས་གསུངས་པ་མ་གཏོགས་སྐྱོབ་མ་གྱུར། །དེ་བཞིན་དེང་སང་རྒྱལ་བ་ཡབ་སྲས་སོགས། །སངས་རྒྱས་ས་ལ་བཞུགས་པ་མང་པོ་ཡིས། །ཐུགས་དགོངས་ཐོག་ཏུ་མི་འབབ་ལོག་པ་རྒྱུ། །འགྲོ་བའི་གནས་སྐབས་མང་པོ་བྱུང་སོང་བས། །དེ་ལ་དུཉཁ་ལེ་འགྱོད་མེད་དང་མཚུངས། །ཁྱད་པར་དེ་དུས་བདུད་འདུལ་རྡོ་རྗེ་ཡིས། །ཞལ་ད་ང་དང་མཉམ་དུ་གནང་བ་ཡིས། །ཚ་བ་དམར་ཐག་མཚོ་རྒྱལ་སྒྲུབ་པ་གཉིས། །ལེགས་པར་འགྲུབ་པར་རྗེས་ཡི་རང་། །ཁྱད་པར་དེ་དུས་བདུད་འདུལ་རྡོ་རྗེ་ཡིས། །


CMR003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་འདི་དག་ཐུགས་ལ་མ་བརྗེད་ཞུ། །ཨོ་རྒྱན་རྗེ་ལ་གསོལ་བ་བཏབ་བྱས་ནས། །ཉམས་ལ་གང་ཤར་སྣང་བ་ཐག་ཆོད་མཛོད། །ཉི་མ་ཤར་བ་དབྱུག་པས་བཀག་མི་ཐུབ། །མི་ཆེན་བླ་ཆེན་རྣམས་ཀྱིས་ངོ་མ་བསྲུང་། །ཨོ་རྒྱན་ལུང་བསྟན་ཉིད་དང་དགོངས་པ་གསལ།། །བློ་ཆུང་ཕན་འདོགས་བློ་བཅོས་ཁར་མ་ཉན། །མ་ཇོ་ནང་ཆེན་གྲྭ་ནང་ཕྱོགས་སུ་ཡོད། །རཱ་ག་ཨ་སྱས་བརྟག་པ་གྱིས་དང་གསལ། །ཚོགས་ཆང་མ་གཏོགས་ཆང་ཡང་མཆོད་མི་རུང་། །དུ་བ་འདི་ལ་ཉེས་པ་ཆེར་མཆིས་ཤིང་། །འདི་ཡི་རྒྱུད་ནས་སྦྱོར་ངན་འབྱུང་དོགས་ཡོད། །བཟའ་བཏུང་གང་ལའང་དུག་སེལ་མ་བྱས་པའི། །ཅུང་ཟད་ཙམ་ཡང་ཞལ་དུ་བཞེས་མི་རུང་། །ཟས་ངན་སྦྱོར་བ་འབྱུང་དོགས་ཤིན་ཏུ་ཆེ། །དེ་སོགས་སྐུ་ཚེའི་བར་ཆད་མ་བྱུང་ན། །ས་གཏེར་ཐོན་པ་ཐེ་ཚོམ་མེད་པ་སྟེ། །དང་པོ་སེང་གེའི་མིང་ཅན་བྲག་ནས་འདོན། །ངེད་རང་རྣམས་ནི་རྒྱུ་ལུས་སོ་སོ་སྟེ། །ཐུགས་ཀྱི་དགོངས་པ་དབྱེར་མེད་ངོ་བོ་གཅིག །ཨོ་རྒྱན་བསྟན་པ་གྲུ་བཞིར་ཁུར་མཛོད་དང་། །མ་འོངས་དུས་སུ་རྔ་ཡབ་དཔལ་རིའི་རྩེར། །ཨོ་རྒྱན་དྲུང་དུ་ངེད་རང་ཐམས་ཅད་འཚོགས། །སྐྱིད་པའི་གླུ་ལེན་ཐེག་ཆེན་


CMR003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་སྤྱོད། །ཅེས་གསུངས་ཞལ་ད་རྣམས་ཀྱང་མ་བརྗེད་ཞུ། །ཞེས་ཞུས་བཀྲ་ཤིས་བརྗོད་ནས་དབུ་གཏུགས་ཞུས། །དེ་ཕྱིན་སྤྲུལ་སྐུ་ཉིད་དང་མ་མཇལ་ལོ། །སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ལ་ཕྱི་ཕྱག་འཚལ་ནས་བཀྲ་ཤིས་བརྗོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གླང་སྟག་ཡོས་ཏེ་ལོ་ངོ་གསུམ། །ཟླ་གྲངས་བཅོ་བརྒྱད་སྐུ་མཚམས་བཞུགས་པའི་མཚམས། །རཱ་ག་ཨ་སྱས་མཚམས་ནི་དམ་པའི་སྐབས། །སྤྲུལ་སྐུས་བཀའ་ཤོག་གཅིག་ནི་གནང་བྱུང་བ། །སྨར་ཁམས་ཕྱོགས་སུ་གནས་ཕྲན་འགའ་རེ་ཡི། །གནས་སྒོ་ཕྱེ་རྒྱུ་ཡོད་པས་དེར་སོང་ཞེས། །ལུང་བསྟན་ལན་མང་བྱུང་བས་འགྲོའམ་གསུངས། །དེ་ཡི་ལན་ལ་ཞུ་ཡིག་ཕུལ་བའི་དོན། །དེང་སང་སྐུ་ཀག་ཆེ་བའི་སྐབས་ཡིན་པས། །ལོ་གསུམ་ཕྱོགས་གསུམ་སྐུ་མཚམས་བསྔམས་ན་བསམ། །འོན་ཀྱང་ལུང་བསྟན་བྱུང་ན་བཤོལ་མི་ཕོད། །རྟེན་འབྲེལ་འཆུག་ན་བར་ཆད་འབྱུང་བའི་རྒྱུ། །བྱོན་ཞེས་ཟེར་བའི་ཐག་ཆོད་ངས་མི་ཕོད། །དུས་མི་བདེ་ཞིང་བོད་སོག་ཟིང་ཟིང་སྐབས། །སྒར་ཉོབ་འགྲོ་བ་མགོ་ཐོན་དཀའ་ཡིས་དོགས། །ཁྱེད་རང་དགོངས་པས་རྟོག་ལ་ཐག་ཆོད་ཞུས། །དེ་ནས་མགོན་སྲུང་


CMR003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་རྩ་རུ་བྱུང་། །འབྱོན་པར་ཐག་བཅད་སྐུ་མཚམས་གྲོལ་ཡོད་དེ། །རྟ་ཁལ་གྲྭ་པ་ཉུང་འདུག་ཅི་བྱ་ཟེར། །རྟ་ཁལ་གྲྭ་པས་ང་ལ་མི་ཕོངས་ཏེ། །མགོ་དཔོན་ཆབ་མདོས་ཅི་གསུངས་ཚོད་མེད་པས། །ངས་ནི་རྟ་ཁལ་གྲྭ་པ་བཏང་མི་ཕོད། །རེ་ཞིག་ཞང་པོའི་ཡུལ་ནས་རྟ་ཁལ་དང་། །མི་སྐྱ་འགའ་རེས་སྐྱེལ་བར་བྱེད་ཆུག་དང་། །རྫ་ཆུ་ཡོལ་ནས་གྲྭ་པ་རྟ་ཁལ་སོགས། །རིམ་པར་འཛོམ་འོང་ཐབས་ཆག་མི་འོང་སྨྲས། །འབྱོན་ཁ་ང་དང་མཇལ་དུ་འགྲོ་བསམ་ཛ། །དེ་མ་ཐག་ཏུ་རང་གི་རྐང་པ་གཉིས། །གཟེར་ཆེན་ལོང་ནས་ཅི་བྱ་ལྟོས་མེད་བྱུང་། །དེ་ནས་མི་འགྲོ་བ་ཡི་ཐག་བཅད་དེ། །ཞུ་ཡིག་ཞིབ་རྒྱས་བྲིས་ཤིང་ཁྱད་པར་དུ། །ཐུགས་དམ་གཙོ་བོ་ཚེ་སྒྲུབ་བསྙེན་པ་དང་། །སྐུ་རིམ་བསྐང་གསོ་རྒྱུན་ཏུ་གཟབ་པར་ཞུས། །ས་གཏེར་མ་ཐོན་ཚུན་གྱི་ལོ་འགའ་ཟུང་། །མི་རུངས་བ་ཡི་བཀའ་རྒྱ་མ་བྱུང་ན། །གནམ་ཆོས་དབང་ལུང་ཇི་འཕེལ་མཛད་པར་ཞུ། །མདོས་ཆོག་ལ་སོགས་ཕྱག་ལེན་མི་འདེབས་པར། །ཁྲིད་རིམ་ཁོ་ན་གཙོ་བོ་མཛད་པར་ཞུ། །རིགས་ལྡན་དྷ་ཀི་ཡིན་ངེས་ཕྲད་པ་ན། །འཇིག་རྟེན་ཡ་ཁའི་དབང་དུ་མི་བཏང་བར། །ཐབས་ཤེས་རྟེན་འབྲེལ་མ་འཆུག་


CMR003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པར་ཞུ། །གལ་ཏེ་ཀཿཐོག་ངོས་སུ་ཕེབས་ཤོམ་ན། །བླ་མ་བཟང་ལ་མང་བ་བཞུགས་ཐོས་པས། །བརྟག་པ་མཛོད་ལ་ཞུ་བར་རུང་རྣམས་ལ། །གཏེར་རྙིང་དབང་ལུང་རྒྱ་ཆེན་ཅི་ཐོབ་མཛོད། །རང་ངོ་རྙིང་མ་བ་ཡི་སྙིང་ནོར་ནི། །དཔེ་ཆ་ཡིན་ཕྱིར་ཐོང་བའི་དཔེ་ཆ་རྣམས། །བཞེངས་སམ་འབུལ་མི་བྱུང་ངམ་བསླུ་བ་སོགས། །ཇི་འགྲུབ་མཛད་ཅིང་ནོར་གྱི་སྙིང་པོར་འཆང་། །དེ་མིན་ཟང་ཟིང་ངམ་དགེ་ཕྱོགས་ཅི་འགྲུབ་དང་། །ནམ་ཞིག་ཁྱེད་རང་དབུས་སུ་ཕེབས་དགོས་པས། །གསེར་དང་གླ་རྩི་བྱུང་ན་ཚག་བྱ་ཡི། །དེ་མིན་གཏེར་སྟོན་རྣམས་ཀྱིས་ཕྱག་ལེན་ལྟར། །བུམ་སྒྲུབ་སྒྲུབ་ཆེན་ལ་སོགས་ཅི་འགྲུབ་བྱ། །བསྟན་པའི་རྐང་ནི་གྲྭ་པས་འཛིན་དགོས་པས། །ཆོས་མཐུན་གྲྭ་པ་རྙེད་ན་ཅི་མང་བཀོལ། །ཞུ་མི་དགོས་དང་བསྐྱེད་རྫོགས་ཟུང་འཇུག་དང་། །དམིགས་མེད་ཐུགས་རྗེས་འགྲོ་བ་ཀུན་དོན་དུ། །ཨོ་རྒྱན་བསྟན་པའི་ཁུར་ཆེན་འདེགས་པར་ཞུ། །ད་རེས་མཇལ་བར་འདོད་ཀྱང་སྒྲུབ་པའི་སྐབས། །ཧར་ལངས་བྱེད་པར་བསམ་ཡང་རྐང་ནད་ཟིན། །ད་རེས་ཕེབས་ཁ་མཇལ་རྒྱུ་མ་བྱུང་བར། །རྗེས་ནས་མཇལ་བའི་རྟེན་འབྲེལ་མཛད་པར་ཞུ། །དེ་


CMR003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཞུ་ཡིག་བསྐུར་ནི་ཚར་མ་ཐག །རྐང་པའི་ཟུག་གཟེར་སྐད་ཅིག་ཉིད་ལ་ཞི། །དེ་དུས་སོང་ན་བདག་ལ་དཔོན་པོ་ཡིས། །བཀའ་བཀྱོན་ཆེན་པོ་འོང་བའི་རྟགས་སུ་གོ །དེ་དུས་ཁ་ཆ་ཞུ་ཡིག་གཉིས་ཀ་ལ། །ཕེབས་པ་རྣམས་སུ་ཞལ་གཟིགས་ལ་སོགས་པའི། །རྟགས་མཚན་ཅི་བྱུང་ཕྱག་བྲིས་མཛད་ནས་ཀྱང་། །ང་ལ་བསྐུར་བ་གལ་ཆེ་གལ་ཆེ་ཞུས། །ཕྱིས་སུ་ཕྱག་བྲིས་མཛད་ནས་བསྐུར་བྱུང་བ། །བཅོས་བསླད་བསྣན་ཕྲི་མེད་པར་འདི་ལྟར་རོ། །ས་མུ་ཡ་ཐར་བུན། ༈ དེ་རྗེས་བཅུ་དགུ་ནུབ། ཤར་གྱི་ནུབ་གཉན་རྨ་རྒྱལ་སྤོམ་ར་ཡིན་ཟེར་བས་གཙོར་བྱས་ལྷ་འདྲེ་དགུ་སྟོང་དགུ་བརྒྱ་ཙམ་བསུ་བ་ལ་བྱུང་། དེ་ནས་ཉི་ཤུ་ལ་མཚམས་གྲོལ། ནང་ཆེན་གྲྭ་ནང་དུ་ལྷ་སྲིན་སྡེ་བརྒྱད་སྔར་མེད་པ་མང་པོ་རླུང་ལྟར་འཚུབ་ཅིང་སྣང་། འབུམ་རྫོང་དུ་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་ལན་མ་བདུན་བསྐོར། བླ་མ་ངེད་ཀྱི་ཡུལ་དུ་མི་བཞུགས་པར་ཟེར་ནས་མི་བས་ལྷ་འདྲེས་སྡུག་སྣང་ཆེ། དཀར་ཡོར་སུམ་མདོར་གཟའ་རཱ་ཧུ་ལར་གཏོར་མ་དགྲ་བགེགས་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ནས་ཕུལ་བས་ཟ་མ་ཉན། བསྟན་པ་དང་རྣལ་འབྱོར་པ་ལ་གནོད་པའི་དགྲ་བགེགས་ཀྱི་ཤ་ཁྲག་མི་ཟ་ན་


CMR003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཕྱིན་ཆད་འདིར་འོང་མི་རུང་སྨྲས་པས་དེ་མ་ཐག་ཟོས་སོ། །གླིས་ཐོག་ཏུ་བསྡད་ནུབ་ཀླུ་ཆེན་པོ་སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན་ཞིག་གིས་ཕྱག་འཚལ་བྱུང་། དེ་ནས་རེག་གནས་སྒོར་རྟགས་དང་ཆོ་འཕྲུལ་མང་དུ་བྱུང་། ཀེ་གཞུང་དུ་མི་ནག་པོ་ལུག་ཞོན་པ་གཅིག་དང་ལམ་ནང་དུ་འཕྲད་མ་ཐག་མེད་སོང་། ནཱ་རོའི་གསང་ཕུག་ཏུ་ནུབ་གཅིག །ནངས་པར་མི་སྣ་ཆེན་པོ་གཉིས་སླེབ་ཏ་རེ། ཞེས་ཟེར། ཕྱིར་ནངས་སྡེ་དགེའི་མི་སྣ་རྣམས་སླེབས་བྱུང་། ཉིན་གཅིག་དགྲ་ཆོས་ཅུང་ཟད་བྱས། དེ་ནུབ་ཐོག་བརྒྱབས་ནས་ཡུལ་གྲུ་དགུ་མེས་ཚིག་པ་ཞིག་རྨིས། དེ་ནས་ཚུར་འོང་བས། ཁྲོ་ཟིལ་ཕྲམ་གྱི་བསུ་བ་མང་བ་སླེབས་བྱུང་། ང་ཟིལ་རྒྱལ་གངས་ར་ཡིན་ཟེར། ས་ཀུན་ཏུ་ལྷ་འདྲེ་རླུང་ལྟར་འཚུབ་ཅིང་སྣང་། དེ་ནས་ཁྲ་སྤོམ་བྲག་ཏུ་བསླེབས། ལྷ་འདྲེ་རྣམས་ལ་དམིགས་པ་ཅུང་ཟད་གཏང་བས། ལྷ་འདྲེ་ཐམས་ཅད་འུར་དེར་གྱིས་ཀུ་ལངས་ཏེ་འཐབས་ཤིང་བྱུང་། འབུལ་བ་མང་པོ་བྱས། ལན་གཅིག་ས་ཕྱོགས་ཐམས་ཅད་སྤྲོས་དྲིས་ཁྱབ་བྱུང་། དག་སྣང་ལ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ། རྡོ་ཕོའི་གནས་ནང་ཨོ་རྒྱན་གཙོ་འཁོར་གསུམ་ཡུད་ཙམ་མཇལ། ལར་མཐོང་སྣང་


CMR003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོ་འཕྲུལ་དཔག་ཏུ་མེད་ཀྱང་བརྗེད་ནས་སོང་། མཚོ་ནག་ཟེར་བའི་ཀླུ་ཞིག་གིས་སྲོག་སྙིང་ཕུལ། མིང་རྡོ་རྗེ་དགྲ་འཇོམས་སུ་བཏགས། སྤོམ་བྲག་དགོན་པ་བསྲུང་བའི་དམ་བཅའ་བྱས་པ་ཡིན་ནོ། །དེ་ནས་སྡེ་དགེའི་ཕོ་བྲང་གཡུལ་མདོར་བསླེབས། ཐེའུ་རང་ཕྲན་བུ་ཞིག་གདའ་བ་དཔག་ཚད་བདུན་གྱི་ཕ་རོལ་ཏུ་བྲོས་ཐལ། སྣ་འབྲོམ་མ་གོར་ཆུ་བདག་ཕྱག་འཚལ་དུ་བྱུང་། དེ་ནས་འབྲི་གཉེན་དོང་དུ་སླེབས་གནས་སྒོ་ཕྱེ་དུས་རྡོ་རྗེ་གྲོ་ལོད་གཅིག་མཇལ། གཞན་ཡང་ད་རུང་མཇལ་ལུགས་དང་ཞལ་གཟིགས་དང་གསུང་རྒྱུན་མང་དུ་ཡོད་དེ་རེ་ཞིག་སྐྱུར་ལ་ཞོག །ལར་ཁྱིམ་ནས་འོང་ནས་འདི་ན་མ་བཀྱག་བར་དུ་ལྷ་འདྲེ་དང་ཀླུ་གཉིས་རྒྱུན་ཆད་མེད་པར་བྱུང་ཞིང་ཆར་པ་ཡང་མང་པོ་རྒྱུན་མ་ཆད་དོ། །སྡེ་དགེའི་ཕོ་བྲང་ཡེ་ན་མཐོང་བ་དང་བུད་མེད་གསུམ་ཆོ་ངེས་འདེབས་ཤིང་བྲོས་ཐལ། དེ་ནས་ཚུར་ལ་སྡེ་དགེའི་ཕོ་བྲང་ཆེན་པོ་མནུལ་མདར་བསླེབས། རྡོ་ཁམས་ཐང་དུ་སྒར་བརྒྱབས། དགྲ་ཆོས་གཅིག་བྱེད་བསམ་ནུབ། ད་དགྲ་ཆོས་དང་མི་ཐོན། དགྲ་མེད་པའི་དགྲ་ཆོས་ཅི་དགོས་ཟེར་བ་ཞིག་རྨིས། དོན་ཆེན་པོ་མ་བྱུང་བར་ཆོས་སྐྱོང་ལ་ཕྲིན་ལས་བཅོལ་མི་རུང་བའི་བརྡ་རུ་གོ །དགྲ་ཆོས་མ་


CMR003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། དེ་ནས་སྡེ་དགེ་བླ་དཔོན་གྱིས་ཆར་འབོད་དགོས་གསུངས་པས། ཆུ་མིག་ཐམས་ཅད་ལ་ཀླུ་སྨན་བཀྲམ་པ་དང་ཆུ་དར་འཛུགས་པ་ཙམ་བྱས། ཀླུ་འགའ་འདུས་བྱུང་སྟེ། ཆར་ཆེན་པོ་མི་གདའ། ལར་རྒྱལ་པོ་དམར་ཅན་དེས་མེ་མཆུ་བཟུང་ནས་བཀག་གོ །རང་ཉིད་གུ་རུ་དྲག་པོའི་ང་རྒྱལ་གྱིས་དཔག་ཚད་གཅིག་གི་ཕ་རོལ་ཏུ་འཕངས། དེ་འདྲ་མངོན་སུམ་དང་རྨི་ལམ་དུ་ལན་འགའ་བྱས། ཕྱིས་ནས་ལ་ཕྱོགས་སུ་མ་བྱུང་། དེ་ནས་ཆུ་དར་སྤོས། དེའི་ཀླུ་དེས་ཆར་པ་ཉིན་མཚན་ཕྱེད་གཉིས་ཕབ། ད་ང་ཡང་ན་བ་ཡིན་ཏེ་མི་འོང་ཁ་མེད་བྱུང་ཟེར། ཡང་སྔོན་ཡེལ་ཕུག་ནས་རྟ་ལ་ཞོན་དུས་ལག་ཏུ་རྡོ་ནག་པོ་ཆུང་ངེ་བ་གཅིག་ལ་གནམ་ལྕགས་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་ལུས་པོ་མིག་གིས་གང་བ་ཞིག་རང་བྱོན་འདུག །ཕྱིས་རྟོགས་ལྡན་པདྨ་མཁའ་སྤྱོད་ལ་བྱིན། དགེ་རྒྱལ་ནང་དུ་ཚོགས་ཤིག་བྱས་པའི་མཆོད་འགྲམ་དུ་ཤེལ་རྡོ་ཆུང་ངེ་བ་གཅིག་སླེབ་འདུག །ཕྱིས་སྟག་བླ་པདྨ་ནོར་བུ་ལ་བྱིན། ཡང་འབུམ་རྫོང་གི་མདུན། སྐུ་རྒྱལ་གྱི་ཞོལ་དུ་འདུག་དུས་རྡོ་གཅིག་ལ་རང་བྱོན་མང་པོ་འདུག །རྡོ་ཞིག་ལ་མཚན་མེ་འབར་ཞིང་འདུག །དེ་གཉིས་དེའུ་ཆུང་མགོར་ཁང་པ་


CMR003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཀབ་ནས་བཞག་ཡོད། ཡང་མཚམས་ཁུང་དུ་གསོལ་འདེབས་འགའ་བྱས་རྗེས་མཚན་མོ་ལག་ཏུ་ཧྲལ་ཧྲིལ་པོ་གཅིག་སླེབ་འདུག །སྔས་སུ་བཞག་པས་ཕྱིར་ནངས་ཤེལ་སྒོང་ཆུང་ངེ་བ་གཅིག་སྣང་། །དེ་ཕྱིས་ཀུན་བཟང་ཤེས་རབ་ཅེས་རང་གི་རྩ་བའི་སློབ་མར་གྱུར་པའི་བླ་མ་དེ་ལ་བྱིན། ་ཡང་ལྕགས་ལས་གྲུབ་པའི་སྡིག་པའི་གཟུགས་ཤིག་སྔས་སུ་སླེབ་འདུག །ལྷོ་ཡི་བྷ་ཁ་སྤྲུལ་སྐུའི་གསེར་གདུང་ལ་རྒྱལ་འགོང་བསྲུང་ཕྱིར་ནང་གཞུག་རྒྱུ་ལ་བསྐུར། ཡང་སྡེ་དགེར་བྱིན་འབེབས་དམིགས་པ་ཅུང་ཟད་བྱས་པས་ཤེལ་སྒོང་གཞན་དང་མི་འདྲ་བ་ཆུང་ངེ་བ་ཞིག་སླེབ་འདུག །ཕྱིས་གོ་འཇོའི་བླ་མ་ནམ་མཁའ་བཀྲ་ཤིས་ལ་བྱིན་ཏེ། དེ་ལྟར་དངོས་གྲུབ་ལྟས་ཆུང་ཆུང་བྱུང་བ་ལ་ཚོད་མེད་དེ་འབྲི་ཚོད་མ་བྱུང་ངོ་། །དེ་ནས་བྱང་མེ་ལིང་བྲང་དུ་བསླེབས། གུ་རུའི་དག་སྣང་ཅུང་ཟད་བྱུང་། ཚིག་འགའ་རེ་གསུངས་ཏེ་རེ་ཞིག་བཞག་གོ །དེ་ནས་སྡེ་དགེའི་ཕོ་བྲང་དམེ་ཤོད་དུ་ཞག །རྟེན་འབྲེལ་ལེགས་ཚོགས་འགའ་རེ་འགྲིགས། ལམ་དུ་དངོས་སྣང་གི་རྟགས་འགའ་རེ་བྱུང་ཡང་ཁང་གྲྭ་སྐོར་རྣམས་ལ་ཟེར་རྒྱུ་མ་འཛོམས། དེ་ནས་གཏེར་ལྷུང་དུ་བསླེབས། རཏྣའི་གཏེར་ཁ་གུར་དྲག་མཚོན་ཆ་འཁོར་


CMR003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་གཏོར་ཟློག་བཅས་པས་བཀའ་སྲུང་གི་རྟགས་རྨི་ལམ་ཡུལ་དུ་མཚོ་ནག་པོ་ཆེན་པོ་གཅིག་འདུག་པ་སྨྱོ་ཁའི་བླ་མཚོ་ཡིན་ཟེར། དེའི་ནང་ནས་སྡོམ་སྦལ་པ་ཙམ་ཞིག་བྱུང་། དེ་རྗེས་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་གཅིག་ཐོན་བྱུང་བ་ལ་ངེད་རང་རྣམས་རྗེས་ནས་སྡིག་པ་འབྲི་དུས་འདི་ལྟ་བུ་འབྲི་དགོས་པ་མ་བརྗེད་བྱས་པ་རྨིས། གཞན་ཡང་གྲུབ་རྟགས་སོགས་མང་དུ་བྱུང་ཡང་བྲི་བ་མུ་མ་བྱུང་ངོ་། །དེ་ནས་རྒྱལ་བ་ཀཿཐོག་རྡོ་རྗེའི་གདན་དུ་བསླེབས། དག་སྣང་དཔག་ཏུ་མེད་པ་བྱུང་། དམ་ཅན་དང་མ་ནིང་གཉིས་ཀྱི་མདོས་རཏྣ་ལུགས་དེ་བཅས། དངོས་དང་རྨི་ལམ་གྱི་རྟགས་ཅི་ཡང་བྱུང་། དེ་ནས་སྒར་བཏེག་མོས་ཚེ། རྡོ་གཉན་དམར་པོས་བཤོལ་འདེབས་གང་མང་བྱས་རུང་། མ་བཤོལ་བར་སྒར་བཀྱག་པར་ཆས་ཚེ། ཁ་བ་ཆེན་པོ་ཕབ། གྲྭ་འཁོར་འགའ་རེ་ན། དྲེལ་གཡང་དེ་ལྟར་ཆོ་འཕྲུལ་ཅི་བྱུང་ཡང་མ་ཉན་པར་སྒར་བཏེགས་པས། དགེ་བསྙེན་ཚེར་དབེས་ཀྱིས་ཕྱག་འཚལ་བ་སོགས་ལྟས་བཟང་བྱུང་། ཆུ་འགྲམ་དུ་ཀླུ་ནག་ཕྱོགས་ཤིག་འདུག་པས་བར་ཆད་བརྩམས། རྟ་དྲེལ་གསུམ་ཤི། ཀུན་འཐབ་པ་ལ་སོགས་ཆོ་འཕྲུལ་བྱུང་སྟེ། མི་ལ་མ་གནོད། དེ་


CMR003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚུར་ཐེག་པས་རྨུགས་སངས་གནས་ནང་ནས་ཡིན་ཟེར་བུ་མོ་མཛེས་མ་རལ་བུ་སྣུམ་སི་ལེ་བ་བདུན་བྱུང་། བླ་མ་ངེད་ཀྱི་གནས་སུ་ཕེབས་དགོས་པའི་རྟེན་འབྲེལ་ཡོད་ཟེར། དེ་ནས་རྨུགས་སངས་གནས་ནང་གི་རྒྱབ་ཏུ་ཨོ་རྒྱན་ཡིད་ཀྱིས་བསྒོམས་པ་ལྟ་བུ་ལན་གཉིས་མཇལ། དེ་རྗེས་ནུབ་གཅིག་མཁའ་འགྲོ་མ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལྔ་བྱུང་། བླ་མ་རིན་པོ་ཆེ་ཁྱེད་འཇིག་རྟེན་མི་ཡི་ཡུལ་དུ་སུས་ཆེ་བཀུར་མི་བྱེད། གསུངས་པའི་བཀའ་ལ་ཉན་མཁན་མི་གདའ་བས་ངེད་ཀྱི་ཡུལ་དུ་བྱོན་དང་ཞབས་ཏོག་རང་ཡུལ་དུ་ཆེ་ཟེར་ནས། ནམ་མཁའ་ལ་སྐད་ཅིག་གིས་ལྷགས་ཏེ་སོང་བས། རི་བོ་ཐམས་ཅད་མེ་རབ་ཏུ་འབར་བ་ལ་སྐྱི་གཡའ་བའི་ཡུལ་དུ་གྲོང་ཁྱེར་ཆེན་པོ་གཅིག་གི་ནང་དུ་བསླེབས་པས་རིན་པོ་ཆེའི་ཁང་པ་དེའི་ནང་དུ་རྡོ་རྗེ་ཕག་མོ་ཞལ་གཉིས་དང་ལྡན་པ་དངོས་སུ་མཇལ་ཞིང་མདུན་དུ་སྡོད་སྐབས། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་གུ་རུ་པདྨ་འབྱུང་གནས་སྔར་བསྒོམས་པ་ལས་ཀྱང་བདུན་འགྱུར་གྱིས་གསལ་བ་ཞིག་ཕེབས་ཏེ། ཁྱོད་འདིར་ཅི་ཕྱིར་འོང་བ་གསུངས་པས། བདག་མཁའ་འགྲོ་མ་འདི་བཞིས་བསྐྱོད་ནས་བསླེབས་ལགས་ཞུས་པས། ཧཱུྃ་མཁའ་འགྲོའི་ཚོགས་རྣམས་དམ་ཚིག་རིམ་པ་


CMR003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འདའ་བར་བུ་འདི་རང་མལ་དུ་སྐྱོལ་ཅིག །འགྲོ་བའི་དོན་བྱེད་དགོས་པ་ཡིན་གསུངས། བདག་གི་སྤྱི་བོར་རྡོ་རྗེ་བཞག་ནས་བར་ཆད་མི་འབྱུང་བའི་བྱིན་རླབས་མཛད། ད་མྱུར་དུ་སྐྱོལ་ཤིག །བར་ཆད་མི་འབྱུང་བའི་ཕྱིར་རོ་གསུངས། ལྷོ་ཕྱོགས་ཀྱི་ནམ་མཁར་གཤེགས་མ་ཐག །མཁའ་འགྲོ་བཞིས་སྔར་ལྟར་རང་ཡུལ་དུ་བསྐྱལ། དེ་ནས་གཉིད་སད། གུ་རུ་རིན་པོ་ཆེ་ལ་དད་པ་དང་ཡིད་སྐྱོ་བ་དུས་མཉམ་མཆི་མ་འཁྲུགས་ཤིང་སྣང་། ཨོ་རྒྱན་རིན་པོ་ཆེ་མཁྱེན། དེ་ནས་ཚེས་བཅོ་ལྔ་ལ་རྒྱལ་ཐོ་བཙུགས་ཕྱི་མཚམས་བཅད་ནས་བཅུ་དྲུག་ནས་མཚམས་བསྡམས་ཏེ་དགེ་འདུན་བརྒྱ་ཕྲག་ལྷག་ཙམ་གྱིས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྒྲུབ་ཆེན་ལུགས་སུ་མ་ཎི་རིལ་བུ་བསྒྲུབས་པས། དེ་ཉིན་མེ་ཏོག་གིས་ཆར་བབས། དེ་ནས་ཞག་ལྔ་ནས་རིལ་བུ་འཕུར། མེ་ཏོག་གི་ཆར་པ་དཀར་ཙམ་བབས། རིལ་བུ་དྲིལ་བུ་བཞི་འཕེལ། དཀྱིལ་འཁོར་གྱི་ནང་ནས་འུར་སྒྲ་ལན་གཉིས་གྲག །སྒྲུབ་ཆེན་དང་པོ་བསྡམས་ནས་མ་གྲོལ་གྱི་བར་དུ་འཇའ་ཚོན་རྒྱུན་དུ་ཁོལ། དེ་ལ་སོགས་པའི་དངོས་རྟགས་ཐམས་ཅད་ངོ་མཚར་བ་བྱུང་ངོ་། །དེ་ནས་ཉེར་བདུན་གྲོལ་རྒྱལ་ཐོ་སོགས་


