Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ནང་གི་རྣམ་ཐར་སྤྱི་དོན་གསུམ་པ་གནམ་ཆོས་དང་དགོངས་གཏེར་གྱི་གཏེར་འབྱུང་།
   
   
   
   
   
   


 
previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ནང་གི་རྣམ་ཐར་སྤྱི་དོན་གསུམ་པ་གནམ་ཆོས་དང་དགོངས་གཏེར་གྱི་གཏེར་འབྱུང་།next

སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ནང་གི་རྣམ་ཐར་སྤྱི་དོན་གསུམ་པ་གནམ་ཆོས་དང་དགོངས་གཏེར་གྱི་གཏེར་འབྱུང་།


CMR003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ནང་གི་རྣམ་ཐར་སྤྱི་དོན་གསུམ་པ་གནམ་ཆོས་དང་དགོངས་གཏེར་གྱི་གཏེར་འབྱུང་བཞུགས་སོ།།


CMR003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་པྲ་ཝ་ཀཱ་ར་དྷེ་ཝ་ཌཱཀྐི་ནཱི་དྷརྨ་སིདྷི་སརྦ་ཧཱུཾ། གང་གི་རྡོ་རྗེའི་གསུང་ནི་གཞོམ་མེད་ནཱ་དའི་སྒྲ་སྟེ་ལྷ་ཡི་རྔ་ལྟར་འདུ་མི་མཛད་པར་ཡང་། །ནམ་མཁའི་མཐའ་མཉམ་འགྲོ་བ་སོ་སོའི་སྐད་དུ་སྐལ་པར་མཚམས་པའི་ཆོས་སྒྲ་སྒྲོག་མཛད་གསུང་རྡོ་རྗེ། །སྨྲ་བའི་སེང་གེ་སྨྲ་བའི་སྐྱེས་མཆོག་ཡན་ལག་དྲུག་ཅུའི་དབྱངས་ལྡན་ཟབ་ཆོས་ཀུན་གྱི་འབྱུང་གནས་གཏེར། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་གསུང་གི་གསང་བའི་མཛོད་འཛིན་གསུང་གི་དབང་ཕྱུག་པདྨའི་རྒྱལ་ལ་ཕྱག་འཚལ་ལོ། །ཨ་ཡིག་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་ཤེས་རབ་ཕ་རོལ་ཕྱིན། །འཕགས་བཞི་


CMR003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཡུམ་ཨཱ་ལི་ཀཱ་ལི་སྒྲ་དང་ཡི་གེ་ཀུན་གྱི་བདག །བླ་མེད་གསང་སྔགས་ཀུན་གྱི་གསང་བའི་མཛོད་འཆང་དབྱིངས་ཀྱི་ཊཱ་ཀི་མ། །གངྒའི་བདག་མོ་དབྱངས་ཅན་ལྷ་མོ་མཚོ་རྒྱལ་མ་དེས་བདག་སྐྱོངས་ཤིག །པད་འབྱུང་ཐུགས་རྗེའི་ལྷ་ལམ་ཁྱོན་ཡངས་པར། །སྨོན་ལམ་ལས་འཕྲོའི་ཆུ་འཛིན་རབ་ཏུ་འཁྲིགས། །ཟབ་ཆོས་སྙན་བརྒྱུད་དབྱར་རྔ་འདི་བསྒྲགས་ནས། །སྨིན་གྲོལ་དབང་ལུང་ཁྲིད་ཀྱིས་ཆར་ཕབ་པས། །སྐལ་མེད་ལོག་ལྟ་པྲ་ཏའི་རིགས་ཅན་རྣམས། །བདུད་རྩི་མེ་རུ་མཐོང་ནས་མི་བཟོད་འབར། །འོན་ཀྱང་སྐལ་ལྡན་ཆར་འདོད་རྨ་བྱའི་ཚོགས། །དད་པའི་སྤུ་ལོང་


CMR003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཞིང་གར་སྟབས་བསྒྱུར། །ཨེ་མ་ཧོ། སྔོན་མེད་གསར་བྱུང་གནམ་ཆོས་དགོངས་པའི་གཏེར། །བྱུང་ཚུལ་གཏེར་འབྱུང་ཆེན་མོ་འདིར་འཆད་ཀྱིས། །གང་དག་མུ་སྟེགས་རིགས་ལས་ཚེ་འཕོས་པའི། །དམ་ཆོས་བཤད་ན་ལུག་བས་བླུན་པ་ལ། །མི་དགེ་སྤྱོད་ན་དྲན་རྒྱ་འདྲེ་བས་སྤྱང་། །བཟླས་བརྗོད་བྱེད་ལ་ལྐུགས་པའི་ངང་ཚུལ་ལ། །སྐུར་པ་འདེབས་ན་གྲེ་ལྕེ་ནེ་ཚོ་འདྲ། །དད་མེད་དགེ་རྩ་ཆད་རྣམས་ཕྱིར་དེངས་ཤིག །ཕྱོགས་ཞེན་ཨ་འཐས་ལོག་ལྟས་རང་རྒྱུད་རེངས། །རང་ཕྱོགས་ཁྱི་སྐྱག་རྙེད་ཀྱང་དེར་དུ་བཏུམ། །གཞན་ཕྱོགས་སངས་རྒྱས་སྐུ་ལའང་ཐལ་བ་གཏོར། །ཕྲག་དོག་མེ་འབར་སྐུར་འདེབས་དུད་པ་ཅན། །དེ་དག་འདི་ལ་མ་ཉན་རྣ་བ་ཁོབ། །ཉམས་ལེན་དད་པ་མེད་ཀྱང་གཟིགས་རྒྱ་ཅན། །ཕྱོགས་ཞེན་བྲལ་ཞིང་རྣམ་དཔྱོད་ཤེས་རབ་ཅན། །བློ་སེམས་དྲང་ཞིང་གཟུ་བོར་གནས་པ་རྣམས། །འདི་ལ་གསོན་ལ་ཡིན་མིན་རིགས་པས་དཔྱོད། །ཆེད་དུ་གཏེར་ཆོས་དང་དུ་མི་ལེན་ཀྱང་། །མདོ་རྒྱུད་རྒྱ་ཆེན་རྣམས་ལ་སྦྱངས་པ་ཅན། །ཐུབ་བསྟན་གཞུང་བསྲང་བསྟན་པ་སྤྱི་ཡི་བདག །ལུང་དང་རིགས་པས་ཕྱུག་པའི་བཤེས་གཉེན་རྣམས། །མོད་རྒྱུད་ལུང་འདྲེན་


CMR003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་འབྲེལ་མི་འབྲེལ། །པད་འབྱུང་ཐུགས་རྗེའི་ཚད་བཟུང་ཡོད་དམ་མེད། །དེ་དག་དགོངས་པས་དཔྱོད་ལ་ཞལ་ཚོན་ཆོད། །གདེང་ནས་མོས་ཀྱང་རང་ཚུགས་ཤོར་དོགས་ཅན། །ཟབ་ཆོས་འདོད་ཀྱང་ཞུས་ན་སྨྲ་བབ་དོགས། །ཆེ་ཚུགས་ཨང་འདིར་སྒྲོག་གིས་བཅིངས་བ་རྣམས། །འདི་ཚུལ་ཐོས་ཀྱང་སྙན་གྱི་རྒྱབ་ཏུ་སྐྱུར། །ཟབ་པར་ཤེས་ཀྱང་ཆོས་རྒྱུད་འཆུགས་དོགས་ཀྱིས། །གྲྭ་སློབ་རྣམས་ལ་ལྐོག་ཏུ་ཐེ་ཚོམ་བསླངས། །མགུ་ཡང་མ་མགུ་བ་ཡི་རྣམ་འགྱུར་ཅན། །དེ་དག་ངག་འཁྱལ་རྣམ་སྨིན་ཐུགས་ལ་ཞོག །རང་སྐྱོན་ལྟ་ན་དམུས་ལོང་ངང་ཚུལ་ལ། །གཞན་སྐྱོན་ལྟ་ན་མིག་རྩ་ཁྲ་ལས་རྣོ། །ལྕེ་ལ་གླང་དོར་ལྔ་བརྒྱའི་ལས་འཕྲོ་ཅན། །ཡིན་རུང་མིན་རུང་མཐོ་རུང་དམའ་རུང་བ། །ཀུན་ལ་ངག་འཁྱལ་སྐུར་འདེབས་ཆར་འབེབས་མཁན། །དེ་དག་བཅོས་སུ་མེད་དེ་སྙིང་རྗེའི་གནས། །འོན་ཀྱང་འབྲེལ་པ་སྣ་གཅིག་ཐོབ་པ་སྟེ། །མ་འོངས་པ་ན་འདི་ཡི་གདུལ་བྱར་ངེས། །རང་རྒྱུད་མཛེ་ཕོ་འདྲ་ཡང་བཅོས་སེམས་མེད། །གཞན་ལ་ལེགས་པའི་ཡོན་ཏན་མཐོང་ཐོས་ན། །རང་ལ་གནོད་དོགས་བུ་ཤིའི་མ་བཞིན་སྡུག །ལྷ་མིན་སྐྱེ་བའི་ལས་འཕྲོ་ཅན་རྣམས་


CMR003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འདི་ཡིས་ཁྱེད་ལ་འདི་ཕྱི་གང་དུ་ཡང་། །མི་གནོད་ངེས་པར་རང་སེམས་རྣལ་དུ་ཕོབ། །པད་འབྱུང་གསུང་ལ་ཡིད་ཆེས་དད་གུས་ལྡན། །ཟབ་མོའི་གཏེར་ལ་མོས་གུས་གདུང་ཤུགས་ཅན། །བརྒྱུད་པ་ཉེ་བའི་བྱིན་རླབས་མྱུར་འདོད་རྣམས། །པུས་མོ་ལྷ་ང་སར་ཚུགས་ཐལ་མོ་སྦྱོར། །གང་འབྱོར་མཎྜལ་ཕུལ་ལ་རྩེ་གཅིག་ཉོན། །དེ་ལ་སྤྱིར་ཆོས་ཞེས་པ་ནི་འཁོར་འདས་ཐམས་ཅད་ཡིན་པར་མཚན་ཉིད་པ་རྣམས་བཞེད་ལ། འདིར་ནི་འཆད་བྱ་དམ་པའི་ཆོས་སོ། །དམ་པའི་ཆོས་ཐམས་ཅད་གནམ་ཆོས་དང་ས་ཆོས། བཀའ་མ་དང་གཏེར་མ་ཞེས་བཞིར་འདུས་པར་མ་གཅིག་ལབ་ཀྱི་སྒྲོན་མས་གསུངས་པ་ལས། འདིར་གནམ་ཆོས་དང་གཏེར་མ་འཆད། སྤྱིར་གཏེར་མ་ལ་རྣམ་གྲངས་མཐའ་ཡས་པ་ཞིག་དབྱེར་ཡོད་ཀྱང་། མདོར་བསྡུས་ན་གནམ་ཆོས་ཐུགས་ཀྱི་གཏེར་ཁ་དང་། ས་གཏེར་དང་། དགོངས་གཏེར་གསུམ་དུ་འདུས་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་ལ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་། ནམ་མཁའི་དཀྱིལ་དང་རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་


CMR003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དག་པ་ལ་ལ་ནི། རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་པ་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་གསུངས་སོ། །མདོ་དེའི་དོན་ཡང་ཅི་ལྟར་ཞེ་ན། མདོ་སྡེ་ཆེན་པོ་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དང་། ཚོགས་ལམ་ཆེ་འབྲིང་ཆུང་གསུམ། སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོས་ནི་གཏེར་མི་ཐོན་ཏེ། དེ་སྟོན་པ་བཅོམ་ལྡན་འདས་དངོས་སུ་མི་བཞུགས་པ་དང་། འཇའ་ལུས་ཐོབ་པའི་རིག་འཛིན་རྣམས་དངོས་སུ་མཇལ་བའི་སྐལ་བ་མེད་པའོ། །བྱང་ཆུབ་སེམས་དཔའི་བསམ་པ་ཕུན་སུམ་ཚོགས་པ་ནི་ས་དང་པོ་ཡན་ནས་བཅུ་པའི་བར་ཏེ། ས་དང་པོ་ཐོབ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པས་བསམ་པ་ཕུན་སུམ་ཚོགས་པའོ། །དེས་གཏེར་དེ་དག་ཐོན་པའི་སྐལ་བ་ཡོད་དེ། ས་དང་པོ་ནས་སངས་རྒྱས་དངོས་སུ་མི་བཞུགས་ཀྱང་སྐད་ཅིག་རེར་ཡང་སངས་རྒྱས་བརྒྱ་ཕྲག་མང་པོའི་ཞལ་མཐོང་ཞིང་ཆོས་ཉན་པའི་ནུས་པ་ཐོབ་པའི་ཕྱིར་རོ། །ལ་ལ་ནི་ཞེས་པས་དེ་ལྟ་བུའི་འཕགས་པའི་གང་ཟག་ལ་ནི་འབྱུང་