CMR003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་བཀྲ་ཤིས་པའི་ཆོ་ག་བྱས། དེ་ནས་རྨུགས་སངས་གནས་ནང་དུ་བསླེབས། རྟེན་འབྲེལ་ལེགས་ཚོགས་འགྲིགས། ཀིང་ཀང་བཟློག་པ་བཅས། ཐུབ་རྟགས་ཚད་མེད་བྱུང་། །ཕུལ་ནུབ་རྨི་ལམ་དུ་དགྲ་བོ་དགུ་བསད་ནས་ལྟོ་དྲལ་ཏེ་རྒྱུ་མ་རྣམས་རང་ཀིང་ཀང་དུ་བསྒོམས་ནས་ཟོས་པ་རྨིས། དེ་ནས་གནམ་ཆོས་འབར་མའི་གཡག་རྐང་བཅས། གཏེར་མགོན་དངོས་སུ་མཇལ། དགྲ་ཆོས་ཤིག་བྱས་པས་མདུན་མ་ཀིར་མི་ཞིག་འདུག་པའི་སྙིང་ཁྱི་ནག་པོ་ཞིག་གིས་ཟོས་ཐལ་བ་རྨིས། དེ་ཕྱོགས་ལྷ་འདྲེ་ཀུན་གྱིས་སྲོག་སྙིང་ཕུལ། གུ་རུ་རིན་པོ་ཆེའི་དག་སྣང་གཅིག་ཀྱང་བྱུང་། ཁོ་བོ་དེ་འདྲ་ཡིན་ཨེ་ཀོ །དེ་རྗེས་ཆར་འབོད་བྱས་པས་དཀའ་ལས་འགའ་བྱུང་། ཆར་པ་དཀོན་པོ་ལས་མི་འདུག །བདུད་བགེགས་འགས་བར་ཆད་བྱས་ཀྱང་། གུ་རུ་རིན་པོ་ཆེས་བསལ་བའི་དག་སྣང་ཅུང་ཟད་བྱུང་། དེ་རྗེས་སྣོན་ཟླ་བའི་བཅུ་གསུམ་ཉིན་ནམ་མཁར་སྤྲིན་ལ་དོད་པའི་ཕྱག་རྡོར་དང་སྤྱན་རས་གཟིགས་གཉིས་བྱུང་། འཇའ་ངོ་མཚར་བ་མང་དུ་བྱུང་། དེ་རྗེས་གནས་སྒོ་རྣམས་རིམ་པར་ཕྱེས་ཤིང་གནས་ཡིག་རྣམས་ཕབ་པ་ལ། སེ་སེ་ཐེ་ལེའི་གནས་ཕུག་ནང་དུ་གནས་བདག་དེ་སྤྱང་ཀི་ལ་སྤྲུལ་


CMR003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀག་པས་གནས་སྒོ་ཕྱེ་མ་གཏུབ། དེའང་རྟེན་འབྲེལ་ཅུང་ཟད་གཅིག་མ་འགྲིགས་པས་ལེན་པར་འདུག །གནས་སྒོ་རྣམས་ཕྱེས་ཚེ་ཡང་གུ་རུའི་དག་སྣང་དང་ནམ་མཁའ་ལ་འཇའ་ཚོན་བར་སྣང་ལ་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལ་འཛའ་ལ་གཞུང་དུ་གུ་རུའི་དག་སྣང་དཔག་ཏུ་མེད་པ་བྱུང་། ཅོང་ཀ་མདོར་ལྷ་འདྲེ་མང་པོ་འདུ་བ་དང་ལྷ་འདྲེས་ལུང་བསྟན་བྱེད་པ་དང་མཁའ་འགྲོའི་དག་སྣང་སོགས་འགའ་རེ་བྱུང་། སྡེ་དགེའི་ཕོ་བྲང་ཆེན་པོ་ལྕགས་རར་ནམ་མཁའ་སེང་གེའི་དབུ་ཐོད་མཇལ་བས་རིང་བསྲེལ་ལྔ་ཡལ་བྱུང་རུང་བཙུད་སྣོད་མ་རྙེད་ནས་ང་རང་ཟོས། ཨ་རྡོ་དཀོན་མཆོག་རྒྱལ་མཚན་དབུ་ཐོད་ལས་རིང་བསྲེལ་ཡལ་ཞིང་བདུད་རྩི་ཐིགས་བྱུང་ང་རང་གིས་དངོས་གྲུབ་ཏུ་རོལ། ཨ་ཏོ་དཀོན་མཆོག་སེང་གེ་སོགས་ཀྱི་དབུ་ཐོད་དགུ་ལ་ལྷ་བྱོན་སོགས་ཚད་མེད་པ་འདུག་པ་ངོ་སྤྲོད་དཀར་ཆག་བཏབ་བོ། །དེ་ནས་རྔད་ལ་ཁར་བསླེབས། དེར་ཡང་དག་སྣང་འགའ་བྱུང་། ཆོས་བདག་སོགས་རྣམས་མཁའ་འགྲོས་ལུང་བསྟན་བྱས། ལར་ཡང་བདག་གིས་དབང་ལུང་ནམ་བྱེད་དུས་འཇའ་ངོ་མཚར་བ་དང་། ཉི་ཟླ་སྐར་གསུམ་འཛོམ་པ་དང་མེ་ཏོག་གི་ཆར་འབབས་པ་


CMR003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱུན་དུ་བྱུང་བ་ནི་ཐམས་ཅད་གསལ་ལོ། །དེ་ནས་ཚ་མོང་རྡོ་རྗེ་དྲིལ་དཀར་ཞོལ་དུ་བསླེབས། རྨི་ལམ་འགའ་རེ་བྱུང་བ་རིམ་པར་ཐོག་ཏུ་བབས། འདོར་གཤིས་ནས་བཏེག་ཉིན་འཇའ་ངོ་མཚར་བ་ཡུན་རིང་བྱུང་། ཡང་ཟི་ཁྲ་སྨན་ཆེན་སྒང་དུ་བསླེབས། ཁྲོམ་ཚོགས་རྣམས་ལ་ལུང་འབྲེལ་བཙུགས། དག་སྣང་དུ་གུ་རུས་བྱིན་གྱིས་བརླབས་པའི་དག་སྣང་དང་། དངོས་རྟགས་ཉིན་མཚན་ཁ་སྦྱོར་བའི་ཞོད་ཆར་ནང་དུ་ཆོས་ལུང་དང་དབང་སོགས་ཉི་མ་བདུན་ཙམ་བྱས་ཚེ་ཁོ་བོ་ཁྲི་ཁར་བསླེབས་ནས་ཉི་མ་གསལ། དེ་ནས་སྟག་གཟིག་གཞུང་ནས་ཐེག་པས་ལམ་དུ་འཇའ་ངོ་མཚར་བ་ཉིན་རིང་བྱུང་། ཆོས་འཁོར་ཐང་དུ་ལྷ་འདྲེ་རླུང་ལྟར་འཚུབ་པར་སྣང་། འབུ་མདའ་ཐང་དུ་ལྷ་འདྲེས་ཞབས་ཏོག་ཚད་མེད་པ་བྱས། དེ་ནས་རྫོང་མ་བུའི་གང་དུ་བསླེབས། དམ་ཅན་མདོས་བཅས་པས་སྐྱེས་པ་ར་ཞོན་པ་བཅུ་གསུམ་ཀུ་སྒྲ་དང་བཅས་ནས་འགྲོ་བ་མཐོང་། དགྲ་ཆོས་བྱས་པས་རྨི་ལམ་དུ་ཐུབ་རྟགས་དཔག་མེད་བྱུང་། ཉག་གཤིས་ལྷ་འདྲེ་རྣམས་མཇལ་དུ་བྱུང་། རྟེན་འབྲེལ་ཅུང་རེ་འགྲིགས། དེ་ནས་རྩ་སྡེ་ན་རྒྱ་ནག་ནས་གདན་དྲངས་པའི་མཆོད་རྟེན་དེ་ལ་འཇའ་སྔོ་བུན་པ་གཅིག་ཟུག་པར་མཐོང་། གནས་


CMR003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་དིར་ཡི་དམ་གྱི་དག་སྣང་འགའ་རེ་བྱུང་། གནས་པོ་ཡོན་ཏན་རི་བཀྲའི་ཆིབས་ངང་པ་ཟེར་བ་དེས་སྔོན་ཡང་བླ་མ་འགའ་རེ་བཅད་པར་འདུག །བདག་ལའང་མི་དགའ་བར་བྱེད་པར་འདུག །དེ་ཡི་ལ་ཁ་ནས་འོང་བས་ཁོ་འཇིགས་སུ་རུང་བའི་གཟུགས་སུ་བྱས་ནས་སྔོན་མ་ཀི་ནས་བལྟས་བྱུང་བས། རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་གསལ་བ་ལས། ཁྲོས་མ་ལྷ་ལྔར་གནས་འགྱུར་བར་བྱས་ནས་ཕཊཀྱི་གདམས་པས་མེད་སོང་། བར་ཆད་ཕྱེད་པར་ཤོམ་པར་འདུག་སྟེ་བདག་ལ་མ་ཚུགས་སོ། །དེ་ནས་འབྲི་རྒྱུད་ཕུབ་ཁུར་དགོན་དུ་བསླེབས། སྨིན་དྲུག་ཟླ་བའི་ཕྱི་མའི་ཉེར་གཅིག་ནས་བཟུང་གནམ་ཆོས་མ་ཎི་བུམ་སྒྲུབ་ཐོད་སྒྲུབ་སྦྲགས་མ་བླ་མ་བརྒྱ་ལྷག་གིས་བསྒྲུབས་ཤིང་སེར་མོ་བདུན་བརྒྱ་ཙམ་གྱིས་རིམ་གྲོ་ལ་སོགས་བྱས་པས། རིལ་བུ་ཕབ་གཏའ་དང་བཅས་པ་འཕུར་བ་དང་། དྲི་ཞིམ་འཐུལ་བ་དང་། སྒྲ་གྲག་པའང་བྱུང་། རིལ་བུ་དྲིལ་བུ་དྲུག་འཕེལ། འཕུར་བ་ནི་དཔག་ཏུ་མེད་དོ། །འཇའ་དང་མེ་ཏོག་ཆར་པ་རྒྱུན་མ་ཆད་པ་མ་གྲོལ་བར་བྱུང་ངོ་། །དེ་ནས་མགོ་ཟླའི་བཅུ་གསུམ་ལ་གྲོལ། མ་ཎི་དུང་འཕྱུར་བཞི་འགྲུབ་བོ། །དེ་ལས་ཕྲ་མོ་མང་དུ་ཡོད་ཀྱང་འབྲི་མ་གཏུབ་


CMR003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །མངྒ་ལཾ། །འགྲོ་དོན་དུ་ཕེབས་དུས་རྟགས་མཚན་བྱུང་ཚུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཕྱི་ཡི་རྣམ་ཐར་སྨད། །དབོན་པོའི་ངག་ནས་ཐོས་པ་རྣམས། །མདོར་བསྡུས་ཟུར་ཙམ་བཤད་པ་ནི། །འདམ་ཐོག་དགོན་དང་མནུལ་མདའ་དགོན། །ལྕགས་ར་དགོན་དང་དམེ་ཤོད་དགོན། །ཀྱི་ལེ་ཐང་དང་སྣ་འབྲང་མགོ །ཀཿཐོག་རྡོར་གདན་བདེ་ཆེན་དགོན། །རྩ་སྡེའི་གཙུག་ལག་ཁང་དང་ནི། །ཧོར་པོ་འདེར་ཤོད་ལྷ་ཁང་དང་། །ཝ་ཏི་དཀར་ཆེན་ཕུར་ཁུར་དགོན། །དེ་སོགས་དགེ་འདུན་སྡེ་རྣམས་ཀྱིས། །སྤྱན་དྲངས་དད་གུས་བསྙེན་བཀུར་ནི། །ཐུབ་དབང་དངོས་སུ་ཕེབས་པ་བཞིན། །ཞབས་ཀྱིས་བཅགས་པའི་དགོན་པ་རྣམས། །བྱིན་བརླབས་རབ་ཏུ་གནས་པར་མཛད། །ཀཐོག་ཧོར་པོ་དཔལ་འབར་དགོན། །སྒ་རྗེ་རྩེ་ར་འཆང་ཆུ་རྒྱུད། །འབྲི་སྨར་ཕྱོགས་ཀྱི་དགོན་སྡེ་ཡིས། །དགེ་འདུན་འདུས་པའི་ཚོགས་རྣམས་ལ། །དབང་ལུང་ཆོས་ཀྱིས་འབྲེལ་པ་བཞག །བཀའ་བརྒྱུད་པ་དང་ས་སྐྱ་པ། །བོན་པོ་ལ་སོགས་ཀུན་གྱིས་ཀྱང་། །དད་གུས་འབུལ་བ་ཞབས་ཏོག་དང་། །དབང་ལུང་ཆོས་ཀྱི་འབྲེལ་བ་ཞུས། །གླིང་རྗེ་གེ་སར་


CMR003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་གནས། །སྟོང་ཤོང་འབུམ་རྡུག་ལ་སོགས་པ། །རྒྱལ་པོའི་ཕོ་བྲང་ཞབས་ཀྱིས་བཅགས། །རྒྱལ་པོ་དང་ནི་རྒྱལ་རིགས་དང་། །བློན་པོ་དང་ནི་སྣ་ཆེན་པོ། །བཙུན་མོ་དང་ནི་ལྕམ་གྱི་རིགས། །ཁྲི་སྐོར་དཔོན་དང་སྟོང་སྐོར་དཔོན། །བརྒྱ་དཔོན་དང་ནི་སྟོང་དཔོན་སོགས། །རང་རང་རིགས་རུས་ཆོ་འབྲང་དང་། །སྒྱུ་རྩལ་མཁན་པོས་ཁེངས་པ་རྣམས། །དབང་དུ་འདུ་ཞིང་ཟིལ་གྱིས་གནོན། །གཟུགས་ཅན་གཟུགས་མེད་ཐམས་ཅད་ལ། །པད་འབྱུང་དངོས་སུ་ཕེབས་པ་བཞིན། །མ་བསྡུས་སྐྱེ་བོའི་ཚོགས་ཀུན་འདུས། །གར་བྱོན་གར་བཞུགས་ཐམས་ཅད་ལ། །སྐྱ་སེར་སྐྱེས་པ་བུད་མེད་ཚོགས། །བརྒྱ་བརྒྱ་སྟོང་སྟོང་ངེས་མེད་པ། །རྒྱལ་པོས་བསྡུས་པའི་དམག་མི་བཞིན། །ཕྱོགས་རྣམས་ཀུན་ནས་ཆིལ་ལི་ལི། །ཀུན་གྱིས་ཞལ་མཐོང་གསུང་ཐོས་ཤིང་། །ཕྱག་དབང་ལ་སོགས་འབྲེལ་པ་བཞག །ལས་ཅན་ཆོས་བདག་ཡིན་རྣམས་ལ། །སོ་སོར་ཆོས་ཀྱི་སྐལ་བ་གཏད། །ཆོས་བདག་མིན་ཀྱང་དད་གུས་ཅན། །སྣོད་དུ་རུང་བ་ཐམས་ཅད་ལ། །གནམ་ཆོས་སྣ་རེའི་འབྲེལ་པ་བཞག །འབད་མེད་ལོངས་སྤྱོད་ཆར་ཆེན་ཕབ། །གསེར་དངུལ་


CMR003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རིན་ཆེན་རིགས། །གོས་དར་ཕྲུག་སོགས་ན་བཟའི་རིགས། །ལི་མ་བོད་ལྷ་རྟེན་གྱི་རིགས། །འཁར་རྔ་སིལ་སྦུབ་རོལ་མོའི་རིགས། །དུང་དཀར་རྒྱ་ཏིང་མཆོད་ཆའི་རིགས། །ཇ་མར་ཤ་ཚང་བཟའ་བཏུང་རིགས། །རྟ་དྲེལ་ལ་སོགས་ཞོན་པའི་རིགས། །མཛོ་གཡག་འབྲི་སོགས་ནོར་ཕྱུགས་རིགས། །དེ་དུས་རྒྱུ་གཉེར་བྱས་རྣམས་ཀྱང་། །བརྩི་བ་གྲངས་ཀྱིས་མི་ཐེབ་པ། །དཔེར་ན་བསྐལ་བ་རྫོགས་ལྡནཾ་དུས། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །རྒྱལ་མཚན་རྩེ་རུ་བཏགས་བྱས་ཏེ། །མཆོད་ཅིང་གསོལ་བ་བཏབ་བྱས་ན། །དང་པོ་རླུང་ནི་གྲང་མོ་ལྡང་། །རྡུལ་དང་མི་གཙང་བ་རྣམས་ཕྱགས། །དང་པོ་ཟས་ཀྱི་ཆར་པ་བབ། །དེ་ནས་གོས་ཀྱི་ཆར་པ་བབ། །དེ་ནས་འབྲུ་ཡི་ཆར་པ་བབ། །དེ་ནས་གསེར་དངུལ་མུ་ཏིག་སོགས། །རིན་ཆེན་སྣ་ཚོགས་ཆར་པ་བབ། །དེ་ནས་ཡིད་ལ་གང་འདོད་པ། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཞེས། །སྔོན་གྱི་ལོ་རྒྱུས་ཐོས་དང་མཚུངས། །ཁྱད་པར་ཀཿཐོག་རྡོ་རྗེ་གདན། །ཕུབ་ཁུར་དགོན་དང་རྨུགས་སངས་སོགས། །གསང་སྔགས་རྙིང་མ་འཛིན་པ་ཡིས། །དགེ་འདུན་བརྒྱ་སྟོང་དུ་མ་ཚོགས། །ཀཐོག་དྲུང་པས་གཙོར་བྱས་


CMR003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གོ་ས་ཆེན་པོ་འཛིན་པ་དང་། །སངས་རྒྱས་བཀྲ་ཤིས་ལ་སོགས་པའི། །ཚེ་གཅིག་སྒྲུབ་པ་བྱེད་རྣམས་དང་། །ཀཿཐོག་སྐུ་སྐྱེ་ལ་སོགས་པའི། །བསམ་བཞིན་སྐྱེ་བ་བཞེས་རྣམས་དང་། །རྒྱ་བན་མུ་ནུ་ལྷས་འཚོ་སོགས། །རིག་འཛིན་བརྒྱུད་པའི་ཕྲེང་བ་ནི། །མུ་ཏིག་སྟར་ལ་བརྒྱུས་འདྲ་དང་། །སངས་རྒྱས་རྡོ་རྗེ་ལ་སོགས་པའི། །ཡོངས་རྫོགས་དགེ་བའི་བཤེས་གཉེན་ཚོགས། །ཡོངས་གྲགས་པདྨ་བློ་གྲོས་དང་། །ཆོས་སྐྱོང་རྒྱ་མཚོ་ལ་སོགས་པའི། །དབོན་རྒྱུད་རིགས་རུས་མཐོ་རྣམས་དང་། །ཀུན་བཟང་ཤེས་རབ་ལ་སོགས་པའི། །ཆོས་བདག་ལས་ཅན་ཐམས་ཅད་དང་། །གུ་རུ་མཁྱེན་བརྩེ་ཡེ་ཤེས་སོགས། །རང་གི་རྩ་སློབ་གྲྭ་འཁོར་ལ། །རྫོགས་ཆེན་ཁྲིད་ཆེན་ལན་གཉིས་བཙུགས། །གསང་སྔགས་རྩ་བ་ཆོས་ཀྱི་སྙིང་། །གཏུམ་མོ་ཨ་ཐུང་ཁྲིད་མང་བཙུགས། །རས་རྐྱང་ཐུབ་པ་བརྒྱ་ཕྲག་ཙམ། །རྡོ་ཡིས་བཅུད་ལེན་གནང་བ་ཡིས། །གེགས་མེད་མཐར་ཕྱིན་མང་དུ་བྱུང་། །ཟབ་ལམ་འཕོ་བ་གྲངས་མེད་གནང་། །ཞག་པོ་རེ་ཟུང་ཙམ་ཉིད་ལས། །སྤྱི་བོ་སྐྲངས་དང་ཁྲག་རྡོལ་སོགས། །རྟགས་མཚན་ཐོན་པ་གྲངས་ལས་འདས། །གཞན་ཡང་


CMR003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་ཞུས་པ་རྣམས། །གང་གསུངས་ཐོག་ཏུ་བབ་པ་དང་། །ནད་དང་གདོན་གྱིས་ཉེན་པ་ལ། །རྟེན་འབྲེལ་བྱིན་རླབས་ལ་སོགས་ཀྱིས། །ཕན་ཐོགས་ངེས་ཤེས་ལྡན་པ་ནི། །སོ་སོའི་ངག་ནས་མང་ཐོས་ཏེ། །བྲི་བར་མི་ལོང་ཕལ་ཆེར་བརྗོད། །སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་འགྲོ་དོན་ཕྲིན་ལས་རྒྱས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སྔོན་གྱི་ལུང་བསྟན་ལྟར། །གནས་སྒོ་ཕྱེས་པའི་རྣམ་ཐར་ནི། །སྨར་ཁམས་ཀེ་རུའི་སྒང་ཁྲེལ་ཟུར། །ལྷོ་ཟླ་ངང་མའི་གཡོན་ངོས་ནས། །རེག་ཅེས་བྱ་བའི་ས་ཡི་ཕྱོགས། །སེ་ཡུ་གཡང་འབེབས་ཞེས་བྱའི་རི། །ཙཱ་རི་རང་བྱུང་མཆོད་རྟེན་གྱི། །གནས་ཕྲན་སྟོང་གི་ཡ་གྱལ་གཅིག །དེ་ཡི་གནས་སྒོ་གསར་དུ་ཕྱེས། །དབུས་ན་བྱང་ཆུབ་མཆོད་རྟེན་བརྒྱད། །གཡས་སུ་ཨོ་རྒྱན་གཙོ་འཁོར་གསུམ། །གཡོན་དུ་རིགས་གསུམ་མགོན་པོའི་སྐུ། །མདུན་དུ་ཤེལ་གྱི་མཆོད་རྟེན་དང་། །རྒྱབ་ཏུ་ཐུབ་པ་གཙོ་འཁོར་གསུམ། །གནས་བརྟན་བཅུ་དྲུག་གིས་བསྐོར་བ། །གཞན་ཡང་མྱང་འདས་མཆོད་རྟེན་དང་། །དགྱེས་རྡོར་དབུ་ཕྱག་མཐའ་ཡས་པ། །དུང་གི་མཆོད་རྟེན་པུ་རི་དང་། །ཤེལ་གྱི་མཆོད་རྟེན་རྩེ་དགུ་པ། །མཆོད་རྟེན་བཀྲ་


CMR003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་སྒོ་མང་དང་། །ཨཱརྱ་ཛཾ་བྷ་ལ་ཡི་སྐུ། །རྡོ་རྗེ་གདན་གྱི་བཀོད་པ་དང་། །རི་བོ་རྩེ་ལྔའི་བཀོད་པ་དང་། །བྱམས་པའི་སྐུ་དང་ལྷ་མོའི་སྐུ། །དཔལ་འབར་མ་དང་སྣང་མཐའི་སྐུ། །ཨོ་རྒྱན་ཞབས་རྗེས་ལ་སོགས་པ། །སྔོན་ཆད་མཐོང་ཐོས་མེད་པ་ཡི། །ངོ་མཚར་གནས་ཆེན་གསར་དུ་ཕྱེས། །དེ་དང་ཉེ་བའི་གནས་ཆེན་ནི། །རེག་ལ་དཀར་འཛོངས་ཞེས་བྱ་བ། གནས་སྒོ་བདུན་ནི་ཡོད་པའི་ནང་། །བདེ་བ་ཕུག་གི་གནས་སྒོ་ཕྱེས། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་སྐུ། །ཚེ་དཔག་མེད་དང་ཕག་མོའི་སྐུ། །བདེ་མཆོག་ལྷན་སྐྱེས་ཧེ་རུ་ཀ །ཕྱག་སྟོང་སྤྱན་སྟོང་ཀུན་ཏུ་བཟང་། །རིགས་གསུམ་མགོན་པོ་ཨོ་རྒྱན་སྐུ། །ཨོ་རྒྱན་གཙོ་འཁོར་གསུམ་པོ་དང་། །རྒྱུད་གུར་ཞིང་སྐྱོང་མགོན་པོའི་སྐུ། །ཨོ་རྒྱན་བཻ་རོ་ཙཱ་ན་དང་། །རྗེ་འབངས་རྣམས་ཀྱི་ཞབས་རྗེས་དང་། །ཡིག་འབྲུ་རང་བྱོན་མང་པོ་བསྟན། །ཡོས་ལོ་རྟ་ཟླའི་ཉེར་གཉིས་དང་། །ཉེར་གསུམ་སྐོར་ལ་གནས་སྒོ་ཕྱེས། །ཕྱིར་ལོ་འབྲུག་ལོའི་དཔྱིད་སོ་ལ། །རཱ་ག་ཨ་སྱའི་སྒར་པ་ཡང་། །གནས་དེའི་འགྲམས་ནས་གཤར་བའི་ཚེ། །གནས་ཁྲིད་པ་ནི་མ་རྙེད་པས། །གནས་ཕུག་མཇལ་བར་མ་


CMR003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱང་། །བརྒྱ་ཕྱག་མཎྜལ་བརྒྱ་ཙམ་ཕུལ། །ནམ་མཁའ་ཤིན་ཏུ་དྭངས་བ་ལ། །སྐད་ཅིག་ཉིད་ལ་འཇའ་སྤྲིན་ནི། །དཀར་པོ་འཇམ་ཞིང་མཛེས་པ་ལ། །མཐའ་ནི་ཁ་དོག་སྣ་ལྔ་ཡིས། །ཟེར་མ་མུ་རན་བྱས་འདྲ་བ། །དེ་ལས་གྲུབ་པའི་ཨུཏྤལ་གཟུགས། །དེ་འདྲ་གཅིག་མིན་མང་པོ་ལ། །བར་མཚམས་ཤིང་ལོ་པ་ཏྲའི་གཟུགས། །ལྷ་བཟོ་མཁས་པས་བྲིས་པ་བཞིན། །ཁྲ་དང་ཤིགས་སེ་ནམ་མཁའ་གང་། །གནས་མདུན་ཕ་བོང་ཆེན་པོ་ལ། །ཡིག་དྲུག་རང་བྱོན་གསལ་བར་མཇལ། །ཕར་ལ་སོང་བས་སྔོན་མེད་པའི། །ཤ་འོད་ལྟ་བུའི་ཆུ་སྣ་གཅིག །འུར་སྒྲ་དང་བཅས་རང་མདུན་བརྒྱབས། །དེ་ཡང་དངོས་གྲུབ་ལྟས་སུ་གོ །ཕར་ཁོར་ཕྱིན་ནས་ཚུར་བལྟས་པས། །གནས་ཀྱི་རི་ནི་དེ་གཉིས་པོ། །སྒྲོལ་མ་དཀར་སྔོན་དབྱིབས་སུ་མཐོང་། །མ་གཅིག་ལབ་སྒྲོན་གསུངས་ལས་ཀྱང་། །བོད་ཀྱི་རི་ནི་ཕལ་ཆེར་ཞིག །སྤྱན་རས་གཟིགས་དང་སྒྲོལ་མ་ཡི། །དབྱིབས་སུ་ཡོད་ཅེས་གསུངས་དང་མཚུངས། །ཡར་བལྟས་ནམ་མཁའི་འཇའ་སྤྲིན་ལ། །ཨུཏྤལ་དོད་པ་དེ་ཡང་མཐོང་། །ངེས་ཤེས་དད་པས་མཆི་མ་འཁྲུགས། །སྨར་ཁམས་སྒང་གི་སྐྱ་སེར་རྣམས། །ཕར་ལམ་


CMR003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མྱུར་དུ་བསླེབས། །ངེད་ཚོས་མཇལ་རྒྱུ་མ་བྱུང་འགྱོད། །ཚུར་ལམ་མཇལ་ནས་གནམ་ཆོས་ཀྱི། །འབྲེལ་བ་ཞུ་འདོད་ཟེར་མཁན་མང་། །ཙཱ་རི་ཏྲ་སོགས་གནས་ལག་སྟེ། །ཁྲ་ཤོད་སྤོམ་བྲག་ཅེས་བྱ་བ། །གྲུབ་ཐོབ་མང་པོའི་སྒྲུབ་གནས་དེར། །ཟླ་ཤས་ཙམ་ཞིག་གནས་འབྲེལ་མཛད། །སྔོན་ཆད་སུ་ཡིས་མི་ཤེས་པའི། །གནས་ཞལ་ལྷ་ཞལ་ངོ་སྤྲོད་བརྩམས། །ཁ་སར་པཱ་ཎི་བདེ་མཆོག་སྐུ། །ཡཀྵ་མེ་དབལ་ཕག་མོའི་སྐུ། །ཕྱག་རྡོར་རྡོ་རྗེ་སེམས་དཔའི་སྐུ། །བདེ་མཆོག་ལྷན་སྐྱེས་སངས་རྒྱས་སྟོང་། །ཐུགས་རྗེ་ཆེན་པོ་ཛཾ་བྷ་ལ། །ཞི་བ་བཞི་བཅུ་ཨོ་རྒྱན་སྐུ། །ཕག་མོ་ཤཱཀ་ཐུབ་ཚེ་དཔག་མེད། །བྱམས་པ་ཁྲོས་ནག་ཕྱག་རྡོར་སྐུ། །རྒྱལ་བ་རྒྱ་མཚོ་རྟ་མགྲིན་སྐུ། །རྡོ་རྗེ་འཆང་དང་མི་འཁྲུགས་པ། །རྡོར་སེམས་རྡོ་རྗེ་གཞོན་ནུའི་སྐུ། །ཨོཾ་ཨཱཿཧཱུྃ་སོགས་ཡིག་འབྲུ་དང་། །ཨོ་རྒྱན་རྗེ་འབངས་ཉེར་ལྔ་ཡི། །ཞབས་རྗེས་མང་བ་གསར་དུ་ཕྱེས། །དེ་དང་ཉེ་བའི་གནས་ཆེན་ནི། །ཨོ་རྒྱན་སྒྲུབ་ཕུག་ཇོ་ཕོའི་རི། །གནས་སྒོ་གསར་དུ་ཕྱེས་པ་ན། །སྤྱན་རས་གཟིགས་དང་ཛཾ་བྷ་ལ། །བདེ་ཆེན་རྒྱལ་མཚོ་རྣམ་རྒྱལ་མ། །ཀུན་ཏུ་བཟང་པོ་ཚེ་དཔག་


CMR003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །པདྨ་འབྱུང་གནས་རོ་ལངས་མ། །ཨོ་རྒྱན་ཕྱོགས་སྐྱོང་བཅུས་བཏེག་པ། །དུང་གི་མཆོད་རྟེན་ཚོགས་བདག་སྐུ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྒྱད། །ཨོ་རྒྱན་གཙོ་འཁོར་གསུམ་གྱི་སྐུ། །དུང་གི་མཆོད་རྟེན་འབུར་མང་ལ། །ཕྱག་བཞི་པ་དང་ཕག་མོའི་སྐུ། །མྱང་འདས་མཆོད་རྟེན་རང་བྱོན་དང་། །ཁ་སར་པཱ་ཎི་ཨོ་རྒྱན་སྐུ། །གནོད་སྦྱིན་ཕག་གདོང་ནག་པོ་དང་། །གཤིན་རྗེ་ཆོས་རྒྱལ་སྐུ་ཡང་བསྟན། །ཤཱཀ་ཐུབ་བདེ་མཆོག་ཡབ་ཡུམ་དང་། །རྡོ་རྗེ་འཆང་དང་གུར་མགོན་དང་། །ཨེ་ཀ་ཙཱ་ཏི་དུར་ཁྲོད་བདག །དངོས་གྲུབ་ཞལ་དང་སེང་གདོང་མ། །ཆོ་འཕྲུལ་བསྟན་པའི་མཆོད་རྟེན་དང་། །ཐུབ་དབང་འོད་དཔག་མེད་པའི་སྐུ། །ཕྱག་སྟོང་སྤྱན་སྟོང་ཨོ་རྒྱན་སྐུ། །དུང་གི་མཆོད་རྟེན་ཛཾ་བྷ་ལ། །རིན་འབྱུང་ཤཱཀྱ་སེང་གེ་སོགས། །རང་བྱོན་སྐུ་གཟུགས་མང་པོ་དང་། །ཞབས་རྗེས་ཡིག་འབྲུ་ལ་སོགས་པ། །དཔག་ཏུ་མེད་པ་གསར་དུ་བཏོན། །དེ་ནས་ཆུ་ཡོས་སྤྲེལ་ཟླ་ཡི། །དམར་པོའི་ཕྱོགས་ཀྱི་ཚེས་གཉིས་ལ། །འབྲི་རྒྱུད་གཉེན་དང་གནས་ལག་ཕྱེས། །བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། །གསེར་གྱི་མཆོད་རྟེན་ཡི་གེ་ཨ། །ཚེ་དཔག་རྟ་ཕག་ཡབ་


CMR003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྐུ། །བདེ་མཆོག་རྡོ་རྗེ་ཕག་མོའི་སྐུ། །ཨོ་རྒྱན་བྲམ་ཟེ་མཆོག་སྲེད་སྐུ། །ལོ་མ་གྱོན་མ་རྡོ་རྗེ་འཆང་། །དུང་ལྕགས་ཟངས་ཀྱི་མཆོད་རྟེན་གསུམ། །ཕྱག་རྡོར་སྐུ་རྣམས་རང་བྱོན་དང་། །རི་བོ་རྩེ་ལྔའི་བཀོད་པ་དང་། །རྡོ་རྗེ་བུམ་པ་ནོར་བུ་སོགས། །ཕྱག་མཚན་མང་པོ་རང་བྱོན་དང་། །ཨོ་རྒྱན་འཕུར་བའི་སྐུ་རྗེས་སོགས། །ཞབས་རྗེས་མང་རབས་གསར་དུ་བཏོན། །དེ་ནས་འབྲི་ཆུ་སྔོན་མོའི་འགྲམ། །རྨུགས་སངས་ཞེས་བྱའི་གནས་མཆོག་ལ། །གནས་ཕྲན་བཅུ་གསུམ་ཡོད་པ་ལ། །ཉིན་མོའི་ཕྱོགས་ཀྱི་གནས་སྒོ་ཕྱེས། །རྡོ་ཡི་ཚ་ཚ་རང་བྱོན་དང་། །ཤཱཀ་ཐུབ་ཉེ་སྲས་བརྒྱད་ཀྱིས་བསྐོར། །རྡོ་རྗེ་འཆང་དང་ཡི་གེ་ཨ། །ཨོ་ཡིག་གསུམ་དང་ཨཱཡིག་ལྔ། །རྡོ་རྗེ་འཆང་དང་དབུ་བཅད་མ། །སེམས་ཉིད་ངལ་བསོ་ས་ཡི་སྙིང་། །ཤཱཀ་ཐུབ་ཁྲོ་རྒྱལ་མི་གཡོ་མགོན། །ཨོ་རྒྱན་ཡབ་ཡུམ་ཕྱག་རྗེས་སོགས། །གཞན་ཡང་གཏེར་སྒྲོམ་ཕ་བོང་གཉིས། །ངོ་མཚར་དཔག་ཏུ་མེད་པ་སྟོན། །ཐོག་མར་སྔ་བ་འབུམ་རྫོང་སྟེ། །སྤོམ་ནེ་བྲག་དང་འགྲམ་རྒྱལ་དང་། །ནམ་རུ་ཀླུ་རྫོང་ཕྱུག་མོ་གཉིས། །ར་ཚ་དཀར་འབེབས་ཞེས་བྱ་དང་། །སྤྱི་འབྱམས་གནས་དང་དེ་


CMR003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཡས། །བྲག་དཀར་སེང་གེ་གནམ་མཆོངས་ཏེ། །དེ་རྣམས་གནས་སྒོ་གསར་དུ་ཕྱེས། །འབུམ་རྫོང་གནས་ལག་རྨ་བྱ་ཕུག །ན་བུན་རྫོང་དང་ཡེལ་ཕུག་དང་། །དམིགས་ཡེ་ཕུག་དང་རྟ་རྣ་དང་། །འོག་མིན་ཀརྨ་རྣམས་སུ་ཡང་། །ཞལ་གཟིགས་རང་བྱོན་མང་པོ་བསྟན། །རང་བྱོན་ལ་ལ་གསལ་གྲགས་ཤིང་། །སྔོན་ཆད་སུས་ཀྱང་མཐོང་ཐོས་མེད། །དེ་ཕྱིར་དད་པ་སྐྱེས་པ་དང་། །ཡུལ་གྲུ་སོ་སོར་གནས་རྣམས་ལ། །ཕྱག་འཚལ་བསྐོར་བ་བསོགས་པ་དང་། །མར་མེ་འབུལ་དང་དར་ལྕོག་འཛུགས། །ཉམས་རྟོགས་ལྡན་པའི་རྟོགས་ལྡན་རྣམས། །གནས་འབྲེལ་བྱེད་དང་ཚོགས་བརྒྱ་གསོག །ལོ་མཚམས་བྱེད་དང་ཟླ་མཚམས་བྱེད། །ཞག་བདུན་ཡན་ཆད་སྒྲུབ་པ་དང་། །གཅོང་ནད་ཅན་འགས་གནས་བསྐོར་བས། །ནད་དང་གདོན་ལས་གྲོལ་བ་དང་། །ཕྱུག་པོ་ནོར་ཡོད་ལ་ལ་ཡིས།། །བསྐོར་གླ་གཏད་པའི་སྲོལ་འཇག་སོགས། །སྐྱ་སེར་བོད་སོག་ཐམས་ཅད་ལ། །སྒྲིབ་སྦྱོང་འགྲོ་དོན་བསམ་མི་ཁྱབ། །འགྲོ་དོན་དུས་བབ་ཨེ་མ་ཧོ། །སྤྲུལ་པའི་སྐུ་རིན་པོ་ཆེ་དེ་ཉིད་ཀྱིས་གནས་སྒོ་ཕྱེས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་འབྲུག་ལོ་དབྱར་གྱི་དུས། །རྣལ་


CMR003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རཱ་ག་ཨ་སྱ་བདག །སྨར་ཁམས་ཕྱོགས་སུ་ཕྱིན་པའི་ཚེ། །ས་ཡང་གཉན་ས་མིན་པ་ཡིས། །མཚེར་རྙིང་གཅིག་ཏུ་སྒར་པ་བརྒྱབས། །དེ་ནུབ་འབྲུག་སྒྲ་ཚག་ཆོམ་ནི། །ཐོག་ནི་བརྒྱབ་ལ་ཁད་ཙམ་བྱས། །སེར་བ་ཞུད་པའི་ཆར་དྲག་བབས། །ཕྱིར་ནངས་ནམ་ལངས་ཉམས་སྣང་ལ། །མི་ནི་ནག་པོ་རྟ་ནག་ཅན། །མི་དམར་ཁ་ཤོ་རྟ་དམར་ཅན། །མི་སྔོན་གོས་སྔོན་རྟ་སྔོན་ཅན། །གསུམ་ཀ་མདའ་གཞུ་འཁོར་གསུམ་བཏགས། །ཆས་བཟང་གཟུགས་ནི་མི་ལས་ཆེ། །བདག་མདུན་སྒར་པའི་ནང་དེ་ན། །ཡར་ཉུག་མར་ཉུག་བྱེད་ཅིང་གདའ། །དཔོན་རིགས་འཇིགས་པ་འགའ་རེད་བསམ། །ཁྱེད་རྣམས་གང་ནས་ཡིན་སྨྲས་པས། །ངེད་རྣམས་སྔར་ནས་ཡོད་ལེ་ཁ། །ཟེར་བ་དེ་ཉིད་བཀའ་སྲུང་ནི། །སྤུ་གྲི་མཆེད་གསུམ་ཡིན་པར་གོ །དེ་ཉིད་མི་སྣང་ཡལ་བར་གྱུར། །དེ་ནས་ཞག་པོ་བདུན་ཙམ་ནས། །སྤྲུལ་སྐུའི་དྲུང་ནས་མགོན་སྲུང་བྱུང་། །རྒྱ་རྔ་བཟང་པོ་ལ་སོགས་པའི། །གནང་སྦྱིན་ཤིན་ཏུ་གྱ་ནོམ་དང་། །བཀའ་ཤོག་བཅས་པ་ཕེབས་བྱུང་བས། །ཞག་གྲངས་བརྩིས་པས་སྤྲུལ་སྐུ་ཡིས། །དྲུང་ནས་མགོན་སྲུང་འོང་ནུབ་རེད། །སྤུ་གྲི་མཆེད་


CMR003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཏོར་འབུལ་དང་། །བཀའ་བསྒོ་མཛད་པའི་རྟགས་སུ་སྣང་། །ཕར་ལ་ཞུ་ཡིག་ཞིབ་རྒྱས་ཕུལ། །རྨིས་ལྟས་གསལ་བར་བྱུང་བའི་ཕྱིར། །འབུར་མོ་རྫོངས་སུ་བཞུགས་པ་ན། །ཆབ་མདོ་ལ་སོགས་དཔོན་རྣམས་ཀྱིས། །བྲོས་ལེ་རེད་པའི་སྣང་བ་འཆར། །སྡེ་དགེ་དད་པ་ཆེ་ན་ཡང་། །ཡུན་རིང་བཞུགས་ན་དེ་དང་འདྲ། །བདུད་འདུལ་རྡོ་རྗེའང་མི་མཉེས་དོགས། །ངེད་རང་རྙིང་མ་པ་ཡིན་པས། །རྙིང་མ་པ་ལ་ཕྱོགས་རིས་མེད། །རྙིང་མའི་ཕུག་ནི་ཀཐོག་ཡིན། །ཀཿཐོག་དངོས་སམ་དགོན་ལག་སམ། །ཐུགས་ལ་གང་འཕྲོད་གནས་རྣམས་སུ། །ཟླ་ཤས་སྐུ་མཚམས་དོམ་པར་མཛོད། །ས་གཅིག་ཡུན་རིང་བཞུགས་མི་བྱ། །སང་ཕོད་རྟ་ལོའི་དབྱར་ཁ་ལ། །ཆིབས་ཁ་ཡར་བསྒྱུར་དལ་བུས་ཕེབས། །སྔ་ན་སྟོན་ཁ་འདིར་ཕེབས་སམ། །ཕྱི་ཡང་རྟ་ལུག་ལོ་མཚམས་ལ། །ཅེས་ཀྱང་འདི་རུ་ཕེབས་པར་ཞུ། །དེ་སྐད་ཞུ་ཡིག་ཕུལ་བའི་ལན། །རྟ་ལོའི་དབྱར་ཁ་གོ་འཇོ་ནས། །བཙུན་པ་འགའ་ལ་བསྐུར་བྱུང་བ། །བསྣོན་འཕྲི་མེད་པ་འདི་ལགས་སོ།། ༄༅། །གཏན་གྱི་སྐྱབས་གནས་དམ་པ་ཆེན་པོའི་ཞབས་དྲུང་དུ། ཞུ་བ། འདི་ནས་ཁྲིད་སོགས་ཀྱི་གཞན་ཕན་ནི་


CMR003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་ཏུ་ཡོད་ལགས། བདག་རང་དོན་བཞག་ནས་གཞན་དོན་རྩེ་གཅིག་ཏུ་བྱེད་དགོས་པར་དགོངས་ན། ཉིད་ཀྱི་བཀའ་གསུང་ལན་མ་བཟློག་མི་སྤོབས་ཀྱང་། རང་ཡུལ་དུ་ལོ་གསུམ་ལ་འགྲོ་དོན་བྱས་པ་ལས་ནི། འདི་ན་ཞག་གསུམ་ལ་དབང་ལུང་ཁྲིད་སོགས་ཀྱིས་འགྲོ་དོན་འཕེལ་ཞིང་། གཏེར་གསར་རྙིང་གིས་བསྟན་པ་ལ་ཕན་ཐོགས་ཆེ་བ་ནི་བརྒྱའི་ཆར་ཡང་མི་ཕོད་འདུག་མོད་ལགས། རང་ཡུལ་དུ་དབང་ལུང་བྱས་རུང་ཡོན་བདག་གི་ངོ་སྲུང་རྐྱེན་བཟློག་ཙམ་དུ་སོང་འདུག་ང་འདི་ཕྱོགས་ལ་བསླེབས་ཚུན་ཆད་ལའང་འདི་ཕྱོགས་ན་གནམ་ཆོས་དང་། རཏྣའི་འདོན་སྲོལ་དང་དུས་མཆོད་སོགས་ལར་ང་རང་གིས་ཅི་བྱས་ཀུན་གྱིས་བྱེད་པ་ཉིད་ཡིན། ཚུར་ལའང་དབང་ལུང་སོགས་དུས་གཅིག་ལ་ནི་མི་འོང་འདུག་ཀྱང་མུས་མཐུད་དུ་ཞུ་ན་དབང་ལུང་འདི་ཕྱོགས་མི་བཞུགས་པ་ནི་ཅི་ཡང་མི་འདུག་ལགས། དཔོན་སློབ་ཉིད་མཇལ་བར་སྤྲོ་བ་ཡོད་རུང་ཞག་རེ་ལའང་བསྟན་ལ་ཕན་ཐོགས་ཆེ་བར་འོང་འོང་འདྲ་ནས་ཡིད་སྤྲོ་བར་ཡོད་ཚེ། ཡར་རང་ཡུལ་དུ་འོང་སྤྲོ་བ་གཅིག་ཀྱང་མེད། སང་བོད་ཚུན་ཚད་དུས་མ་བདེ་ན་ཁྱད་པར་དུ་ཡང་རང་ཡུལ་དུ་འོང་ནས་དགོས་པ་གཅིག་ཀྱང་


CMR003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མེད། འདི་ཕྱོགས་ས་བཙན་འཚེ་བ་བྲལ་བདེ་བར་གཉིད་ལོག་བདེ་བར་སད་པས་ཆོག་པ་ལགས། ལར་རྗེས་སོར་དུས་བདེ་ན་དཔོན་སློབ་ཉིད་མཇལ་ཞིང་སྤྲོ། དེ་ནས་སླར་ཡང་འདི་ཕྱོགས་སམ་ལྷོ་རྐང་སོགས་རྙིང་མའི་སྒྲུབ་སྡེ་དར་ས་ཞིག་ཏུ་སྡོད་ན་བདག་གཞན་གྱི་དོན་ལྷུན་གྱིས་གྲུབ་པ་ཞིག་བྱེད་ན་སྙམ་ལགས། གལ་ཏེ་རང་ཡུལ་དུ་སྡོད་པ་བྱུང་ན་ནི་རང་གཞན་གཉིས་དོན་གཡེལ་ནས་མི་ཚེ་སྟོང་ཟད་དུ་འགྲོ་འདུག་པས་མགོ་ནག་མི་དང་ངོ་མི་ཐུག་པའི་མཚམས་ཤིག་བྱེད་ནས་སྡོད་ན་མ་གཏོགས་རང་ཡིད་རང་ལ་ཆད་པ་ཞིག་བྱུང་ལགས། ལར་གྱི་མི་ཚེ་སྤྲིན་བར་གྱི་ཉི་ཞུར་འདྲ་བ་ལོ་ཟླ་གར་སོང་མི་ཚོར་བར་འགྲོ་བ་འདི་ལ་ཆོས་བྱེད་བསམ་གྱི་ངང་ལ་ལུས་པ་ཤིག་འདུག་པ་འདི། ཆོས་ཤིག་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞིང་དག་པ་དཔོན་སློབ་རིན་པོ་ཆེ་ཉིད་ཀྱི་མདུན་དུ་སྨོན་ལམ་གདབ་པ་ནི། བདག་ཚེ་གཅིག་ལུས་གཅིག་ལ་མངོན་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལས་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་འཛམ་གླིང་དཀར་འབྱམས་སུ་འགྲོ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་པའི་རྟེན་དུ་གསེར་


CMR003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སེ་བ་ལྔ་བཅུ་དང་བཅས་ཏེ་འབུལ་བས་སྨོན་ལམ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞུ་ཡིག་སྟོང་མིན་དུ་བསོད་ནམས་ཁ་བཏགས་དང་བཅས་ཟླ་གཅིག་ཚེས་གསུམ་དགེ་བར་ཕུལ་བའི་ཞུ་ཡིག་གོ །ཟེར་བའི་བཀའ་ཤོག་འདི་ཡང་བསླེབས་ནས་བྱུང་། །ཉིན་རེ་ང་ཡི་འགྱུ་བ་ལན་མང་དུ། །སྤྲུལ་སྐུའི་དྲུང་དུ་རྒྱུན་དུ་འཕྲོ་བ་དང་། །མཇལ་འདོད་སྐོམ་པ་ཆུ་ལ་གདུང་ལྟར་ཡོད། །ཟླ་རེ་བཞིན་དུ་གྲྭ་པ་ཞུ་ཡིག་སོགས། །འགྲིམ་པ་བཏང་འདོད་ཤིན་ཏུ་ཆེ་ན་འོང་། །རྒྱལ་པོ་ཡོན་མཆོད་ལ་སོགས་དཔོན་རྣམས་དང་། །སྡེ་དགེ་མི་མཐུན་རྩབ་རྩུབ་ཆེ་འདུག་པས། །དེ་ཕྱོགས་འགྲོས་འགྲིམ་མི་མང་སྡོད་མཁས་ཀྱིས། །ཟེར་བའི་ཁ་ད་བྱེད་མཁན་མང་བ་དེས། །བྱ་ཐབས་མ་རྙེད་དཔེར་ན་ལ་འོ་ཆེར། །གངས་རྡིབ་བབས་པའི་འགྲིམ་པ་བཞིན་དུ་ལུས། །ལན་འགའ་རྨི་ལམ་ཡུལ་དུ་མཇལ་ཚེ་ཡང་། །དངོས་སུ་མཇལ་བ་ལྟ་བུའི་དགའ་སྤྲོ་སྐྱེས། །ཤེས་ལྡན་དད་གུས་ལྡན་པ་མང་པོ་ཡིས། །སྤྲུལ་སྐུ་དེ་ཉིད་འདི་ཕྱོགས་མ་བཞུགས་ནས། །ས་ཡི་བཅུད་ཉམས་ལོ་ཡང་མ་ལེགས་པས། །ཚུར་ལ་གདན་འདྲེན་བྱེད་དགོས་ཞེས། །གྲོས་འདེབས་མཁན་ཡང་མང་དུ་


CMR003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །འོན་ཀྱང་ཕྱི་ནང་ཟང་ཟིང་གིས། །འགྲོ་བའི་སྟབས་ཀྱང་མ་འགྲིགས་སོ། །གདན་འདྲེན་ཞུས་ཀྱང་བཀའ་ཤོག་གིས། །བཀའ་རྒྱ་རིབ་ཏུ་དམ་པར་གདའ། །གལ་ཏེ་འདི་ཕྱོགས་ཕེབས་ན་ཡང་། །འགྲོ་བའི་མི་ལ་ཞལ་མི་སྟོན། །གསུངས་པ་དེ་ནི་རྟེན་འབྲེལ་ངན། །སྙམ་ནས་གདན་འདྲེན་བཏང་མ་ཡོད། །རྟ་ལོའི་དཔྱིད་སོ་རང་ཉིད་ཀྱི། །གཅུང་པོ་བླ་མ་ཆོས་དབང་གཤེགས། །དང་པོ་རིམ་གྲོ་བྱེད་པ་དང་། །རྗེས་ནས་དགོངས་རྫོགས་གདུང་རྟེན་སོགས། །རྣམ་གཡེང་ཆེ་བས་མགོ་མ་བྱུང་། །སིདྡྷའི་ཕྱག་མཚན་ཁ་ཊྭཱྃ་དང་། །ཨོ་རྒྱན་གསེར་སྐུ་ལ་སོགས་པའི། །བསྔོ་རྟེན་འོད་གསལ་ལ་གཏད་ནས། །དྲུང་དུ་མགྱོགས་བསྔོ་ཞུ་བཏང་བས། །གསེར་གྱི་གནང་སྦྱིན་དཔག་མེད་དང་། །བཀའ་ཤོག་བཅས་པ་གནང་བ་ཕེབས། །གསེར་གྱི་གནང་སྦྱིན་ལ་བརྟེན་ནས། །གདུང་རྟེན་རྣམས་ཀྱང་ཕྲལ་དུ་འགྲུབ། །སྤྲུལ་སྐུ་བཀའ་དྲིན་ཆེའོ་ཞེས། །གྲྭ་འཁོར་བསམ་ཡོད་རྣམས་ཀྱིས་གླེང་། །སྤྲུལ་སྐུ་རང་གི་སློབ་དཔོན་ལ། །སྔ་ཕྱི་བཀུར་སྟི་ཆེར་མཛད་པ། །ཁོང་ལས་ལྷག་པ་མ་ཡིན་ཏེ། །གསང་སྔགས་ཆོས་ཀྱི་ཆེ་བ་ནི། །དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་


CMR003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བ་སྤུ་ཉག་མཆོད་ལྷག །གསུངས་པའི་དོན་ལ་དགོངས་པ་སྟེ། །སྐྱེས་བུ་དམ་པའི་སྤྱོད་པ་ལགས། །སྤྲུལ་པའི་སྐུ་མཆོག་དེ་ཉིད་ཀྱིས། །བླ་མ་རྡོ་རྗེ་སློབ་དཔོན་ལ། །རིན་ཆེན་གསེར་ལ་གཞི་བླངས་པའི། །འབུལ་བ་ལན་གསུམ་མཛད་པ་དང་། །ཕ་ཡུལ་སྤངས་པའི་རྣམ་ཐར་སོགས། །ལེའུ་དེ་ནི་ཉེར་གཅིག་གོ། །།གཞན་ཡང་སྤྲུལ་སྐུ་དེ་ཉིད་ལ། །ཟང་ཟིང་གདུལ་བྱ་བྱུང་བ་རྣམས། །གསོག་པའི་འདུན་པ་མ་མཛད་པར། །འཕྲལ་བྱུང་འཕྲལ་དག་ཆེས་ཕྱིར་བཏང་། །རི་ཆབ་དཀར་ཟུར་ཚུན་ཆད་ནས། །ཀཿཐོག་ཚུན་གྱི་བར་ལམ་འདིར། །བླ་ཆེན་རྣམས་ལ་འབུལ་བ་དང་། །བླ་ཕྲན་རྣམས་ལ་གནང་སྦྱིན་དང་། །དགོན་པ་རྣམས་ལ་མང་ཇ་དང་། །སྔ་ཕྱིར་རི་བཤུ་ལན་ལྔ་ཙམ། །དང་པོར་དྲུང་ཡིག་ཡང་དག་པས། །གནམ་ཆོས་ཚར་གཅིག་བཞེངས་པ་ལ། །རྟ་ཁལ་གུར་སོགས་གནང་སྦྱིན་གཟབ། །གནམ་ཆོས་ལྷ་ཚོགས་དཔག་མེད་ཀྱི། །དབང་ཙག་བཟང་ལེགས་གསེར་རྒྱན་ཅན། །གནམ་ཆོས་རྣམས་ཀྱི་དཀྱིལ་ཐང་དང་། །ཉིད་ཀྱི་སྐྱེས་རབས་ཞལ་ཐང་རྣམས། །རང་གིས་བཀའ་བཀོད་མཛད་ནས་བཞེངས། །བུམ་སྒྲུབ་


CMR003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཉིས་ཡོན་བདག་མཛད། །སྔ་ཕྱི་བཛྲ་གུ་རུ་དང་། །ཡི་གེ་དྲུག་པ་གཉིས་ཀ་ལ། །དུང་ཕྱུར་བཅུ་གསུམ་ཡོན་བརྒྱབ་སྐད། །དཀོར་རྫས་ཟང་ཟིང་བྱུང་ཚད་རྣམས། །སུས་ཀྱང་མ་འཕྲོག་མ་བཅོམ་པར། །ཆོས་ཕྱོགས་ཐེང་བའི་རྣམ་ཐར་ཏེ། །སརྒའམ་ལེའུ་ཉེར་གཉིས་པའོ།། །།འབྲུག་གི་ལོ་ཡི་ལོ་མཇུག་ལ། །སྤྲུལ་སྐུ་ཚུར་ལ་ཕེབས་ཤིང་ཡོད། །ཟེར་བའི་སྐད་ཆ་ཐལ་ཐོལ་སྙན། །མར་ཐང་དཔལ་གྱི་རི་བོ་ཆེར། །སྟག་ལུང་ཞབས་དྲུང་མཇལ་དུ་ཕྱིན། །གནམ་ཆོས་གནས་བརྟན་སྒྲུབ་ཐབས་དང་། །བདེ་ཆེན་ཞིང་གི་སྒྲུབ་ཐབས་གཉིས། །ཕྱག་ཏུ་བཏང་བས་ཅང་མི་གསུངས། །ཕྱིར་ནངས་རྟོགས་འབུལ་བྱེད་པའི་ཕྱིར། །མདུན་དུ་སོང་བས་དྲུང་སྐོར་རྣམས། །རྟོགས་འབུལ་བྱེད་སར་མ་བཞུགས་ཟེར། །ང་རང་དཔོན་སློབ་གཉིས་ལས་མེད། །ཡུན་རིང་གསུང་གླེང་ཞིབ་པར་བྱུང་། །དེ་ཚེ་བཀྲ་ཤིས་དཔལ་གྲུབ་པའི། །ཞལ་ནས་བདག་ལ་འདི་སྐད་གསུངས། །སྔར་དུས་སྟག་ལུང་བཞུགས་པའི་སྐབས། །གཏེར་སྟོན་འཇའ་ཚོན་སྙིང་པོ་དེ། །ངེད་ལ་མཇལ་དུ་ཕེབས་བྱུང་ཡང་། །རྒྱུས་མེད་རེད་པས་རྩིས་མ་བཞག །ཕྱིས་སུ་ཁོང་གི་རྣམ་ཐར་


CMR003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །དེ་དུས་ཆོས་འབྲེལ་མ་ཞུས་སྙམ། །ཕྱིས་ནས་འགྱོད་པ་ཆེན་པོ་སྐྱེས། །ཁར་སང་གནམ་ཆོས་ཕུལ་བ་ལེགས། །བལྟས་པས་དད་པ་སྐྱེ་བར་བྱུང་། །དེང་སང་གཏེར་སྟོན་གར་བཞུགས་གསུངས། །ཀཐོག་ཕྱོགས་སུ་ཕེབས་པ་ཡིན། །ད་ལོ་ཚུར་ལ་ཕེབས་ཤིང་ཡོད། །ཟེར་བའི་སྐད་ཆ་ཐོས་ཞུས་པས། །ཕྱག་གཡས་ཐལ་མོ་གཡུག་མཛད་ཅིང་། །ད་ལོ་ཕེབས་པས་མི་དགའ་ཞེས། །ལན་གསུམ་བར་དུ་བསྐྱར་ནས་གསུངས། །སྐུ་ཡུལ་ཤིན་ཏུ་མཐོ་བ་དེས། །དེ་དོན་ཅི་ཡིན་ཞུ་མ་སྤོབས། །དགོངས་པ་གནད་ཆེན་ཡིན་པར་གོ །གདན་འདྲེན་བཏང་དུ་མི་ཕོད་པའི། །སེམས་ཀྱི་འཆང་རྡོ་དེ་ལ་བྱས། །ཕྱིས་སུ་ཨ་ནུ་མགོན་སྲུང་གིས། །གདན་འདྲེན་བཏང་ནི་མ་བྱུང་ཞེས། །སྡུག་གཏམ་མང་པོ་བྱེད་འདུག་སྟེ། །ང་ལ་ལན་ཁག་ཅུང་ཟད་མེད། །དེ་ནས་ཨ་ནུ་རྣམ་རྒྱལ་དེ། །རྨུགས་སངས་སྤྲུལ་སྐུའི་མཚམས་ཁུང་དུ། །མཇལ་དུ་སོང་ནས་མཇལ་འདུག་སྟེ། །ཕ་ཚོའི་ནང་ནས་མཐུན་ཕྱོགས་དང་། །ཐུགས་ཡིད་གཅིག་འདྲེས་ཡིན་པའི་ཕྱིར། །ཡར་ལ་ཕེབས་དགོས་ཟེར་བ་ཡིས། །ཞུ་འབུལ་ནན་ཏན་བྱས་འདུག་སྟེ། །བཀའ་གསུངས་ཅི་ཡང་མ་


CMR003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ཟིན། །དེ་རྗེས་རྣམ་རྒྱལ་ང་སར་བྱུང་། །ཅི་སྔ་དེ་ཕྱོགས་འགྲོ་ཟེར་བས། །བརྟན་བཞུགས་སྐུ་རིམ་དགོས་ཚུལ་དང་། །ཨོ་རྒྱན་རྗེ་ཡི་ལུང་བསྟན་ལས། །བཀག་པ་ཆེན་པོ་མི་གདའོ་ན། །འདི་ཕྱོགས་ཇེ་མྱུར་ཕེབས་དགོས་ཚུལ། །གལ་ཏེ་ཕེབས་ན་གྲྭ་པ་ཞིག །སྔོན་ལ་ཐོངས་དང་བསུ་ཁལ་དང་། །བསུ་མི་ཇི་མང་བཏང་ཞུས་ཤིང་། །བྱིན་རླབས་རྟེན་དང་སྲུང་ཟློག་རྫས། །དམ་རྫས་ཕབ་གཏའ་ལ་སོགས་པའི། །ཇ་སིག་གཅིག་གི་ཚད་ཙམ་བསྐུར། །ཁོ་ཉིད་ཆབ་མདོར་ཡུན་རིང་འགོར། །སྟག་གཟིག་ཡུལ་དུ་སླེབ་ཙམ་ན། །སྤྲུལ་སྐུ་འདས་པ་ཐོས་ཟིན་པས།།དེ་ནས་ཕར་ལ་མ་ཕུལ་བར། །ཚུར་ཁྱེར་ཕྱིས་སུ་བདག་ལ་འཕྲོད། །ཅེས་པ་སྤྲུལ་པའི་སྐུ་དེ་ཉིད། །གདན་འདྲེན་བྱེད་སྟབས་མ་འགྲིགས་ཤིང་། །བྱས་ཀྱང་ཞལ་བཞེས་མ་གནང་བའི། །ལེའུ་དེ་ནི་རྩ་གསུམ་མོ།། །།དེ་ནས་སྤྲུལ་པའི་སྐུ་ཉིད་ལ། །རིག་འཛིན་བདུད་འདུལ་རྡོ་རྗེ་དང་། །རྩེ་ལེ་མཆོག་གི་སྤྲུལ་སྐུ་སོགས། །ལྷོ་པ་སྤྲུལ་སྐུའི་གཙོར་བྱས་པའི། །བསམ་བཞིན་སྐྱེ་བ་བཞེས་རྣམས་དང་། །ཀཐོག་ཕྱོགས་སུ་བཞུགས་པ་ཡིས། །སངས་རྒྱས་རྡོ་རྗེ་ལ་སོགས་པའི། །མཁས་


CMR003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླ་མ་ཐམས་ཅད་ཀྱིས། །སོ་སོའི་བརྟན་བཞུགས་ཕུལ་བ་རྣམས། །ཕྱོགས་གཅིག་ཏུ་ནི་བྲིས་པ་ན། །གནམ་ཆོས་པོ་ཏི་ཙམ་ཞིག་སྣང་། །ཉིད་ཀྱི་མཛད་ཆོས་སྐོར་ལ་ནི། །སངས་རྒྱས་སྟོང་གི་མཚན་འབུམ་དང་། །ཕྲིན་ལས་བཞི་ཡི་སྦྱིན་སྲེག་དང་། །སྒྲ་དང་སྙན་ངག་གསུང་མགུར་དང་། །བརྩམས་ཆོས་སྐོར་ལ་པོད་ཆུང་གསུམ། །ཞི་བརྔན་བསང་གསུམ་རྒྱས་འབྲིང་བསྡུས། །གཤིན་རྗེ་ཚོང་བཟློག་ལ་སོགས་པ། །འགྲིགས་ཆོག་མཛད་པ་འགའ་ཞིག་དང་། །གནམ་ཆོས་སྐོར་གྱི་མཐའ་རྒྱས་ལ། །སྔར་མེད་དབང་ཙཀ་རྒྱབ་ཡིག་རྣམས། །རླུང་ཁྲིད་འཁྲུལ་འཁོར་མང་པོ་དང་།། །མདོར་ན་བསླབས་སོགས་མ་དགོས་པར། །གསོ་བ་རིག་པ་ས་རིས་དང་། །ནག་རྩིས་ལ་སོགས་རིག་པའི་གནས། །ཆེ་ཕྲ་ཀུན་ལ་མཁྱེན་པ་རྒྱས། །གཏེར་སྟོན་ཤེས་རབ་མེ་འབར་ཉིད། །ཡིན་ལ་ཡིན་ལྟར་ཤེས་རབ་འབར། །ཁྱད་པར་བོད་སྒྲའི་ཡི་གེ་ལ། །ས་མཐའ་འཐོབ་དང་མི་འཐོབ་པ། །ཞ་ལུ་ལོ་ཆེན་ལ་སོགས་པའི། །མཁས་པ་སུས་ཀྱང་མ་མཛད་པས། །དབུས་གཙང་གྲྭ་ས་རྣམས་སུ་ཡང་། །ས་མཐའ་ཡིད་ལ་བཟུང་དགོས་ཀྱི། །བསྡོམ་ཚིག་མེད་


CMR003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྨྲ་སྲོལ་སྣང་། །འོན་ཀྱང་སྤྲུལ་སྐུས་བསྡོམ་ཚིག་མཛད། །འདི་འདྲ་ངོ་མཚར་བླ་ན་མེད། །སྙན་ངག་ལིང་ཚེ་མ་ལ་སོགས། །མཁས་པ་རེ་ཟུང་མ་གཏོགས་པ། །མཁས་པ་ཕལ་གྱིས་སྤྱོད་ཡུལ་མིན། །འོན་ཀྱང་སྙན་ངག་ལིང་ཚེ་མ། །སྔར་མེད་ངོ་མཚར་ལྡན་པ་མཛད། །སྐུ་ཚེ་བར་ཆད་མ་བྱུང་ན། །ཨོ་རྒྱན་བསྟན་འཛིན་པཎྜི་ཏ། །ཀློང་ཆེན་རབ་འབྱམས་གཉིས་པ་ཞིག །འོང་བར་ཐེ་ཚོམ་མ་མཆིས་སོ། །དགུང་ལོ་བཅུ་པ་རྟ་ལོའི་མཇུག །སྐུ་སྐྱེར་ངོས་བཟུང་མཚན་གསོལ་ནས། །ལུག་སྤེལ་བྱ་ཡི་ལོ་ཧྲིལ་གསུམ། །སློབ་དཔོན་རཱ་ག་ཨ་སྱས་དང་། །མཉམ་དུ་མཚམས་བསྡམས་སྒྲུབ་པ་མཛད། །ཁྱི་ཕག་བྱི་གླང་ལོ་ངོ་བཞིར། །གནས་སྒོ་ཕྱེ་བ་ལ་སོགས་པ། །ཤོག་རེ་ཤོག་རེ་ཕྱོགས་སུ་ཕེབས། །དེ་མིན་མཚམས་སྒྲུབ་གཙོ་ཆེར་མཛད། །གླང་སྟག་ཡོས་ཀྱི་ལོ་ངོ་གསུམ། །མཚམས་སྒྲུབ་མཛད་པའི་བར་སྐབས་སུ། །ཐག་རིང་ཕྱོགས་ནས་འོང་བ་ཡིས། །དད་ལྡན་ཆོས་བདག་འགའ་ཟུང་ལ། །གནམ་ཆོས་དབང་ལུང་འགའ་རེ་དང་། །རླུང་ཁྲིད་འཕོ་ལུང་ལ་སོགས་པ། །བུག་སྒོར་ཆོས་བཤད་ཅུང་རེ་མཛད། །འབྲི་སྨར་ཕྱོགས་སུ་ཕེབས་ནས་ཀྱང་། །