CMR003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གི །གཞན་ལ་ནི་མ་ཡིན་ཞེས་པའི་དོན་ནོ། །གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་། ཞེས་པ་དེ་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་སངས་རྒྱས་འབྱུང་བ་དང་འཕྲད་དེ་སངས་རྒྱས་ལས་དངོས་སུ་ཆོས་ཐོས་མོད་ཀྱིས། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་སངས་རྒྱས་མི་བཞུགས་པའི་དུས་ན་ཡང་བསམ་བཞིན་དུ་མིར་སྐྱེས་ཏེ། དེའི་ཚེ་དེ་ལ་ཆོས་ཀྱིས་ཕོངས་པར་མི་འགྱུར་ཏེ། ཆོས་ཀྱིས་ཕོངས་པའི་ལས་སྒྲིབ་ཀྱང་མེད་ལ། བསྟན་པ་དང་སེམས་ཅན་ལ་ཕན་པའི་སྨོན་ལམ་དང་སེམས་བསྐྱེད་བསམ་པ་རྣམ་པར་དག་པའི་མཐུས་གཏེར་ཆོས་རྣམས་འབྱུང་བར་ངེས་པའོ། །དེ་ཡང་ནམ་མཁའི་དཀྱིལ་དང་། ཞེས་པ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་འདི་ལྟ་བུ་འབྱུང་བར་བསྟན། ནམ་མཁའ་ཞེས་པ་དང་གནམ་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བ་གླང་རྫིས་ཀྱང་ཤེས་སོ། །རྩིག་པ་དང་ཤིང་རྣམས་ལས། དེ་ཡང་རྩིག་པ་དང་ཞེས་པས་གཙུག་ལག་ཁང་དང་། ཤིང་ཞེས་པས་ཀ་བ་དང་བྱང་ཆུབ་ཤིང་དྲུང་སོགས། རྣམས་ཞེས་པས་ཆུ་དང་བྲག་སོགས་རྣམ་གྲངས་གཞན་མང་དུ་འབྱུང་བར་བསྟན། ཆོས་འབྱུང་ངོ་། །ཞེས་པ་དེ་རྣམས་སྤྱིར་སོར་བཞག་པའི་


CMR003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྟེ། དེ་དག་གོ་བདེ་བར་བཀོད་ན། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ལ་ནི། མདོའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། སྔགས་ཀྱི་སྟོན་པ་སངས་རྒྱས་པདྨ་འབྱུང་གནས་སྐུ་དངོས་སུ་འཛམ་བུའི་གླིང་འདིར་མི་བཞུགས་ཀྱང་། དེ་ལ་ཆོས་ཀྱིས་ཕོངས་པར་མི་འགྱུར་ཏེ། ནམ་མཁའི་དཀྱིལ་ནས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་འབྱུང་ངོ་། །རྩིག་པ་སྟེ་གཙུག་ལག་ཁང་དང་ཤིང་གི་ཀ་བ་ལ་སོགས་པ་རྣམས་ལས་ཆོས་འབྱུང་ངོ་། །ཞེས་བྱ་བའི་དོན་ནོ། །དེ་ནས་དགོངས་གཏེར་གྱི་དོན་ཡང་། ཆོས་ཡང་དག་པར་སྡུད་པའི་མདོ་ཡི་ལུང་དོན། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ཞེས་པ་ནི་སོར་གནས་ཀྱི་སེམས་དཔའ་ཡིན་མོད་ཀྱི། ལ་ལ་ནི་ཞེས་པའི་དོན་སར་གནས་ཀྱི་བྱང་ཆུབ་སེམས་དཔའི་ནང་ནས་ཀྱང་། གཏེར་ལ་དབང་ཞིང་ཐོན་པ་ནི་ཉུང་ལ། གཏེར་གྱི་ནང་ནས་ཀྱང་དགོངས་གཏེར་ཐོན་པ་ནི་ལ་ལ་སྟེ་འགའ་ཟུང་ཙམ་ལས་མི་འབྱུང་སྟེ་དཀོན་པར་བསྟན་ནོ། །རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས། བྲག་དང་རྩིག་པ་ལས་བཏོན་པ་མ་ཡིན། ཞལ་གཟིགས་ནས་གསུངས་པ་མ་ཡིན། སྔོན་གྱི་བཀའ་བསྟན་ཆོས་ལ་བརྟེན་ནས་བརྩམས་པ་མ་


CMR003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཉམས་ལ་གང་ཤར་ངག་ཏུ་བརྗོད་པའི་ཉམས་མགུར་ལྟ་བུ་མ་ཡིན། གྱ་ཚོམ་དུ་གང་དྲན་ངག་ཏུ་བརྗོད་པས་གདམས་ངག་ཏུ་བྱུང་བ་མ་ཡིན། རང་གར་གང་སྨྲས་ཀྱི་ལ་ཉེ་བརྟག་པ་བྱི་སྦའི་ངག་ལྟ་བུ་མ་ཡིན་པར། གདམས་པ་དང་ཞེས་པས་སྨིན་བྱེད་དབང་གི་གདམས་པ་དང་། གྲོལ་བྱེད་ལམ་གྱི་གདམས་ངག་དང་། རྗེས་སུ་བསྟན་པ་ཞེས་པས་ལུང་བྱང་དང་། ཐམས་ཅད་འབྱུང་ངོ་། །ཞེས་པས་མདོར་ན་དམ་པའི་ཆོས་ཐམས་ཅད་ལམ་ཚང་ལ་མ་ནོར་བ་ཐམས་ཅད་འབྱུང་ཞེས་པའི་དོན་ཡིན་ནོ། །དེ་ལྟར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་དང་། སའི་གཏེར་དང་། དགོངས་པའི་གཏེར་གསུམ་གྱི་ནང་ནས། ཐོག་མར་གནམ་ཆོས་ཀྱི་གཏེར་འབྱུང་འཆད་དེ། དེ་ལ་ཡང་ངོ་བོ་དང་ངེས་ཚིག་དང་རྒྱུ་རྐྱེན་དང་དབྱེ་བ་དང་ལྔའོ། །དེ་ལ་གནམ་ཆོས་ཀྱི་ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དེ་ཉིད་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བཅོམ་ལྡན་འདས་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་དུ་ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བའི་སྒོ་ནས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །འདིའི་རྒྱུ་མཚན་དབུགས་དབྱུང་རྔུབ་མི་མངའ་ཞིང་རྣམ་པར་མི་རྟོག་


CMR003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ལྟར་ཡིན་ཀྱང་སེམས་ཅན་གྱི་བསམ་པ་དང་མཐུན་པར་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ༔ ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཁྱབ་ཅིང་ཆོས་སྟོན་པ་ཡིན་ཏེ། བྱ་རྒོད་ཕུང་པོའི་རི་ལ་བྱམས་པ་ལ་བསྟེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་སྟོན་པའི་ཚེ། མོའུ་འགལ་གྱི་བུས་གསུང་གི་མཐའ་དཔོག་པར་འདོད་ནས་འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དུ་ཕྱིན་པ་ན། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་མཚན་གྱིས་བཀའ་བསྩལ་པ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ནས་ཁྱོད་འདིར་འོང་ངོ་། །ནམ་མཁའ་ཇི་ཙམ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་གསུང་གིས་ནམ་མཁའ་ཇི་སྲིད་ཁྱབ་པས། བྱང་ཆུབ་སེམས་དཔའི་བསམ་པ་དག་པས་ཐོས་པ་ནི་གནམ་ཆོས་ཀྱི་ངོ་བོ་ལགས་སོ། །ངེས་ཚིག་ནི་ས་ལས་བཏོན་པ་མ་ཡིན་པར་ནམ་མཁའ་ནས་བྱུང་བས་གནམ་ཆོས་ཞེས་བྱ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་


CMR003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནམ་མཁའ་ནས་ཆོས་འབྱུང་བར་གསུངས་སོ། །གནམ་ཆོས་འོང་བའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དེས་གཏེར་ལ་སྤྱོད་པའི་སྨོན་ལམ་རྣམ་པར་དག་པ་སྔོན་དུ་སོང་བ་སྟེ། སྨོན་ལམ་དང་ལས་འཕྲོ་ལྡན་ཚུལ་སོ་སོའི་སྐྱེས་རབས་སོགས་ལས་ཤེས་སོ། །རྐྱེན་ནི་ཡི་དམ་ལྷ་ཡི་བསྒྲུབས་པ་བྱས་པས་བག་ཆགས་སད་པ་སྟེ། གསར་རྙིང་གི་སྒྲུབ་ཐབས་ཆེ་ཕྲ་ཐམས་ཅད་ནས། སྒྲུབ་པ་འགྲུབ་པའི་རྟགས་རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་ཡི་དམ་ལྷའི་ཞལ་མཐོང་བ། དབང་བསྐུར་བ། ཆོས་འཆད་པ། ལུང་སྟོན་པ་འབྱུང་བར་གསུངས་སོ། །དབྱེ་བ་ནི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཞལ་གཟིགས་ནས་དེས་གསུངས་པ་དང་། ཞལ་མ་མཐོང་ཡང་ཆོས་ཀྱི་སྒྲ་གྲག་པ་དང་། ནམ་མཁའ་ལ་གནམ་ཡིག་ཡི་གེ་ཤར་བ་དང་། ནམ་མཁའ་ནས་གླེགས་བམ་བབ་པ་དང་། སྤྲུལ་པའི་ཡི་གེ་བབ་པ་དང་རྣམ་གྲངས་ལྔར་དབྱེའོ། །དེ་དག་སོ་སོའི་མཚན་གཞི་གང་ཞེ་ན། གཞན་རྣམས་འོག་ཏུ་འཆད་ལ། ནམ་མཁའ་ནས་གླེགས་བམ་གྱི་ཆར་བབ་ཚུལ་ནི། ཡུལ་ཝཱ་རཱ་ཎ་སཱིར་བྱ་རྒྱུད་རྣམས་བབ། ་ཡུལ་དྷ་ར་དྷ་ཛ་ཞེས་རི་མ་ལ་ཡ་དང་ཉེ་བ་ན་སྤྱོད་རྒྱུད་


CMR003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བབ། རྣལ་འབྱོར་རྒྱུད་རྣམས་རི་བོ་མ་ལ་ཡར་བབ། མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབ། ཨ་ནུ་ཡོ་གའི་རྒྱུད་རྣམས་སིང་ག་ལའི་ནགས་ཚལ་དུ་བབ། ཨ་ཏི་ཡོ་གའི་རྒྱུད་རྣམས་ཨོ་ནའི་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་དུ་བབ་བོ། །དེས་ན་རྒྱུད་ཐམས་ཅད་གནམ་ཆོས་ལགས་སོ། །དེ་ལྟར་རྒྱ་གར་དུ་རྒྱུད་རྣམས་ཀྱི་གླེགས་བམ་ཆར་དུ་བབ་པའི་ལོ་རྒྱུས་འདི་ལ་གསར་མ་བ་ཁ་ཅིག་ཐེ་ཚོམ་པ་ལ། དུས་ཕྱིས་གསར་མའི་ལོ་ཙཱ་བ་འགའ་ཞིག་རྒྱ་གར་དུ་ཕྱིན་པས། །ཤི་ན་ལེནྡྲའི་གཙུག་ལག་ཁང་དུ་སྔར་གྱི་ལོགས་རིས་རྙིང་པ་ལ་གླེགས་བམ་གྱི་ཆར་བབ་ལུགས་ཀྱི་བཀོད་པ་བྲིས་གདའ་བ་མཐོང་ནས་ཐེ་ཚོམ་ཆོད་པར་བྱུང་བའི་ལོ་རྒྱུས་ཆོས་འབྱུང་འགའ་ཞིག་ལས་གསུངས་སོ། །སྤྲུལ་པའི་ཡི་གེ་བྱུང་ཚུལ་ཡང་། རྗེ་བཙུན་མར་པས་རྡོ་རྗེ་གདན་དུ་སངས་རྒྱས་ཀྱི་ཚེམས་ཆེ་བ་མཇལ་བ་ན། དེའི་སྙན་དར་གསེབས་ནས་སྔར་མེད་པའི་ཤོག་དྲིལ་དར་དམར་པོས་དྲིལ་བ་གཅིག་རྙེད། མཆོད་པ་བྱས་ནས་ཕྱེས་པ་ན་ཤིང་ཏ་ལའི་ལོ་མ་ལ་ལི་ཁྲིས་བྲིས་པ་གཅིག་འདུག །པཎྜི་ཏ་ཀུན་ལ་བསྟན་ཀྱང་མ་ཤེས། སིང་ག་ལའི་པཎྜི་ཏ་གཅིག་གིས་འདི་སིང་ག་ལའི་སྒྲ་ཡིག་ཏུ་


CMR003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཟེར་བས། ་སིང་ག་ལའི་ཡུལ་དུ་བྱོན་པས་སྒྲ་རང་བཞིན་གྱིས་ཤེས་ནས་གཟིགས་པ་ན། བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་ཡིན་པར་གདའ། དེས་ན་ཕག་མོའི་བསྐྱེད་རྫོགས་འདི་ཡང་སྤྲུལ་པའི་ཡི་གེ་གནམ་ཆོས་ལགས་སོ། །ཡང་ཇོ་བོ་རྗེ་དང་འབྲོམ་ཁུ་རྔོག་རྣམས་ཡེར་པ་སོགས་ན་སྐྱེས་རབས་སོགས་ཆོས་ཀྱི་གླེང་མོ་མང་དུ་བྱུང་རུང་ཡི་གེར་མ་འཁོད། ཕྱིས་རྔོག་ལོ་ཙཱ་བ་ཆེན་པོ་ནས་དེ་དུས་ཇོ་འབྲོམ་གྱི་ཞུ་གནང་སྐབས་སྐྱེས་རབས་སོགས་ཆོས་ཟབ་ལ་རྒྱ་ཆེ་བ་མང་པོ་གསུངས་པ་ཡིན་ཏེ། ང་རྒས་པས་དྲི་མ་ཐུབ་ད་ཡིད་ལ་ཐར་ཐོར་ལས་མི་འདུག་དགོངས་ནས་ཐུགས་རབ་ཏུ་སྐྱོ་སྟེ་གསང་ཕུའི་ནགས་ན་ཕར་སྐྱོ་བསང་ལ་བཞུད་ཙམ་ན། དགེ་སློང་གུར་གུམ་གྱི་མདོག་འདྲ་བ་ཞིག་གིས་ཚིག་གཅིག་ཆད་ལྷག་མེད་པར་སྤྲུལ་པའི་གླེགས་བམ་གནང་བ་དེ་ལ་བཤུས་པ་བཀའ་གདམས་གླེགས་བམ་དུ་གྲགས་པ་སྟེ། བཀའ་གདམས་གླེགས་བམ་ཡང་གནམ་ཆོས་ལགས་སོ། །ཞལ་མ་མཐོང་ཡང་ནམ་མཁའ་ནས་ཆོས་ཀྱི་སྒྲ་གྲག་པ་ནི། ཏེ་ལོ་ཤེས་རབ་བཟང་པོ་དེ་ཨོ་རྒྱན་གྱི་ཡུལ་ནས་འཕུར་ཏེ་ཤར་ཟ་ཧོར་ནོར་བུའི་དགོན་པ་ན་བྱོན་པའི་ལམ་དུ་ནམ་མཁའ་ནས། གཟུགས་