CMR003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྨུགས་སངས་ལ་སོགས་དབེན་གནས་སུ། །སྒྲུབ་པ་གཙོ་བོར་མཛད་པར་སྣང་། །མདོར་ན་དགུང་ལོ་བཅུ་གཅིག་ནས། །ཉེར་གསུམ་ཚུན་ཡན་འདས་ཁའི་བར། །སྐུ་ཚེའི་ཕྱེད་དེ་སྐུ་མཚམས་ཡིན། །དེ་ཕྱིར་ཉམས་དང་རྟོགས་པ་ཡང་། །རོ་གཅིག་ཆེན་མོའམ་སྒོམ་མེད་ཙམ། །ཡིན་རྟགས་རེ་མེད་མ་ལ་སོགས། །གསུང་མགུར་ཞལ་གདམས་རྣམས་ནས་གསལ། །དགུང་ལོ་བཅོ་བརྒྱད་བཅུ་དགུའི་བར། །ཚིགས་བཅད་བརྩམས་པ་མི་དགོངས་ཀྱང་། །ཐག་ཆོད་ང་རང་རྒྱུས་ཡོད་དེ། །ཕྱིས་ནས་ཉམས་རྟོགས་བོགས་ཐོན་པས། །སྣང་བ་དཔེ་ཆར་ཤར་བར་སྣང་། །དེ་ལྟར་སྤྲུལ་པའི་སྐུ་དེ་ཉིད། །འཆད་རྩོད་བརྩམས་ལ་མཁས་པ་དང་། །སྒྲུབ་པའི་རྒྱལ་མཚན་བཙུགས་པ་དང་། །ཉམས་རྟོགས་མཐའ་རུ་ཕྱིན་པ་ཡི། །ལེའུ་དེ་ནི་ཉེར་བཞིའོ།། །།ཕུར་ཁུར་དགོན་དུ་བཞུགས་པའི་ཚེ། །བསྙུངས་ནས་སྐུ་རིམ་ཆེར་མཛད་པས། །སློབ་དཔོན་རཱ་ག་ཨ་སྱ་ལ། །ཛཾ་ནག་ལི་མ་སོགས་བསྐུར་ནས། །འདི་ཉིད་ཕྱག་ཏུ་ཕྱིན་པའི་དུས། །སྐུ་ལས་བདུད་རྩི་བབས་པ་ཡིན། །རྟེན་འདི་ཁམས་ཆེ་རྩིས་ཆེར་མཛོད། །ང་ནི་ས་མཐར་ནད་ཀྱིས་མནར། །


CMR003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མགོན་བྲལ་ནས་ཡོད་ལགས་པས། །ཐུགས་དམ་སྐྱབས་འཇུག་མ་གཡེལ་ཞེས། །ཕྱག་བྲིས་ངོ་མ་ཕེབས་བྱུང་བས། །བརྟན་བཞུགས་ལ་སོགས་ཞུ་ཡིག་དང་། །ཡར་ལ་ཕེབས་པའི་རྟེན་འབྲེལ་དུ། །རང་གི་ཆིབས་པ་ངོ་མ་བསྐུར། །རྒྱུན་དུ་བདག་གི་དམ་བཅའ་ལ། །ཡར་ངོའི་ཚེས་བཅུ་ནམ་བྱུང་ཉིན། །བརྟན་བཞུགས་རེ་རེ་བརྩམས་པ་ལ། །ཉིན་གཅིག་རྣམ་གཡེང་ཆེར་དྲག་པས། །བརྟན་བཞུགས་བརྩམས་རྒྱུ་བརྗེད་སོང་བས། །དེ་ལ་རྟེན་འབྲེལ་མ་ལེགས་སྙམ། །ཕྱིས་སུ་བརྩིས་པས་དེ་ཡི་དུས། །སྤྲུལ་སྐུ་བསྙུང་བའི་ཚོད་དུ་གདའ། །དེ་ནས་བརྟན་བཞུགས་བྲི་བ་ཡང་། །གནད་ཆེན་ཡོད་སྙམ་མ་ཆག་བྱས། །སྤྲུལ་སྐུའི་སྐུ་རིམ་ལ་དམིགས་ནས། །འོད་འབར་ཞི་བའི་ཕྲིན་ལས་ཀྱི། །སྒྲུབ་པ་རྩེ་གཅིག་ཞག་བདུན་བྱས། །མར་མེ་འཛིན་ཅིང་ཉེ་ལོགས་སུ། །འཇའ་ཡི་གུར་ཡང་ཕུབ་པ་བྱུང་། །སྒྲུབ་པ་ཚར་བའི་ཞོགས་པ་ལ། །ཉམས་ཀྱི་སྣང་བར་བར་སྣང་དུ། །ཡིག་འབྲུ་དམར་པོ་དོད་པ་ཡིས། །མཐུ་སྟོབས་བདག་པོ་རཱ་ག་ཨ། །སྤྲུལ་སྐུ་སྐུ་ཁམས་བདེའོ་སྣང་། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་། །འཇིགས་མེད་རྡོ་རྗེ་ལ་སོགས་པ། སྐུ་རིམ་གཙོ་


CMR003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཡུན་རིང་བསྒྲུབས། །རྨི་ལམ་སྤར་སྐུ་མཐེ་བོང་ཙམ། །རྙེད་པས་གཞན་ལ་བསྟན་པའི་ཚེ། །ཆེར་སྐྱེས་ཅོག་པུ་ཙམ་དུ་གྱུར། །ཉེ་སྲས་བརྒྱད་དང་རྒྱལ་ཆེན་བཞི། །རང་བྱོན་ངོ་མཚར་མང་པོར་སྣང་། །ཀུན་གྱིས་མཐོང་ནས་ངོ་མཚར་བྱས། །སྤྲུལ་སྐུའི་ཉིད་ཀྱང་གསལ་བར་མཇལ། །ད་དུང་གནམ་ཆོས་འབྲི་རྒྱུ་ཡོད་དམ་ཞུས། །ཡོད་གསུངས་མང་པོ་བྲིས་མཛད་པས། །དེ་ནས་མི་འགའ་འདུག་པ་ལ། །སྔར་ཡང་བྲི་ལུགས་འདི་ལྟར་ཡིན། །བདག་གིས་ཞུས་ནས་ཐོགས་པ་མེད། །སྨྲས་ནས་ངེས་ཤེས་བསྐྱེད་པ་དང་། །ཨོ་རྒྱན་འདག་སྐུ་མི་ཚད་ཙམ། །ཤར་གྱི་ཕྱོགས་སུ་བཞུགས་འདུག་པ། །མགྲིན་པ་རྒྱབ་ཏུ་ལོག་ལ་ཁད། །འདུག་པ་བདག་གིས་བསྲང་བ་རྨིས། །སྤྲུལ་སྐུ་ལའང་རྒྱལ་རྟགས་ཆེ། །གྲྭ་པ་འགའ་ལའང་སྲོག་རླུང་བྱུང་། །དཔོན་སློབ་བཅོ་ལྔས་ཞག་གསུམ་ལ། །རཏྣའི་སྡིག་པའི་སྒོས་བསྒྲུབས་བྱས། །ཕྱིར་ནངས་ཉམས་སྣང་རྣ་བའི་ཡུལ། ༈ །ཆོས་རྒྱལ་ཆེན་པོའི་གཏམ། དེ་ནས་ཁྱོད་འཁོར་བཅས་ལ་གནོད་པ་བྱེད་རེ་ན་ར་ཀན། ས་མ་ཡ་རཀ་སི་ཧཱུཾ། ཁྱོད་འཁོར་བཅས་ལ་གནོད་པ་བྱེད་རེ་ན་ར་ཀན། །ཟེར་བའི་སྒྲ་ཞིག་


CMR003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སྙམ་བྱེད། །བསྙུང་གཞི་བད་ཀན་སྨུག་པོ་རེད། །ཟེར་བ་ཐོས་ཕྱིར་གནམ་ཆོས་ཀྱི། །རྟ་མགྲིན་དམར་པོ་ཕྱག་གཉིས་པ། །བད་སྨུག་ཞི་བའི་སྔགས་ཤམ་ཅན། །དེ་ཡི་སྒྲུབ་པ་བྱས་པ་ཡིས། །རྨི་ལམ་བདག་གི་སྨན་སྡུད་ཁ། །ནད་ཆེན་ཕན་ཕྱིར་ཐུན་ཆེན་གཉིས། །ནད་ཆུང་ཕན་ཕྱིར་ཐུན་ཆུང་གཉིས། །བསྡུས་ནས་ལྷ་རྗེ་གཞོན་ནུ་ལ། །འདུལ་དུ་བཅུག་པ་རྨིས་པ་ནི། །ཉམས་སྣང་འདྲ་བའི་ཡད་ཡུད་ལ། །ཨོ་རྒྱན་དང་ནི་རྟ་མགྲིན་ཉིད། །མང་པོ་མཐོང་བའི་སྣང་བ་བྱུང་། །ཉི་ཤར་རང་གི་ལུས་ལ་ཕོག །དུང་དཀར་བཟང་པོ་རང་གི་མདུན། །བཞག་ནི་བྱུང་བའི་སྣང་བ་བྱུང་། །དེ་ནས་འོད་གསལ་ཕར་ཕེབས་ནས། །སྐུ་ཁམས་གསེང་བའི་གཏམ་ཐོས་པས། །ལར་ནི་རྒྱུན་དུ་སྔ་དྲོ་སྲུང་བ་དང་། །ཕྱི་དྲོ་བཟློག་པའི་དམིགས་རིམ་སྐབས། །ཡི་དམ་ཐུགས་སྲོག་ས་བོན་གྱི། །ཐིག་ལེའི་ནང་དུ་སྤྲུལ་སྐུ་ཉིད། །ནམ་ཡང་བརྗེད་ནི་མ་མྱོང་ངོ་། །ཉམས་གསར་ཁྲིད་རིམ་ཞུ་བའི་ཚེ། །དམིགས་རྡེའུ་བཞག་པ་ཇི་བཞིན་དུ། །ནམ་ཡང་སྤྲུལ་སྐུ་བརྗེད་པ་མེད། །མཇལ་འདོད་སྐོམ་པ་ཆུས་གདུང་འདྲ། །འོན་ཀྱང་ཕྱི་ནང་གསང་བའི་རྟགས། །གང་ལ་བརྟགས་ཀྱང་


CMR003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མ་རྙེད། །དེ་འདྲའི་ངང་ལ་ཡུན་རིང་ཐལ། །དེ་ནས་རྟ་ལོའི་ལོ་མཇུག་ལ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །ཐག་རིང་ཞིག་ནས་ཕར་བལྟས་པས། །སྤྲུལ་སྐུ་བསྙུང་གཞི་ཐུ་མོས་ཟིན། །འདས་ལ་ཁད་དུ་འདུག་པ་མཐོང་། །སྨིན་དྲུག་ཟླ་བའི་ཚེས་གཅིག་ནས། །དབུ་བཙུགས་སྐུ་རིམ་ལ་དམིགས་ནས། །ཞི་རྒྱས་དབང་དྲག་ལས་བཞི་ཡིས། །སྦྱིན་སྲེག་རྒྱས་པ་འགའ་ཟུང་དང་། །བསྡུས་པ་བརྒྱ་རྩ་རེ་རེ་བླུགས། །སྤྲུལ་སྐུས་བཀྲ་ཤིས་ཁ་བཏགས་ནི། །དངུལ་མདོག་མ་ཡིས་སྟོད་འབོགས་ཤིག །མནབས་འདུག་རྨི་ལམ་ཡུལ་དུ་ཐོས། །ཡིད་ཀྱི་ཡུལ་དུ་གསལ་བར་མཐོང་། །དེ་ཉིད་ལེགས་ལེགས་འདྲ་ན་ཡང་། །དར་གོན་ལ་ནི་ངན་ནོ་ཞེས། །རྨི་ལམ་བརྟག་ཐབས་རྣམས་སུ་བཤད། །དེ་སྔོན་སྤྲུལ་སྐུའི་སྐུ་རིམ་ལ། །རྡོ་རྗེ་ཆེན་པོ་ཞག་བདུན་བསྒྲུབས། །ཚར་བའི་ནུབ་མོ་རྨི་ལམ་ན། །ངོམ་སྟོད་སྤྱི་པའི་ཡིན་པ་ལ། །ནང་རྟེན་ང་སར་བཞག་ནས་ནི། །ལོ་ནི་མང་ཞིག་སོང་འདུག་པ། །ང་ཡི་ཉོ་ནི་འདོད་ན་ཡང་། །སྤྱི་པའི་རེད་པས་མི་བཙོང་འདུག །འོན་ཀྱང་ད་རུང་ང་ས་རུ། །བཞག་ནི་ཆོག་རྒྱུ་རེད་པ་ལ། །ཐུབ་པའི་རིང་བསྲེལ་


CMR003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འཆུགས་མེད་དང་། །ཤཱཀ་ཐུབ་ཕྱག་གཡས་དཔུང་མགོ་མན། །འཁྱག་རྒྱུ་རུལ་རྒྱུ་སྐམ་རྒྱུ་མེད། །མི་གཞོན་གསུམ་གྱི་ལག་པ་ནི། །གཅིག་ཏུ་བསྡོམས་པའི་ཕྲ་སྦོམ་ཙམ། །ལག་པ་གསེར་གྱི་མདོག་ཅན་ལ། །འཇམ་ཞིང་མཉེན་ལ་དྭངས་པ་སྐྱེ། །ཕྱག་མཐིལ་ཕྱག་གི་ནང་ཀུན་ནི། །བྱི་རུ་དམར་སྐྱའི་མདོག་ལྟ་བུ། །ངོ་མཚར་ཅན་གཅིག་གདའ་བ་དེ། །ཕྱག་མཐིལ་རང་གི་མགོ་ལའང་བཞག །ཐུབ་པའི་ཕྱག་དབང་ཐོབ་བོ་སྙམ། །གཞན་གྱི་མགོ་ལ་བཞག་ན་ཡང་། །ཐུབ་པའི་ཕྱག་དབང་ཡིན་པར་འདུག །ཕ་ཟོག་ངོ་མཚར་ཆེའོ་སྙམ། །རྩིས་ཆེན་བྱས་ཤིང་ཚག་བྱས་རྨིས། །དེ་དུས་ཤིན་ཏུ་ལེགས་སྙམ་ཡང་། །ཕྱིས་སུ་བསམས་པས་སྤྲུལ་སྐུ་ཡིས། །ཐུགས་ལྗགས་གདུང་རུས་འདིར་ཕེབས་ནས། །རེ་ཞིག་བདག་གིས་ཚག་བྱས་ཀྱང་། །བདག་ཉིད་ཁོ་ནས་མི་དབང་སྟེ། །སྤྱི་ཟོག་མཆོད་རྟེན་བྱས་པའི་ལྟས། །ཡིན་པར་ཕྱིས་ནས་གོ་བ་སྐྱེས། །རྟ་ལོ་ས་གའི་མར་ངོ་ལ། །ལོ་ནི་གསར་རྙིང་མཚམས་ཙམ་དུ། །ཟླ་ཆུ་ཚུར་ཁར་ཨེ་ཕེབས་བརྟགས། །ཕེབས་རྒྱུ་མི་འོང་ཟེར་བ་བྱུང་། །དབྱར་སྟོན་མཚམས་ལ་ཆིབས་ཁ་བསྒྱུར། །ལུག་ལོ་སར་དུས་ཨེ་ཕེབས་བརྟགས། །ཐན་ཡོད་


CMR003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་སྒྲ་ཞིག་གྲག །དེ་ནས་དེ་ཡི་རྗེས་ཤིག་ལ། །སྤྲུལ་སྐུའི་བརྟགས་པ་བྱས་པའི་ཚེ། །ཅི་ཡིན་མི་ཤེས་མེ་ཆེན་པོ། །འབུད་ཅིང་མི་མང་འཚོགས་པར་རྨིས། །ཕྱིས་སུ་བསམས་པས་གདུང་བཞུ་བའི། །རྟགས་ནི་ཡིན་པར་རྗེས་སུ་ཤེས། །བྱ་ཟླའི་ཚེས་བཅུར་སྤྲུལ་སྐུ་ལ། །ཅི་འདྲ་འོང་ཞེས་བརྟགས་པ་བྱས། །བུད་མེད་རྒྱན་ལྡན་མཛེས་མ་ཞིག །མོ་རང་མགོ་ནས་གཡུ་ལ་སོགས། །རྒྱུན་ཀུན་དཀྲོལ་ནས་ང་ལ་ཕུལ། །བར་ཆད་འབྱུང་བའི་རྟགས་ཡིན་པར། །ཤེས་ཀྱང་བྱ་ཐབས་ཅི་མི་སྣང་། །དེ་སྐོར་སྐབས་སུ་འོད་གསལ་ཡང་། །ང་ཡི་དྲུང་དུ་ལན་འགའ་བྱུང་། །གཉིད་ཀྱང་མ་གཉིད་བློ་མ་བདེ། །རྣ་བའི་ཡུལ་དུ་རོལ་མོའི་སྒྲ། །འུར་སྒྲ་ཐུག་ཆོམ་གྲགས་ཤིང་ཡོད། །རྨི་ལམ་ཡུལ་དུ་བུ་ཆུང་གཅིག །སྤྲུལ་སྐུའི་དྲུང་ནས་ཡིན་ཟེར་བྱུང་། །སྐུ་ཁམས་ཨེ་བཟང་དྲིས་པ་ཡིས། །སྐུ་ཁམས་མི་བཟང་བསྙུང་གཞི་ཡོད། །ངན་པ་ཞིག་གིས་ཟིན་ཡོད་ཅེས། །ངོ་ནི་མནགས་སེ་འདུག་པ་རྨིས། །དེ་སྐོར་སྐབས་སུ་མཁར་ནང་དེར། །ངོ་མི་ཤེས་པའི་བུ་ཆུང་ཞིག །བྱུང་བ་དངོས་སུ་མཐོང་མཁན་གདའ། །ང་ཡང་བལྟ་བས་འགྲོ་བསམ་ཙ། །ཟེར་བས་ཁྱོད་


CMR003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲོ་འདོག་མེད། །འདི་ན་མི་ངོས་གཅིག་མེད་ན། །ཐམས་ཅད་ཤག་ནས་སོང་ཟེར་ནས། །མཁར་ཁང་དཔོན་གྱིས་རྩིས་ལེན་དགོས། །ཁྱེད་ཚང་ད་ལོ་དཔྱིད་སོ་ཡིས། །སྤར་ཁ་ཤིན་ཏུ་རྩུབ་པའི་ཕྱིར། །འབུམ་ཚར་གཅིག་གཉིས་ཚེ་མདོ་གཟུངས། །སྤར་ཁའི་ཆོས་ཕྲན་འདོན་པ་དང་། །ཕྱག་རྡོར་སྤར་སྐུ་ཚ་ཚ་སོགས། །ཅི་མང་འདེབས་ཤིང་མཚམས་བཞིར་སྤུངས། །དེ་སོགས་བསླབ་བྱ་འགའ་བྱས་པས། །ཁྱེད་ཀྱི་བརྟག་པ་གྱིས་དང་ཟེར། །བརྟག་པ་ལན་འགའ་བྱས་པའི་ཚེ། །དཀར་རྩི་བཞག་པའི་ས་མིག་གཅིག །ཚོལ་དུ་རང་ཉིད་སོང་བ་དང་། །རོ་གཅིག་བསྲེགས་པར་བྱས་པ་དང་། །ཆུ་ཆེན་གཅིག་གི་ཕར་ཀ་ནས། །རོ་གཅིག་བསྲེག་རྒྱུ་འདུག་པ་དེ། །ཚུར་ལ་འདྲེན་ཤོམ་བྱས་པ་དང་། །ཞྭ་དམར་ཆོས་ཀྱི་དབང་ཕྱུག་དེ། །ཕྲལ་དུ་འདས་པ་ཡིན་སྙམ་ནས། །རང་ཉིད་ངུས་པར་རྨིས་ན་ཡང་། །ཁོ་ལ་རྣམ་རྟོག་འོང་དོགས་གསང་། །ཉིན་གཅིག་གུང་ཚིགས་ཚར་བའི་སྐབས། །ཡུད་ཙམ་འཐུམས་ནས་སོང་ཙམ་ན། །ངེད་ཚང་བླ་མ་འདས་ཟེར་བའི། །སྒྲ་ཞིག་ལྷང་གིས་གྲག་བྱུང་བས། །གཉིད་སད་སུ་ཡིན་རྣམ་རྟོག་བྱུང་། །ཡུད་ཙམ་འཐུམ་པ་འདྲ་ཞིག་


CMR003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྒྱལ་བ་ལྷོ་ཡི་ཚེ་འདས་ཞེས། །ཟེར་བའི་སྒྲ་ཞིག་ལྷང་གིས་བྱུང་། །དེ་མ་ཐག་ཏུ་མངོན་སུམ་དུ། །འབྲུག་སྒྲ་སེར་བ་དྲག་པོ་བྱུང་། །ལྷོ་ཞེས་ཟེར་བ་སྤྲུལ་སྐུ་ལ། །མི་ལྟ་སྙམ་ཡང་ཕྱིས་བསམས་པས། །ལྷོ་རྒྱུད་ངོམ་གྱི་ས་ཆ་ཞེས། །འཁྲུངས་པའི་ས་ལ་བལྟ་བར་སྣང་། །རྒྱུན་དུ་སྤྲུལ་སྐུའི་སྐུ་གཞོགས་སུ། །བསྐང་གསོ་རྒྱུན་དུ་བཏང་བ་དང་། །ཚེས་བཅུ་དགུ་གཏོར་གཟབ་པ་དང་། །རྒྱུན་དུ་སྔགས་བླ་མང་འཚོགས་པས། །སུན་ཟློག་མཁའ་འགྲོས་གྲིབ་སེལ་དང་། །འཆི་བསླུ་གཤིན་རྗེའི་ཟོར་ཟློག་དང་། །གཏོར་ཟློག་རིགས་དང་མདོས་ཀྱི་རིགས། །སྐུ་རིམ་ཤིན་ཏུ་བརྩོན་པར་མཛད། །སྤྲུལ་སྐུའི་ཉིད་ཀྱིས་དབུ་མཛད་ནས། །འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི། །སྒྲུབ་ཆེན་གཏོར་ཟློག་རྟགས་ཐོན་མཛད། །དད་ལྡན་བཙུན་པ་རྣམས་ཀྱིས་ཀྱང་། །བརྟེན་བཞུགས་གསོལ་འདེབས་རྒྱུན་ཁྱེར་ཡིན། །སྔགས་འཆང་རཱ་ག་ཨ་སྱས་ཀྱང་། །འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི། །གཏོར་ཟློག་ལན་གསུམ་བྱས་ན་ཡང་། །ཟོར་ནི་མ་གྲུ་ཚུར་ལ་ལོགས། །རྨི་ལམ་དུར་གཅིག་བཞག་པ་ཡིས། །ས་གཙག་བཙལ་བ་ཡང་ཡང་རྨིས། །བཅོམ་ལྡན་


CMR003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་དབང་པོ་ཡང་། །བསྙུང་རྒྱུ་མེད་ཀྱང་བསྙུང་ཚུལ་བསྟན། །ཀུན་དགའ་བོ་ལ་བཀའ་སྩལ་པ། །ང་ཡི་ཀླད་པ་ན་ཞིང་གཟེར། །ཁྱོད་ཀྱིས་ང་ཡི་རྒྱབ་ཕྱོགས་ནས། །མདོ་སྡེ་ཟབ་མོ་ཐོན་ཞིག་གསུངས། །དེ་ཡང་ཕྱི་རབས་པ་རྣམས་ལ། །ས་ལམ་མཐོན་པོ་ཡིན་ན་ཡང་། །སྐུ་རིམ་དགོས་པའི་བརྡ་རུ་སྣང་། །དེ་བཞིན་འདུལ་བ་ལུང་སོགས་ནས། །ཐུབ་པ་བསྙུང་བའི་ཚུལ་བསྟན་ནས། །སྨན་སྲང་གཅིག་བྱས་གསོལ་བ་ཡིས། །དེ་ལ་འདྲེན་ནས་ལྷ་སྦྱིན་གྱི། །དེ་ལྟར་ཟོས་པས་མ་ཞུ་ནས། །འཆི་ལ་ཐུག་ཚེ་ཐུབ་དབང་གིས། །ཕྱག་དབང་མཛད་པས་ཕན་པ་དང་། །ལྷ་སྦྱིན་དང་ནི་མ་སྐྱེས་སྒྲས། །སྐྱོགས་བརྒྱབས་ཐུབ་དབང་ཞབས་སྣད་ནས། །སྐུ་མཚལ་རྒྱུན་བབས་མ་ཆད་ཚེ། །སྨན་པ་འཚོ་མཛད་གཞོན་ནུ་ཡིས། །ཙནྡན་ས་མཆོག་བྱུགས་པས་ཕན། །སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་། །གསོལ་སྨན་བཞེས་དགོས་གསུངས་པའི་བརྡ། །བསྙུང་གཞི་དྲག་པོས་ཐེབ་པའི་ཚེ། །རིམ་གྲོ་སྨན་དཔྱད་བྱེད་ལུགས་རྣམས། །ཐ་མལ་པ་དང་འདྲ་སྙམ་པའི། །ལོག་པར་ལྟ་བ་མི་སྒོམ་ལ། །གཅོད་དང་རོ་སྙོམས་ཉམས་ལེན་མཁན། །ཡིན་ན་དེ་དག་མི་རུང་གིས། །དེ་དག་


CMR003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གཙོ་བོ་མིན། །དེ་མིན་འཆི་བསླུ་སྐུ་རིམ་དང་། །སྨན་དཔྱད་ལ་སོགས་མ་བྱས་པར། །འཕོ་བ་ལ་སོགས་བྱས་ན་ནི། །ལུས་ལྷ་བསད་པའི་ལྟུང་བ་ཕོག །འཕོ་བ་ལ་སོགས་མ་བྱས་ཀྱང་། །འཆི་བར་མི་འཚེར་འཆི་བཅུག་ན། །ཕུང་པོ་སངས་རྒྱས་མངའ་བདག་ལ། །བརྙས་པར་བྱས་པའི་ལྟུང་བ་ཕོག །དེ་ལ་དགོངས་ནས་སྐུ་རིམ་མཛད། །ཧ་ཅང་འཆི་ལ་འཚེར་བ་དང་། །སྐྲག་འཇིགས་ཆེ་ཕྱིར་མ་ཡིན་ནོ། །སྐུ་རིམ་བརྟན་བཞུགས་མང་པོ་དག །བྱས་པས་ཕན་པ་མ་བྱུང་བ། །དོན་འབྲས་མེད་པ་མ་ཡིན་ཏེ། རྒྱལ་བ་མྱ་ངན་འདའ་བྱེད་རྣམས། །མྱ་ངན་མི་འདའ་གསོལ་བཏབ་ན། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །རང་ཉིད་སྐྱེ་བ་གཞན་དག་ཏུ། །ཚེ་རིང་ནད་མེད་བདེ་བ་ཐོབ། །མཐར་ཐུག་རྡོ་རྗེ་ལྟ་བུའི་སྐུ། །གཞོམ་གཞིག་བྲལ་བ་ཐོབ་འགྱུར་ཏེ། །དེ་དོན་བྱང་ཆུབ་སྤྱོད་འཇུག་ལས། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །གསུངས་པའི་དོན་ཡང་དེ་ལྟར་རོ། །སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་ཉིད་ལ། སྐུ་རིམ་


CMR003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བཞུགས་ཕུལ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔའོ།། །།དེ་ནས་རྨུགས་སངས་གནས་ནང་དུ། །སྤྲུལ་སྐུ་ཚད་པ་འདྲ་ཞིག་བསྙུང་། །དེ་ཉིད་ཅུང་ཟད་བདེ་བ་དང་། །དེ་ནས་བད་ཀན་སྨུག་པོ་འདྲ། །ཇེ་ཆེར་སོང་ནས་ཐུ་བར་ཡོད། །ཕྱག་རྫ་ས་ཕལ་ཆེར་སྐུ་རིམ་དང་། །རི་བཤུ་ལ་སོགས་བྱས་ན་ཡང་། །ཕན་སྐྱེད་ཅི་ཡང་མ་བྱུང་སྐད། །སྔགས་འཆང་རྭ་ག་ཨ་སྱ་ཡང་། །ཉིན་གུང་ཡུད་ཙམ་འཐུམས་པ་ཡིས། །ཉམས་ཀྱི་སྣང་བར་ཤར་ཕྱོགས་ཀྱི། །རི་ཡི་རྩེ་ནས་ཉི་མ་ཡི། །དཀྱིལ་འཁོར་འོད་ཟེར་འཕྲོ་བ་གཅིག །ཤར་ནི་བྱུང་སྙམ་དེ་མ་ཐག །སྤྲུལ་སྐུ་བསྙུང་ཟེར་བང་ཆེན་བསླེབས། །དེ་ཉིད་ལེགས་སམ་སྙམ་ན་ཡང་། །དེ་ཡི་དུས་ནས་གཞན་དོན་དུ། །དགོངས་པ་གཏད་ནི་ཚར་ཚོད་གདལ། །གྲྭ་པ་གཉིས་ཀྱང་འགྲོ་འཚེར་ནས། །གོས་ཟས་ཤིག་ཀྱང་ཨི་ཐོན་ལྟ། །ཅིས་ཀྱང་ཟླ་ཤས་འདུག་ཟེར་ནས། །འགྲོ་འཚེར་མཆི་མ་ཕྱུངས་འདུག་པས།།ཁ་ད་རྟེན་ལ་གཟན་ཆུང་བྱིན། །སེམས་ལ་དཔའ་བཀོན་སྤྲོ་བ་བསྐྱེད། །སྤྲུལ་སྐུ་མི་འདའ་ཁག་ཁུར་ཡིན། །ད་ནི་ཡུན་རིང་མི་ཐོགས་པས། །ཚུར་ལམ་ཆགས་ཕྱི་གྱིས་ལ་ཤོག །ཚུར་ལ་མགྱོགས་པར་ཐོང་ཟེར་བའི། །


CMR003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དམ་པོ་འདུག་པའི་ཕྱིར། །མལ་ནི་གསོ་བར་མི་གདའ་སྟེ། །ཕར་ལམ་རྡོག་མགོ་ཀློད་ནས་སོང་། །ཞེས་སྨྲས་ཞག་པོ་གཉིས་ལས་ནི། །མ་ཐོག་པར་བྱས་མྱུར་དུ་བརྫོངས། །དེ་ནས་སྲུང་འཁོར་བསྲེ་བ་དང་། །ལུས་སྦྱིན་ལ་སོགས་འབད་བཞིན་དུ། །རྙིང་མའི་ལུགས་ཀྱི་མདོས་བཟློག་སྐོར། །སྐུ་གཞོག་རྙིང་མའི་བླ་མ་མང་། །དེ་ཚོས་ཐམས་ཅད་མཛད་ནི་ཡོད། །གསར་མའི་མགོན་པོ་ཕྱག་བཞི་པ། །ཕ་ལྷ་ཡིན་པས་ཕན་ཐོགས་སྙམ། །མགོན་པོ་གདོང་ལྔའི་བཟློག་མདོས་བཅས། །བང་ཆེན་བསླེབས་ནུབ་བརྟགས་པ་བྱས། །ཉམས་ཀྱི་སྣང་བར་ནམ་མཁའ་ནས། །བྱ་བ་དེ་འདྲ་ཐོན་ཟེར་བའི། །སྒྲ་ཞིག་གྲག་པས་སྡུག་དྲག་ཛ། །སྐྱོན་མེད་ཟེར་སྣང་མི་གསལ་ཙམ། །བྱུང་བ་སེམས་གསོ་ཡིན་ཚོད་རེད། །ནུབ་གཅིག་སྲོད་འཁོར་ཉལ་ཁ་ཙམ། །གཉིད་པ་མིན་པར་མངོན་སུམ་དུ། །ཟིལ་ཆེ་འཇིགས་སྐྲག་ཆེན་པོ་ཅན། །གྲིབ་གནོན་འདྲ་བ་འཇིགས་སུ་རུང་། །སྙིང་ནི་ཕྱི་རུ་བུད་འདྲ་བ། །སྔོན་ཆད་འོང་མ་མྱོང་བ་བྱུང་། །ཕྱིས་སུ་བརྩིས་པས་དེ་ཡི་དུས། །ཞིང་ནི་བརྗེས་པའི་དུས་སུ་འགྱུར། །ཉིན་གུང་གུང་ཚིགས་ཚར་མ་ཐག །གཉིད་པ་