CMR003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཆོས་ཀྱི་སྒྲ་གྲག་པ་ཕྱིས་ཡི་གེར་བཀོད་པ་ལ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཞེས་གྲགས་ཏེ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་པོ་ནི་གནས་ཆོས་ཉིད་དུ་ངེས་སོ། །ནམ་མཁའ་ནས་གནམ་ཡིག་ཤར་བ་ནི། །རིག་འཛིན་འཇའ་ཚོན་སྙིང་པོའི་ཤོག་སེར་གཅིག་གི་རྒྱབ་ན། གཞོས་ཟེར་བའི་ཡི་གེ་གཅིག་འདུག་པས་དེ་མ་ཆོད་པར་ཨོ་རྒྱན་ལ་གསོལ་བ་བཏབ་པས། ནམ་མཁའི་སྤྲིན་ལ་དང་པོ་གཞོས་ཟེར་བ་གཅིག་དོད། དེ་ནས་དེ་ཞིག་ནས་གཞོན་ནུ་བློ་གྲོས་ཟེར་བ་གཅིག་རེད་སོང་བ་གཟིགས་པས་ཡི་གེ་དེ་ཤེས་ཤིང་། དེ་ཆོས་བདག་གཅིག་གི་མིང་ཡིན་པར་གོ་སྐད། ཡང་འཇའ་ཚོན་སྙིང་པོ་སྤྱི་བོར་ཕེབས་སྐབས་གནས་པོ་ཞིག་ལ། ཁྱེད་སྤུ་བོའི་བླ་མ་ཨོ་རྒྱན་བསྟན་འཛིན་འདི་སུ་ཡིས་སྤྲུལ་པ་ཡིན་གསུངས། བླ་མ་བཟང་པོ་ནི་ཡིན་སུ་ཡི་སྤྲུལ་པ་ཡིན་མི་ཤེས་ཞུས་པས། ཡུད་ཙམ་དབུ་བཏུམ་ནས་ནམ་མཁའ་ལ་གཟིགས་ནས། འདི་རྨ་ཐོག་རིན་ཆེན་གྱི་སྤྲུལ་པ་ཡིན་པར་འདུག །ད་ལྟ་གནམ་ཡིག་དོད་བྱུང་གསུངས་སྐད། དེ་ལྟར་རྣམ་གྲངས་དབྱེ་བ་ལྔ་ལས། དེ་རེ་རེ་ལ་ཡང་དངོས་སུ་བྱུང་བ། ཉམས་སྣང་ལ་བྱུང་བ། རྨི་ལམ་བྱུང་བ་ལྔར་དབྱེ་


CMR003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྣམ་གྲངས་ལྔ་གསུམ་བཅོ་ལྔའོ། །དེ་ལ་འདིར་བཤད་བྱ་ནི་ཡི་དམ་ལྷའི་ཞལ་གཟིགས་ནས་དེས་གསུངས་པའི་གནམ་ཆོས་ཡིན་ཏེ། དེ་ལ་ཡང་རྨི་ལམ་དུ་བྱུང་ཚུལ། ཉམས་སྣང་ལ་བྱུང་ཚུལ། དངོས་སུ་བྱུང་ཚུལ་དང་གསུམ་སྟེ། དེ་དག་གོ་རིམ་ངེས་པ་ཅན་མེད་ཀྱང་། དང་པོ་རྨི་ལམ་དུ་བྱུང་ཚུལ་འཆད་དེ། དེ་ལ་ཡང་མདོའི་ལུང་། རྒྱུད་ཀྱི་ལུང་། རིག་འཛིན་གོང་མ་ལ་བྱུང་ཚུལ་རྣམས་ད་ལྟ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཇི་ལྟར་བྱུང་ཚུལ་དང་གསུམ་ལས། དང་པོ་རྨི་ལམ་དུ་ཆོས་འབྱུང་བར་མདོ་ནས་གསུངས་ཚུལ་ལ་ཡང་གསུམ་སྟེ། བསྐལ་པ་སྔོན་འདས་དུས་བྱུང་ཚུལ། བསྟན་པ་འདི་ལ་སྟོན་པ་ཞལ་བཞུགས་དུས་བྱུང་ཚུལ། སྟོན་པ་འདས་ནས་ཀྱང་མ་འོངས་པ་ན་འབྱུང་བར་ལུང་བསྟན་པ་དང་གསུམ་མོ། །དང་པོ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྔོན་སྟོན་པ་རྒྱལ་བུ་བློ་གྲོས་ལྡན་དུ་གྱུར་པའི་གཉིད་ལོག་པའི་རྨི་ལམ་ན་ཚིགས་སུ་བཅད་པ་གཉིས་ཐོས་ནས་བཟུང་སྟེ། སེམས་ཅན་བརྒྱད་སྟོང་བྱང་ཆུབ་ཀྱི་ལམ་ལ་བཀོད་དོ། །སེམས་ཅན་བཞི་ཁྲི་ཉིས་སྟོང་བདེ་འགྲོའི་ལམ་ལ་བཀོད་པའི་སྔོན་བྱུང་གི་ལོ་རྒྱུས་རྒྱས་པར་གསུངས་སོ། །གཉིས་པ་ནི་གསེར་འོད་དམ་པ་


CMR003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཉིད་ལོག་པའི་རྨི་ལམ་ན། གསེར་གྱི་རྔ་ཀུན་ཏུ་སྣང་བ་འདི་ལྟ་སྟེ་ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ་། །ཕྱོགས་ཐམས་ཅད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་ནི་རིན་པོ་ཆེའི་ཤིང་དྲུང་ན། རིན་པོ་ཆེ་བེཌཱུརྱའི་ཁྲི་རྣམས་ལ་བཞུགས་ཤིང་། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་གྱིས་བལྟས་ནས་ཆོས་སྟོན་པར་མཐོང་ངོ་། །དེ་ནས་སྐྱེས་བུ་བྲམ་ཟེའི་གཟུགས་ལྟ་བུ་ཞིག་རྔ་དེ་བརྡུང་བ་མཐོང་སྟེ་རྔའི་སྒྲ་དེ་ལས་བསྟན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བྱུང་བ་ཐོས་སོ། །དེ་ནས་བྱུང་ཆུབ་སེམས་དཔའ་མཛེས་པའི་ཏོག་སད་མ་ཐག་ཏུ་བསྟན་པའི་ཚིགས་སུ་བཅད་པ་འདི་དག་རྗེས་སུ་དྲན་ནོ། །རྗེས་སུ་དྲན་ནས་ཀྱང་དེའི་མཚན་མོ་ཟད་པ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་


CMR003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། རྨི་ལམ་ན་རྔའི་སྒྲ་ལས་བསྟན་པའི་ཚིགས་སུ་བཅད་པ་གང་དག་ཐོས་པ་དེ་དག་གསོལ་ཏོ། །ནུབ་གཅིག་གཡེལ་བ་མེད་པར་ཡང་། བདག་གི་རྨི་ལམ་རྨིས་པ་ནི། །མཛེས་པའི་རྔ་ཆེན་མཐོང་བ་སྟེ། །ཐམས་ཅད་དུ་ནི་གསེར་གྱི་འོད། །ཉི་མ་ཇི་ལྟར་བཞིན་དུ་འབར། །ཀུན་ཏུ་རྣམ་པར་ལྡིང་བ་སྟེ། །ཕྱོགས་བཅུ་རྣམས་སུ་སྣང་བར་གྱུར། །ཀུན་ཏུ་རིན་ཆེན་ཤིང་དྲུང་ན། །རིན་ཆེན་བཻཌཱུཪྻ་དག་གིས། །ཁྲི་ལ་སངས་རྒྱས་རྣམས་བཞུགས་ཏེ། །སྟོང་ཕྲག་དག་ནི་དུ་མ་ཡི། །འཁོར་དབུས་མདུན་གྱིས་བལྟས་པ་མཐོང་། །བྲམ་ཟེའི་གཟུགས་ནི་འདྲ་བ་ཞིག །རྔ་ཆེན་རབ་ཏུ་བརྡུང་བར་མཐོང་། །དེ་ཡིས་དེ་ལ་བརྡུངས་བ་དང་། །ཚིགས་སུ་བཅད་པ་འདི་དག་བྱུང་། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །ཞེས་པ་ནི། དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་པ་ཡིན། ཞེས་པའི་བར་ཤོ་ལོ་ཀ་བརྒྱ་རྩ་བརྒྱད་ཙམ་བྱུང་ཚུལ་ཞུས་པས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསན་ནས།


CMR003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ཀྱི་རྨི་ལམ་ན་གསེར་གྱི་རྔ་ལས། དེ་བཞིན་གཤེགས་པ་ཡང་དག་པའི་ཡོན་ཏན་བསྔགས་པ་དང་། སྡིག་པ་བཤགས་པ་འདི་དག་གང་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་དང་ལྡན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བས་ཚིམ་པར་བྱེད་དེ། སྡིག་པ་ཐམས་ཅད་འབྱང་བར་འགྱུར་བར་ཤེས་པར་གྱིས་ཤིག །འདི་ལྟ་བུའི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་འདི་དག་ནི། ཐམས་ཅད་ཀྱང་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དག་ལ། བསྟོད་པ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྒྱུད་དང་། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་དེ་དག་ཐོས་པར་གྱུར་པ་ཡིན་ནོ། །ཞེས་བཀའ་བསྩལ་ནས། དེ་ནས་འདུས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་རྒྱལ་པོས་རྨི་ལམ་བཤད་པའི་ལེའུ་སྟེ་བཞི་པའོ།། །།ཞེས་འབྱུང་སྟེ་བཅོམ་ལྡན་འདས་ཀྱི་གསུང་དེ་དག་རྨི་ལམ་དུ་ཐོས་པས་གནམ་ཆོས་ཀྱི་ཕན་ཡོན་དགོས་ཆེད་དང་། དེ་ཐོས་པའི་


CMR003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྐྱེན་དང་བཅས་པ་གསལ་བར་བསྟན་པ་ལགས་སོ། །འོ་ན་དེ་ནི་སྟོན་པ་ཞལ་བཞུགས་པའི་དུས་སངས་རྒྱས་ཀྱི་མཐུས་རྨི་ལམ་དུ་གནམ་ཆོས་དེ་ལྟར་བྱུང་ཡང་། སྟོན་པ་དངོས་སུ་ཞལ་མི་བཞུགས་ནས་རྨི་ལམ་གྱི་གནམ་ཆོས་སོགས་མི་འབྱུང་ངོ་ཞེ་ན། དམ་ཆོས་དཀོན་མཆོག་བརྩེགས་པའི་རྨི་ལམ་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལ་བཀའ་བསྩལ་པ། རྡོ་རྗེ་རབ་འཇོམས་དེ་ལ་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པས་བཀའ་བསྩལ་པ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་ནི་གལ་ཏེ་གཟུངས་ཐོབ་པར་གྱུར་པ་ཞིག་གམ། མངོན་པར་ཤེས་པ་ཐོབ་པར་གྱུར་པ་ཞིག་གམ། བདེན་པའི་བྱིན་རླབས་འགྲུབ་པར་གྱུར་པ་ཞིག་ཡིན་ན་ནི། ས་བརྒྱད་པར་ལུང་བསྟན་པར་འགྱུར་བར་ལྟའོ། །ཡོན་ཏན་དེ་དག་ཐོབ་ཏུ་ཉེ་བ་ཞིག་ཡིན་ན་ནི། ས་དང་པོ་ནས་བདུན་པོ་དག་ལས་གང་ཡང་རུང་བར་ལྟའོ། །ཞེས་དང་། རྡོ་རྗེ་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན། སྔོན་མ་ཐོས་པའི་ཆོས་དག་ཐོས་ན། བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཆོས་སྨྲ་བའི་གང་ཟག་མང་


CMR003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཡང་བསྙེན་བཀུར་བྱས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པོ་དག་ལས་གང་ཡང་རུང་བར་བལྟའོ། །དེས་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱས་ཏེ། དེས་ན་མྱུར་བ་ཉིད་དུ་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་དང་། རྡོ་རྗེ་རབ་འཇོམས་བྱང་ཆུབ་སེམས་དཔའི་མཚན་མ་བརྒྱ་རྩ་བརྒྱད་པོ་དེ་དག་གིས་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན་པར་རིག་པར་བྱ་ཞིང་ཤེས་པར་བྱའོ། །ཞེས་རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་གསུངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །གང་ལ་མཚན་མ་དེ་དག་ཡོད་གྱུར་པ། །དེ་ནི་བདག་ཉིད་ཆེ་བར་ཐེ་ཚོམ་མེད། །སྤྱོད་པ་ཅུང་ཟད་ཙམ་ཞིག་རྟོགས་གྱུར་ཀྱང་། །ཡོན་ཏན་ཤེས་པས་ཉེས་པ་མ་བསྐྱེད་གཅིག །རྒྱ་མཚོ་ཆེན་པོ་ལས་ནི་མེ་འབར་ཞིང་། །མེ་ཡི་དབུས་ནས་ཆུ་ནི་བྱུང་གྱུར་ཀྱང་། །གང་ལ་མཚན་མ་གཅིག་ཙམ་ཡོད་གྱུར་པ། །དེ་ནི་བྱང་ཆུབ་ཕྱིར་ལྡོག་ངས་མ་མཐོང་། །ཞེས་གསུངས་ཏེ། དེ་དག་གིས་མ་འོངས་པ་ན་བྱང་ཆུབ་སེམས་དཔའི་རིགས་ལ་རྨི་ལམ་གནམ་ཆོས་འབྱུང་ཚུལ་དང་། དེ་བྱུང་བ་སར་གནས་སེམས་དཔར་


CMR003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཚུལ་བསྟན་ཏེ། རྨི་ལམ་ན་དེ་གཞིན་གཤེགས་པས་བཀའ་བསྩལ་པ་མཐོང་ན། ཞེས་གསུངས་པ་ལྟར་མི་འགྱུར་རྡོ་རྗེས་ཀྱང་རྨི་ལམ་དུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དང་། དེ་བཞིན་གཤེགས་པ་སྨན་གྱི་ལྷས་བཀའ་བསྩལ་པ་མཐོང་བ་ལགས་སོ། །མངོན་པར་ཤེས་པ་ཐོབ་པ་ཞིག །ཅེས་པ་ལྟར་མངོན་ཤེས་དྲུག་གི་ནང་ནས་སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ཐོབ་པའོ། །ས་བརྒྱད་པར་ལུང་བསྟན་པར་འགྱུར་བར་ལྟའོ། །གསུངས་པ་ལྟར་བཻ་རོ་ཙཱ་ན་ས་བརྒྱད་པུར་ལུང་བསྟན་པ་ཡིན་པས་དེ་དང་ཐུགས་རྒྱུད་གཅིག་པའོ། །གང་གི་རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་དག་ཐོས་ནས། ཞེས་པ་ལྟར་སྔོན་ས་སྟེང་དུ་མ་གྲགས་པའི་དབང་དང་སྒྲུབ་ཐབས་གདམས་པ་མང་དུ་སྤྲུལ་སྐུ་འདིས་ཐོས་པའོ། །དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཞེས་སོགས་ཀྱི་ཆེ་བའི་ཡོན་ཏན་བསྟན་ཏོ། །དེས་ནི་ཇི་སྐད་སྨྲས་པ་བཞིན་དུ་བྱས་ཏེ། ཞེས་པས་རྨི་ལམ་དུ་བྱུང་བའི་གནམ་ཆོས་དེ་ཉམས་སུ་ལེན་དགོས་པར་བསྟན། དེས་ན་མྱུར་བ་ཉིད་དུ་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པས་དེ་ཉམས་སུ་བླང་ན་རྣོ་ཞིང་ཟབ་པར་བསྟན། གང་ལ་མཚན་མ་དེ་དག་ཡོད་གྱུར་པ། །དེ་ནི་


CMR003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེ་བར་ཐེ་ཚོམ་མེད། །འདི་ལྟར་རྨི་ལམ་དུ་གནམ་ཆོས་ཟབ་ལ་རྒྱ་ཆེ་བ་བྱུང་བའི་གང་ཟག་དེ་ནི། བདག་ཉིད་ཆེན་པོ་སྟེ་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན། སྤྱོད་པ་ཅུང་ཟད་ཙམ་ཞིག་རྟོགས་གྱུར་ཀྱང་། །ཡོན་ཏན་ཤེས་པས་ཉེས་པ་མ་བསྐྱེད་ཅིག །ཅེས་པ་འཕྲལ་དུ་སྤྱོད་ལམ་རྩིང་བ་དང་། །ཉོན་མོངས་ཧྲག་པ་ལྟར་འདུག་ཀྱང་། དེ་སར་གནས་ཀྱི་སེམས་དཔའ་ཆེན་པོ་མིན་པར་མི་འགྱུར་ཏེ། སྔོན་བཅོམ་ལྡན་འདས་ཀྱི་དྲུང་དུ་དགེ་སློང་མ་ཕམ་པ་བསྐལ་བཟང་གི་སངས་རྒྱས་བྱམས་པར་འགྱུར་བར་གསུངས་པ་ན་དགེ་སློང་དག་ན་རེ། དགེ་སློང་མ་ཕམ་པ་ནི་ཉོན་མོངས་པ་མ་སྤང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་པ་ཐ་མལ་པར་སྣང་ན། ཇི་ལྟར་བསྐལ་བཟང་གི་རྒྱལ་བ་ལྔ་པར་འགྱུར། ཞེས་གླེང་པ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཕམ་པ་ལོ་བཅུ་གཉིས་ནས་ཚེ་འཕོས་ཏེ་དགའ་ལྡན་དུ་ལྷ་རྣམས་ལ་ཆོས་སྟོན་ཅིང་། མ་འོངས་པ་ན་རྒྱལ་བ་བྱམས་པར་འགྱུར་ཚུལ་བྱམས་པ་ལུང་བསྟན་གྱི་མདོར་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། གནམ་ཆོས་རྨི་ལམ་དུ་བྱུང་བའི་གཏེར་སྟོན་གྱི་ཡོན་ཏན་ཡང་དཔག་པར་དཀའ་བར་ཤེས་པས། གཤེ་


CMR003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སོགས་ཀྱི་ཉེས་པས་རང་ཉིད་ངན་སོང་དུ་ལྟུང་བའི་ཉེས་པ་མ་བསྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན་རྒྱ་མཚོ་ཆེན་པོ་ལས་མེ་འབར་ཞིང་། མེའི་དབུས་ནས་ཆུ་འབྱུང་བ་ནི་སྲིད་ཀྱང་། གང་ལ་རྨི་ལམ་དུ་གནམ་ཆོས་ཐོས་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་ཡིན་པའི་མཚན་མ་གཅིག་ཙམ་ཡོད་པར་གྱུར་པ། དེས་ན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་ངས་མ་མཐོང་། ཞེས་པ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེས་མ་གཟིགས་ཞེས་པའོ། །དེས་མདོ་ལས་རྨི་ལམ་དུ་གནམ་ཆོས་འབྱུང་བར་གསུངས་པའི་ལུང་དེ་སོང་ནས། གཉིས་པ་རྒྱུད་ནས་རྨི་ལམ་དུ་གནས་ཆོས་འབྱུང་བའི་ལུང་ནི། ཕ་རྒྱུད་གསང་བ་འདུས་པའི་རྩ་རྒྱུད་ཆེན་པོ་ལས། དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས། །སངས་རྒྱས་འོད་ནི་བཟང་པོར་མཐོང་། །ཞེས་སོགས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པ་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཞེས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེས་ནི་མངོན་པར་དབང་བསྐུར་མཐོང་། །ཞེས་སོགས་ནས། རྡོ་


CMR003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །ཞེས་དང་། དེ་ལ་འདི་ནི་རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་གི་སྙིང་པོའོ། །ཞེས་སོ། །དེ་ཡང་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་ས་དང་པོ་ཡན་ཆད་ཀྱི་ཡེ་ཤེས་མཆོག་ཐོབ་པས། སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ཀྱང་། སངས་རྒྱས་ཀུན་ཏུ་བཟང་པོ་ལ་སོགས་པའི་སྐུའི་འོད་ཟེར་བཟང་པོར་འཕྲོ་བ་དང་བཅས་པ་རྨི་ལམ་དུ་མཐོང་། བདེ་བ་ཅན་ལ་སོགས་པའི་ཞིང་ན་བཞུགས་པ་ཡང་ངེས་པར་མཐོང་། ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ནང་ནས་ཆོས་ཀྱི་མཛོད་ཡིད་དུ་འོང་བ་དབང་ལུང་གདམས་པ་འགའ་ཞིག་སྩལ། ཀུན་ཏུ་བཟང་པོ་ལ་སོགས་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། ཚེ་དབང་མངོན་ཤེས་དྲུག་གི་དབང་ལ་སོགས་མངོན་པར་དབང་བསྐུར་བ་མཐོང་། རྨི་ལམ་ནག་ནོག་དང་མི་གསལ་བའི་དྲི་མ་མེད་པ་ཚིག་ཟུར་ཙམ་མ་ཉམས་པར་ཡི་གེར་བཀོད་པ་ལ་ཆགས་ཐོགས་ཅུང་ཟད་མེད་པ་མཐོང་བའི་ཕྱིར་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པའི་བླ་ན་མེད་པའི་


CMR003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་འགྲུབ་པར་འགྱུར་བའི་མངོན་རྟགས་ཡིན་པའོ། །དེ་བཞིན་དུ་རྒྱུད་ཀྱི་དོན་མན་ངག་གི་སྒྲུབ་སྡེ་ཆེན་པོ་རྣམས་ནས་ཀྱང་། གནམ་ཆོས་སྙན་བརྒྱུད་ཀྱི་སྐོར་འབྱུང་བའི་ལུང་ནི། མངའ་བདག་ཉང་གི་གཏེར་ཁ་བཀའ་བརྒྱུད་སྒྲུབ་ཆེན་གྱི་གཞུང་ལས། ཐ་མ་རྨིས་ལྟས་སུ་འོང་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔས་བདག་ལ་དབང་བསྐུར་ཞིང་རིག་འཛིན་རྣམས་ཀྱིས་མཆོད་པ་དང་། ཞེས་དང་། གུ་རུ་ཆོས་དབང་གི་གཏེར་ཁ་ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་གཞུང་ལས། སྒྲུབ་པ་འདི་ཉིད་དམ་ཆོས་སྒྲུབ་པ་གང་ཡང་རུང་སྟེ། བསྙེན་པའི་སྐབས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཡང་ཡང་མཇལ་ཞིང་ལུང་སྟོན་ཆོས་འཆད་པ་རྨིས་པ་དང་། ཞེས་སོགས་དང་། གུར་དྲག་བདེར་གཤེགས་འདུས་པའི་རྟགས་ཡིག་གཞུང་ལས། རྨི་ལམ་དག་ཏུ་བླ་མ་མཁའ་འགྲོའི་ཚོགས། །ཞལ་སྟོན་ཆོས་འཆད་ལུང་སྟོན་བྱེད་པ་དང་། །རང་ཉིད་རུས་རྒྱན་ཐོགས་ནས་ནམ་མཁར་འཕུར། །ལྷ་ཡི་ཡུལ་སོགས་ཨུ་རྒྱན་ཡུལ་དུ་ཕྱིན། །ཞིང་ཁམས་བཀོད་པ་ཁྱད་འཕགས་མཐོང་བ་ནི། །ཨུ་རྒྱན་པདྨ་འགྲུབ་པའི་མཚན་མ་ཡིན། །ཞེས་དང་། བདེར་འདུས་ཀྱི་སྒྲུབ་གཞུང་ལས། ཐ་མ་རྨི་ལམ་ན།


CMR003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་འབྱུང་གནས་དང་། །ཞལ་མཇལ་གདམས་པ་གསུངས་པ་དང་། །བྱིན་རླབས་ལུང་སྟོན་བྱེད་པ་འབྱུང་། །ཞེས་དང་། གུར་དྲག་རཏྣ་ལུགས་ཀྱི་འཇམ་དཔལ་སྐུ་སྤྲུལ་ལས། ཐ་མ་རྨི་ལམ་དུ་ཞལ་མཐོང་། ཞེས་དང་། མདོར་ན་གསར་རྙིང་གི་སྒྲུབ་ཐབས་ཐམས་ཅད་ནས། ཐ་མ་རྨི་ལམ་དུ་ལྷ་ཞལ་མཇལ་ནས། དབང་བསྐུར་ཆོས་གསུང་ལུང་སྟོན་པ་འབྱུང་བར་གསུངས་པ་ལྟར། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཡང་། སྐབས་རེར་རྨི་ལམ་དུ་གནམ་ཆོས་འགའ་ཞིག་བྱུང་བ་ལགས་སོ། །དེ་ནས་སྔོན་གྱི་རིག་འཛིན་གོང་མ་རྣམས་ལ་ཡང་རྨི་ལམ་དུ་གནམ་ཆོས་བྱུང་ཚུལ་ནི། རྗེ་བཙུན་མར་པ་སྔོན་རེས་རྒྱ་གར་ནས་ཚུར་བྱོན་དུས་གཉོས་ལོ་ཙཱ་བས་ཕྱག་དཔེ་ཆུར་འཕངས་པས་ཐུགས་ལ་ཡོད་པ་ཚོ་ཡང་ཕལ་ཆེར་བརྗེད་ནས་ཐུགས་མུག་སྟེ། བལ་ཡུལ་ལི་ཤོ་ཀ་རའི་གྲོང་དུ་ནུབ་གཅིག་རྨི་ལམ་ན་ཞིང་སྐྱོང་གི་ཌཱཀི་མ་གཉིས་བྲམ་ཟེའི་ཆ་བྱད་དུ་སྤྲུལ་ནས་སྤྱན་དྲངས་ཏེ། ལྷོ་དཔལ་གྱི་རི་ལ་ཕྱིན་ནས། བྲམ་ཟེ་ཆེན་པོའི་ཞལ་མངོན་སུམ་དུ་མཇལ་ཏེ། ཕྱག་ཆེན་ཡི་གེ་བཞི་པ་དང་། ན་མོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྒྱུན་མི་འཆད་པ་གཉུག་མའི་དོན། །ཞེས་