CMR003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རང་ནི་མ་ཡིན་པའི། །ཡུད་ཙམ་འཐུམ་པའི་ཉམས་སྣང་ལ། །ཁང་པ་ཞིག་གི་ནང་དུ་ནི། །ཅོག་བུ་དཀར་པོ་ཕུབ་འདྲའི་ནང་། །རང་གི་བུ་ཆེན་རྩིས་ཆེན་གཅིག །སུ་ཡིན་ངོས་ནི་མ་ཟིན་ཏེ། །སྐུ་ལ་རིས་གོས་མནབ་པ་གཅིག །འདས་ནས་ཐུགས་དམ་བཞུགས་འདུག་པ། །གདུང་དེ་གཡས་སུ་ཡོ་ནས་འདུག །དེ་ནི་ཤིན་ཏུ་གསལ་བར་མཐོང་། །སད་ནས་རྣམ་རྟོག་ཆེན་པོ་སྐྱེས། །རྨི་ལམ་ངན་པ་བཟློག་པ་ཡིས། །སྔགས་དམིགས་བྱས་ཤིང་ཐལ་མོ་བརྡབས། །ད་རུང་འདས་པ་མ་ཤེས་པས། །སྐུ་རིམ་བསྲེ་བ་ལུས་སྦྱིན་སོགས། །གང་ཟབ་འབད་ཅིང་གནས་པ་ཡིས། །ཉི་ཤུ་ནུབ་མོ་ཉམས་སྣང་ལ། །རང་མདུན་གྲྭ་ཁྲིའི་མདུན་དེ་ན། །བཅུ་གསུམ་བཅུ་བཞིའི་ན་ཚོད་ཙམ། །ཞལ་རས་སྔོ་ཞད་ཡོད་པ་ལ། །སྐུ་ནི་བཙུན་པའི་ཆ་ལུགས་ཅན། །རལ་བུ་སེལ་བུས་སྐུ་རྒྱབ་ཁེབས། །དབུ་ལ་པད་ཞྭ་ལེགས་པོ་གསོལ། །ཕྱག་གཉིས་ཐལ་མོ་སྦྱར་བྱས་ཏེ། །ཤིན་ཏུ་དད་ཅིང་གུས་ཚུལ་གྱི། །ང་ཡི་ངོ་ལ་རྩེ་གཅིག་ཏུ། །བལྟ་ཞིང་འདུག་པ་ཡུན་རིང་དུ། །མངོན་སུམ་ལྟ་བུར་མཐོང་ན་ཡང་། །ལེགས་པོ་གཅིག་ནི་རེད་བསམས་ཏེ། །སྤྲུལ་སྐུ་ཡིན་པར་ངོས་མ་ཟིན། །ཐུགས་


CMR003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྲོལ་བ་ཡིན་པར་སྣང་། །དེ་ཕྱིན་སྐུ་ཡི་རྣམ་པ་ནི། །དེ་འདྲའི་གསལ་པོ་མ་མཇལ་ལོ། །དེ་ནས་ཉེར་བདུན་དགོང་མོ་ལ། །སྤྲུལ་སྐུ་གཤེགས་ཟེར་བང་ཆེན་བསླེབས། །དགོངས་ཞག་གདུང་མཆོད་ལ་དམིགས་ནས། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་དང་། །ཐུགས་སྒྲུབ་བླ་མ་ལོངས་སྐུ་དང་། །དྲག་པོ་རིགས་བདག་སྦྲག་མ་རྣམས། །ཆོ་ག་བསྙེན་སྒྲུབ་སྦྲག་མར་བྱས། །ང་རང་ལོ་གྲངས་ང་དགུ་སྟེ། །དེ་ལ་མཚམས་དེ་གྲོལ་ན་ནི། །དྲུག་ཅུར་ཚེ་ཡི་དུས་བྱེད་པའི། །ཚེ་འཕྲང་ཡོད་པ་སྔར་ནས་ཤེས། །སྡེ་དགེའང་དབང་ཆེ་དད་པ་ཆེ། །ས་ཡི་བཅུད་བསམ་གདུང་འཕྲོག་ནས། །ཧྲིལ་བུར་གདུང་འབུམ་བྱེད་ཀྱང་སྲིད། །གལ་ཏེ་བཞུ་རྒྱུ་རྙེད་ན་ཡང་། །ཀཐོག་བླ་མ་བཟང་ལ་མང་། །སྦྱིན་སྲེག་ལ་སོགས་གདུང་བཅས་རྣམས། །དེ་དག་རྣམས་ཀྱིས་མཛད་པ་ལས། །ལྷག་པའི་བྱ་རྒྱུ་ང་ལ་མེད། །ཀཐོག་བླ་མ་བཟང་དགུ་ཀུན། །དེ་རུ་འཛོམ་པ་མཇལ་འདོད་ཀྱང་། །ལུས་ཀྱང་མི་སྲ་ན་སོ་རྒས། །ས་འགག་ཆུ་འཕྲང་དོམ་སི་བས། །རྐང་ལ་ཡུད་ཙམ་འགྲོ་མི་ནུས། །སྒར་གཞིས་ཚུར་ལ་ཕྱིན་ཐབས་ལ། །ཆོས་བས་འཇིག་རྟེན་གལ་ཆེ་བས། །ང་ལས་


CMR003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་པོ་གྲགས་སྙམ་ནས། །རྒྱལ་མཚན་བཏང་བར་བློ་ཐག་བཅད། །དེ་ཚོ་ཕ་ཚོའི་དབོན་ཀུན་འདུས། །ངེད་ཚོ་ལ་ཡང་མ་དྲིས་པར། །མི་འཁྱམས་དེ་ཚོས་གདན་འདྲེན་ཤོར། །སྤྲུལ་སྐུ་དེ་ཉིད་མ་བཞུགས་ནས། །འདི་ཕྱོགས་ལོ་ཡང་མ་ལེགས་ཤིང་། །ན་ཚ་ཡང་ནི་རྒོད་པར་བྱུང་། །ད་ནི་ཆབ་མདོའི་མི་སྣ་ཁྲིད། །འདི་ནས་མི་མང་རྐྱ་མང་བྱེད། །གདུང་དེ་ཚུར་ལ་གདན་འདྲེན་ནས། །ཁྱེད་རང་ས་འདི་གདུང་འབུམ་བཞེངས། །ས་ཕྱོགས་འདི་ཡིས་བཅུད་ཡིན་པས། །ལོ་ལེགས་སྡེ་ལ་ཕན་པ་དང་། །ཕྱག་དང་སྐོར་བ་བྱེད་དགོས་ཟེར། །ཁྱེད་རྣམས་ཟེར་ལུགས་བཟང་ན་ཡང་། །མི་མང་རྐྱ་མང་མི་སྣ་སོགས། །བྱས་ན་སྡེ་དགེས་ཀོ་ལོང་བྱེད། །ཆོས་དང་དམ་ཚིག་མ་བརྩིས་ན། །འཇིག་རྟེན་ངོས་ནས་ཅིར་མི་བརྩི། །དད་ལྡན་བུ་སློབ་མང་པོ་ལ། །དད་རྟེན་གདུང་རུས་གདུང་ཐལ་སོགས། །ཐུགས་དེ་གདན་འདྲེན་རྒྱུ་རྙེད་ན། །ས་ཆའི་བཅུད་ཀྱང་དེ་གས་ཆོག །དེ་སྐད་སྨྲས་ནས་ཉུང་འདུས་བཏང་། །སྐུ་གའུ་ཕ་ཀིར་བཞུགས་ན་ཡང་། །སྤྲུལ་སྐུ་དངོས་ནི་ང་ཡི་དྲུང་། །ཕེབས་ཡོད་སྙམ་པའི་ངེས་ཤེས་སྐྱེས། །དངོས་སུ་ཕེབས་འདྲའི་བཞུགས་གདན་བཏིང་། །


CMR003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་དང་ནི་ཐུགས་སྒྲུབ་ཀྱི། །སྐུ་གཟུགས་མཚན་བྱང་རྒྱས་པར་བཞེངས། །དེ་ལ་ཕྱིང་དཀར་སྤུབ་མོར་བཀོན། །མདུན་དུ་གསོལ་དཀར་གསོལ་སྡེར་སོགས། །དངོས་སུ་ཕེབས་འདྲའི་ཟས་ཕུད་བཤམས། །ཞག་བདུན་བར་དུ་བྱང་ཆོག་རྣམས། །གཞུང་ནས་བཤད་པ་ལྟ་བུར་བྱས། །དེ་སྐོར་སྡུག་གཏམ་གདུང་བའི་དབྱངས། ༈ ཀྱེ་ཀྱེ་ན་མོ་གུ་རུ་ཡེ། །ཞིང་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །ལྷ་རྩ་གསུམ་རྒྱལ་བ་སྲས་དང་བཅས། །ཁྱེད་རྡོ་རྗེའི་སྙན་མངའ་སྤྱན་དངས་པ། །མི་བདག་ལ་གསན་ཅིང་དགོངས་སུ་གསོལ། །མི་བན་རྒན་རཱ་ག་ཨ་སྱ་བདག །ལྷ་ཐུགས་རྗེ་ཆེན་པོ་སྒྲུབ་པ་ཡིས། །ལོ་བཅུ་གསུམ་དམ་བཅའ་བཟུང་ནས་ཀྱང་། །ངག་འཁོར་ཡུག་བཅད་ཅིང་མེ་ཉི་སྤངས། །སྟན་དྲོད་དང་མ་བྲལ་བསྒྲུབས་པ་བྱས། །ལོ་ངོ་བཅུ་ལོན་པའི་དུས་སྟེང་དུ། །ཆོས་གསང་སྔགས་སྟོན་པ་གསང་བའི་བདག །དེ་ཁྱེའུ་ཆུང་གཞོན་ནུའི་ཚུལ་བཟུང་ནས། །མི་བདག་གི་སྒྲུབ་ཁང་ནང་དུ་བྱོན། །མཐོ་དགུང་སྔོན་གསེར་གྱི་ཉི་མ་དེ། །མི་བདག་གི་པང་དུ་བབ་པ་འདི། །ལྷ་བསྒྲུབས་པའི་དངོས་གྲུབ་ཡིན་ནོ་སྙམ། །ཚེ་སྔོན་གྱི་ལས་འཕྲོ་ཡིན་


CMR003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུངས། །སྔོན་སྐྱེ་བ་གཉིས་བརྒྱ་ཙམ་ཞིག་ལ། །དུས་ཕལ་ཆེར་ཁྱོད་དང་འབྲལ་མེད་གསུངས། །བཀའ་སྣང་སྲིད་ལྷ་འདྲེས་རང་གཟུགས་བསྟན། །དེ་དམ་བཏགས་སྲོག་གི་སྙིང་པོ་ཕུལ། །ལྷ་ཨོ་རྒྱན་ལུས་དང་གྲིབ་བཞིན་འཁོར། །ངེད་ལྷ་མི་བར་གྱི་འཕྲིན་པ་དེ། །ཁོང་སྤྲུལ་སྐུས་མི་དང་ལབ་ལྟར་མཛད། །སྔོན་ས་སྟེང་འདི་རུ་མ་གྲགས་པའི། །ཆོས་གནམ་ཆོས་པོ་ཏི་བཅུ་གསུམ་གནང་། །བཀའ་རྫོགས་པ་ཆེན་པོའི་ཁྲིད་རིམ་རྣམས། །ལྷ་ཐུགས་རྗེ་ཆེན་པོས་ཉམས་ཁྲིད་བསྐྱངས། །ཐུགས་དགོངས་པའི་ཀློང་ནས་དགོངས་གཏེར་ཕྱུངས། །ལོ་ཧྲིལ་གསུམ་གཟིམ་མལ་གཅིག་ཏུ་བྱས། །དབང་བརྒྱ་ཕྲག་ལྷག་ཙམ་བཀའ་དྲིན་ཐོབ། །ད་བཀའ་དྲིན་དྲན་ནོ་ཐུགས་རྗེས་ཟུང་། །དུས་དེ་ནས་ཕ་བུ་སོ་སོར་བྱེ། །གནས་བཅུ་གསུམ་གནས་སྒོ་གསར་དུ་ཕྱེས། །གནས་རྙིང་པ་མང་པོའི་ལྷ་ཞལ་བསྟན། །མི་ཆེ་དགུ་ཀུན་གྱིས་གཙུག་ཏུ་བཀུར། །སྙན་གྲགས་པ་ཕྱོགས་བཅུ་ཀུན་ཏུ་ཁྱབ། །སྟོད་མངའ་རིས་ཡུལ་དང་འབྲས་མོ་ལྗོངས། །སྨད་རྒྱ་འཇང་ཁ་མཚམས་ཡན་ཆོད་ནས། །མི་ལས་ཅན་མཚོ་ལ་ངང་འདུ་འདྲ། །ཤར་ཀཿཐོག་རྡོ་རྗེ་གདན་དུ་ཕེབས། །ཁོང་མཁས་བཙུན་


CMR003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དགུ་ཐམས་ཅད་ཀྱིས། །ཕ་ཨོ་རྒྱན་དངོས་ཀྱི་མོས་གུས་སྐྱེས། །སྤྱིར་ཆོས་འདོད་སེར་མོ་སྟོང་ཕྲག་ལ། །དབང་གདམས་ངག་ཟབ་ཁྲིད་ཆར་པ་ཕབ། །ཆོས་གསང་སྔགས་ཉི་མ་ཁོལ་དུ་ཤར། །སྒོས་གཏུམ་མོའི་རས་ཀྱི་ཆེ་བ་བཏོན། །མི་རས་རྐྱང་ཐུབ་པས་ལུང་པ་བཀང་། །རྫས་མྱོང་གྲོལ་སྐྱེ་བདུན་སྒྲུབ་པ་མཛད། །རྟགས་འཇའ་གུར་མེ་ཏོག་ཆར་པ་བབ། །ཆོས་ལོངས་སྤྱོད་གདུལ་བྱ་ཆར་ལྟར་བབ། །དུས་མེ་ལུག་ནག་ཟླའི་བཅུ་དྲུག་ཉིན། །སྐུ་སྤྲུལ་པའི་དཀྱིལ་འཁོར་བསྡུས་ཞེས་ཐོས། །འདི་རྨི་ལམ་ཡིན་ན་ཧ་ཅང་ཐལ། །དེ་མངོན་སུམ་དེ་འདྲ་སྲིད་ལགས་ན། །ཕ་ཐུགས་རྗེ་ཅན་གྱི་པད་འབྱུང་ཡོད། །ཁྱེད་ཧ་ཅང་ཐུགས་རྗེ་ཆུང་ལགས་སམ། །ཕ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁྱེད་ཧ་ཅང་ཐུགས་རྗེ་མ་ཆུང་ངམ། །མགོན་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །ཁྱེད་ཧ་ཅང་མཐུ་སྟོབས་ཆུང་ལགས་སམ། །སྤྱིར་འགྲོ་བའི་བསོད་ནམས་ཟད་ལགས་སམ། །སྒོས་བདག་གི་ཉི་མ་ནུབ་ལགས་སམ། །ད་དུག་མཚོན་ནད་མུག་དར་ལགས་སམ། །དགྲ་མཐའ་དམག་དུས་འཁྲུག་དར་ལགས་སམ། །བདུད་ལྷ་སྲིན་ཁ་རླངས་འཕྲོ་ལགས་སམ། །མི་


CMR003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ནག་དམྱལ་ཐག་གཅོད་ལགས་སམ། །སྤྱིར་མགོ་ནག་མི་དང་རྣལ་འབྱོར་བདག།ཐུགས་སྙིང་རྗེའི་གནས་སུ་མ་གྱུར་རམ། །བདུད་ལྷ་འདྲེའི་ཁ་གནོན་སུ་ཡིས་བྱེད། །ཆོས་གསང་སྔགས་བསྟན་པ་སུ་ཡིས་འཛིན། །བཀའ་སླད་མེད་གཏེར་ཁ་སུ་ཡིས་འབྱིན། །སྒོས་ཨོ་རྒྱན་གཏེར་ཁ་སུ་ཡིས་སྐྱོང་། །མི་བདག་གི་རེ་ས་སུ་ལ་བཅའ། །ད་ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །དུས་དེ་རིང་ས་གའི་ཚེས་བཅུའི་ཉིན། །མི་བདག་གི་སྨྲེ་སྔགས་གདུང་དབྱངས་འདི། །ཕ་ཨོ་རྒྱན་ཆེན་པོས་གསན་པར་ཤོག །དེ་སོགས་སྨྲེ་སྔགས་གདུང་དབྱངས་དང་། །སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་སོགས། །ངག་ནས་ཐོལ་བྱུང་མང་སྨྲས་ཀྱང་། །ཡི་གེར་བཀོད་པ་མ་ལྕོགས་སོ། །བྱང་ཆོག་ཕྱིར་བཟློག་ཞག་བདུན་བྱས། །ཉམས་ཀྱི་སྣང་བར་སྤྲུལ་སྐུ་ཉིད། །མི་མཉེས་པ་ཡི་རྟགས་ཤིག་མཐོང་། །དེ་དོན་ཡབ་སྲས་ལ་སོགས་པ། །ས་ལམ་མཐོན་པོར་བཞུགས་པ་ལ། །བྱང་ཆོག་ཕྱིར་བཟློག་བྱེད་སྲོལ་མེད། །དེ་ཡི་དོན་ནི་ཡིན་པར་གོ །དེ་ནས་བྱང་ཆོག་ཕྱིར་བཟློག་བསྒྱུར། །མདུན་བསྐྱེད་ཡི་དམ་ལྷ་དང་ནི། །སྤྲུལ་སྐུ་དབྱེར་མེད་བསྒོམས་བྱས་ཏེ། །བླ་མ་མཆོད་ཆོག་ཚུལ་དུ་ནི། །དགོངས་ཞག་


CMR003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་བར་བྱས་ཤིང་། །ནུབ་མོ་རྒྱུན་དུ་བརྟགས་པའང་བྱས། །དབང་དྲག་རྒྱ་མཚོའི་རྣམ་ཐར་ལས། །མ་འོངས་པའི་ཚེ་ན་པདྨ་བཀའ་ཐང་གི་ལུང་བསྟན་དང་མཚུངས་པ་ཡིན་པས། དེ་ནས་ཉིད་ཁམས་རི་བོ་ཆེ་དང་། ཆབ་མདོ་གཉིས་ཀྱི་མཚམས་སུ་སྐྱེས་ནས། ཙཱ་རི་མན་ཆད་དང་། ཁམས་ཀྱི་སེང་གེ་གནམ་རྫོང་ཡན་ཆད་ལ་གཏེར་ཆེན་གཏེར་ཁ་བརྒྱའི་མངའ་བདག །གཏེར་སྟོན་ཤེས་རབ་མེ་འབར་ཞེས་བྱ་བར་སྐྱེ་བ་བཞེས་ནས། དེ་ཡི་དུས་སུ་གསང་སྔགས་ཀྱི་ཆོས་ཐམས་ཅད་དར་རྒྱས་སུ་མཛད་པར་གྱུར་ནས། །འགྲོ་དོན་རྒྱ་ཆེན་པོ་འབྱུང་བའི་བལྟས་ཡོད་གསུངས། དེ་འོག་ཚེ་འཕོས་ན་གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་བར་སྐྱེ་བ་བཞེས་ནས། གཏེར་ཆོས་ལ་དབང་ཞིང་འགྲོ་དོན་རྒྱ་ཆེར་མཛད་པ་དང་། དེ་ཚེ་འཕོས་ན་གཏེར་སྟོན་རིག་འཛིན་ནམ་མཁའ་ཞེས་བྱ་བར་སྐྱེ་བ་བཞེས་ནས། གཏེར་ཆོས་ལ་དབང་ཞིང་འགྲོ་དོན་རྒྱ་ཆེར་མཛད་པ་དང་། དེ་ནས་འགྲོ་དོན་རྫོགས་ནས་ཟངས་མདོག་དཔལ་རི་ལ། ཨོ་རྒྱན་ཆེན་པོའི་ཐུགས་དང་དབྱེར་མེད་དུ་གྱུར་ནས། མངོན་པར་རྫོགས་པ་སངས་རྒྱས་པའི་རྟེན་འབྲེལ་ཡོད། ཅེས་གསུངས་ཏེ། བདུད་འདུལ་རྡོ་


CMR003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཞལ་ནས་ནི། །རྣམ་ཐར་དེ་ཡང་ཁོ་རང་གིས། །མཛད་པ་སོགས་ནི་མ་ཡིན་ཏེ། །ཞལ་རྒྱུན་སློབ་མས་བྲི་ནོར་བྱུང་། །གཏེར་སྟོན་ཤེས་རབ་མེ་འབར་ནི། །སྔར་ནས་བྱུང་ནི་ཚར་བ་ཡིན། །རཏྣ་གླིང་པའི་གཏེར་ལུང་ལས། །ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གསུངས་ཕྱིར་འདི་ཡིན་ཐེ་ཚོམ་མེད། །ཅེས་པའང་བདག་ལ་དངོས་ཀྱིས་གསུངས། །གང་ལྟར་འདི་ཡི་རྒྱབ་ཏུ་ནི། །གཏེར་སྟོན་ནམ་མཁའ་ཞེས་བྱ་འབྱུང་། །དེ་ནས་ཨོ་རྒྱན་ཐུགས་ཀར་ཐིམ། །ཟེར་བ་གང་དུ་གསལ་ལགས་ཀྱང་། །བདག་གིས་བརྟག་པའི་ཉམས་སྣང་ལ། །སྐུ་སྐྱེ་ཉི་ཤུ་རྩ་གཅིག་འབྱོན། །ཟེར་བའི་སྒྲ་ཞིག་གསལ་བར་ཐོས། །སྐྱེ་བ་གཉིས་ལ་བར་ཆད་འོང་། །ས་གཏེར་ཐོན་པར་མི་འགྱུར་ཅིང་། །འགྲོ་དོན་རླབས་ཆེན་མ་འགྲུབ་པས། །ད་ནི་སྐྱེ་བ་ཉེར་གཅིག་ཏུ། །རིམ་པར་སྤྲུལ་པའི་སྐུ་འབྱོན་ཅིང་། །རེས་འགའ་གཏེར་དང་གནས་སྒོ་སོགས། །འབྱེད་པས་གཏེར་ཁ་བརྒྱ་རྩ་ཡང་། །དེ་ཡིས་རིང་ལ་རྫོགས་པར་སེམས། །དེ་ལ་འགའ་ཞིག་འདི་སྐད་དོ། །དུས་ཀྱི་གཏེར་དེ་མ་ཐོན་ནས། །གཏེར་དེ་རུལ་བར་འགྱུར་རམ་ཟེར། །ཐོ་ཅོ་མཁན་


CMR003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཏོན་ནས་ཀྱང་། །སླར་ལ་སྦས་ནས་བཞག་པ་དང་། །ས་ཡིས་མ་ཐུབ་གཏེར་རྣམས་ནི། །རང་རྡོལ་བདག་མེད་སོང་བ་ན། །རུལ་ལམ་གཞན་གྱིས་རྙེད་ན་ཡང་། །བྱིན་རླབས་འགྲོ་དོན་མི་འབྱུང་གསུངས། །དེ་མིན་ཨོ་རྒྱན་སྦས་པ་རྣམས། །རུལ་སོགས་ཆུད་ཟོས་མི་སྲིད་དེ། །གཏེར་སྲུང་རྣམས་ཀྱི་སྙིང་གི་ནོར། །ས་ཡི་བཅུད་དུ་བཞུགས་པ་ཡིས། །གཏེར་སྟོན་རྣམས་ཀྱིས་སྦས་པ་ཡང་། །མ་འོངས་ཉིད་ཀྱི་སྤྲུལ་པས་འདོན། །དུས་སྐབས་འགྲོ་དོན་འབྱུང་གསུངས་ནས། །ཨོ་རྒྱན་སྦས་པ་སྨོས་ཅི་དགོས། །དེ་ནས་བདུན་ཕྲག་གཉིས་ཀྱི་དུས། །སྤྲུལ་སྐུ་གར་བཞུགས་བརྟགས་པ་ཡིས། །འོ་བརྒྱལ་ཆེ་སྐབས་ཡིན་ཟེར་བའི། །སྒྲ་ཞིག་ཉམས་ཀྱི་སྐབས་སུ་ཐོས། །དབང་དྲག་རྒྱ་མཚོ་འདས་པའི་རྒྱབ། །བར་དོའི་རྣམ་ཐར་ནས་གསུངས་ལྟར། །འབྲེལ་ཐོགས་འགྲོ་བ་འདྲེན་པའི་ཕྱིར། །དམྱལ་བའི་ཡུལ་དུ་ཕེབས་པར་གོ །ཁོང་ལ་འབྲེལ་པ་ཐོབ་ཚད་ལ། །སྒྲིབ་པ་སྦྱོང་བའི་སྔགས་དམིགས་དང་། །བདེ་བ་ཅན་དུ་སྐྱེ་བ་ཡི། །བསྔོ་བ་སྨོན་ལམ་མང་པོ་ནི། །ཁོང་གི་དཔུང་གྲོགས་ཚུལ་དུ་བྱས། །སྔ་ཕྱིར་ཁོང་གི་དཀོར་ཕུད་རྣམས། །ང་ལ་གནང་


CMR003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕན་ངེས་པ། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད། །དེ་ནས་བདུན་དྲུག་རྫོགས་ལ་ཁད། །སྤྲུལ་སྐུ་གར་བཞུགས་བརྟགས་པ་ཡིས། །ཟངས་མདོག་དཔལ་གྱི་རི་བོའི་རྩེར། །ཨོ་རྒྱན་ཆེན་པོའི་ཞབས་དྲུང་དུ། །སྤྲུལ་སྐུ་ཕེབས་ཡོད་ཟེར་བའི་སྒྲ། །བར་སྣང་ཁམས་ནས་གསལ་བར་གྲག །དགོངས་ཞག་རྫོགས་ལ་ཁད་ཀྱི་དུས། །སྤྲུལ་སྐུ་འདས་འོས་མེད་ཙམ་འདས། །འདི་ནི་ཅི་ཡི་སྐྱོན་ཡིན་སྙམ། །བརྟགས་པ་བྱས་ཚེ་རྨི་ལམ་ན། །གཟིམས་ཁང་འདྲ་བ་གཅིག་གི་ནང་། །སྤྲུལ་སྐུའི་བཞུགས་གདན་ན་བཟའ་ཡང་། །ད་ལྟ་བཞེངས་ནས་བྱོན་ལམ་འདྲ། །མདུན་དུ་ཕྱག་རྔའང་བཏགས་ཚུལ་འདུག །སྤྲུལ་སྐུ་འདས་པའང་ཡིད་ལ་དྲན། །སྤྲུལ་སྐུ་གང་དུ་འབྱོན་ལེ་རེད། །དེ་སྐད་སྨྲས་པས་ནམ་མཁའ་ནས། །མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །རྒྱལ་བ་མེ་ཏོག་མྱ་ངན་འདས། །དེ་ཡི་རྒྱལ་ཚབ་བྱོན་དགོས་བྱུང་། །ཟེར་བའི་སྒྲ་ཞིག་གྲག་བྱུང་བས། །མེ་ཏོག་བཀྲམ་པའི་ཞིང་ཁམས་དེ། །འཇིག་རྟེན་འདི་ནི་མ་ཡིན་པས། །གང་ན་ཡོད་ཀྱང་ངས་མི་ཤེས། །འཇིག་རྟེན་ཞིང་ཁམས་འདི་ཉིད་ན། །སྤྲུལ་སྐུ་མི་བཞུགས་བསམས་ཤིང་སྡུག །དེ་མ་ཐག་ཏུ་ནམ་མཁའ་


CMR003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཇིག་རྟེན་འདི་ནའང་སྤྲུལ་སྐུ་གཅིག །བཞུགས་སོ་ཟེར་བའི་སྒྲ་གྲག་པས། །དངོས་ཉིད་ཞིང་ཁམས་དེར་གཤེགས་ནས། །འདི་རུ་སྤྲུལ་པ་འབྱོན་པར་གོ །ད་རེས་གློ་བུར་ཞིང་བརྗེས་པ། །གཞན་རྐྱེན་བར་ཆད་མ་ཡིན་ཏེ། །མཁའ་འགྲོས་གདན་འདྲེན་བྱས་པར་གོ །དེ་ཡང་ཇི་ལྟར་འདས་པའི་ཚུལ། །དབོན་པོ་མགོན་སྲུང་མཁྱེན་བརྩེ་སོགས། །བསྙུང་གཡོག་གདུང་གཡོག་བྱས་རྣམས་ཀྱིས། །ངག་ནས་ཐོས་པས་མདོར་བསྡུས་ནི། །སྤྲུལ་སྐུ་ཉིད་ཀྱིས་གསུངས་པ་ལ། །ཁོ་བོ་དར་དཀར་འདོ་ལི་ལ། །བཏེག་ནས་གྱེན་ལ་ཁྱེར་བ་དང་། །ཁོ་བོ་ནམ་མཁའི་དབྱིངས་སུ་འཕུར། །དེ་ཡི་རྗེས་སུ་གྲྭ་པ་ཡང་། །འགའ་རེ་འཕུར་ནི་བྱུང་བ་རྨིས། །མཁྱེན་བརྩེ་ཁྱོད་ཀྱང་འཕུར་བྱུང་སྟེ། །སྐྱོན་མེད་རྣམ་རྟོག་མ་བྱེད་གསུངས། །ཁྲི་ནི་མཐོ་ཞིང་རྒྱ་ཆེ་བ། །དགུང་སྔོན་དབྱིངས་སུ་ཐུག་པ་ཞིག །དེ་ཡི་སྟེང་དུ་ཁོ་བོ་བཞག །ཕྱིར་ལ་བལྟས་པས་མི་རྣམས་ནི། །གྲོག་མ་ཙམ་ལས་མི་མཐོང་ངོ་། །གསུངས་པའང་ཞིང་ཁམས་གཤེགས་བལྟས་ལགས། །ཚེ་མཚམས་སྤྲུལ་སྐུ་དེར་བཞུགས་པས། །གཏེར་སྟོན་རས་གོན་གཤོག་པ་མཛད། །ནམ་མཁའི་


CMR003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་འཕུར་མཛད་པས། །རང་ཡང་རྗེས་སུ་འཕུར་བསམ་ཛ། །ཁྱོད་རང་མ་འོངས་སྡོད་གསུངས་ནས། །གཏེར་སྟོན་འཕུར་ནས་བྱོན་སོང་རྨིས། །བསྙུང་གཞི་འདི་ཡང་ཇེ་ཐུ་རེད། །དབང་ལུང་འཕྲོ་ཡང་ཐོབ་ཤས་ཆུང་། །གསུངས་ནས་སྤྲུལ་སྐུ་བྱོན་སོང་སྐད། །དེ་སྐབས་ཤོག་བུ་སྲབ་མོ་ཡི། །ཁ་གང་ཙམ་གྱི་ནང་དུ་ནི། །བསྐུངས་ཤིང་ཞལ་ཆེམས་ཡི་གེ་ཞིག །ཕྱག་བྲིས་མཛད་པ་མང་པོས་མཐོང་། །འདས་ནས་དེ་ཉིད་རྩད་མ་ཆོད། །འདས་དུས་མདུན་དེར་བླ་མ་མང་། །དེ་འདྲ་གཅིག་གིས་ཁྱེར་རམ་ཟེར། །རྩིག་གསེབ་སོགས་སུ་ཉིད་ཀྱིས་སྦས། །སྤྲུལ་སྐུ་རྒྱབ་མ་འབྱོན་པའི་དུས། །ཡིད་ཆེས་ཕྱིར་དུ་འདོན་རྒྱུ་ཡིས། །དེ་འདྲ་མཛད་པའི་སྲོལ་ཀྱང་ཡོད། །གང་ཡིན་མི་ཤེས་ཆུད་མ་ཆོད། ༈ །དེ་ནས་སྦོ་ཟླའི་ཚེས་མགོ་ནས། །བསྙུན་གཞི་ནད་ཀྱང་ཇེ་ཐུ་ཞིང་། །དབང་ལུང་རྣམས་ཀྱི་འཕྲོ་ཡང་བཞག །དེ་འདྲའི་ངང་ལ་གནས་པའི་ཚེ། །ཚེས་པ་བཅུ་གཅིག་ཉིན་པར་ན། །བདག་ལ་ནད་ཀྱིས་ཟུག་རྔུ་ཡིས། །རབ་ཏུ་གདུང་བར་གྱུར་པས་ན། །ལྷ་ལ་གསོལ་འདེབས་སྨོན་ལམ་ཞིག །འདེབས་དགོས་ཁྱོད་་་་་ཉེ་གནས་མཐར་ཕྱིན་པས་མཁྱེན་བརྩེ་ལའོ། ཀྱིས་ཟིན་བྲིས་


CMR003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཐོབ་གསུངས་དབྱངས་གསལ་ཚོགས་པ་ལ། །ཤིན་ཏུ་སྐྱེ་འགྲོའི་སྡེབ་སྦྱོར་མཛད། །དེ་ནི་གསོལ་འདེབས་སྨོན་ལམ་དང་། །ལྷག་པར་ཞལ་ཆེམས་ཚིག་ཀྱང་འདུག །བཅུ་བཞིའི་སྔ་དྲོར་རི་འདིའི་རྩེར། །བཀའ་བརྒྱད་ལྷ་ཚོགས་མ་ལུས་ཀུན། །ཁྲ་ཆེམ་ཤིག་ཤིག་འདུག་པར་མཐོང་། །འདི་ནི་ཅི་ཡིན་ཨང་གསུངས་སོ། །བཅོ་ལྔའི་ཞོགས་པར་གནམ་ཆོས་ཀྱི། །གཏེར་མ་བརྒྱུད་པའི་གསོལ་འདེབས་ནི། །དཔོན་སློབ་མཉམ་དུ་གསུངས་པའི་ཚེ། །རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀུན། །སྤྱན་ནི་ཕྱེ་བཙུམ་མ་མཆིས་པར། །ཞིང་བཀོད་ལྟ་བུར་མཇལ་གསུངས་སོ། ༈ །འདས་ཁ་མདུན་དེར་བཞུགས་པ་ཡིས། །བླ་མ་མང་པོ་ཡོད་ཟིན་ཏེ། །སྤྲུལ་སྐུ་གར་བྱོན་ལ་སོགས་པ། །ཚིག་གཅིག་ཙམ་ཡང་ཞུ་མ་སྤོབས། །བརྟན་བཞུགས་ཁོ་ན་འདོན་ཞིང་བསྡད། །བསྙུང་ཟུག་ཆེན་པོ་མ་བྱུང་བས། །སྐྱིལ་ཀྲུང་ཙོག་པུར་བཞུགས་མཛད་ནས། །ཉམས་ལེན་ངང་དུ་མཉམ་པར་བཞག །བཅུ་དྲུག་དགོང་མོའི་དུས་ཙམ་ལ། །འབྲུག་སྒྲ་ཐུག་ཆོམ་དྲག་པོ་ཡིས། །ས་གཞི་རིར་བཅས་གཡོ་འདྲ་བྱུང་། །དེ་རྗེས་བདུད་རྩི་དཀར་ཡོལ་དོ། །གསོལ་ནས་སྐུ་ལུས་