CMR003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དོ་ཧ་རྡོ་རྗེའི་གླུ་གསན་པས། ད་དཔེ་ཆ་མེད་ཀྱང་དོན་ཐམས་ཅད་ཡིད་ལ་འདུག་དགོངས་ནས་བོད་དུ་བྱོན་ནས། སློབ་མ་ཐུགས་ཟིན་པ་རྣམས་ལ་ཡང་། རྨི་ལམ་དུ་བྱུང་བའི་གནམ་ཆོས་དེ་དག་གནང་བར་མཛད་དོ། །བདེར་གཤེགས་ཕག་མོ་གྲུ་པ་དེ་གཙང་ལ་སྟོད་དུ་ཕེབས་སྐབས། ཞག་གསུམ་ལ་གཟིམས་མ་སད་པར་ཞལ་ནས་འབག་འབུག་གསུངས་ཤིང་གཟིམས་སྐད། དེར་རྨི་ལམ་དུ་དམ་པ་སངས་རྒྱས་མཇལ་ནས་ཞི་བྱེད་སྐོར་གསུམ་གྱི་དབང་ལུང་གནང་ནས། ཞི་བྱེད་རྨང་ལམ་མར་གྲགས་སོ། །གྲུབ་ཐོབ་སྐྱེར་སྒང་པ་དེ་རྨང་ལམ་དུ་ཨུ་རྒྱན་ཡུལ་དུ་བྱོན་པ་ན་སློབ་དཔོན་པདྨ་དང་མཇལ། ད་ལྟ་བོད་ན་བེ་ཀར་དཀར་པོ་འདྲེའི་གནོད་པ་དར་བར་ཡོད་པས་རྟ་མགྲིན་གྱི་སྒྲུབ་ཐབས་བྱ་སླ་ལ་བྱིན་རླབས་ཆེ་བ་ཞིག་གནང་དགོས་ཞུས་པས། སློབ་དཔོན་ཉིད་རྟ་མགྲིན་གྱི་སྐུར་བཞེངས་ནས་དབང་ལུང་སྒྲུབ་ཐབས་མན་ངག་རྣམས་གནང་ནས། ང་སྔོན་བོད་དུ་ལྷ་འདྲེ་འདུལ་དུ་འོང་དུས། རྟ་མཆོག་རོལ་པའི་རྒྱུད་རྔོག་མ་ལེ་བརྒན་ཁོལ་དུ་ཕྱུང་བའི་རྒྱུད་ལས་བཏུས་པ་ཞིག །གཙང་གི་སྙེ་མོ་བྲག་ཏུ་སྦས་པ་ད་ལྟ་སྔགས་པ་ཞིག་གིས་གཏེར་ནས་ཐོན་འདུག་པས་དེ་ལ་ཡང་ཞུས་གསུངས་ནས་ལུང་


CMR003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། དེ་དུས་པདྨ་ལས་འབྲེལ་རྩལ་གྱིས་རྟ་མགྲིན་ཡང་གསང་ཁྲོས་པ་གཏེར་ནས་ཐོན་པ་དང་དུས་མཚུངས་པས་ཞུ་རུ་བྱོན་ནས་ཞུས། སླར་ཡང་རྨང་ལམ་དུ་ཨུ་རྒྱན་མཇལ་བས་རྟ་མགྲིན་གྱི་ཆོས་སྐོར་ཚང་བར་ཨེ་འདུག་ཞུས་པས། ད་རུང་ལུས་ལ་འདོགས་པའི་འཁོར་ལོ་སོགས་འགའ་ཞིག་མ་ཚང་བར་འདུག་གསུངས། སླར་གཏེར་སྟོན་གྱི་དྲུང་དུ་བྱོན་ནས་བདག་ལ་རྟ་མགྲིན་གྱི་ཆོས་སྐོར་ཚང་བར་གནང་དགོས་ཞུས་པས། ཁྱོད་ལ་མ་ཚང་བར་འདུག་སུས་ཟེར་གསུངས། བདག་ལ་ཨུ་རྒྱན་གྱིས་ལུང་བསྟན་པ་ལགས་ཞུས་པས། སྣོད་ལྡན་ཆོས་བདག་ཏུ་མཁྱེན་ནས་ཚང་བར་གནང་། དེས་ན་ཨུ་རྒྱན་ཉིད་ལས་ཐོབ་པ་བཀའ་མ་དང་། གཏེར་སྟོན་ལས་ཐོབ་པས་བཀའ་གཏེར་གཉིས་ཀ་ཡིན་ཞེས་ལོ་རྒྱུས་ལས་བྱུང་ཡང་། རྟ་མགྲིན་འདི་གཉིས་མི་གཅིག་ཡང་གསང་ཁྲོས་པ་ཞལ་གསུམ་ཕྱག་དྲུག་ཡུམ་འཁྱུད་པ་དཀྱིལ་འཁོར་ཚང་མ། སྒོ་སྲུང་གདོང་མོ་མཆེད་བཞི། བཀའ་སྲུང་སྲོག་བདག་འོད་ཀྱི་སྐྱེས་བུ་མཆེད་ལྔ་དང་གཟའ་དང་གདོང་མོ་ཡོད་ཅིང་རྒྱུད་སྒྲུབ་ཐབས་གླེགས་བམ་ཆེ་བར་ཡོད་པས་རྟ་བོད་དུ་གྲགས་ལ། རྨི་ལམ་དུ་ཐོབ་པ་ལ་ཞལ་གསུམ་རྟ་དབུ་གསུམ། ཕྱག་དྲུག་


CMR003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྒྱད་པ་གཙོ་རྐྱང་ཡུམ་མེད་པ་སྟེ། བཀའ་སྲུང་བེག་རྩེ་ཡིན་རྟ་མགྲིན་གསང་སྒྲུབ་དམར་པོ་སྐྱེར་སྒང་ལུགས་སུ་གྲགས། གཏེར་མ་དེའི་གཏེར་གནས་ཀྱང་ལུང་བསྟན་པ་དང་ཅུང་ཟད་མི་མཐུན་ཏེ། ཡེར་པའི་སེ་བ་རྫོང་ནས་སྟོན་པར་སྣང་། འོན་ཀྱང་རྨི་ལམ་དུ་ཐོབ་པའི་གནམ་ཆོས་དེ་ལ་བརྟེན་ནས་སྐྱེར་སྒང་པས་སྨོན་པ་བརྒྱད་ཅུ་ཙམ་བཏུལ་བས་ཟབ་པའི་སྒྲ་སྐད་ཐོས༔ ས་སྐྱ་འབྲི་སྟག་ཀར་འབྲུག་ཐམས་ཅད་ཀྱི་རྗེས་གནང་གི་གྲར་བཞུགས། སེ་རའི་དགོན་པ་ན་ཀླུ་བདུད་མཁར་ནག་གནས་པའི་ཚེར་ཕུང་ཞིག་ཡོད་པས། མཚན་མོ་སྒྲོག་གླེང་སྐབས་སུ་བཙུན་ཆུང་མང་པོ་དངོས་སུ་ཁྱེར་བས། རྟ་མགྲིན་སྐྱེར་སྒང་ལུགས་གྲུབ་པའི་རྣལ་འབྱོར་པ་ཞིག་གིས་ཚེར་ཕུང་དེ་བཅིངས་ནས་རྟ་མགྲིན་འདི་སྐུ་གཅིག་བཞེངས་པས་གནོད་པ་མ་བྱུང་། རྟ་མགྲིན་དེའི་བཀའ་སྲུང་བེག་རྩེ་ཡིན་པས་ཤིན་ཏུ་གཉན། སྔར་དུས་ལོག་བྱུང་སྐབས་དགོན་རྣམས་དམག་མིའི་བཤིགས་བཅོམ་བྱས་དུས། རྟ་མགྲིན་ཁང་དེ་རློག་པས་མི་ཞིག་ཁྲག་སྐྱུགས་ཏེ་ཤི་བས། རྟ་མགྲིན་ཁང་ལ་གནོད་པ་མ་བྱུང་། འབྲས་སྤུང་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ན་རིམ་རྣམས་ཀྱིས་རྟ་མགྲིན་འདི་ལ་ཐུགས་དམ་མཛད་པས། དགེ་ལུགས་


CMR003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཡང་རྟ་མགྲིན་འདི་དང་བཀའ་སྲུང་བེག་རྩེ་གཉིས་དར་སྲོལ་ཆེ་བར་བྱུང་། གཞན་ཡང་འདིའི་བསྙེན་པ་བྱས་ན་བད་ཀན་དང་བརྒྱལ་ནད་སོགས་ཕན་པར་ཡོངས་སུ་གྲགས་པར་བསྙེན་པ་བྱེད་པ་མང་དུ་བྱུང་སྟེ། འདི་ནི་རྨི་ལམ་དུ་བྱུང་བའི་གནམ་ཆོས་ཁོ་ན་ཡིན་ནོ། །ལ་ལ་དག་ན་རེ་ཞལ་གཡས་སྔོན་པོ་དང་། ཞབས་བརྒྱད་སོགས་རྨི་ལམ་དུ་ནོར་རམ་རྒྱུད་གཞུང་གང་དང་མི་མཐུན་ཟེར་མོད། འོན་ཀྱང་དེང་སང་རྩོད་མེད་ཀྱི་གདམས་པ་ཟབ་མོར་ཡོངས་སུ་གྲགས་སོ། །ཡང་སྐྱེ་མེད་ཞང་འགྲོ་བའི་མགོན་པོ་དེ་ཚེས་དགུའི་ནུབ་མོ་རྨི་ལམ་དུ་ཉི་ཟེར་ལ་འཇུས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་གཟིགས། སྐུ་ཧེ་རུ་ཀར་སྤྲུལ་ནས་ཚངས་པའི་གནས་ཕྱེད་ངས་དབང་ངོ་བྱས་པས། གཟའ་དགུའམ་བཅུའི་ཁྱེའུ་དར་གྱི་ཅོད་པན་ཅན་དུ་བྱས་ནས། གཟའི་སྲུང་བའི་གདམས་པ་ཕུལ་བས་གནམ་ཆོས་ཞང་གི་བཀའ་འབུམ་དུ་བཞུགས་པ། ཚད་ལྡན་དུ་མཛད་ནས། རྗེ་མི་བསྐྱོད་ཞབས་ཀྱིས་བཀའ་འབུམ་དུ་བཀོད་པར་སྣང་ངོ་། །གཞན་ཡང་འབྲུག་ལུགས་ལ། གསང་སྤྱོད་རྣལ་ལམ་མ་ཞེས་བྱ་བ་དང་། བཀའ་བརྒྱུད་ལུགས་ཀྱིས་སེམས་བསྐྱེད་རྨི་ལམ་མ་སོགས་ཟབ་ཆོས་བླ་ན་


CMR003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བརྩི་བ་རྣམས་ཀྱང་རྨི་ལམ་དུ་ཐོབ་པའི་གནམ་ཆོས་ལགས་སོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ཐོན་ཕྲལ་མཁའ་རིའི་ཞུས་ལེན་དེ་ཀུན་ལ་སྤེལ་བ་ན། ཧོར་རྣ་བས་ཐོས་སར་མེད་པ་ལ་ཧོར་དམག་གིས་བོད་འཇོམས་ཟེར་བ་དང་། ཁོ་ཁྱིམ་པ་ཕ་ཇོ་ཞིག་ལ་སློབ་མ་གདུགས་ཐོགས་པ་སྟོང་ཕྲག་འདུ་ཟེར་བ་ག་ལ་བདེན། ནད་མུག་མཚོན་གསུམ་དར་ཟེར་བ་ཁ་ལྟས་ཀྱང་ངན། སྔར་འདིས་རྫུན་ལབ་མི་ཤེས་པ་ཞིག་ཡིན་ཏེ། གཏེར་ཨང་དེ་ཐོན་ནས་རྫུན་ལབ་ཅེས་ཀུན་གྱིས་འབར་ནས་བྱུང་བས་ཐུགས་སྐྱོ་ནས། གཏེར་ཆོས་རྣམས་གཏེར་དུ་སྦ་དགོངས་ནས་སྦ་མ་རིག་མཛད་ནུབ་རྨི་ལམ་དུ་བུ་མོ་གཉིས་ཀྱིས་རྟ་དཀར་པོ་གཤོག་པ་ཅན་ཞིག་ཁྲིད་བྱུང་བ་ལ་ཆིབས་ཏེ། ཟངས་མདོག་དཔལ་རིར་ཕེབས་པས། ཨུ་རྒྱན་རིན་པོ་ཆེས་ཞག་ཉེར་གཅིག་ཏུ་དབང་ལུང་གདམས་པ་ཕྱག་ལེན་དབྱངས་དང་བཅས་པ་གནང་བའི་སྣང་བ་བྱུང་། བུ་ཁྱོད་སེམས་བསྐྱེད་མ་བཏང་ཞིག །ད་སྟེ་ལོ་བདུན་ལོན་པ་ན། །ནུབ་བྱང་མཚམས་ནས་འགྲོ་དོན་འབྱུང་། །ཞེས་སོགས་ཞལ་གདམས་ལུང་བསྟན་སྙན་བརྒྱུད་མང་དུ་བྱུང་བ། རྨང་ལམ་རྟ་དཀར་མའི་སྐོར་དང་། རྨང་ལམ་དུ་བལ་ཡུལ་ཡང་ལེ་ཤོད་དུ་ཕེབས་


CMR003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཨུ་རྒྱན་རིན་པོ་ཆེས་བཀའ་བརྒྱད་ཀྱི་དབང་ལུང་གདམས་པ་གནང་བ། སྙན་བརྒྱུད་ཡང་ལེ་ཤོད་མར་གྲགས་པ་དང་། རཏྣ་གླིང་པ་རྨང་ལམ་དུ་མཁའ་འགྲོ་བཞིས་དར་དཀར་པོའི་དོ་ལི་བཏེག་སྟེ་ནམ་མཁར་ཁྱེར་ནས། གཙང་གི་ཕུང་པོ་རི་བོ་ཆེའི་རྩེར་བབ་པ་ན་རི་དེའི་རྩེར་ཨུ་རྒྱན་པཎྜི་ཏ་སྨུག་ནག་ཆོས་གོས་གསུམ་དང་ལྡན་པ། མདུན་དུ་གསེར་གྱི་མཆོད་རྟེན་རྩེར་མོ་ཤེལ་ཁྲུ་གང་ཡོད་པ། བུད་མེད་མཛེས་སྡུག་འོད་དང་ལྡན་པ་ལྔས་བསྐོར་བ་བྱེད་པ་མཇལ་ཏེ། སྙན་བརྒྱུད་ཀྱི་ངོ་སྤྲོད་གདམས་པ་འགའ་གནང་ནས་འཇའ་ལྟར་ཡལ། དེ་ནས་རྣལ་འབྱོར་པ་ཌཱ་རུ་དང་བྷནྡྷ་བསྣམས་ཤིང་ཁ་ཊྭཱྃ་མཆན་དུ་བཅུགས་ནས་ཞབས་རོལ་སྟབས་ཀྱིས་བཞུགས་པ་གཅིག་ལ་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་ནས་འཛབ་དབྱངས་དི་རི་འདུག་པ་གཅིག་གི་མདུན་དུ་བསླེབས་པས། སྙན་བརྒྱུད་ཞལ་གདམས་མང་དུ་གནང་ནས། ང་ནི་རྒྱལ་བ་ཐམས་ཅད་སྟེ། ངོ་བོ་ཆོས་ཀྱི་དབང་ཕྱུག་ཡིན་གསུངས་ནས། གུ་རུ་ཆོས་དབང་གི་སྐུར་གྱུར་ནས་བྱིན་བརླབས་མཛད་ནས་ནམ་མཁའ་ལ་གཤེགས་སོ། །དེ་ནས་ཟངས་མདོག་དཔལ་རིར་ཕེབས་ཏེ། ཞག་ཉེར་གཅིག་བར་དུ་དབང་ལུང་ཕྱག་ཁྲིད་


CMR003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་རྒྱས་སུ་གནང་བའི་སྣང་བ་བྱུང་སྟེ། དེ་དག་གི་བར་སྐབས་སུ་ཨུ་རྒྱན་རིན་པོ་ཆེ་དང་མཚོ་རྒྱལ་རྗེ་འབངས་རྣམས་ཀྱིས་གསུངས་པའི་རྨང་ལམ་གནམ་ཆོས་ཀྱི་སྐོར་མང་དུ་བྱུང་བ་ཡི་གེར་བཀོད་པ་སྙན་བརྒྱུད་དག་སྣང་གི་སྐོར་ཞེས་བྱ་སྟེ། དེས་དོན་ངོ་སྤྲོད་ལ་ནི་གཏེར་གཞུང་ལས་ཀྱང་དེ་དག་ཁ་གསལ་ཞིང་ཟབ་པར་སྣང་ངོ་། །ཡང་རཏྣ་གླིང་པ་བསམ་འགྲུབ་བདེ་ཆེན་གྱི་ལྷ་ཁང་དུ་ཕེབས་དུས་གཞན་རྐྱེན་གཅིག་ལ་བརྟེན་ནས་ང་རྒྱལ་ཅུང་ཟད་སྐྱེས་ནུབ། རྨང་ལམ་དུ་རྣལ་འབྱོར་པ་དཀར་པོ་ཌཱ་མ་རུ་ཁྲོལ་བ་གཅིག་ལ། བུད་མེད་མང་པོས་ཚོགས་རྫས་ཐོགས་ནས་སྐོར་བ་བྱེད་པ་མཇལ། ཁྱོད་གཏེར་སྟོན་ཁོ་བོ་འདྲ་བ་གཅིག་མིན་ནམ། ཚོགས་གྲལ་འདིར་ཤོག་གསུངས་ནས། །ཞལ་གདམས་སྙན་བརྒྱུད་མང་དུ་གནང་ནས་ནུབ་ཕྱོགས་ཀྱི་ནམ་མཁའ་ནས་གཤེགས་སོ། །དེ་བཞིན་དུ་སྔོན་གྱི་གཏེར་སྟོན་ཐམས་ཅད་རྨང་ལམ་ཐོབ་པའི་གནམ་ཆོས་སྙན་བརྒྱུད་མང་དུ་ཡོད་དོ། །རྗེ་ཞྭ་དམར་མཁའ་སྤྱོད་དབང་པོའི་འགལ་བ་མཐའ་དག་རྣམ་པར་འཇོམས་པ་ཞེས་བྱ་བ་རྨི་ལམ་གྱི་རྟོགས་པ་ལས། འདི་ལྟར་རང་གི་སེམས་རྡོ་རྗེ་སྙིང་པོ་མཆོག་ཏུ་རྣམ་པར་དག་པ་རྡོ་རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། གཞོན་


CMR003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་གྱུར་པའི་ཚུལ་གྱིས་བཞུགས་པ་མངོན་པར་བཀོད་པའི་མདུན་དུ། རིན་པོ་ཆེའི་མེ་ཏོག་གི་སྙིམ་པ་སྙིང་གར་བཀོད་པའི་ལྷའི་ལུས་ཀྱི་བཏུད་དེ་མངོན་པར་གནས་པ་གསོལ་བ་བཏབ་པའོ། །ཞེས་ལྟ་སྒོམ་སྤྱོད་འབྲས་སོགས་ཟབ་ཆོས་ཀྱི་གནད་འགག་ཐམས་ཅད་ཞུས་ལེན་གྱི་ཚུལ་དུ་གསུངས་ནས། དེ་ནས་རང་གི་སེམས་ཀྱི་སྤྲུལ་པའི་འཇུག་པ་ཡང་དག་པར་བསྡུས་ཏེ། རྣམ་པར་མི་རྟོག་པས་ཀུན་ཏུ་གནས་པ་ལ་སྤྱོད་ཅིང་། མ་ལུས་པའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ལ། རང་གི་ངང་གི་མངོན་པར་བལྟ་ཞིང་རྩེའོ། །ཞེས་རྨི་ལམ་གྱི་གནམ་ཆོས་ཟབ་ལ་རྒྱ་ཆེ་བ་ཡི་གེར་བཀོད་ཅིང་པར་དུའང་འཁོད་དོ། །རྗེ་མི་བསྐྱོད་ཞབས་ཀྱིས་རྨང་ལམ་དུ་བྲག་རི་ཆུང་ངུ་ཞིག་གིས་སྟེང་ན་རྡོ་རྗེ་རྣལ་འབྱོར་མ་ལྷའི་བུ་མོ་ཡིད་དུ་འོང་བའི་ཚུལ་དུ་མཇལ་བས། སྒྲོལ་དཀར་དང་ཨུ་རྒྱན་ཕག་མོ་གསུམ་གྱི་སྦྲག་བསྒྲུབ་ཀྱི་ཚེ་སྒྲུབ་ཟབ་མོ་དེའི་དབང་དང་བཅས་པ་གནང་བ་ཡི་གེར་བཀོད་པ་ལ། ཕག་མོ་ཟབ་རྒྱ་མར་གྲགས་ཏེ། ཟབ་ཆོས་བླ་ན་མེད་པར་བརྩིའོ། །ཡང་རིག་འཛིན་འཇའ་ཚོན་སྙིང་པོའི་སྙན་བརྒྱུད་ཧཱུྃ་ནག་སྙིང་ཐིག་གི་རྒྱབ་ཆོས་ནི། རིག་འཛིན་འཇའ་ཚོན་སྙིང་པོའི་རྨི་ལམ་དུ་རྔ་ཡབ་གླིང་ནས་སློབ་


CMR003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོའི་གསུངས་ཇི་ལྟར་བར་ཞུས་ཏེ། སྣང་གསལ་མར་མེའི་མདངས་ལ་བསྟན་ནས་བྲིས་པའོ། །ཞེས་སོ། །འོ་ན་སྔོན་མ་གྲགས་པའི་གནམ་ཆོས་རྨི་ལམ་དུ་བྱུང་བ་རྣམས་ནི་བརྒྱུད་པའི་ཕུག་དེ་རང་ལས་འོས་མེད་མོད། སྔོན་གྲགས་ཤིང་དར་བའི་ཆོས་རྨི་ལམ་དུ་ཐོབ་པས་ཐོབ་གོ་ཆོད་དམ་ཞེ་ན། མཚན་ཉིད་པའི་དགེ་བཤེས་འགའ་རེའི་ཞལ་རྒྱུན་ལ། ས་ཐོབ་པའི་གང་ཟག་ཡིན་ན་རྨི་ལམ་དུ་ཐོབ་པ་དེ་དངོས་སུ་ཐོབ་པ་དང་ཁྱད་མེད། སོ་སོའི་སྐྱེ་བོའི་གང་ཟག་གི་རྨི་ལམ་དུ་ཐོབ་པ་རང་གི་ཉམས་ལེན་ཨེ་རུང་ཙམ་ཡིན། གཞན་ལ་སྤེལ་མི་གཏུབ་ཅེས་ཟེར་བ་ཐོས་ལ། དེ་ལྟར་སྔར་གྱི་དབང་ལུང་གི་རྒྱུན་ཡང་ཐོབ་པ་ལ། ཕྱིས་དངོས་ཉམས་རྨི་ལམ་དུ་ཐོབ་པ་དེ་འདྲ་བ་ལ། བརྒྱུད་པ་ཉེ་བརྒྱུད་རིང་བརྒྱུད་གཉིས་ལྡན་དུ་བགྲང་བ་ནི་གྲུབ་མཐའ་ཀུན་ལ་ཡོངས་སུ་གྲགས་མོད། རྗེ་ཀརྨ་པ་ཆེན་པོ་དེ་བཞིན་གཤེགས་པའི་དྲུང་དུ། དྲུང་སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན་པས་ཞུས་པའི་ཞུས་ལེན་དུ། རྨི་ལམ་དུ་དྲུང་ནས་དབང་བསྐུར་བདུན་བརྒྱད་ཙམ་ཐོབ། ད་རུང་ཡང་ཞུར་གཏུབ་པར་འདུག་པ། དེ་ཚོས་གོ་ཨི་ཆོད་ལགས། བླ་མ་ཁུ་བོ་ལ་ཕྱི་ནམ་མཁའ་རྒྱལ་མཚན་མས་ནི་དངོས་སུ་དབང་


CMR003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་དང་ཁྱད་མེད་གསུངས་པ་དེ་ལྟར་ལགས་སམ་ཞུས་པས། དེ་ཁོང་གིས་ཟེར་བ་ལྟར་ཡིན་པས། ངེས་ཤེས་ལེགས་པོ་གྱིས་དང་དངོས་སུ་ཐོབ་པ་ལས་དགའ་གསུངས། ཞེས་འབྱུང་བས་ངེས་ཤེས་ཆེན་པོ་ཐེ་ཚོམ་མེད་ན་སྤེལ་ཡང་གཏུབ་བམ་སྙམ་མོ། །འདི་ཟུར་གྱི་འཕྲོས་ཡིན་གྱི། གཏེར་སྟོན་རྣམས་ས་ཐོབ་སུ་ངེས་པས་སྨོས་མ་དགོས་སོ། །བདག་གིས་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཀྱི་དྲུང་དུ། རང་གི་འདོད་པའི་དབང་ལུང་རྨི་ལམ་དུ་ཐོབ་པས་གོ་ཆོད་དམ་མི་ཆོད་ཀྱི་ཞུ་ཡིག་ཕུལ་བའི་ལན་དུ། རྨི་ལམ་མངོན་སུམ་ཞེས་སུ་མི་བདེན་བདེན། །སོ་སོར་སྨྲ་མོད་རྨི་ལམ་ཇི་ལྟར་བས། །མངོན་སུམ་བདེན་པའི་ཀུན་རྫོབ་ཆོས་མེད་ན། །ཕྲད་པ་རྨི་ལམ་དེ་ཀས་འགྲུབ་ངེས་པས། །བདེན་བདེན་རྟག་རྟག་གཞན་ཞིག་འདོད་མི་འཚལ། །ཞེས་གསུངས་འདུག་གོ །བོད་ཡོངས་རྫོགས་དགེ་བའི་བཤེས་གཉེན་ཆོས་ཀྱི་སྤྱན་ཅན་ཡིན་པས་གསུངས་པ་ལྟར་ངེས་སོ་སྙམ་མོ། །འདི་འདིར་བཀོད་པ་ཡང་འོག་ནས་འཆད་པའི་རཏྣ་གཏེར་ཆོས་མཐའ་དག་མི་འགྱུར་རྡོ་རྗེས་རཏྣ་གླིང་པ་ཉིད་ལས་རྨང་ལམ་དུ་ཐོབ་པའི་གོ་ཆོད་ཡིན་ནོ། །དེ་ལྟར་རྨི་ལམ་དུ་གནམ་ཆོས་གསར་


CMR003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྙིང་པ་སྔར་གྱི་ཆོས་རྨི་ལམ་དུ་ཐོབ་པ་ཡོད་ཚུལ། མདོ་རྒྱུད་མན་ངག་གི་ལུང་ཁུངས། སྔོན་གྱི་རིག་འཛིན་གོང་མའི་རྣམ་ཐར་གྱི་ཐེ་ཚོམ་བཅད་པ་དེ་སོང་ནས། ད་ལྟ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་རྨང་ལམ་དུ་གནམ་ཆོས་གསར་པ་བྱུང་ཚུལ་དང་། སྔོན་གྱི་གཏེར་ཆོས་རྙིང་པའི་བཀའ་བབ་གསར་དུ་བྱུང་ཚུལ་ནི། སྤྲུལ་སྐུ་དགུང་ལོ་བཅུའི་ལོ་མཇུག་ཙམ་དུ་བདག་དང་མཇལ་ཏེ། གསང་སྔགས་རྙིང་མའི་དབང་ལུང་རྣམས་རིམ་པར་ཕུལ་ཞིང་། སྐུ་མཚམས་མཉམ་དུ་བསྡམས་ནས་ཚེ་སྒྲུབ་གསང་བ་འདུས་པ་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོ་དང་། བླ་མ་ཀུན་དྲིལ་ཡིད་བཞིན་ནོར་བུ། འབྲུ་གསུམ་རྒྱལ་བ་སྤྱི་སྒྲུབ། བླ་མ་སྐུ་གསུམ་གྱི་སྒྲུབ་པ་ལ་སོགས་པ་ནས་བརྩམས་ཏེ་གསང་སྔགས་རྙིང་མ་ཁོ་ནའི་སྒྲུབ་པ་མཉམ་དུ་མཛད་པས། དགུང་ལོ་བཅུ་གཅིག་པ་ལུག་གི་ལོ་འབྲུག་ཟླ་བའི་ནང་ནས་བཟུང་སྟེ། གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཀྱི་སྐོར་རྣམས་ཐོན་པར་གྱུར་ཏེ། ནུབ་གཅིག་རྨི་ལམ་དུ་བཅོམ་ལྡན་འདས་ཆོས་སྐུ་ཀུན་ཏུ་བཟང་པོ་མཇལ་ནས། དབང་རྫས་རྣམས་ཕྱག་རྒྱ་མཛད་ནས་དབང་བསྐུར་བ་ཚེ་དབང་བདུད་རྩི་གེགས་སེལ། པདྨ་ཐོད་ཕྲེང་རྩལ་