CMR003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྲངས་མཛད་དེ། །ཕྱག་གཡོན་ཕྱག་ཕྲེང་བསྒྲང་བཞིན་དུ། །གསུང་ནི་བསྒྲིག་རྒྱུ་མེད་པར་གྱུར། །དད་ལྡན་སློབ་བུ་མཁྱེན་བརྩེ་བས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །ཐུགས་རྗེ་གཟིགས་དགོས་ཞུས་པ་ཡིས། །དབུ་ནི་འགུག་འགུག་ལན་གསུམ་མཛད། །དགོང་མོ་ཆོས་ཀྱི་དབྱིངས་སུ་ཐིམ། །སྔོན་ཚེ་གྲགས་པ་སེང་གེ་ཞེས། །འོད་དཔག་མེད་ཀྱི་སྤྲུལ་པ་དེ། །མྱ་ངན་འདས་ཁ་ཞལ་ཆེམས་ལ། །ང་ཡི་གདུང་འདི་ཞག་གསུམ་ལ། །ཐུག་རེག་མ་བྱེད་ཅལ་ལེ་ཞོག །དེ་ནས་སྤྱིར་ཆོས་ལེགས་པར་གྱིས། །དེར་དམར་ལ་སོགས་རྒྱན་གྱིས་བརྒྱན། །མཆོད་རྟེན་དཀར་པོ་གཅིག་གྱིས་དང་། །མཐོང་ཚད་རླུང་གིས་ཕོག་ཚད་ཀུན། །ངན་སོང་མེད་དོ་གསུངས་པ་ལྟར། །ཞག་གསུམ་ཐུག་རེག་མ་བྱས་པར། །གདུང་ཆོས་མ་བྱས་བཞག་བྱས་པས། །ཚུགས་ཐུབ་བཀྲག་མདངས་བཟང་ངོ་སྐད། །དེ་ནས་ཚོགས་ཟངས་གཙང་བའི་ནང་། །བུམ་ཆུས་སྐུ་གདུང་ལེགས་པར་བཀྲུས། །དར་དང་རས་ཀྱིས་ལེགས་པར་དཀྲིས། །སྙན་དར་དུ་མས་བརྒྱན་བྱས་ཏེ། །པད་ཞྭ་ལ་སོགས་སྐུ་ཆས་གསོལ། །སྤོས་དང་མར་མེ་མཆོད་པའི་ཚོགས། །རྒྱ་ཆེན་བཤམས་ཏེ་བླ་མ་


CMR003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བཟང་ལ་མང་བར་ཚོགས་པ་ཡིས། །གདུང་མཆོད་རྒྱ་ཆེན་ཡུན་རིང་བསྒྲུབས། །ཉིན་རེ་བཞིན་དུ་ཁྲུས་གསོལ་དང་། །ཕྱག་དང་མཆོད་པ་མཎྜལ་ཕུལ། །དེ་ནས་རྙིང་མའི་སྒྲུབ་ཆེན་ནི། །ཇི་ལྟར་གསུངས་པ་མ་འཆུགས་པར། །ས་སྟེགས་གདུང་ཁང་བསྲེག་རྫས་དང་། །གོས་རས་བཟང་པོར་གསར་ཚེམ་པའི། །ཟུར་བཞིར་རྒྱལ་མཚན་སྟེང་བླ་རེ། །གསེར་དངུལ་ཕྱེ་མ་མང་པོ་སོགས། །བསྲེག་རྫས་ཕུན་སུམ་ཚོགས་པ་སྟེ། །བླ་རེ་རྒྱལ་མཚན་ལ་སོགས་པ། །གོས་དར་མང་པོ་ཞུགས་སུ་ཕུལ། །བླ་མ་ཉི་མ་ལ་སོགས་པའི། །མཁས་གྲུབ་བླ་མ་རྣམས་ཀྱིས་ཀྱང་། །མྱ་ངན་སྨྲེ་སྔགས་སྤྱན་ཆབ་འབྱིན། །བརྒྱ་ཕྲག་མང་པོ་ཚོགས་རྣམས་ཀྱིས། །ཕྱག་དང་བསྐོར་བ་གསོལ་འདེབས་བྱེད། །དཔེར་ན་རྒྱ་གར་རྩྭ་མཆོག་དྲུང་། །ཐུབ་དབང་མྱ་ངན་འདས་དང་མཚུངས། །ཐ་མལ་མི་ཆེན་རྣམས་ཤི་ནས། །མྱ་ངན་ཆོ་ག་རོ་སྲེག་དང་། །བྱེད་ཚུལ་འདྲ་ཡང་དོན་མི་གཅིག །ཐ་མལ་ཤི་བའི་མྱ་ངན་གྱིས། །གཤིན་པོ་དེ་ལ་ཤིན་ཏུ་གནོད། །བླ་མ་འདས་པའི་མྱ་ངན་གྱིས། །བསྐལ་པར་བསགས་པའི་སྒྲིབ་པ་སྦྱོང་། །ཐ་མལ་ཤི་བའི་ཆོ་ག་དང་། །རོ་སྲེག་ཚེ་


CMR003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་ཕན་ཙམ། །བླ་མའི་གདུང་མཆོད་ཞུགས་ཕུལ་བས། །བསོད་ནམས་རྒྱ་ཆེན་མཐའ་ཡས་ཤིང་། །མཐར་ཐུག་རང་རང་སངས་རྒྱས་འགྲུབ། །དེ་དོན་ཀྱེ་ཡི་རྡོ་རྗེ་ཡི། །བཤད་རྒྱུད་རྡོ་རྗེ་གུར་ནས་ནི། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདག་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །སློབ་དཔོན་འདས་བྱེད་དུས་ན་ནི། །འཇིག་རྟེན་པའམ་ཤི་འམ་རོ། །རྨོངས་ལྡན་མི་རྣམས་གང་ཟེར་བ། །ཤི་ཞེས་པ་ཞེས་འདིར་རྨོངས་པའོ། །ཤི་བ་ཞེས་བྱ་རྣམ་རྟོག་སྟེ། །དག་པའི་གནས་སུ་ཁྲིད་པའོ། །ཡང་ན་བདེ་བ་ཅན་དུ་འམ། །གང་འདོད་རིགས་སུ་སྐྱེ་བར་འགྱུར། །སྣ་ཚོགས་མེ་ཏོག་ལས་འབྲེལ་ཅིང་། །སྣ་ཚོགས་རྒྱལ་མཚན་འཐུག་པ་དང་། །སྣ་ཚོགས་ཀླུ་ཡི་ཚོགས་རྣམས་དང་། །རྡོ་རྗེ་འཛིན་བཅས་རྒྱལ་སྲས་ཀྱི། །སྣ་ཚོགས་རིན་ཆེན་ཆེར་འཁྲོལ་ཞིང་། །སྣ་ཚོགས་རྒྱུན་དང་ཚིགས་བཅད་ཀྱི། །དབང་བསྐུར་གཟུངས་དབང་འདི་ཉིད་ནི། །ལུས་མཐའ་ནས་ནི་ལུས་མཐར་འགྲོ། །རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་བོར་དབུ་རྒྱན་བསྐོན་


CMR003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །རྡོ་རྗེ་སྡོམ་པ་རྣམས་བྱིན་ཏེ། །བུམ་པའི་དབང་བསྐུར་རྣམས་བྱིན་ལ། །མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་འགོད། །རྡོ་རྗེ་ཐབས་ཁུང་རབ་སྦྱོར་གྱིས། །འདུ་བྱེད་རབ་ཏུ་བྱ་བར་བསྟེན། །ཉི་མ་གསུམ་ནི་ལོན་པ་ན། །རུས་པའི་ཕྲེང་བར་རྒྱུས་བྱས་ནས། །དྲི་དང་འོ་མས་བྲན་ནས་ནི། །དེ་ཡི་མཆོད་རྟེན་དུ་བྱའོ། །ཞེས་དང་། དུས་འཁོར་བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མཁྱེན་ལྡན་སྟོན་པ་ལ་ནི་འདི་སྐད་ཞུས། །ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་དག །འདས་པར་གྱུར་ན་བསྙེན་བཀུར་ཡུལ་མེད་པས། །དེ་ཚེ་བསྙེན་བཀུར་བགྱིད་ཐབས་མཆིས་སམ་ཅི། །བཅོམ་ལྡན་རྡོ་རྗེ་འཆང་གིས་བཀའ་བསྩལ་པ། །མཚན་ཉིད་ལྡན་པའི་བླ་མ་འདས་པའི་ཚེ། །གདུང་བའི་སེམས་ཀྱིས་མཆི་མ་ཕྱུངས་གྱུར་ན། །ཕྲ་རགས་རྡུལ་དང་མཉམ་པའི་གྲངས་སྙེད་ཀྱིས། །བསྐལ་པར་བསགས་པའི་སྡིག་པ་བྱང་གྱུར་ཏེ། །མ་འོངས་དུས་སུ་ཞབས་དྲུང་སྐྱེ་བར་འགྱུར། །གདན་ཁྲི་ལེགས་བཤམས་སྟེང་དུ་སྤུར་བཞག་ནས། །ཆུ་གཙང་ཨ་རྒས་སྐུ་ཁྲུས་ལེགས་གསོལ་ནས། །


CMR003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བར་བསགས་པའི་སྡིག་བྱང་ནས། །ཟག་མེད་ཆོས་སྐུ་རྡུལ་བྲལ་ཐོབ་པར་འགྱུར། །ཕ་རོལ་ཕྱིན་བཅུའི་སྔགས་ཀྱི་བྱིན་བརླབས་པའི། །བུམ་བཟང་མགུལ་ཆིངས་ཁ་རྒྱན་རབ་མཛེས་པ། །ལྔ་ཚན་ལྔ་བརྒྱན་ཆུ་གཙང་བསྒོས་བའི་ཆུས། །ཁྲུས་གསོལ་བས་ནི་ཕ་རོལ་ཕྱིན་པ་བཅུ། །རྫོགས་ཤིང་མི་མཐུན་བཅུ་སྤངས་ས་བཅུ་ཡི། །ཡེ་ཤེས་ཀུན་རྫོགས་འགྲོ་བའི་མགོན་པོར་འགྱུར། །ཆུ་དང་མཆོད་ཡོན་དྲི་མཆོག་སྤོས་བཟང་དང་། །མེ་ཏོག་འབྲས་བུ་རོ་བཅུད་མ་སྨད་པ། །མར་མེ་ལྷ་བཤོས་གོས་ཏེ་རྣམ་བཅུ་ཡིས། །མཆོད་ནས་འཁོར་ལོས་སྒྱུར་བའི་ས་ཐོབ་ནས། །སྐྱེ་བོ་མང་པོ་ཐར་པའི་ལམ་ལ་འགོད། །ཙནྡན་ཤིང་སོགས་ཏིལ་མར་སོགས་ཀྱིས་བསྒོས། །ཟག་མེད་ཡེ་ཤེས་མེ་ལ་བཞུ་བྱས་པས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་མཆོད། །གདུགས་དང་རྒྱལ་མཚན་རོལ་མོ་འཕན་ལ་སོགས། །དུང་དང་རྔ་ཆེན་དྲིལ་བུ་སོགས་ཀྱིས་མཆོད། །མཆོད་པ་བཅུ་དང་བཀྲ་ཤིས་ཚིགས་བཅད་སྒྲོག །བསྐལ་པ་ཐེར་འབུམ་བསགས་པའི་ལས་དག་ནས། །ཟག་མེད་ཆོས་སྐུ་ཐོབ་ནས་གཟུགས་སྐུ་ཡི། །སྣང་བ་སྐྱེས་ནས་སྲིད་གསུམ་དུཁ་སྒྲོལ། །ཞེས་གསུངས་དོན་དང་


CMR003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་ཡིན། །སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་དེ་ཉིད་ཀྱི་མཛད་པའི་ཐ་མ་སྐུ་མྱ་ངན་ལས་འདས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ལྟར་གདུང་ནི་སྦྱང་བའི་དུས། །ཞོད་ཆེན་རྡོལ་བའི་སྐབས་ཡིན་ཀྱང་། །དེ་ཉིན་ནམ་མཁའ་དྭངས་པར་གྱུར། །ཀཐོག་དྲུང་བ་ཨཱ་ཡུའི་མཚན། །བཤེས་གཉེན་སངས་རྒྱས་རྡོ་རྗེ་སོགས། །མཁས་གྲུབ་རྣམས་ཀྱིས་མཛད་པའི་ཚེ། །བླ་ཕྲན་རྣམས་དང་དགེ་འདུན་པ། །ཐམས་ཅད་དད་གུས་ཚད་མེད་པས། །སྐྱེ་བདུན་རུ་བརྩི་བྱ་བའི་ཕྱིར། །སྐུ་ཤ་ཨེ་ཐོབ་ཚད་པ་དང་། །ཐུར་སོ་བཙུགས་ནས་སྐུ་མཚལ་རྣམས། །གང་ལོན་ལྕེ་ཡིས་འཇིབ་པ་དང་། །གཞོབ་སོགས་ཅུང་ཟད་གང་ལོན་ཟ། །གདུང་རུས་ཐོབ་ཤོར་བྱེད་ཤོམ་པས། །ཉིད་ཀྱི་སྐུ་ཞང་ཕྱོགས་ཡིན་པའི། །མི་ནི་སྡིག་ཅན་ཁྲོ་གཏུམ་ཅན། །གཅིག་ལ་དེ་ནི་བསྲུང་བ་དང་། །མེ་འབུད་མཁན་ནི་བཞག་དགོས་བྱུང་། །དམ་ཚིག་གཙང་བའི་བླ་མ་རྣམས། །གདུང་གཡོག་བྱེད་དུ་མི་འཇུག་པར། །ཐ་མལ་མི་སྐྱ་སྡིག་ཅན་འདིས། །གདུང་གཡོག་བྱས་པས་མ་ལེགས་ཞེས། །དགེ་འདུན་རྣམས་ཀྱང་མ་མཉེས་སྐད། །དེ་ཡི་རྐྱེན་གྱིས་རིང་བསྲེལ་


CMR003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །འོས་པ་ཙམ་གྱི་རྟེན་མ་བྱོན། །དབྱར་སྒང་གདུང་ཡང་ཡུན་རིང་བས། །ཤ་ཡི་རྟེན་ནི་འབྱོན་འོས་མེད། །འོན་ཀྱང་ཐུགས་དང་ལྗགས་གཉིས་པོ། །མ་རུལ་མ་ནོར་མ་ཉམས་བྱོན། །གདུང་རུས་རྣམས་ལ་དབྱངས་གསལ་གྱི། །ཡིག་འབྲུ་འགའ་རེ་བྱོན་འདུག་པ། །འབུམ་རྫོང་མཆོད་རྟེན་ནང་དུ་བཞུགས། །གདུང་རུས་དང་ནི་གདུང་ཐལ་ལ། །སྐྱེ་བདུན་རུ་བརྩི་བྱས་པའི་ཚེ། །རིལ་བུ་འཕེལ་སྟོབས་སྔར་ལས་ཆེ། །བྱུང་བའི་ལོ་རྒྱུས་མང་དུ་ཐོས། །བླ་མ་སངས་རྒྱས་རྡོ་རྗེ་ཡིས། །གདུང་རུས་ཆབ་བསིལ་གདུང་ཁྲུས་ལ། །རིལ་བུ་མང་དུ་དྲིལ་བ་རྣམས། །རློན་པའི་ཚེ་ནས་མང་འཕེལ་ཏེ། །དཔེར་ན་ཐུབ་པའི་རིང་བསྲེལ་བཞིན། །རིལ་བུ་རྣམས་ལ་ཕྲ་ཞིབ་ནི། །དཔག་ཏུ་མེད་པ་འཕེལ་འདུག་སྟེ། །བྱིན་རླབས་རྟེན་ནི་གཞན་ལ་ཡང་། །རིལ་བུ་བསྒྲིལ་བ་དེ་འདྲ་བ། །ཨི་འོང་ཚད་ཀྱང་མི་འོང་ངོ་། །གསུངས་ནས་ངེས་ཤེས་ཆེན་པོ་མཛད། །གདུང་མེ་བཞག་ནས་མ་རྫོགས་བར། །ནམ་མཁར་འཇའ་གུར་ངོ་མཚར་ཅན། །ཀུན་གྱིས་མཐོང་སྣང་གྲུབ་པར་བྱུང་། །སྐུ་གདུང་འབར་བའི་རྒྱུད་ཆེན་ལས། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། །འོད་


CMR003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པ་གསུམ་ཡིན་ནོ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་དུ་བྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིས་ནི་འབྲས་བུ་ཐོབ། །དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ། །གང་ཟག་བྱང་ཆུབ་མཉེས་པའི་མི། །འདི་ནི་སྐལ་ལྡན་སེམས་ཉིད་ཀྱིས། །སྤྲུལ་པ་ཡིས་ནི་ཕྱོགས་བཅུ་རུ། །སེམས་ཅན་དོན་ཀྱང་རང་བཞིན་དུ། །འདི་ཡིས་བྱེད་དོ་མཁའ་འགྲོ་མ། །ཞེས་གསུངས་འཇའ་གུར་མུ་ཁྱུད་ཅན། །དེ་ནི་རྟགས་ཆེན་ཡིན་པར་བཤད། །སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་འདས་རྟགས་ཀྱི་ལེའུ་སྟེ་རྩ་བདུན་པའོ།། །།དེར་ཚོགས་བླ་མ་དགེ་འདུན་སྡེ། །ཀཐོག་སྒ་དཔལ་འབྲི་སྨར་དང་། །རི་ཆམ་དཀར་ཟུར་ཕན་ཆད་ཀྱིས། །བླ་མ་ཆེ་ཕྲ་ཐམས་ཅད་ལ། །གང་ལ་གང་འོས་འབུལ་བ་དང་། །གདུང་བབས་འོས་ལ་གདུང་བབས་དང་། །དགོན་པ་ཆེ་ཕྲ་ཐམས་ཅད་ལ། །མང་ཇ་སྤྱི་འབུལ་ལ་སོགས་པ། །ལི་མ་ལ་སོགས་རྟེན་གསུམ་རིགས། །རྟ་དྲེལ་གོ་ཁྲབ་དར་ཟབ་ཕྲུག །ཀ་ཆ་གཞན་ནི་རྩིས་ལས་འདས། །དུང་དཀར་ཁོ་ན་བཅད་པ་ལ། །ཉི་ཤུ་རྩ་ལྔ་སོང་ངོ་སྐད། །སྔགས་འཆང་རཱ་ག་ཨ་སྱ་དང་། །


CMR003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་མཚོ་སངས་རྡོར་མཁྱེན་བརྩེ་དང་། །དབོན་པོ་མཐུ་སྟོབས་མཆེད་གཉིས་ཀྱིས། །དུས་མཆོད་བཟུང་ཞིང་མ་ཆག་བྱས། །གཞན་ཡང་དད་ལྡན་སློབ་བུ་འགས། །དུས་མཆོད་བཟུང་མཁན་ཡོད་དོ་སྐད། །འོག་མིན་ཀརྨའི་གཙུག་ལག་དང་། །འབུམ་རྫོང་ཉིད་ཀྱི་གསེར་གདུང་འགྲམ། །རི་བོ་ཆེ་ཡི་གཙུག་ལག་ཁང་། །གནམ་ཆོས་ཐུགས་གཏེར་བྱུང་བའི་ས། །དཔལ་རི་རྩེ་ཡི་མཆོད་ཁང་དུ། །ལོ་གཅིག་བར་དུ་མར་མེ་ནི། །ཉིན་འབར་མཚན་འབར་མ་ཆད་པ། །མགོན་སྲུང་ཉིད་ཀྱིས་གུས་པས་བསྒྲུབ། །དེ་དོན་དུས་ཀྱི་འཁོར་ལོ་ཡི། །བླ་མའི་ཡོན་ཏན་བཟུང་རྒྱུད་ལས། །ཉེ་དུ་འབྲེལ་བ་ཤུལ་དུ་གནས་པ་ཡིས། །གཤིན་གྱི་དོན་དུ་དགེ་བ་གང་བྱས་པ། །རྣམ་པར་སྨིན་པ་མ་ཕྱིའི་བེའུ་བཞིན། །གང་དུ་སྐྱེས་པ་དེ་ཡི་རྗེས་སུ་འབྲང་། །དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །དགེ་བའི་རྣམ་སྨིན་བླ་མའི་རྗེས་འབྲང་སྟེ། །ཐུགས་ཀྱི་དགོངས་པ་གང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་བསྙགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །


CMR003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། །བླ་མེད་གོ་འཕང་ངེས་པར་ཐོབ་པར་འགྱུར། །སྟོང་གསུམ་སྐྱེ་བོ་མིག་འབྲས་སྲོག་ཉམས་པས། །མིག་དང་སྲོག་བྱིན་བས་ཀྱང་དཔེར་མི་ཕོད། །དེ་སྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ན། །བསྐལ་པར་མཆོད་པའི་དགེ་བས་དཔེར་མི་བཟོད། །བསྐལ་པ་གྲངས་མེད་བསགས་པའི་སྡིག་སྒྲིབ་ཀྱང་། །མུན་པར་ཉི་མ་ཇི་བཞིན་མ་ལུས་སེལ། །སྟོང་གསུམ་སྐྱེ་བོ་སྙེད་ཀྱིས་རྒྱལ་བ་ལ། །མཆོད་ཅིང་བསྙེན་བཀུར་བྱས་པ་བས་ཀྱང་ལྷག །སྟོང་གསུམ་རྡུལ་དང་གྲངས་མཉམ་མུན་ལོང་དང་། །ནད་ཉེས་དམྱལ་སོགས་སྡུག་བསྔལ་གཟིར་བ་ལ། །མིག་བྱིན་ནད་སོགས་གསལ་བས་ཆར་མི་ཕོད། །ཅེས་དང་། མགོན་པོ་བྱ་རོག་རྒྱུད་ལས་ཀྱང་། །གལ་ཏེ་བླ་མ་འདས་གྱུར་ན། །དེ་ཡི་དུས་ཚིགས་བཟུང་ནས་ནི། །གང་གིས་མཆོད་པ་བྱེད་པ་དག །ཚེ་འདིར་ཕྱིར་མི་ལྡོག་པ་ཐོབ། །ལུས་བརྗེས་མཁའ་སྤྱོད་གནས་སུ་འགྲོ། །ཞེས་གསུངས་བཞིན་དུ་ཕན་ཡོན་ཐོབ། སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་ལ་གདུང་མཆོད་གྲུབ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་རྒྱལ་མཚན་མགོ་ཐོན་ནམ་འོང་བརྟགས། །སྒམ་


CMR003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དམར་པོ་རིན་ཆེན་ཕྲ་རྒྱན་ཅན། །སྤྲུལ་སྐུའི་སྐུ་ལ་འཆང་བའི་སྒམ་ཡིན་ཟེར། །བདག་གི་མདུན་དུ་བཞག་བྱུང་དུས་པ་རྨིས། །ཐུགས་ལྗགས་ལ་སོགས་ནང་རྟེན་བཞུགས་པའི་སྒམ། །རྨིས་པ་བཞིན་དུ་བདག་གི་མདུན་དུ་ཕེབས། །བདག་གི་དཀྱིལ་འཁོར་དྲུང་དུ་མཐུ་སྟོབས་ཕེབས། །ཉི་མ་དྲོན་པོ་ཞིག་ཀྱང་འཆར་ནས་གདའ། །ཕྱག་རྡོར་ལོ་རྒྱུས་མང་པོ་བདག་གིས་བཤད། །མཐུ་སྟོབས་མཐུ་སྟོབས་ལན་མང་བརྗོད་པ་རྨིས། །ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །མཚན་དཔེས་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །ཆུ་ཟླ་དང་མཚུངས་སྤྲུལ་སྐུ་བསམ་མི་ཁྱབ། །སྐུ་གསུམ་བདེ་མཆོག་ཡབ་ཡུམ་ཟེར་བའི་སྒྲ། །ཉམས་ཀྱི་སྐབས་ལ་གསལ་བར་ཐོས་པ་ཡིས། །ཕྱིར་ནངས་མཐུ་སྟོབས་ཕེབས་བྱུང་དབུ་གཏུགས་བྱས། །ཁོང་ཡང་སྐལ་ལྡན་ལས་ཅན་ཡིན་པར་གོ །སྤྲུལ་སྐུ་དངོས་སུ་མཇལ་འདྲའི་སྐྱོ་གདུང་བྱུང་། །བླ་མ་ཉི་མའི་བཀའ་ཤོག་གསུང་ཕྲིན་ལ། །སྤྲུལ་སྐུའི་བསྙུང་གཞི་དེ་ཡང་ཡིད་མ་ཆེས། །འདི་ཕྱོགས་འཚོ་མཛད་རྣམས་ཀྱང་ཞལ་མ་འཆམས། །ཕལ་ཆེར་ཀུན་གྱིས་གསོལ་བ་འདྲའོ་ཟེར། །གསོལ་དཔོན་ཀུན་གྱིས་རང་དག་བྱེད་གྲབས་བྱས། །འདི་


CMR003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱེད་ཀྱི་བརྟག་པ་གལ་ཆེན་མཛོད། །གསོལ་བ་ཡིན་ངེས་འདུག་ན་འདི་ཕྱོགས་ཀྱི། །བླ་མ་མང་ཞིག་ངེད་ཀྱི་འདུས་འོང་བས། །དེ་ལ་དམིགས་ནས་མགོན་པོ་ཚོགས་བདག་བཅའ། །ཅེས་གསུངས་བཻ་རོ་ཙཱ་ན་ནས་བཟུང་སྟེ། །དྲག་སྔགས་མཐུ་ཡི་བཀའ་བབ་ཡིན་པའི་ཕྱིར། །ཀཐོག་པ་ཡི་ཚོགས་བདག་བཅའ་ཙམ་ནས། །དགྲ་བོ་མི་བརླག་པ་ནི་མ་བྱུང་སྐད། །དེ་བས་བདག་གི་བརྟགས་པ་བྱས་པ་ཡིས། །སྐུ་ཡི་རྣམ་པ་གསལ་པོར་མ་མཐོང་ཡང་། །རང་གི་མདུན་གྱི་བར་སྣང་ཁམས་དེ་ན། །ཉམས་ཀྱི་སྣང་བར་སྤྲུལ་སྐུ་དངོས་བཞུགས་ཏེ། །ཁྱེད་ཀྱི་བསྙུང་གཞི་ཅི་རེད་ཞུས་པ་ཡིས། །ནད་ནི་སྣ་འདུས་ཤིག་ནི་རེད་གསུངས་ཏེ། །ཟས་ངན་སྦྱོར་བ་རེད་ནི་མ་གསུངས་སོ། །སླར་ཡང་ཕྱིར་ནུབ་བརྟགས་པ་བྱས་པ་ཡིས། །ཁྱེད་ཀྱི་འདས་རྐྱེན་སུ་ཡིས་བྱས་ཞུས་པས། །དེ་ནི་ང་ཡི་སྨྲ་བར་མི་རུངས་པ། །དེ་ནི་ང་ཡི་དམ་བཅའ་ཡིན་ནོ་གསུངས། །གསོལ་བ་ཡིན་པའི་ངེས་ཏིག་མ་བྱུང་ངོ་། །གལ་ཏེ་བྱུང་ན་ཉི་མ་ཐུགས་བདེན་ཏེ། །བདུད་རྩི་འབྱུང་བའི་རྒྱུད་སྡེ་ཆེན་པོ་ལས། །གལ་ཏེ་བླ་མར་གནོད་པ་ཡི། །མ་རུངས་སེམས་ཀྱིས་བཅོམ་པ་ལས། །བདག་


CMR003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ནི་བསད་བྱས་ནས། །སེམས་ཅན་འབུམ་གྱི་སྲོག་བཏོན་པས། །བསོད་ནམས་འདི་ནི་ཆར་མི་ཕོད། །བླ་མའི་བྱ་བ་རྫོགས་བྱས་ནས། །འདི་ཡང་དེ་དང་མཉམ་པའོ། །ཞེས་དང་། དེ་བཞིན་ངན་སོང་སྦྱོང་རྒྱུད་ལས། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་དམོད་བརྩོན་མ་རུངས་བྱེད། །དམ་ཚིག་ལ་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །ཞེས་པའི་དོན་དང་མཐུན་ལགས་ཀྱང་། །འབྲི་སྨད་ཀཐོག་ཕྱོགས་ཀྱི་སེར་མོ་བ། །ཐམས་ཅད་ཕལ་ཆེར་རྙིང་མའི་ཆོས་ལུགས་འཛིན། །དབང་དྲག་རྒྱ་མཚོའི་རྗེས་འཇུག་ཁོ་ན་སྟེ། །སྤྲུལ་སྐུ་འདི་ལ་དད་པ་རྩེ་གཅིག་ལས། །ངན་སེམས་འཆང་མཁན་ཡོད་རེ་ན་ར་ཀན། །སེར་མོ་མིན་པས་སྦྱོར་ངན་བྱས་སྲིད་ཀྱང་། །བསྙུང་བར་འགྱུར་གྱི་འདས་རྐྱེན་འོང་མི་སྲིད། །འདས་རྐྱེན་བྱས་ན་ལྷན་ཅིག་སྐྱེས་པའི་བདུད། །ཐུབ་དབང་ལ་ནི་ལྷ་སྦྱིན་ལྟ་བུ་ཡིན། །དེ་ལ་གནོད་ལན་གནོད་པས་འཇལ་མི་རུང་། །གནོད་ལན་ཕན་བཏགས་སྙིང་རྗེ་བོསྒོམ་དགོས་ཚུལ། །སངས་རྒྱས་སྐྱེས་རབས་རྣམས་ལ་གཟིགས་དང་གསལ། །ཞེས་


CMR003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཞུ་ཡིག་ཆ་ཕྲེང་ཞིབ་རྒྱས་ཕུལ། །དེ་ཕྱིར་སྤྲུལ་སྐུའི་རྩ་སློབ་དད་པ་ཅན། །བླ་མ་འཚོ་མཛད་གསོལ་དཔོན་ལ་སོགས་ལ། །སྐུར་འདེབས་ཅལ་སྒྲོག་མང་པོ་བྱེད་ཐོས་ཀྱང་། ་དེ་དག་མིན་པ་ང་རང་དག་ཕེར་སྙམ། །དུག་གིས་ཤི་བའི་ཤ་ཁྲག་དུག་ཡིན་ཏེ། །སུས་ཟོས་ཤི་བར་དབུས་གཙང་ཀུན་ཏུ་གྲགས། །གདུང་ཐལ་གཞོབ་སོགས་ཟོས་པས་འཆི་བའི་ཕྱིར། །ཐལ་སོལ་དུད་འགྲོ་སོགས་ཀྱིས་ཟ་དོགས་ནས། །ཐམས་ཅད་གཙང་པོར་འདེབས་པའི་སྲོལ་ཡང་མཐོང་། །དུག་གི་ཤ་ཁྲག་ཟོས་པས་འཆི་བའི་ཕྱིར། །དུག་གི་ལོ་རྒྱུས་མཁས་པའི་འཇང་ཡུལ་དུ། །ཕ་རོལ་དགྲ་ཡི་དམག་ཚོགས་བྱུང་བའི་ཚེ། །འབྲི་གཡག་དུག་བླུད་ལམ་འགག་བཞག་གོ་སྐད། །སྔོན་ཚེ་རི་བོ་ཆེ་ཡི་དགོན་འཐོར་སྐབས། །ཕག་གྲུའི་ཐུགས་ཡིན་ཟེར་བ་བྱིའུ་སྒོང་ཙམ། །སྐྱེ་བོ་གཅིག་གི་ཐོབ་པ་དད་རྟེན་ཁྱེར། །ཕྱིས་སུ་ཁོ་རང་ཅུང་ཟད་མ་བདེ་དུས། །ཨི་ཕན་སྙམ་ནས་བཞར་ནས་ཟོས་པ་ཡིས། །གློ་བུར་དུག་ནད་དྲག་པོས་ཤི་བ་ཐོས། །སྤྲུལ་སྐུའི་གདུང་གི་ཆུ་སེར་སྐུ་ཁྲུས་དང་། །གདུང་གི་ཞལ་ནས་སྐྱུགས་པའི་ཆུ་སེར་ལ། །ཟན་བརྫིས་ཟོས་དང་རིལ་བུ་ཀུན་ལ་བཀྱེས། །གདུང་ཁང་ནང་