CMR003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་དབུ་རྒྱན་དང་དར་དམར་གྱིས་བེར་གསོལ་བ། ཕྱག་གཡས་ཌཱ་རུ་དང་གཡོན་པདྨ་འཛིན་པ་གཅིག་གིས་སྤྱན་རས་གཟིགས་རྣོ་བཀྲ་ཞེས་བྱ་བའི་སྒྲུབ་ཐབས་གསུངས། ཡེ་ཤེས་མཚོ་རྒྱལ་ཐ་མལ་པའི་བུད་མེད་ཉིད་ཀྱི་མ་ཡུམ་འདྲ་བ་ཞིག་ཏུ་སྤྲུལ་ནས་རྨི་ལམ་བརྟག་པའི་གདམས་པ་གསུངས། ཨུ་རྒྱན་སྐུ་ཡོངས་སུ་རྫོགས་པ་གཅིག་གིས་ཙཀ་ལི་ལ་བརྟེན་ནས་བར་ཆད་སེལ་ཐབས་གསུངས། ཨུ་རྒྱན་ཡི་གེ་གསར་པའི་ཀ་དཔེ་གནང་། སྲིན་པོའི་ཡི་གེ་དང་། ཡང་ཨུ་རྒྱན་ཡི་གེ་གཅིག་གནང་། ཡང་ཨུ་རྒྱན་རིན་པོ་ཆེས་ལྷ་མཆོག་དམ་པའི་ཚེ་སྒྲུབ་གསུངས། ཁ་སར་པཱ་ཎིའི་སྒོ་ནས་འཇིགས་པ་ཐམས་ཅད་སོ་སོར་སེལ་བའི་གཟུངས་ཤིག་གསུངས། ལྷ་མཆོག་དམ་པ་ཞེས་སྔར་མ་གྲགས་པ་གཅིག་གི་སྒྲུབ་ཐབས་གསུངས། གྲུབ་ཆེན་ས་ར་ཧ་དམར་སྨུག་ཕྱག་གཡས་རྒྱ་མཚལ་གྱི་རྐང་བུ་དང་གཡོན་དར་འཛིན་པ། དར་དཀར་གྱི་ཨཾ་རག་ཅན། ཨག་ཚོམ་སེ་ཞིང་ཐོར་ཅོག་ཅན་གཅིག་གིས། རྒྱ་ཡིག་གསར་པ་གཅིག་གནང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོས་མི་རྟག་པའི་དཔེ་བརྒྱད་ངོ་སྤྲོད་དཔེའུ་རིས་གནང་། རྡོ་རྗེ་གྲོ་ལོད་སྟག་ཆིབས་པ་ཞིག་གིས་ཌ་མ་རུ་ལ་བྲི་


CMR003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་འཁོར་ལོ་གནང་། རྣམ་སྲས་དམར་པོ་སེང་གེ་ལ་ཆིབས་པ་གཅིག་གིས་རྣམ་སྲས་དམར་པོའི་སྒྲུབ་ཐབས་གསུངས། དམ་ཅན་མགར་དམར་ལ་ཐོད་དམར་པོ་ཅན། ཕྱག་ན་རྡོ་རྗེ་དང་བྷནྡྷའི་ནང་དུ་ཙིཏྟ་བཟུང་བ། དར་དམར་པོའི་བེར་ཅན་ར་སྐྱེས་ཁམ་པ་ལ་ཞོན་པ་གཅིག་གིས། རྟེན་འབྲེལ་བརྟག་པ་དོན་གསལ་ཤོག་ཁྲ་བྱ་བ་གཅིག་ལུང་བསྟན། གནོད་སྦྱིན་ཤན་པ་དམར་ནག་གིས་ཤ་བ་པར་བུ་ཞེས་པ་ནད་པའི་རིམ་གྲོ་སྔར་མ་གྲགས་པ་གཅིག་དང་མཚོན་སྲུང་འཁོར་ལོ་ཁོ་རང་ཉིད་ཀྱིས་མཆོད་ཐབས་རྒྱས་པ་ཞིག་ཕུལ། གནོད་སྦྱིན་ཐེག་རྩེའི་ཐོག་སྲུང་འཁོར་ལོ་དང་། ཆར་འགོད་གདམས་པ་ཕུལ། དེ་ལ་སོགས་པ་རྣམ་གྲངས་མང་རབས་གཅིག་རྨི་ལམ་དུ་བྱུང་བའི་གནམ་ཆོས་ཏེ། དེ་ཐམས་ཅད་རིམ་པར་ཡི་གེར་བཀོད་དེ། སོ་སོའི་དུས་ཚོད་ཚེས་གྲངས་དང་བཅས་པ་དཔེ་སོ་སོའི་མཇུག་ཏུ་བྲིས་ཡོད་ལ། ཐམས་ཅད་བསྡོམས་པས་རྨི་ལམ་བྱུང་བ་ལ་པོད་ཆུང་མ་ལང་ཙམ་སྟེ་ཧ་ཅང་ཚན་མི་ཆེའོ། །དེའང་གུ་རུ་ཆོས་དབང་གི་རྨང་ལམ་རྟ་དཀར་མའི་སྐབས་སུ་རྨི་ལམ་ལྟར་བྲིས་ན་ཧ་ཅང་ཉོབ་འགྲོ་བར་འདུག་པས་དོན་བསྡུས་ཏེ་བྲིས་གསུངས་ཀྱང་། སྤྲུལ་སྐུ་འདིའི་རྨི་ལམ་དུ་བྱུང་བའི་གནམ་


CMR003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནི། དྲི་བ་ལ་ཐུགས་བསམ་བཏང་མི་དགོས། ཉོབ་པ་རྨི་ལམ་འཁྲུལ་པའི་ཞད་ཀྱིས་དོན་བསྡུས་ཏེ་བྲི་དགོས་སོགས་གཏན་ནས་མེད། བྲི་མ་ཚར་བར་དུ་མི་བརྗེད་པའི་གཟུངས་ཐོབ་པས་བརྗེད་པ་མེད། རྒྱ་ཡིག་ལ་སོགས་པ་ཡང་རྨི་ལམ་དུ་ཡི་གེའི་དཔེ་བསྟན་པ་དེ་བྲིས་པ་ན་བོད་ཡིག་བྲི་བ་དང་འདྲ་བར་ཐོགས་པར་མི་སྣང་། ཚིག་ཟུར་ལེགས་ཉེས་སོགས་བཅོས་ཤོམ་བྱས་ན་ཡང་དེ་འདྲ་མ་གསུངས་དེ་མི་རུང་གསུངས་སོ། །དེ་ནས་རྨི་ལམ་དུ་བྱུང་བ་རྣམས་ཀྱང་མངོན་སུམ་དང་འདྲ་བས་ངོ་མཚར་ཆེ་བའོ། །ཡང་གཏེར་ཆོས་རྙིང་མའི་བཀའ་བབ་གསར་དུ་བྱུང་ཚུལ་ནི། རཏྣ་གླིང་པའི་བཀའ་འབུམ་ཞིག་འབུལ་མི་བྱུང་བ་གཟིགས་པས་རྐྱེན་བྱས་ཏེ། ང་རཏྣའི་ཆོས་བདག་ཡིན་པ་ལ། རཏྣ་གླིང་པ་དང་མ་མཇལ་ཨང་གསུངས་ཤིང་ཉིན་གཅིག་ཉིན་རིང་བཤུམས། ད་ཨུ་རྒྱན་དང་མཇལ་བ་ལས་རཏྣ་གླིང་པ་ཅི་ལྷག་ཞུས་ཀྱང་མ་ཕན། དེ་ནས་པདྨ་བཀའ་ཐང་དང་ཨུ་རྒྱན་གྱི་སྐུ་ཞིག་ལ་བསྐོར་བ་མཛད་ཅིང་། རཏྣའི་བཀའ་འབུམ་དེ་རྒྱབ་ཏུ་ཁུར་ནས་ཉིན་རིང་གཅིག་ལ་བསྐོར་བ་མཛད་དོ། །དེ་ནུབ་རྨི་ལམ་དུ་རཏྣ་གླིང་པ་པད་ཞྭ་ཅན། གཡོན་དུ་ཡུམ་གཅིག་ཀྱང་ཡོད་པ་ཞིག་


CMR003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ཏེ། རཏྟའི་གཏེར་ཁ་ནས་བྱུང་ཚད་ཐམས་ཅད་ཀྱི་དབང་ལུང་གནང་། ཡུམ་དེ་ལ་བསྟེན་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཡང་དངོས་སུ་གནང་ཞིང་ངོ་སྤྲད། ཕྱིར་ནངས་ཉི་མ་ཤར་ཙམ་ལ་རཏྣ་གླིང་པ་དངོས་སུ་ཞལ་གཟིགས་ཏེ་རཏྣ་ཉིད་ཀྱི་བླ་སྒྲུབ་ཕྱི་ནང་གསང་གསུམ་སྔར་མ་གྲགས་པ་གནང་ནས་ཡི་གེར་བཀོད་དོ། །དེ་ནས་རཏྣའི་ཆོས་ཐམས་ཅད་ཉེ་བརྒྱུད་རཏྣ་གླིང་པ་ནས་མི་འགྱུར་རྡོ་རྗེ་ལ་བརྒྱུད་ཆོག་པའི་ཕྱིར། གཏོར་དབང་པོད་དབང་སོགས་སླར་སྤྲུལ་སྐུ་ལ་ཞུས་ནས་བརྒྱུད་པ་གཉིས་ལྡན་དུ་བྱེད་པའོ། །དེ་ལ་སྔོན་བྱོན་གྱི་གྲུབ་ཆེན་དེ་དག་གིས་རྨི་ལམ་དུ་བྱུང་བའི་གནམ་ཆོས་ལ་ཡང་འགྲོ་དོན་དང་ཁྱབ་རྒྱ་ཆེན་པོ་བྱུང་འདུག་ཀྱང་། དེང་སང་དུས་སྙིགས་བསྟན་པ་ན་བབ་པས། གཏེར་སྟོན་ཡིན་ཟེར་བ་ཙམ་གྱིས་རྨི་ལམ་དུ་བྱུང་བའི་གནམ་ཆོས་ཙམ་ལ་བྱིན་རླབས་དང་འགྲོ་དོན་ཆེར་མི་འོངས་སམ་སྙམ་ན། དེ་ལ་དུས་ཕྱིས་རིག་འཛིན་འཇའ་ཚོན་པ་དང་རྩེ་ལེ་སྤྲུལ་སྐུ་སོགས་ཀྱི་བུ་ཆེན། གཏེར་སྟོན་ནམ་མཁའ་འཇིགས་མེད་ཅེས་པའི་རྟོགས་ལྡན་ཆགས་ལམ་གཙོ་བོར་སྟོན་པ་དེས། སའི་གཏེར་ནི་གཅིག་ཀྱང་མ་བཏོན་ཏེ། འབྲས་མོ་ལྗོངས་ཀྱི་གནས་སྒོ་སྔོན་ནས་གཞན་གྱིས་


CMR003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་པའི་ནང་ནས། བྲག་དཀར་བཀྲ་ཤིས་ལྡིང་སོགས་ངོས་འཛིན་དང་ཞལ་གཟིགས་ཀྱི་གནས་ཡིག་གསར་དུ་བཀོད་པ་ཙམ་ལས། གཞན་གནས་སྒོ་གསར་འབྱེད་མ་མཛད་མོད་ཀྱི། རྨི་ལམ་དུ་ཐོད་ཕྲེང་སྡེ་ལྔ་ཞལ་མཇལ་ནས་དབང་བསྐུར། རྡོ་རྗེ་ཕག་མོའི་ཕྱག་ན་སེང་ལྡེང་གི་ཌཱ་མ་རུ་བཀལ་པའི་སྒྲ་ལས་ཆོས་ཀྱི་སྒྲ་བྱུང་བ་ཡི་གེར་བཀོད་པ་ལ། རིག་འཛིན་སྲོག་སྒྲུབ་ཏུ་གྲགས་པའི་རྨི་ལམ་དུ་བྱུང་བ་གཙོ་ཆེའི་གླེགས་བམ་ཆེ་བ་ཞིག་བྱུང་བ། ས་སྐྱ་ཨ་མི་ལགས། འབྲས་སྤུངས་ཐམས་ཅད་མཁྱེན་པ། ཞབས་དྲུང་རྡོ་རྗེ་བྲག་པའི་སྤྲུལ་སྐུ། ་སྤུ་བོ་སྦྲ་ཁ་སྤྲུལ་སྐུ་སོགས་ཀྱི་ཐུགས་དམ་གཙོ་བོར་མཛད་པ་ཡིན་ཞེས་ཐོས་ལ། རྨི་ལམ་གྱི་གནམ་ཆོས་དེའི་གཏུམ་མོའི་ཁྲིད་སྐྱོང་བས། རས་རྐྱང་ཐུབ་པ་སྟོང་ཕྲག་ཙམ་བྱུང་ཟེར་ཡང་། དེང་སང་གཙང་དབུས་དག་ཀོང་འབྲས་མོ་ལྗོངས་སོགས་ན་རས་རྐྱང་ཐུབ་པའི་རྟོགས་ལྡན་བཟང་པོ་མང་དུ་ཡོད་པར་སྣང་བ། རས་རྐྱང་ཐུབ་པ་ཕལ་ཆེར་བ་ནི་ཁོང་གི་གཏུམ་མོའི་ཁྲིད་ཐོབ་ནས་རས་རྐྱང་བྱས་པ་ཁོ་ནར་སྣང་ཞིང་། ཁྲིད་དེ་ལ་བརྟེན་ནས་རས་རྐྱང་བ་ལྔ་བརྒྱ་ཙམ་ནི་ངེས་བར་བྱུང་གདའ་འོ། །གཞན་ཡང་གསང་སྔགས་གསར་རྙིང་གི་ཆོས་ཐོབ་རྒྱ་དང་