CMR003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐུར་སོ་བཙུགས་ནས་ཀྱང་། །སྐུ་མཚལ་འགོས་པ་འཇིབས་པ་སོགས་བྱས་ཀྱང་། །སུ་ལའང་དུག་ནད་བྱུང་རབས་མི་འདུག་གོ །སྐྱ་སེར་ཐམས་ཅད་དག་དེ་དཀར་ནས་འདུག །ཅལ་སྒྲོག་རྗེས་རྒྱུག་སྐུར་འདེབས་བྱ་དོན་མེད། །དེ་ལྟར་མི་ནི་སུ་ལ་ལེ་ཁག་མེད། །འོན་ཀྱང་བཅོམ་ལྡན་ཐུབ་པ་ཆེན་པོའི་གསུངས། །ཚེ་འཕོ་ཇི་ལྟར་འགྱུར་བའི་མདོ་སྡེ་ལས། །དྲི་ཟ་ཁྱབ་བྱེད་པི་ཤ་ཙན་ཞེས་དང་། །གནོད་སྦྱིན་སྨྲ་འདོད་བ་རི་ཧན་ཏི་སོགས། །བྱེ་བ་ཁྲག་ཁྲིག་ནམ་མཁའ་ཁྱབ་ལ་ཡོད། །དེ་དག་རྣམས་ཀྱིས་ཚེ་འདས་ལུས་སུ་སྤྲུལ། །གསོན་དུས་གང་སྨྲས་གཏམ་སོགས་ངེས་ཏིག་སྨྲ། །ཆ་ཕྲེང་བསྐུར་སོགས་འཇིག་རྟེན་བསླུ་བར་གསུངས། །དེ་བཞིན་རྒྱ་ནག་རྩིས་ཀྱི་གཞུང་ལས་ཀྱང་། །ཚེ་འདས་བླ་སྲོག་རྣམ་པར་ཤེས་པ་གསུམ། །རྣམ་པར་ཤེས་པ་ལས་ཀྱི་རྗེས་སུ་འབྲང་། །བླ་དེ་ཚེ་འདས་གཟུགས་སུ་དུར་སར་གནས། །ས་དཔལ་བཟང་ན་གསོན་པོའི་ཁ་འཛིན་ནུས། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད་བྱས་ནས། །ཚེ་འདིས་ལུས་སུ་སྤྲུལ་ནས་གནས་ལ་གནོད། །བླ་མ་ཡིན་ན་འདྲེ་རུ་སྐྱེས་ཟེར་ནས། །ནད་པ་སོགས་ལ་ཞུགས་ཤིང་སྲོག་གཅོད་བྱེད། །དེ་དོན་ཆོས་དྲུག་ཆེན་


CMR003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ནང་ནས་བཤད། །དེ་ལྟར་ཟ་འདྲེའི་བགེགས་དེ་མ་ཐུལ་ན། །གསོན་པོ་ཐམས་ཅད་བཀྲ་མི་ཤིས་པ་དང་། །སྐྱེ་བ་ཕྱི་མ་ལ་ཡང་གནོད་པའི་ཚུལ། །དྲག་པོའི་ལྕགས་འདུལ་ལྕགས་བརྡུངས་སོགས་ནས་བཤད། །དེ་ཕྱིར་སྔགས་འཆང་རཱ་ག་ཨ་སྱ་ཡིས། །མགོན་པོ་མ་ནིང་དྲིལ་སྒྲུབ་རྒྱུན་ཁྱེར་དང་། །མནན་སྲེག་འཕངས་གསུམ་རྨིས་རྟགས་ཐོན་པར་བྱས། །འཇིག་རྟེན་ཅལ་སྒྲོག་ཡ་ག་གསལ་བ་དང་། །བདུད་བགེགས་ལོག་པར་འདྲེན་པ་ཚར་བཅད་ནས། །རྗེས་འཇུག་བཀྲ་ཤིས་པར་བྱས་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་འཕྲལ་དུ་རྨུགས་སངས་གནས་ནང་དུ། །དད་ལྡན་སྡེ་དགེ་དྲུང་པས་མཐུན་རྐྱེན་སྦྱར། །དཔོན་པོ་ཁུ་དབོན་རྣམས་ཀྱིས་རྒྱུ་ཕྱུང་ནས། །རྨུགས་སངས་གནས་ནང་གསེར་གདུང་ཐོག་ཚད་བཞེངས། །འབུམ་རྫོང་གནས་སུ་གསེར་གདུང་ཐོག་ཚད་བཞེངས། །སྒ་རྗེ་བླ་མ་ཀུན་བཟང་ཤེས་རབ་ཀྱིས། །ལྷ་ཁང་གདུང་འབུམ་སྤྲུལ་སྐུའི་འདྲ་སྐུ་བཞེངས། །དེ་བཞིན་ཇ་ཚ་བླ་མས་གདུང་འབུམ་བཞེངས། །ལྷས་འཚོ་བླ་མས་ལྷ་ཁང་ཆེན་མོ་དང་། །གསེར་གདུང་བྱང་ཆེན་མཆོད་རྟེན་ཐོག་ཚད་བཞེངས། །སངས་


CMR003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྡོ་རྗེས་ལྷ་ཁང་ཆེན་མོ་དང་། །གསེར་དངུལ་འདྲེས་མའི་གདུང་འབུམ་ཐོག་ཚད་བཞེངས། །ནམ་མཁའ་བཀྲ་ཤིས་གསེར་གདུང་ཐོག་ཚད་བཞེངས། །རཱ་ག་ཨ་སྱས་གུར་དྲག་མི་ཚད་བཞེངས། །ད་རུང་བཞེངས་པར་འདོད་པ་མང་དུ་སྣང་། །དེ་དོན་བྱ་རོག་ཆེན་པོའི་རྒྱུད་སྡེ་ལས། །བླ་མ་མཆོད་པའི་ཁྱད་པར་རྟེན། །མཆོག་གྱུར་བླ་མ་རྡོ་རྗེ་འཛིན། །དེ་ཉིད་མཐོང་ལ་གུས་པ་ཡིས། །སྐུ་འབགས་བཞེངས་གྱུར་ཐུགས་ཀྱིས་འཛིན། །བར་མ་དོ་ནི་མཆོག་ཐོབ་བྱེད། །གདུང་ལ་མཆོད་རྟེན་བདེ་གཤེགས་གཟུགས། །བྱས་ན་འཁོར་ལོས་སྒྱུར་བ་ཐོབ། །སྐུ་ཡི་ཚད་མཉམ་བཞེངས་པ་གང་། །ཆོས་ཉིད་བདེན་པ་མཐོང་བར་འགྱུར། །རྒྱུ་ཡི་ནུས་པས་རྟེན་དེ་ལ། །འཕེལ་འགྲིབ་མཐོ་དམན་དེས་ཕྱིའོ། །དེ་བཞིན་དཔལ་ལྡན་དུས་འཁོར་གྱི། །བླ་མའི་ཡོན་ཏན་ཡོངས་བཟུང་རྒྱུད་སྡེ་ལས། །ཐལ་བ་སྐུ་ཁྲུས་གསོལ་ནས་མཆོད་རྟེན་བཞེངས། །རབ་ཏུ་གནས་པ་བྱས་ཤིང་མཆོད་པ་འབུལ། །ཕྲ་རབ་རྡུལ་རྙེད་འཁོར་ལོས་སྒྱུར་བ་ཐོབ། །མཚན་དང་དཔེ་བྱད་འབར་བའི་ས་ཐོབ་འགྱུར། །གསེར་རམ་བཻཌཱུརྱ་སོགས་རིན་ཆེན་ནམ། །ཙན་དན་ཤིང་སོགས་འཇིམ་པའི་འདེ་གུ་དང་། །རི་མོ་


CMR003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་འདྲ་འབགས་ལེགས་བྱས་ནས། །རྒྱན་དྲུག་གིས་བརྒྱན་གདན་ཁྲི་ལེགས་བཤམས་ཏེ། །རྒྱན་དྲུག་མཛེས་པའི་རྒྱབ་ཡོལ་ལེགས་པར་བཅས། །སྐུ་ལ་མཛེས་པའི་རྒྱན་དྲུག་ལེགས་བཀོད་ནས། །རབ་གནས་ཆོ་ག་བཞིན་དུ་ལེགས་བྱས་ཏེ། །མདུན་དུ་མཆོད་རྫས་ཇི་རྙེད་ལེགས་བཤམས་ཏེ། །སྔར་བཤད་ཕྱག་འཚལ་ལ་སོགས་བཅུ་བྱས་ནས། །དེ་དང་མཚུངས་པའི་དགེ་བ་འགའ་མི་རྙེད། །དེ་ཚེ་བླ་མའི་ཡོན་ཏན་དྲན་པ་དང་། །བཀའ་དྲིན་མཛད་པ་རྣམ་ཐར་བྱིན་རླབས་དང་། །རྣམ་པ་ཆ་ལུགས་རྗེས་སུ་དྲན་བྱས་ནས། །དད་མོས་གུས་ཤིང་ཤིན་ཏུ་གདུང་བ་ཡིས། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པའི་བློས། །ཡང་དང་ཡང་དུ་གསོལ་བ་དྲག་པོ་གདབ། །དེ་ཡིས་མ་འོངས་འཁོར་གྱི་གཙོ་བོར་འགྱུར། །འབགས་དང་དམ་ཚིག་ཉམས་པ་སོར་ཆུད་ཅིང་། །བར་ཆད་ཞི་ཞིང་སྒྲིབ་གསུམ་མ་ལུས་བྱང་། །ཚོགས་གཉིས་རྫོགས་ནས་འགྲོ་བ་འདྲེན་པར་འགྱུར། །རྒྱུད་ཆེན་དྲི་མ་མེད་པའི་སྙིང་པོ་ལས། །བླ་མའི་སྐུ་ཡི་སྐུ་འབགས་ལ། །མཆོད་ཅིང་བསྟོད་པའི་བསོད་ནམས་ནི། །ཚད་དུ་མེད་ཅིང་བསྒྲང་མི་ནུས། །སྐུ་མཐོང་ཙམ་གྱིས་སྡིག་པ་འདག །


CMR003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐོས་ཙམ་གྱིས་ཡོན་ཏན་སྐྱེ། །ཐུགས་བསྐྱེད་སེམས་ནི་གཅིག་ཏུ་འདྲེས། །བསྐལ་པ་བྱེ་བར་རྙེད་དཀའ་བ། སྐད་ཅིག་ཉིད་ལ་ཐོབ་པར་འགྱུར། །ཐམས་ཅད་བླ་མ་མཆོག་ལས་འབྱུང་། །ཨ་ཏི་བཀོད་པའི་བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། བཀོད་པ་ཆེན་པོ་ལས་ཀྱི་འཇུག་པའི་སྐབས་ནས། གལ་ཏེ་དད་དང་ལྡན་པ་ཡི། །རང་གི་བླ་མ་དམ་པ་ཉིད། །རས་བྲིས་འབུར་དུ་བཏོད་བྱས་ཏེ། །དུས་གསུམ་རྟག་ཏུ་བཟུང་བས་ནི། །འཁོར་བའི་ཉེས་དམིགས་རྒྱུད་ཤར་ནས། །མྱ་ངན་འདས་པའི་འབྲས་བུ་ནི། །འདི་ཉིད་ལ་ནི་རྫོགས་པར་འགྱུར། །བླ་མའི་སྐུ་འབགས་སུས་བྲིས་པ། །འཇིག་རྟེན་ཁམས་འདི་ཐམས་ཅད་དུ། །གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་སྣ་ཚོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་དཔག་མེད་བྱས་པ་ལས། །ལྷག་པར་བསོད་ནམས་བསམས་བྱས་ཏེ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །དེས་ན་བླ་མ་སངས་རྒྱས་པས། །རབ་ཏུ་གཉན་པར་ཤེས་པར་བྱ། །གང་གིས་བླ་མའི་འདྲ་འབགས་ལ། །མཆོད་ཅིང་བསྟོད་པ་ཕུལ་བྱས་པས། །རྡོ་རྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་


CMR003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྟོད་པའི་བསོད་ནམས་ཀྱིས། །འབུམ་ཕྲག་དྲུག་ཅུ་རྩ་ལྔ་ཡང་། །ཕོད་ཅིང་སྦྱོར་བ་མ་ཡིན་ནོ། །གལ་ཏེ་བླ་མའི་གཟུགས་དེ་ཉིད། །ལོགས་ལ་བཀྲམ་སྟེ་གུས་པ་ཡིས། །མཆོད་བསྟོད་གསོལ་འདེབས་ཚིག་རྣམས་ཀྱིས། །བསྟོད་དང་མཆོད་པ་རྒྱུན་མ་བཅད། །སངས་རྒྱས་རྣམས་ཀྱིས་ཅི་གསུངས་པའི། །ཚིག་རྣམས་འབུམ་ཕྲག་བརྒྱར་བཀླག་པའི། །དེ་ཡིས་བསོད་ནམས་མཉམ་པ་ཡིན། །གལ་ཏེ་བླ་མའི་གཟུགས་དེ་ཉིད། །མེ་ལོང་ངོས་ལ་བསྟེན་ནས་ནི། །སྐུ་དྲུང་དུས་གསུམ་ཁྲུས་བྱས་ན། །བདག་གི་ལུས་ངག་སྡིག་སྒྲིབ་རྣམས། །མ་ལུས་པར་ནི་དག་པར་འགྱུར། །དེས་ན་བླ་མ་རྡོ་རྗེ་འཛིན། །སངས་རྒྱས་རྣམ་པས་གཉན་ཤེས་ནས། །ཐུན་མོང་མཆོག་གི་དངོས་གྲུབ་ཉིད། །མ་ལུས་ངེས་པར་ཐོབ་པར་འགྱུར། །ཐེ་ཚོམ་ཟ་བར་མི་རུང་ངོ་། །བླ་མའི་སྐུ་དེ་སྐད་ཅིག་ཏུ། །སུ་ཡིས་མཐོང་བའི་མི་དེ་ནི། །སངས་རྒྱས་ཞིང་ཁམས་སྟོང་ཕྲག་བརྒྱ། །མངོན་པར་བྱས་ཏེ་མཐོང་དང་མཉམ། །སངས་རྒྱས་བླ་མའི་རང་བཞིན་ཡིན། །གཉིས་མེད་དོན་གྱི་སྦྱོར་བ་ཡིས། །བླ་མའི་རིགས་ནི་དམིགས་རྟེན་ཅེས། །ཞེས་གསུངས་སོ། །སྤྲུལ་པའི་སྐུ་རིན་པོ་


CMR003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དེ་ཉིད་ཀྱི་གདུང་རྟེན་ལེགས་པར་འགྲུབ་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཤེས་གཉེན་སངས་རྒྱས་རྡོ་རྗེ་ཡིས། །བླ་མཆན་ལ་སོགས་འདས་ཁ་ཡོད་རྣམས་ལ། །འདས་ཁ་སྐུ་སྐྱེ་འབྱོན་དགོས་ཟེར་བ་དང་། །གར་འབྱོན་ལ་སོགས་ཨེ་ཞུས་ཅི་གསུངས་སྨྲས། །སྤྲུལ་སྐུ་འདས་རྒྱུ་ཡོད་སྣང་མིན་པའི་ཕྱིར། །དེ་འདྲ་ཅི་ཡང་མ་ཞུས་ཟེར་རོ་སྐད། །དེ་བཞིན་ཐོས་ཆུང་དབོན་རིགས་འགའ་རེས་ཀྱང་། །གཏེར་མ་ཐོན་པར་གཏེར་སྟོན་འདས་མི་སྲིད། །ཨོ་རྒྱན་སྤྲུལ་པར་བར་ཆད་ག་ལ་ཚུགས། །སྤྲུལ་སྐུ་གཏེར་སྟོན་མིན་པ་འདྲ་ཞིག་ཐོས། །དེ་དག་རྣམས་ནི་ཐོས་པ་ཆུང་བའི་སྐྱོན། །སྐུ་གསུམ་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས། །སངས་རྒྱས་ཆོས་སྐུ་འགྱུར་མེད་རྟགས་བརྟན་ཉིད། །ལོངས་སྐུ་ཆེན་པོ་འཁོར་བ་ཇི་སྲིད་བཞུགས། །ལོངས་སྐུ་ཆུང་ངུ་བསྐལ་པ་གྲངས་མེད་བཞུགས། །སྤྲུལ་སྐུ་ལའང་རྣམ་པ་གསུམ་ཡིན་ཏེ། །མཆོག་གི་སྤྲུལ་སྐུ་བསྐལ་བཟང་སངས་རྒྱས་སྟོང་། །དེ་ལ་སྐུ་ཚེ་རིང་ཐུང་ཅི་ཡང་སྲིད། །བཟོ་ཡི་སྤྲུལ་སྐུ་ཇོ་ཤཱཀ་རྣམ་གཉིས་ལྟར། །སྐྱེ་བ་སྤྲུལ་སྐུ་གང་ལ་གང་འདུལ་ཏེ། །སྐུ་སྐྱེ་རྣམས་ནི་སྐྱེ་བ་སྤྲུལ་སྐུ་ཡིན། །ཡུན་རིང་མི་བཞུགས་


CMR003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་འདའ་ཞིང་འབྱོན། །སྤྲུལ་པ་ཡིན་ཕྱིར་ཡུན་རིང་མི་གནས་ཞེས། །སྐུ་གསུམ་བཤད་པ་རྒྱས་པ་རྣམས་སུ་བཤད། །ཕག་མོའི་སྤྲུལ་པ་ལྷ་ལྕམ་པདྨ་གསལ། །ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དེ་ཡིས། །སྐྱེ་བ་རྒྱལ་སྲས་ལྷ་རྗེ་གཉིས་དེ་ཡང་། །བྱིས་པའི་སྐབས་སུ་ཨོ་རྒྱན་དྲུང་དུ་འདས། །སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེ་ཡང་། །བརྒྱད་ཅུ་ཐུབ་པར་ཨོ་རྒྱན་ལུང་བསྟན་ཀྱང་། །རྟེན་འབྲེལ་མ་འགྲིགས་ང་གཉིས་སྐབས་སུ་གཤེགས། །དེ་བཞིན་གཤེགས་པ་རྒྱ་ནག་བླ་མར་གྱུར། །ཕྲིན་ལས་ཆེ་ཡང་སོ་གཉིས་སྐབས་སུ་འདས། །སི་ཏུ་སྤྲུལ་སྐུ་ནོར་བུ་བསམ་འཕེལ་དང་། །དཔའ་བོ་སྤྲུལ་སྐུ་ཀུན་བཟང་རྣམ་རོལ་གཉིས། །དགུང་ལོ་བཅུ་གསུམ་བཅུ་བཞི་ཙམ་དུ་འདས། །ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཡང་། །སུམ་ཅུ་ཨེ་སོང་མ་སོང་ཙམ་དུ་འདས། །དེ་དག་སྐུ་སྐྱེ་མ་རེད་ཟེར་མཁན་མེད། །པདྨ་བཀའ་ཐང་སོགས་ནས་ལུང་བསྟན་པའི། །གཏེར་སྟོན་འཇམ་དབྱངས་ཆོས་ཀྱི་མགོན་པོ་ཞེས། །གཏེར་ཁ་བརྒྱ་རྩ་དབང་བར་ལུང་བསྟན་ཀྱང་། །མཁའ་འགྲོ་དགོངས་འདུས་ཚེ་ཁྲིད་ལུང་བསྟན་ལས། །དེ་ནས་ཚེ་འཕོས་གཙང་གི་ལ་ཡག་ཏུ། །


CMR003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྣམ་འཕྲུལ་ཆོས་ཀྱི་བཤེས་གཉེན་གྲགས། །ལོ་ནི་ལྔ་ནས་ཚེ་ཡི་དུས་བྱས་པ། །གཏེར་སྒོ་བདག་མེད་རང་རྡོལ་འགྲོ་བ་འབྱུང་། །ཞེས་གསུངས་བཞིན་དུ་དགུང་ལོ་ལྔ་དུས་འདས། །དེ་ནས་སྐྱེ་བ་གཉིས་ཀྱི་རྒྱབ་མ་ལ། །གཏེར་ཆེན་ཐོན་པས་བདེ་ཆེན་གླིང་པར་གྲགས། །དེ་བཞིན་གཏེར་སྟོན་པདྨ་ལས་འབྲེལ་རྩལ། །གཏེར་ཁ་ཐོན་ཀྱང་བར་ཆད་དབང་གིས་གཤེགས། །དེ་ནས་དེ་ཡི་སྐྱེ་རྒྱུད་ལུང་བསྟན་ནི། །ལུང་བསྟན་མུ་ཏིག་ཕྲེང་བ་ཞེས་བྱ་ལས། །ལྷ་སྐྱེ་ཟེར་བའི་བུད་མེད་ལུས་ལ་འཁོར། །བུམ་ཐང་ཐར་པ་གླིང་དུ་མ་བཙལ་ན། །བུ་གཅིག་སྐྱེས་ཏེ་ཉེར་གཅིག་དག་ལ་འཆི། །ཤི་དུས་སྒྲ་འོད་ཟེར་གསུམ་རིང་བསྲེལ་འབྱུང་། །བཙུན་མ་དམ་ཉམས་ཤིག་གི་ལུས་ལ་འཁོར། །ཕ་ནི་ཚུལ་ཁྲིམས་བློ་གྲོས་མིང་ཅན་སྲས། །བྱ་སྤྲེལ་ལོ་པ་ཐར་པ་གླིང་དུ་སྐྱེས། །དྲི་མེད་འོད་ཟེར་ཡིན་ཏེ་རྟེན་འབྲེལ་འཆུག །གཏེར་རྣམས་མི་ཐོན་ཕྱི་མ་སྟོན་དགོས་འབྱུང་། །གསུངས་ལྟར་གྱུར་ཞིང་དེ་བར་སྐྱེ་བ་གཅིག །དགུང་ལོ་གསུམ་བཞིའི་དུས་སུ་བར་ཆད་གཤེགས། །དེ་རྗེས་པདྨ་གླིང་པ་ཡིན་པར་བཤད། །རཏྣ་གླིང་པའི་སྐྱེས་རབས་ལུང་བསྟན་ལས། །གུ་རུ་ཆོས་དབང་


CMR003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སུ་གྱུར་པའི་རྒྱབ། །སྐྱེ་བ་དེ་འོག་བསམ་ཡས་ཨཱརྱ་གླིང་། །ཚུལ་ལེགས་མང་རྒྱན་གཉིས་ཀྱི་བུར་སྐྱེས་ནས། །ལྷ་ལྕམ་སྐྱེ་མཐའི་དྲི་མེད་འོད་ཟེར་གྱི། །རྗེས་སུ་བཟུང་ནས་མཁའ་འགྲོ་སྙིང་ཐིག་ལ། །མཁས་པར་གྱུར་ཏེ་ཚེ་ལ་བར་ཆད་འབྱུང་། །ཡང་རཏྣ་གླིང་པའི་སྐྱེས་རབས་ལུང་བསྟན་བཀའ་རྒྱ་མ་ལས། ཡང་ཞུས་པས་ལྷ་དེ་ཤིན་ཏུ་ཚེ་རིང་ན་ཇི་ལྟར་ལགས་ཞུས་པས། དེ་ནི་ལྷ་ཡི་ཚེ་ཚད་དུ་ཕྱིན་པ་མ་ཡིན་ཏེ། ལྷ་ལའང་དུས་མིན་དུ་འཆི་བ་ཡོད་པས། དེས་ན་འཕོ་བ་ཡིན། ལར་མི་ཡི་ཚེ་ལ་ལྟོས་ནས་ཡུན་དུ་བདེ་བ་ལ་སྤྱོད་ཅེས་དགོངས་པའི་ཚིག་ཡིན་མོད་གསུངས། དེ་ནས་ཡང་རྒྱ་གར་སིན་ཏུའི་འགྲམ་གྲོང་ཁྱེར་དགའ་བ་ཅན་དུ། ཕ་འགྲོ་བ་བཟང་པོ། མ་རྒྱལ་མོ་བཙུན་གྱི་བུ་ཨ་ནན་ཏ་ཞེས་བྱ་བར་སྐྱེས་ཏེ། རིགས་ཀྱི་ནུས་པ་དང་ལྡན་པ་བས། མུ་སྟེགས་ཧ་ལི་བཛྲ་ཞེས་པས་ཕྲ་མེན་གྱི་འགོང་ཆོག་བྱས་ཏེ། ལོ་བཅུ་བདུན་ལ་ཚེ་ཡི་དུས་བྱས་ནས་འཕོ་བར་འགྱུར་རོ། །དེ་ནས་བུམ་ཐང་བྱམས་པ་གླིང་དུ་ཕ་རྒྱལ་པོ་དར་དང་། མ་སྲིད་ཐར་ལྕམ་གྱི་བུར་སྐྱེས་ཏེ། ཚུལ་ཁྲིམས་རྡོ་རྗེ་ཞེས་བྱ་བ་ལོ་བཅུ་གསུམ་ནས་སྔགས་ལ་མཁས་པར་འགྱུར་རོ། །གནུབས་


CMR003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡེ་ཤེས་སྐྱེ་བ་རྒྱ་ཞང་ཁྲོམ་གྱི་མན་ངག་མང་དུ་བྱིན་པས་ནུས་པ་དང་ལྡན་པ་ལས་ཇོ་བོ་ལྷ་དབང་བྱ་བས་སྔོན་གྱི་ལས་དབང་གིས་ཟས་ཀྱིས་སྦྱོར་བས་ཉེར་གཅིག་ལ་ཚེ་ཡི་དུས་བྱས་ནས། སླར་ཡང་བུམ་ཐང་ཆོས་འཁོར་དུ་ཕ་རས་སངས་སྟོན་གྲགས་དང་མ་ཅིམ་བཟའ་རྒྱལ་མོའི་བུ་ལ་སྐྱེས་ཏེ། ལོ་བརྒྱད་ལ་རྟ་མགྲིན་ལྷ་བཞིའི་ཞལ་མཐོང་། མངོན་ཤེས་མང་དུ་ཤར་ནས་ཐམས་ཅད་ཀྱིས་བྱིས་པ་མངོན་ཤེས་སུ་གྲགས། སེམས་ཅན་གྱི་སྲོག་སྐྱོབ་པ་དང་། མ་ཎི་ཐུན་བསྐུལ་ལ་སོགས་འགྲོ་དོན་ཆེར་འགྲུབ་ཀྱང་། རྒྱ་ནག་ཏུ་སྐྱེས་དུས་ཀྱི་རྟེན་འབྲེལ་ཉེས་པས། ཡང་ལོ་ཉེར་གཅིག་ལ་ཚེ་ཡི་དུས་བྱས་ནས་རྟགས་ཁྱད་པར་ཅན་ཡང་འབྱུང་བར་འགྱུར་རོ། །ཟོ་ཐོང་དུ་ཕ་ཇོ་སྲས་ཆོས་སྐྱོང་སྐྱབས་དང་། མ་གཡང་མོ་འབུམ་གྱི་བུ་མོ་འབུམ་དར་སྐྱིད་བྱ་བར་སྐྱེས་ཏེ། བུམ་ཐང་སྐྱེ་བ་སྔ་མ་ལ། ཡར་ལུང་ཡུལ་གྱི་རྒྱལ་པོ་བཙན་པོ་རྡོ་རྗེའི་བུ་མོ་བསོད་ནམས་འདྲེན་བྱ་བ། ད་ལྟའི་མཚོ་རྒྱལ་གྱི་ཉེ་གནས་མ་ལེགས་མཛེས་སྐྱིད་དང་འགྲོགས་ནས་མོ་གཏན་གྱི་ཆུང་མར་རེ་བ་མ་ཉན་པ་ལ་མཚན་གཏད་བྱས་ཏེ་ཁྲག་ཏུ་སྐྱུགས་ནས་བསད་པས། དེ་ཡི་ལས་ཀྱི་བུ་མོ་རྐང་པ་ན་བ། ལོངས་སྤྱོད་རང་བཞིན་


CMR003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཆེ་བ་ཞིག་ཏུ་སྐྱེས་ནས། ཁྲ་འབྲུག་ཏུ་ཕྱག་ཁོ་ན་འཚལ། ཕྱེ་ཚང་ཐམས་ཅད་སྦྱིན་བཏང་བྱེད་ཅིང་དག་སྣང་མང་དུ་འཆར། ཐུགས་རྗེ་ཆེན་པོ་དང་སྒྲོལ་མའི་ཞལ་མཐོང་ནས། ལུང་བསྟན་ཏེ་སྒྲོལ་མའི་ཞལ་ནས། བྱམས་སེམས་ལྡན་པའི་བུ་མོ་ཁྱོད། །འདི་ནས་སྐྱེ་བ་གཉིས་ཀྱི་དུས། །མངའ་བདག་གསུང་གི་སྤྲུལ་སྲས་སུ། །སྐྱེས་ནས་དོན་གཉིས་མཐར་ཕྱིན་སྤྱོད། །དེ་ནས་སྐྱེ་བ་གཉིས་པ་ལ། །ཟབ་མོའི་གཏེར་གྱི་འགྲོ་བ་འདུལ། །ཞེས་ལུང་བསྟན་ནས། ལི་ཡུལ་སྐྱེ་དུས་མ་ལ་ཤི་སྨོན་བཏབ་པའི་རྣམ་སྨིན་གྱིས། ལོ་ཉེར་གཉིས་ལ་ཚེ་ཡི་དུས་བྱས་ཏེ། ནམ་མཁར་སིལ་སྙན་གྱི་སྒྲ་དང་བཅས་པ་འབྱུང་བར་འགྱུར་རོ། །དེ་ནས་མཁོན་མཐིང་ལྷ་ཁང་གི་རྒྱ་སྒོར། ཕ་ལྷབ་མི་སྟོན་ཤཀ་དང་། མ་གསེར་མཚོ་སྨན་གྱི་བུར་སྐྱེས་ཏེ། ལོ་བཅུ་ལ་མངའ་བདག་ཉང་དང་། ར་ཤཀ་གཏེར་སྟོན་གྱི་སློབ་མ་བྱས་ཏེ། ཁྱད་པར་སྨན་ལ་མཁས་པས་སེམས་བསྐྱེད་ལྡན་པས་རྗེས་སུ་བཟུང་བས་འགྲོ་དོན་ཆེར་འགྲུབ། རྟ་མགྲིན་དྲེགས་པ་ཀུན་འདུས། ལྕགས་རལ་ཅན་གྱི་ལྷ་ཞལ་མཐོང་། ལོ་ཞེ་དགུ་འདས་ཁར་གྱུར་པ་ལས། ནམ་མཁའི་སྙིང་པོའི་སྤྲུལ་པ་ཙཱ་རི་བ་ཞེས་


CMR003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་རྗེས་སུ་བཟུང་ནས། ཚེ་ཡི་དུས་བྱས་ཏེ་ནུབ་ཕྱོགས་སྒྲ་དང་བཅས་པ་འབྱུང་བར་འགྱུར་རོ། །དེ་ནས་ལ་ཡག་ཏུ་མངའ་བདག་གསུང་གི་སྤྲུལ་པ་ཆོས་ཀྱི་དབང་ཕྱུག་གི་སྲས་སུ་ཡུམ་ལ་ཟ་ལ་སྐྱེས་ཏེ། ལོ་བཅུ་བདུན་ལ་གསང་འདུས་ཞལ་མཐོང་། ཆེ་མཆོག་རྟ་མགྲིན་དྲེགས་པ་ཀུན་སྒྲོལ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་པ་ཐོན་ནས་ཞལ་མཐོང་བར་འགྱུར་རོ། །ཡབ་ཀྱི་དྭངས་མའི་སྐྱོན་གྱིས་ནད་ཀྱིས་ཟིན་ཀྱང་ཕྱག་རྡོར་གཏུམ་ཆུང་སྒྲུབ་པ་ཐོན་ནས། ཨོ་རྒྱན་བདག་དང་ཞལ་ལན་ལྔ་མཇལ་བར་འགྱུར་རོ། །དེ་ནས་བསམ་ཡས་ཨཱརྱ་པ་ལོའི་གླིང་དུ། ཕ་ཁམས་པ་ཚུལ་ལེགས་དང་། མ་གཡེང་མོ་མང་རྒྱན་གྱི་སྲས་སུ་སྐྱེས་ནས་ལོ་དྲུག་ལོན་ནས་སྔོན་གྱི་བག་ཚགས་ཀྱི་དབང་གིས་བསམ་ཡས་ཀྱི་བཀོད་པ་དང་ལོ་རྒྱུས་ཤེས་པ་འབྱུང་ངོ་། །ལྷའི་སྣང་བོའང་མང་དུ་མཐོང་ངོ་། །ཉི་ཤུ་རྩ་གཅིག་ལ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་དྲི་མེད་འོད་ཟེར་གྱིས་རྗེས་སུ་བཟུང་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་ལ་དོན་གཉིས་སྤྱོད་ཅིང་། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འོད་གསལ་རང་གྲོལ་ཞེས་བྱ་བར་འགྱུར་རོ། །དེ་ཡིས་དུས་སུ་ཚེ་སྒྲུབ་འོད་འཕྲོ་ཉམས་སུ་བླངས་པས། གཞན་རྐྱེན་གྱི་


CMR003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་མ་གཅོད་ནས་ལོ་བརྒྱ་ཡི་དངོས་གྲུབ་ཐོབ་ཅིང་ལུང་བསྟན་ཐོབ་ཀྱང་། ཕྱག་རྒྱ་རིགས་གཞན་ཞིག་གིས་བར་ཆད་དུ་གྱུར་ཏེ། འཇའ་འོད་དང་གདུང་རུས་ལ་ཧྲཱིཿདང་རིང་བསྲེལ་དུ་མའང་འབྱུང་བར་འགྱུར་རོ། །ཞེས་གསུངས་དེ་རྒྱབ་རཏྣ་གླིང་པ་ཡིན། །དེ་ལྟར་སྔོན་གྱི་གཏེར་སྟོན་རྣམས་ལའང་། །སྐུ་ཚེའི་བར་ཆད་བྱུང་ཚུལ་མང་དུ་སྣང་། །ཆོས་ཀྱི་མགོན་པོ་དྲི་མེད་འོད་ཟེར་གཉིས། །གཏེར་སྟོན་མཆོག་སྟེ་ས་གཏེར་མ་ཐོན་ནོ། །སྐུ་ཚེའི་ཚད་དུ་ཐུབ་པར་མ་གྱུར་ནས། །སྐྱེས་བུ་དམ་པར་མིན་པར་འདོད་ན་ནི། །ཤཱཀྱ་ཐུབ་པ་སངས་རྒྱས་མིན་པར་འགྱུར། །སྐུ་ཚེའི་ཚད་ནི་ལོ་བརྒྱ་ཡིན་ན་ཡང་། །བརྒྱད་ཅུའམ་ནི་གྱ་བཞི་ལས་མ་བཞུགས། །ཚེ་ལ་བར་ཆད་མེད་པ་མཆོག་ཡིན་ན། །སྒྲ་མི་སྙན་གྱི་མི་ལ་གསོལ་བ་ཐོབ། །དེ་རྣམས་ལོ་སྟོང་བར་ཆད་མེད་པར་ཐུབ། །དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལས། །བསྟན་པའི་སྲོག་འཛིན་སྤྲིན་བར་ཉི་ཞུར་ཙམ། ཁོལ་བུ་བ་ཞིག་མུན་ནང་གློག་ལྟར་འབྱུང་། །ཞེས་གསུངས། །སྐལ་བཟང་སངས་རྒྱས་ཚོགས་ཆེན་གཙོ། །སྐུ་ཚེའི་ཚད་ནི་ཉིན་གཅིག་ཡིན་པ་ལྟར། །སྐུ་ཚེ་ཐུང་ཡང་གདུལ་བྱ་ཕྲིན་ལས་


CMR003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །གཏེར་སྟོན་གཞན་དང་མཉམ་པས་ངོ་མཚར་ཆེ། །སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་དེ་ཉིད་ལ་ཐོས་ཆུང་ལོག་ལྟ་བསལ་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་བུ་ཆེན་སློབ་མ་བྱུང་ཚུལ་ནི། ཡབ་ཡུལ་དུ་བཞུགས་ཚེ་བྱུང་བ་རྣམས་གོང་དུ་གསལ་ཞིང་། མདོ་ཁམས་ཀྱི་སྨད་དང་ལྷག་པར་འབྲི་སྨར་ཕྱོགས་སུ་བྱུང་བ་ནི། གྲུབ་ཆེན་པཀིའི་གདུང་རྒྱུད་ས་དཀར་བླ་མ་གཉིས། སྡེ་དགེ་དྲུང་པ་ཕུན་ཚོགས་པ། སྡེ་དགེ་ཁྲི་ཐོག་པ་ཀུན་དགའ་ཕུན་ཚོགས། དཔོན་པོ་བསོད་ནམས་འབུམ། འབྲུག་པ་ཟིལ་གནོན། ཧོར་པོ་མེ་ཉག་བླ་མ། ཀཿཐོག་དྲུང་པ། རྡོ་རྗེ་རྒྱལ་མཚན་སྤྲུལ་སྐུ། སངས་རྒྱས་བཀྲ་ཤིས། ཨ་ལྷ། ཨ་མྱེ་སྐྱབས། ཨ་འདུན། ཀུན་བཟང་ཤེས་རབ། གསེར་ལོ། ཉི་མ། བསྟན་འཛིན་༔ གཟུངས་རྒྱལ། རོང་པོ་སེང་གེ །རིག་འཛིན་ཕུན་ཚོགས། དཀོན་མཆོག་རྒྱལ་མཚན། ཨ་ཁྲི་བསོད་ནམས་རྒྱ་མཚོ། ཨ་དགེ་བླ་མ། སངས་རྒྱས་རྡོ་རྗེ། ལྷས་འཚོ་བ། ནམ་མཁའ་བཀྲ་ཤིས། འཚོ་མཛད་ཀུན་དགའ། ས་སྐྱ་པ་ཆོས་སྐྱོང་བཀྲ་ཤིས། དཔལ་འབྱོར་རྒྱལ་མཚན། པདྨ་རིག་འཛིན། རྒྱ་བན་བླ་མ་དཀོན་མཆོག་བཀྲ་


CMR003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས། སྟག་བླ་ཚེ་རིང་རྡོ་རྗེ། ཁྱབ་གདལ་ལྷུན་གྲུབ། ཨོ་རྒྱན་ཡེ་ཤེས། པདྨ་བློ་ལྡན། པདྨ་ནོར་བུ། ཨོ་རྒྱན་བསྟན་འཛིན། རྒྱ་བན་དབོན་པོ་བཀྲ་ཤིས་ལྷུན་གྲུབ། བཀྲ་ཤིས་རྒྱལ་མཚན། རྟ་མགྲིན་རིན་ཆེན། བསོ་བླ་དོན་གྲུབ། བཀྲ་ཤིས་རྡོ་རྗེ། ཚེ་མཚམས་སྤྲུལ་སྐུ་བསྟན་པ་རྒྱ་མཚོ། ཚ་རུ་སྤྲུལ་སྐུ་བཀྲ་ཤིས་དར་རྒྱས། ལ་སྐུ་པདྨ་འོད་ཟེར། ཚེ་རིང་དོན་གྲུབ། རུ་ཤེས་བླ་མ་སྐྱབས། ལྷ་བཟོ་བསྟན་པ། བླ་མ་ཨ་འབྲུག །ཨ་མགོན། ཁྲོམ་ལུ་བླ་མ། ཨོ་རྒྱན་དཔལ་འབར། སྤོ་ལུ་ཁྲི་ཐོག་ནམ་མཁའ། བླ་མ་ཆོས་བསྟན། སྨན་ལྷ། ཨོ་རྒྱན་བློ་གྲོས་སྐུ་མཆེད། ཨོ་རྒྱན་ལྷུན་གྲུབ། ཧ་འཚོ་དབོན་པོ་རྣམས། ་རྒྱ་ནག་ཁ་མཚམས་རྟོགས་ལྡན་ཆོས་སྐུ། ཧོར་དབེན་འོད་སྲུང་། འཇང་བུ་རྒྱུད་ནས་བླ་མ་ཚེ་རྒྱལ། ལྕགས་མདུད་དབོན་པོ། འཛིངས་ཀྱི་ས་སྐྱ་བླ་མ། བོན་པོ་བླ་མ། ཆོས་སྐྱོང་རྒྱ་མཚོའི་དབོན་པོ་དཔོན་སློབ། རིག་འཛིན་རྒྱ་མཚོ། པདྨ་མཁྱེན་བརྩེ། བླ་མ་བཀྲ་ཤིས་འོད་ཟེར། སངས་རྒྱས་རིན་ཆེན། བཟང་སྤྱོད་རྒྱ་མཚོ། རྟ་མགྲིན་བཀྲ་ཤིས། གུ་རུ་ལས་ལྡན། དབང་དྲག་རྒྱལ། བླ་མ་པད་


CMR003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། དབོན་པོ་ཨོ་རྒྱན་བཀྲ་ཤིས། གུ་རུ་འོད་ཟེར། དབོན་པོ་པདྨ་ཕྱག་རྡོར་ལྷུན་གྲུབ། སྒོམ་སྡེ་དབོན་པོ། ས་དམར་དབོན་པོ་ཀུན་དགའ། དཀོན་མཆོག་བཀྲ་ཤིས། ལྷ་བཟོ་བླ་མ་ཀུན་དགའ། ཚོགས་གཉིས་རྒྱ་མཚོ། ཀརྨ་གཏེར་མཛོད། ཤེས་རབ་རིན་ཆེན། ཨ་དབྲུག །ཇ་ཚ་བླ་མ། རོང་པོ་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་བཀྲ་ཤིས། ཆོས་འཛིན་བླ་མ། རྣམ་རྒྱལ་བཀྲ་ཤིས། ཉི་མའི་དབོན་པོ་སྐུ་མཆེད། རྡོ་རེབ་དབོན་པོ། མདོར་ན་ཀཿཐོག་འབྲི་རྒྱུད། སྨར་ཤོད་གོ་འཇོ། ལྕགས་མདུད། བཞག་པ། ཧོར་ལྕགས་འབའ་ཡན་ཆད་ཀྱི་དགེ་འདུན། བླ་མ། རྟོགས་ལྡན། རིག་གནས་མཁན་སོགས་གྲངས་ལས་འདས་སོ། །སྤྲུལ་པའི་སྐུ་དེ་ཉིད་ལ་བུ་ཆེན་དང་སློབ་མ་བྱུང་ཚུལ་གྱི་ལེའུ་སྟེ་སོ་གཉིས་པའོ།། །།སློབ་མ་བླ་མ་མཐོ་ཐོག་གིས། །ཕལ་ཆེར་གནམ་ཆོས་ཆ་རེ་བཞེངས། །ཉིད་ལས་དབང་ལུང་ཐོབ་ཚད་ཀྱི། །ཀུན་གྱིས་ཉམས་ལེན་སྣ་རེ་མཛད། །སློབ་མར་གྱུར་པའི་བླ་མ་རྣམས། །རླུང་ཁྲིད་འཕོ་ལུང་བཙུགས་པའི་རྒྱུན། །གནམ་ཆོས་དབང་ལུང་རྒྱ་ཆེར་དར། །མངའ་རིས་ཡུལ་དང་འབྲས་མོ་ལྗོངས། །


CMR003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་གཙང་ལྷོ་བྲག་སྤུ་བོའི་ཡུལ། །སོག་ཟམ་མན་ཆད་བར་ལམ་ཁོག །ཧོར་ལྕགས་འཇང་ཡུལ་ཡན་ཆོད་དུ། །གནམ་ཆོས་སྣ་རེས་མ་ཁྱབ་མེད། །ངོམ་ཡུལ་བཙུན་མོ་རྒན་མོ་ནི། །ཀློག་དང་ཕག་མོ་འདོན་ཤེས་ཤིང་། །རྫོགས་ཆེན་ཁྲིད་ཀྱང་ཐོབ་པ་གཅིག །གནམ་ཆོས་དཔེ་ལྡེབ་གཅིག་རྙེད་དོ། །དེ་ཉིད་ཤོག་དྲིལ་བྱས་ནས་ཀྱང་། །རྒྱུན་དུ་ཕྱག་འཚལ་མར་མེ་ཕུལ། །ཕག་མོ་ལྷ་ལྔའི་དཀྱིལ་འཁོར་ནི། །མངོན་སུམ་ཉིད་དུ་ཞལ་མཇལ་ཞིང་། །མཚན་ཐུབ་གཅིག་ཕུལ་སྡོང་རོ་ལ། །གསེར་གྱི་སྐུད་པ་རྟ་རྔ་ཙམ། །མཐོ་དོ་ཙམ་གྱིས་བཅུད་ནས་འདུག །གསེར་ནི་དངོས་ཉིད་རེད་དོ་སྐད། །དེ་དོན་བཅོམ་ལྡན་འདས་ཀྱི་བཀའ། །ཨཱ་ལི་དང་ནི་ཀཱ་ལི་ཡིས། །བརྒྱན་པའི་རྒྱུད་ལས་འདི་སྐད་གསུངས། །གང་ཞིག་སྐལ་བར་ལྡན་པ་ཞིག །བླ་མའི་གསུང་ལ་ངོ་མཚར་ནས། །གྲོ་ག་རས་སོགས་ཤིང་ཤུན་ལ། །རིན་ཆེན་གསེར་གྱི་བྲིས་ནས་ནི། །མགུལ་ལམ་སྤྱི་བོར་སུས་བཟུང་ན། །འདི་ནི་མདོ་སྡེ་བརྒྱ་ཕྲག་གམ། །རྒྱུད་གཞན་བྱེ་བ་དཔག་མེད་རྣམས། །བྲིས་ཤིང་འཛིན་པའི་མི་བས་ནི། །འདི་ཉིད་བསོད་ནམས་བསམ་ཡས་ཏེ། །བསྐལ་པ་


CMR003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་རྡུལ་སྙེད་དུ། །བརྗོད་ཀྱིས་ལོངས་པ་མ་ཡིན་ནོ། །གལ་ཏེ་བཀླག་ཅིང་མཆོད་ན་ཡང་། །འདི་དེས་ཀྱང་ནི་དེ་རྙེད་འགྱུར། །དཔེར་ན་ཆུ་བོ་གང་གཱའི་རྒྱུན། །ཇི་སྲིད་འཆད་པ་མེད་པ་བཞིན། །འདི་ཡི་དགེ་བ་བར་ཆད་མེད། །སྐུ་གསུམ་རྫོགས་པའི་སར་བསྐྱལ་ལོ། །འབྲས་བུ་གཞན་ཡང་འབྱུང་སྔོན་ལྟར། །འདི་ལ་ཁྱད་པར་ལས་རྫོགས་སོ། །ཞེས་གསུངས་སོ། །གོ་འཇོའི་ཕྱོགས་ཀྱི་བཙུན་པ་གཅིག །གནམ་ཆོས་ལོ་མ་གྱོན་མ་ལ། །རྒྱུན་བསྙེན་བྱས་པས་ལོ་གཅིག་བར། །ནམ་མཁར་རྒྱུན་དུ་ཞལ་གཟིགས་སྐད། །མི་རྒན་གཅིག་གིས་ཞག་བཅོ་བརྒྱད། །བདེ་ཆེན་ཞིང་སྒྲུབ་མཚམས་བྱས་པས། །འོད་དཔག་དངོས་སུ་ཞལ་གཟིགས་འདུག །སློབ་མ་ཡང་སློབ་ཐམས་ཅད་ཀྱིས། །རླུང་ཁྲིད་མང་དུ་བཙུགས་པ་ལ། །རབ་ཀྱིས་ཞག་བདུན་འབྲིང་ཞག་བཅུ། །ཐ་མའང་ཉེར་གཅིག་ཙམ་ནས་ནི། །རབ་ཀྱིས་ཆུ་རས་ཐུབ་པ་དང་། །འབྲིང་གིས་རས་རྐྱང་ཐུབ་པ་དང་། །ཐ་མའང་གཟན་རྐྱང་དྲོས་པ་མང་། །ཡང་སློབ་འཕོ་ལུང་བཙུགས་རྣམས་ཀྱང་། །ཞག་རེ་ཙམ་གྱིས་རྟགས་ཐོན་འགྱུར། །གནམ་ཆོས་བསྙེན་སྒྲུབ་སུས་བྱས་ལ། །རབ་དངོས་འབྲིང་ཉམས་ཐ་


CMR003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡང་། །རྨི་ལམ་རྟགས་མཚན་གསལ་བའི་ཕྱིར། །རང་རང་ཡིད་ཆེས་དད་པ་འཕེལ། །དད་གུས་ཐེ་ཚོམ་མེད་ཀུན་གྱིས། །ཕན་བྱའི་གདམས་ངག་ཀུན་ཐུབ་པས། །གནམ་ཆོས་རྣོ་བར་ཡོངས་སུ་གྲགས། །དེ་ཕྱིར་གནམ་ཆོས་ཚ་ལྟར་འབྲིམ། །འབྲི་སྨར་ཕྱོགས་ཀྱི་ཡུལ་ཀུན་ཏུ། །རང་གིས་ཉམས་ལེན་བྱ་བ་དང་། །གཞན་ལ་དབང་བསྐུར་བྱེད་པ་ཀུན། །གནམ་ཆོས་ཁོ་ན་དར་སྲོལ་ཆེ། །གནམ་ཆོས་ནད་པ་བྱིན་རླབས་ཀྱིས། །ནད་པ་མང་པོ་ཕན་པ་ནི། །མྱོང་བས་གྲུབ་ཅེས་ཟེར་མཁན་མང་། །སྤྲུལ་པའི་སྐུ་དེ་ཉིད་ཀྱིས་གནམ་ཆོས་ཀྱི་འགྲོ་དོན་བྱུང་ཚུལ་གྱི་ལེའུ་སྟེ་སོ་གསུམ་པའོ།། །།སློབ་མ་དད་ལྡན་ཐམས་ཅད་དང་། །སྦྱིན་བདག་དྲག་རིམ་ཕལ་ཆེར་ལ། །གདུང་རུས་གདུང་ཐལ་ན་བཟའ་དང་། །དབུ་སྐྲ་ཆབ་བསིལ་རིལ་བུས་ཁྱབ། །ཀཐོག་ངོས་ཀྱི་བུམ་སྒྲུབ་ཀྱི། །རུ་རྩི་གཙོ་བོ་དེ་ལ་བྱེད། །བདུད་འདུལ་རྡོ་རྗེའི་དམ་རྫས་ཀྱི། །རིལ་བུར་སྤྲུལ་སྐུའི་གསང་ཆབ་འདྲེས། །བླ་མ་སངས་རྒྱས་རྡོ་རྗེ་ཡིས། །སྤྲུལ་སྐུའི་གདུང་ཐལ་ཆུ་སེར་ལ། །གཞི་བྱས་བུམ་སྒྲུབ་ཕབ་གཏའ་ཡིས། །རིལ་བུ་མང་དུ་བསྒྲིལ་བ་ལ། །ཁྲི་


CMR003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་མང་པོ་འཕེལ་བར་གྱུར། །ཁྱད་པར་དབུ་ཀླད་སྐུ་ཤ་ནི།། །མཐེ་བོང་ཙམ་གཉིས་ཡོད་པ་ལ། །རིང་བསྲེལ་མཐིང་ཁ་ཡུངས་ཀར་ཙམ། །གཉིས་ནི་གསར་དུ་བྱོན་འདུག་སྐད། །དེ་དོན་རྡོ་རྗེ་ཐུགས་མཆོག་འབར་རྒྱུད་ལས། །གང་ཞིག་མཆོག་ཏུ་སྐལ་ལྡན་པས། །བླ་མའི་གདུང་ཐལ་ཡི་གེར་བཅས། །མགུལ་ལམ་སྤྱི་བོར་བཟུང་བྱས་ནས། །སྐུ་གཟུགས་རིང་བསྲེལ་གྱུར་བའམ། །བརྟགས་ཏེ་རང་གིས་གཙོ་བོར་བླངས། །མཆོད་པ་གཞན་ལ་སྦྲེལ་བྱས་ནས། །སངས་རྒྱས་སྟོང་ཕྲག་གྲངས་མེད་པའི། །སྐུ་གདུང་རིལ་བསྲེལ་མཆོད་བྱས་པས། །བསྒྲུངས་པའི་ཆར་ཡང་མི་ཕོད་དོ། །སུ་ཞིག་རྣལ་འབྱོར་ལྡན་བརྩོན་པས། །བླ་མའི་གོས་སམ་དབུ་སྐྲའམ། །སོ་དང་སེན་མོའི་དུམ་བུ་ཞིག །སུ་ཡིས་འཛིན་པ་དག་ལ་ནི། །འོད་དང་སྨྲ་བ་དུ་བའི་དྲི། །གང་དྲི་ངད་ལྡན་མཐོང་བ་ལ། །དངོས་གྲུབ་མཆོག་འབྲིང་ཐ་མ་རྣམས། །བྱེ་བྲག་སྣ་ཚོགས་ཐོབ་པར་ངེས། །ལྷག་པའི་ལྷ་ནི་ཞེས་བྱའོ། །ཞེས་གསུངས་དོན་དང་མཐུན་པའོ། །སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱི་སྐུ་གདུང་རྒྱས་པའི་ལེའུ་སྟེ་སོ་བཞི་པའོ།། །།སྔོན་དུ་སྤྲུལ་སྐུ་ཁམས་བཟང་དུས། །


CMR003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རྫོང་གཟིམས་ཁང་མཛད་ནས་ཀྱང་། །གྲྭ་སློབ་འགའ་རེ་དེ་རུ་བཞག །དེ་རྗེས་བླ་མ་ཞིག་ལ་ཡང་། །ཁྱེད་ཅག་དཔོན་སློབ་དེར་བཞུགས་ན། །ཁོ་བོས་ཕོག་སོགས་མཐུན་རྐྱེན་སྦྱོར། །ཁོ་བོའི་གནས་ཀྱི་མགོ་བོ་ཡིན། །གསུངས་ནས་གདན་སའི་རྟེན་འབྲེལ་མཛད། །ཉིད་ལ་སྐུ་སྐྱེ་འབྱོན་པ་ནི། །དབང་དྲག་རྒྱ་མཚོའི་ལུང་བསྟན་གསལ། །འདས་ཁ་ཞུ་འབུལ་མ་སྤོབས་ཀྱང་། །བདུད་རྩི་དཀར་ཡོལ་དོ་མཆོད་པ། །ལོ་གཉིས་ནས་ནི་བྱོན་པའི་བརྡའ། །ཡིན་པར་འདུག་ཅེས་དེར་བཞུགས་པའི། །བླ་མ་འགའ་རེས་གསུངས་སོ་སྐད། །སྔོན་ཚེ་དབང་དྲག་རྒྱ་མཚོའི་གསུངས། །ཁོ་བོ་ད་རེས་རྨུགས་སངས་གནས། །མཇལ་བར་འདོད་ཀྱང་མཇལ་མ་ཐུབ། །སྐྱེ་བ་ཕྱི་མ་གནས་དེ་རུ། །ལྐོག་སངས་རྒྱ་བ་བྱ་གསུངས་སྐད། །སྐུ་གཤེགས་པ་ཡི་ཕྱིར་ལོ་ནས། །གཟིམ་མལ་སྐུ་འདྲའང་ལེགས་པར་གྲུབ། །ཀཐོག་དྲུང་པ་ཁྲི་ཐོག་པས། །ཟླ་བ་བཅོ་བརྒྱད་ཙམ་ཞིག་ནས། །སྤྲུལ་པའི་སྐུ་ཞིག་མི་འབྱོན་རེ། །གསུངས་ནས་དབུ་བསྙུང་བཞེས་ཞེས་ཐོས། །ཀཐོག་སངས་རྒྱས་བཀྲ་ཤིས་པས། །ལོ་གཉིས་ཚུན་ལ་སྤྲུལ་པའི་སྐུ། །འབྱོན་པར་ཐེ་


CMR003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད་པའི་ཕྱིར། །སར་གཞིས་མཆོད་ཆ་མ་གཏོར་གསུངས། །དེ་དང་མཐུན་པར་སྟོད་ཕྱོགས་སུ། །སྤྲུལ་སྐུ་ཁག་འགར་འཁྲུངས་ཡོད་ཅེས། །ཅལ་སྒྲོག་གཏམས་ཀྱིས་ས་ཕྱོགས་སུ། །མི་དཔོན་བླ་དཔོན་འགའ་རེས་ཀྱང་། །སྤྲུལ་སྐུ་འཁྲུངས་ནས་ཡོད་འདུག་པ། །བདག་པོ་མི་བྱེད་ཅི་ཡིན་ཟེར། །ཆོས་རྒྱལ་སྟོབས་ཀྱི་འཁོར་ལོས་སྒྱུར། །བོད་སོག་རྒྱལ་པོ་ཌཱཀི་ཡིས། །ཁ་བཏགས་སྤོས་ཆག་བཞག་ནས་ཀྱང་། །མི་འགྱུར་རྡོ་རྗེ་སྐུ་སྐྱེ་དེ། །གར་ཡོད་ཞག་གསུམ་ལེགས་པར་རྟོགས། །ང་ཡི་གྲྭ་ཚང་འདིར་བཞུགས་ན། །འགྲོ་དོན་ཆེན་པོ་འབྱུང་ངོ་གསུངས། །དེ་དོན་ང་རང་སེམས་ཁུར་ཚེ། །ཚེས་བཅུ་ནམ་བྱུང་བརྟགས་ལགས་ཀྱང་། །གསལ་ཆ་ཅི་ཡང་མ་བྱུང་ཞུས། །མི་གསལ་དོན་དེ་ཅི་རེད་གསུངས། །བདུད་འདུལ་རྡོ་རྗེ་བྱང་ཆུབ་སོགས། །ཆུང་ཆེ་བརྟགས་གསལ་ཇི་མེད་པར། །སྦས་ཚུལ་བཞུགས་ནས་གཏེར་སྟོན་ལྟར། །དེ་འདྲ་འོང་རྒྱུ་ཡིན་ནམ་ཞུས། །དད་ལྡན་སློབ་མ་མང་པོས་ཀྱང་། །སྤྲུལ་སྐུ་གར་བཞུགས་མཇལ་འདོད་ཅེས། །གདུང་སེམས་མཆི་མ་ཕྱུང་མཁན་མང་། །གར་བཞུགས་གསལ་ཆ་མ་བྱུང་ཡང་། །དབང་ཆེན་སྤྲེལ་ལོ་ནམ་ཤར་ཚེ། །ཨོ་


CMR003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་སྤྲུལ་པ་ཟུང་རེ་ནི། །བོད་དུ་རྟག་པར་འགྱེད་གསུངས་པས། །སྤྲེལ་གྱི་ལོ་ལ་འཁྲུངས་པའམ། །ཡང་ན་ལྷུམས་སུ་ཞུགས་ཀྱང་སྲིད། །ལོ་གསུམ་ཚུན་ལ་འབྱོན་ངེས་ཏེ། །བདག་རྐྱེན་སྔ་ན་བར་ཆད་འབྱུང་། །བློ་ཆུང་འདོད་མགྱོགས་མ་བྱེད་པར། །སྐུ་རིམ་ལ་དམིགས་བསྐང་གསོ་དང་། །བརྟན་བཞུགས་གསོལ་འདེབས་བརྩོན་པར་མཛོད། ༈ ན་མོ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ། པད་འབྱུང་སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །བཀའ་དགོངས་ཕུར་སོགས་རྒྱུད་སྡེ་དྲུག་གི་ལྷ། །བདེན་པར་གྲུབ་པ་ཀུན་གྱིས་བདེན་སྟོབས་ཀྱིས། །མི་འགྱུར་རྡོ་རྗེ་སྤྲུལ་པའི་སྐུ་མཆོག་ཉིད། །སྐུ་ཚེ་བརྟན་ཞིང་བར་ཆད་མེད་པ་དང་། །གསང་སྔགས་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག །སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་སྤྲུལ་སྐུ་འབྱོན་པའི་ལེའུ་སྟེ་སོ་ལྔ་པའོ།། ༈ །།སྒ་རྗེ་བླ་མ་ཀུན་བཟང་ཤེས་རབ་ཀྱིས། །གསེར་གྱི་མཎྜལ་དང་བཅས་རིང་ནས་བསྐུལ། །མཁྱེན་བརྩེས་ཅོག་ལའི་མཎྜལ་དང་བཅས་ནས། །རྣམ་ཐར་འཕྲོ་དེ་རྩོམས་ཟེར་འཕྲལ་དུ་བསྐུལ། །བྱ་ལོ་ཁྲུམས་ཀྱི་ཟླ་བའི་བཅུ་བཞི་ནས། །དགེ་བའི་བཤེས་གཉེན་སངས་རྒྱས་རྡོ་རྗེ་དང་། །དབོན་


CMR003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐུ་སྟོབས་གཉིས་དང་གསུང་བསྡུར་ཕྱིར། །སྔགས་འཆང་རཱ་ག་ཨ་སྱས་བཀོད་པ་སྟེ། །དབང་ལུང་ཁྲིད་སོགས་རྣམ་གཡེང་ཆེ་བའི་ཕྱིར། །དཔེ་མང་བསྡུ་ཞིང་བསམ་བློ་བཏང་བ་དང་། །རྡུལ་བྱང་བཀོད་སོགས་བྱ་ལོང་མ་བྱུང་བས། །འགལ་དང་མ་འབྲེལ་འཁྲུལ་པ་གང་མཆིས་པ། །བཤེས་གཉེན་མཁས་པ་རྣམས་ཀྱི་དྲུང་དུ་བཤགས། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །འབྲི་ཡི་ཆད་ལྷག་དག་ཆ་མ་ཚང་རྣམས། །ཡིག་མཁན་མཁས་པ་རྣམས་ཀྱིས་བཅོས་པར་མཛོད། །འདི་བྲིས་དགེ་བས་གནམ་ཆོས་བསྟན་པ་ནི། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་དང་། །ཉི་ཟླ་བཞིན་དུ་འཇིག་རྟེན་གསལ་བ་ནི། །དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་བ་དང་། །གང་གཱའི་རྒྱུན་ལྟར་རྒྱུན་ཆད་མེད་པ་དང་། །ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་བ་དང་། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཤོག །པད་འབྱུང་བསྟན་པའི་གྲོགས་སུ་འགྱུར་བར་ཤོག །རྗེས་འཇུག་ཐམས་ཅད་བྱིན་གྱིས་བརླབས་མཛད་པ། །བརྒྱུད་པ་དྲུག་ལྡན་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་རྣམ་གཉིས་ཆར་དུ་འབེབས་མཛད་པ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་


CMR003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག །བསྟན་པ་སྲུང་ཞིང་ཕྲིན་ལས་འགྲུབ་མཛད་པའི། །ཋཀི་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །དགོས་འདོད་ཐམས་ཅད་ཆར་བཞིན་འབེབས་མཛད་པ། །ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ།། ༈ རཏྣའི་གཏེར་ཁེ་གུ་རུ་ཡི། །དུས་དྲན་བཟུང་བའི་ཐབས་ལས་ནི། །ཨོ་རྒྱན་ཆེན་པོས་བཀའ་བསྩལ་པ། །དོན་ལ་དགེ་སེམས་གང་སྐྱེ་ཞིང་། །སྙིང་རྗེ་དཔག་མེད་སྐྱེ་བ་དང་། །རང་དབང་མེད་པའི་སྐྱོ་ཤས་དང་། །སྐད་ཅིག་ལྷག་གིས་ང་དྲན་ན། །དེ་ཡང་ང་ཉིད་མཇལ་བ་ཡིན། །གང་ཟག་མོས་པའི་བློ་ཡོད་ན། །ང་ཡི་ཐུགས་རྗེ་རྒྱུན་ཆད་མེད། །དོན་ལ་ང་ལ་འགྲོ་འོང་མེད། །ཅེས་གསུངས་བཞིན་དུ་རྣམ་ཐར་འདི། །བྲི་བའི་དུས་སྐབས་ལན་དུ་མར། །ཐང་རང་རྒྱུན་དང་མི་འདྲ་བའི། །ཨོ་རྒྱན་རྗེ་ལ་དད་པ་ཡི། །གདུང་ཤུགས་དྲག་པོས་རྐྱེན་བྱས་ཏེ། །ངེས་འབྱུང་སྐྱོ་ཤས་དྲག་པོ་ཡིས། །དབང་མེད་མཆི་མའི་རྒྱུན་ཡང་བབ། །ཆུ་བུར་མིག་གིས་མ་མཐོང་ཡང་། །ཤེས་ཉམས་ཡིད་ཀྱི་ཡུལ་དེ་རུ། །པདྨ་འབྱུང་གནས་སྤྲུལ་པའི་སྐུ། །མངོན་སུམ་ལྟ་བུར་ཡང་


CMR003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསལ། །དངོས་ཉམས་རྨི་ལམ་འཇའ་ཚོན་འཁྲིགས། །གནམ་ཆོས་འགྲོ་དོན་དཔག་མེད་པ། །འབྱུང་ཞེས་རྨི་ལམ་ལུང་བསྟན་ཐོབ། །དེ་ཕྱིར་རྣམ་ཐར་འདི་ལ་ཡང་། །བྱིན་རླབས་ཡོད་དོ་རྩིས་མ་ཆུང་། །བློ་གསལ་གཟིགས་རྒྱ་ཆུང་བ་རྣམས། །རྣམ་ཐར་འདི་ལ་གཟིགས་མཛོད་དང་། །དམ་ཆོས་སྤྱི་དང་ཁྱད་པར་དུ། །གསང་སྔགས་རྙིང་མའི་ཆོས་རྣམས་ཀྱིས། །གནད་འགག་གོ་བ་ལེན་རྒྱུ་མང་། །མདོ་རྒྱུད་སྤྱི་ལ་མཁས་ནས་འོང་། །གཏེར་ཆོས་ཐུགས་ཉམས་ཆུང་བ་རྣམས། །འདི་གཟིགས་གཏེར་ཁ་ཐམས་ཅད་ཀྱིས། །གོ་བའི་ཁོག་ནི་ཁྲོལ་བར་ཡོད། །འགྲོས་རྐྱེན་གནས་རི་མཇལ་འདོད་རྣམས། །འདི་གཟིགས་གནད་ཀྱི་ཕུག་རྒྱུས་ཤེས། །འབྱོར་ལྡན་དམ་ཆོས་འདོད་པ་རྣམས། །འདི་གཟིགས་དགེ་བསྐུལ་གཏན་བདེ་བསྒྲུབས། །ཆགས་ཕྱིར་བཞུགས་པའི་གྲྭ་སློབ་རྣམས། །འདི་གཟིགས་དཀའ་བླས་ཆོས་སུ་གོ །འབྲེལ་པ་ཐོབ་པ་ཐམས་ཅད་ཀྱིས། །འདི་གཟིགས་སེམས་བདེ་སྤྲོ་བ་སྐྱེ། །ལོག་ལྟ་འབར་ཤ་བྱེད་པ་རྣམས། །འདི་གཟིགས་འགྱོད་ཅིང་དད་པ་སྐྱེ། །ཐེ་ཚོམ་བྱེད་པའི་མི་རྣམས་ཀྱང་། །འདི་གཟིགས་ཐེ་ཚོམ་རྩད་ནས་ཆོད། །འགྲན་ཟླ་གཏེར་


CMR003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་བྱེད་པ་ཀུན། །འདི་གཟིགས་ཡིད་ཕམ་སྤོབས་པ་ཞུམ། །ཨོ་རྒྱན་རྗེ་ལ་དད་པ་ཀུན། །འདི་གཟིགས་ངོ་མཚར་གཏམ་སྙན་ཡོད། །ཅེས་རཱ་ག་ཨ་སྱས་སྨྲས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ཕྱིའི་རྣམ་ཐར་ཀུན་ཁྱབ་སྙན་པའི་འབྲུག་སྒྲ།next