CMR003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་དབང་ལུང་རྒྱ་མཚོ་ལྟ་བུ་ཐོབ་པའི་རྟོགས་ལྡན་འགའ་ཞིག་ཀྱང་། གཞན་ཐམས་ཅད་ཐོབ་ཆོས་ཙམ་དུ་བཞག་ནས། ཐུགས་དམ་གྱི་རྩ་བ་རྨི་ལམ་དུ་བྱུང་བའི་གནམ་ཆོས་རིག་འཛིན་སྲོག་སྒྲུབ་བྱེད་ཅིང་གདའ། དེ་ནས་དེང་སང་བྱུང་བའི་རྨི་ལམ་གྱི་གནམ་ཆོས་ལ་ཡང་བྱིན་རླབས་དང་འགྲོ་དོན་མི་འབྱུང་སྙམ་དུ་མི་བྱ་སྟེ། བསྟན་པ་དང་སེམས་ཅན་ལ་ཕན་པ་ཞིག་མེད་ན་ཨུ་རྒྱན་རིན་པོ་ཆེས་རྨི་ལམ་དུ་ཡང་ཅི་ལ་གསུངས། དེས་རྨི་ལམ་དུ་བྱུང་ཚུལ་མདོ་ཙམ་སོང་ནས། ༈ ད་ནི་ཉམས་ཀྱི་སྣང་བར་གནམ་ཆོས་བྱུང་ཚུལ་བཤད་པ་ལ་ཡང་། ཉམས་ཀྱི་སྣང་བ་ངོས་འཛིན་པ། དེ་འབྱུང་བའི་ལུང་ཁུངས་བཤད་པ། སྔོན་གྱི་རིག་འཛིན་གོང་མའི་ཉམས་ལ་བྱུང་ཚུལ་རྣམ་ཐར་བཤད་པ། ད་ལྟ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་བྱུང་ཚུལ་ལོ་རྒྱུས་བཤད་པ་དང་བཞིའོ། །དེ་ལ་ཉམས་ཀྱི་སྣང་བ་དེ་གང་ཞེ་ན། རྗེ་མཁའ་སྤྱོད་དབང་པོ་དྲི་མེད་དཔལ་ཡེ་ཤེས་ཀྱི་གསུངས་ལས། ཁོ་བོ་ཅག་སྔོན་སྨོན་ལམ་གྱི་མཐུས་སྐྱེ་བ་བརྒྱུད་མར་ཉམས་ཀྱི་ཡེ་ཤེས་མཐུ་ལྡན་དུ་ཉེ་བར་སྒྲུབ་པ་བྱེད་པས། འདིར་ཡང་མངོན་ཉམས་ཐོས་ཉམས་ཤེས་ཉམས་ཐོད་རྒལ་ཤིན་ཏུ་བརྟག་པ་དཔྱད་པར་དཀའ་བ་དག་འཆར་ཞིང་། དེར་སྣ་


CMR003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་བརྗོད་པ་ཡང་རང་ཤུགས་རང་འབྱུང་སྟེ། བརྗོད་པར་མི་འོས་པའི་ཚིག་དང་མཐོང་སྣང་གི་བཀོད་པ་ཟབ་དོན་གྱི་གླེང་མོ་དག་དབང་མེད་དུ་ཐོན་པར་གྱུར་ཏེ། ཞེས་གསུངས་པ་ལྟར། སྤྱིར་ཉམས་སྣང་ལ་མི་གཅིག་པའི་དབྱེ་བ་དུ་མ་ཡོད་པར་སྣང་སྟེ། རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །ཞེས་པ་ལྟར། རྗེ་མི་ལས་ཁམས་འདུས་པ་ཉམས་ཀྱི་སྣང་བ་ལས། །ངོ་མཚར་ལྟད་མོ་ཅིར་ཡང་སྣང་། །ཞེས་གསུངས་པས་ཚེ་རིང་མའི་ཆོ་འཕྲུལ་དེ་དག་ཁམས་འདུས་པ་ཉམས་ཡིན་པར་གསུངས་པ་དང་། རྫོགས་ཆེན་གྱི་ཁྲིད་རྣམས། སེམས་ལ་བདེ་གསལ་མི་རྟོགས་པ་ལ་སོགས་ཉམས་གང་སྐྱེས་ཐམས་ཅད་ཤེས་ཉམས་ཡིན་པས་མི་བརྟན་འགྱུར་ནས་འགྲོ། ཐོད་རྒ་ལ་མིག་གིས་མཐོང་བ་དེ་སྣང་ཉམས་ཡིན་པས་བརྟན་ཞེས། དེ་གཉིས་ཀ་ཉམས་ཡིན་པར་གསུངས་པ་དང་། མཚན་ཉིད་པའི་དགེ་བཤེས་དག་གིས་ཞལ་རྒྱུན་ལ། ཡིད་ཡུལ་དུ་མངོན་སུམ་ལྟ་བུར་ལྷ་གསལ་པོར་དྲན་ནས། མི་ལྟ་བུ་ཡང་དངོས་སུ་ཐུག་པ་འདྲ་ཞིག་འབྱུང་བ་དེ། རྟོག་ངོར་ཞེས་བྱ་སྟེ། རྣམ་པར་རྟོག་པའི་ངོར་དྲན་པ་ཡིན་པས། དེ་ལྟ་བུ་ཡིད་ཡུལ་དུ་ལྷ་ལ་སོགས་གསལ་པོར་དྲན་ཡང་ཞལ་


CMR003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གི་གོ་མི་ཆོད་དེ། དཔེར་ན་སྔར་ཤི་བའི་ཕ་མ་ཡིད་ཡུལ་དྲན་ན་ངོ་དབྱིབས་ལ་སོགས་མངོན་སུམ་ལྟར་གསལ་ཡང་། ཕ་མ་དག་ཐུག་པ་མིན་པ་དང་འདྲ་ཞེས་ཟེར་ཀྱང་། ཆོས་དབང་ལུགས་ཀྱི་བཀའ་བརྒྱད་སྒྲུབ་ཆེན་ལས། ཉམས་སུ་ལྷ་གསལ་བ། མཁའ་འགྲོས་ལུང་སྟོན་པ་ཞེས་དང་། གྲུབ་ཆེན་ཀརྨ་པས་ཆོས་སྐྱོང་ཞལ་གྱི་དཀྱིལ་འཁོར་གནམ་ས་ཁེབས་པ་ཙམ་ཡིད་ཡུལ་གསལ་བས་ཞེས་ཡིད་ཡུལ་དུ་གསལ་བ་ཡང་དོན་དང་ལྡན་པར་གསུངས་མོད། འོན་ཀྱང་འདིར་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཉམས་ཀྱི་སྐབས་སུ་གནམ་ཆོས་བྱུང་བ་ནི། ཤེས་ཉམས་དང་སྣང་ཉམས་དང་ཁམས་འདུས་ཀྱི་ཉམས་དང་རྟོགས་ངོར་སོགས་མ་ཡིན་ཏེ། མ་གཅིག་གཅོད་ཀྱི་རྣམ་བཤད་ལས། ཡང་ན་ཉམས་སུ་ཤར་ཏེ་ཉམས་ཞེས་པ་ནི། གཉིད་པ་ཡང་མ་ཡིན་ཅིང་མ་གཉིད་དངོས་ཀྱང་མ་ཡིན་ལ། ཚོགས་དྲུག་གི་སྣང་བ་གསལ་ཞིང་དྭངས་ལ་རིག་པ་ཤིན་ཏུ་དྲུང་པའི་ངང་ལ་ད་ལྟར་གྱི་སྣང་བ་ཡུལ་མཚན་ཉིད་པ་ཅི་ལྟ་བ་བཞིན་མ་ཡིན་པ་ཅུང་ཟད་འགྱུར་ཞིང་གཞན་ཞིག་ཡིད་ལམ་དུ་འཆར་ཚེ། ཆོ་འཕྲུལ་གྱི་བྱེ་བྲག་གང་བྱུང་བ་དེ་ལ་ཉམས་སྣང་ཟེར་བ་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པར་བྱུང་བ་ལགས་སོ། །


CMR003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཉམས་ཀྱི་སྣང་བ་དེ་ལྟ་བུ་ལ་གནམ་ཆོས་འབྱུང་བར་གང་ན་བཤད་ཅེ་ན། བླ་མ་སྤྲུལ་སྐུ་སྒྲུབ་པའི་གཞུང་ལས། གཞན་ཡང་ཉམས་དང་རྨི་ལམ་དངོས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཁྱད་པར་ཨུ་རྒྱན་པདྨ་བདག །མོས་གུས་དབང་པོའི་གོ་རིམ་བཞིན། །སྣང་ཚུལ་གསུམ་དུ་མཇལ་ནས་ཀྱང་། །འདི་བསྒྲུབ་རྗེས་འཇུག་མི་བསླུ་བས། །འགྲུབ་རྟགས་འཕྲལ་དུ་འབྱུང་བར་ངེས། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་སྒྲུབ་ཆེན་ལས། དེ་ཚེ་སྒྲུབ་པའི་རྟགས་ཀྱི་རིམ་པ་ཡང་། །དངོས་སམ་ཉམས་སམ་རྨི་ལམ་དུ། བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་མཇལ་བ། ལྷ་དང་མཁའ་འགྲོས་ཆོས་འཆད་ལུང་སྟོན་པ། །ཞེས་དང་། བླ་མ་དགོངས་འདུས་ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས། བླ་མ་ཡི་དམ་ཌཀྐི་ལ་སོགས་པ་མངོན་དུ་མཇལ་ཞིང་ཆོས་འཆད། བརྡའ་དབང་བསྐུར་བ་ལ་སོགས་པ་བྱིན་རླབས་ཀྱི་ལྟས་དཔག་ཏུ་མེད་པ། རོབ་མངོན་སུམ་འབྲིང་ཉམས་སྣང་ཐ་མ་རྨི་ལམ་དུ་འོང་། ཞེས་དང་། དྲག་པོ་བདེར་འདུས་སྒྲུབ་གཞུང་ལས། རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་ན། །སློབ་དཔོན་པདྨ་འབྱུང་གནས་མཇལ་བ་


CMR003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཞེས་དང་རཏྣ་ལུགས་ཀྱི་དྲག་པོའི་རྟགས་ཡིག་ལས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་དང་གང་བསྒྲུབས་ཀྱང་། རྣལ་འབྱོར་བ་རབ་འབྲིང་ཐ་གསུམ་དང་སྦྱར་ཏེ། རབ་ལ་ཨུ་རྒྱན་དངོས་དང་མཇལ་བ་དང་། འབྲིང་ཉམས་ཐ་མ་རྨི་ལམ་དུ་འབྱུང་སྟེ། ཞེས་གསུངས་སོ། །དེ་ཡང་ཉམས་ཀྱི་དག་སྣང་ལ་གནམ་ཆོས་དབང་ལུང་གི་རྒྱུན་རིག་འཛིན་གོང་མ་ལས་བྱུང་བའི་རྣམ་ཐར་ནི། རྗེ་དུས་གསུམ་མཁྱེན་པ་སྐུ་དངོས་གནས་ནང་ལ་བཞུགས་སྐབས་ཉམས་ཀྱི་སྣང་བར་རྒྱ་གར་གྱི་དུར་ཁྲོད་ཞིག་ཏུ་བྱོན་པ་ན། ཨིནྡྲ་བྷུ་ཏི་ནག་པོ་པ་སོགས་གྲུབ་ཆེན་བཞི་ལས་སྔར་མ་གྲགས་པའི་ཕག་མོ་ཞལ་བཞི་མ། ཕྱག་ཆེན་གང་སིང་མ་སོགས་ཁྱད་ཆོས་ཀྱི་གདམས་པ་བཞི་གསན་པ་དང་། གྲུབ་ཆེན་ཀརྨ་པཀྵིའི་གྲི་གུག་བརྩེགས་པའི་རྒྱུད་ཀྱི་མཚམས་སྦྱོར་དུ། རྡོ་རྗེ་འཆང་ཆེན་ལེགས་དགྱེས་མ། རྡོ་རྗེ་འཛིན་དང་མ་ཧཱ་ཀཱ་ལ་རྣལ་འབྱོར་རཏུ་སོགས་ནས། སྔགས་འཆང་རང་བྱུང་རྡོ་རྗེ་ཀརྨ་སིདྷ་ཡན་ཆད་དུ། དཔལ་ལྡན་ནག་པོ་ཆེན་པོ་ཡི། །རྒྱུད་ལུང་མན་ངག་སྲོག་སྙིང་སོགས། །བླ་མ་ཡི་དམ་མཁའ་འགྲོ་མ་མགོན་ཚོགས། །དག་སྣང་གཅིག་ལ་གཅིག་ཞུས་ཏེ། །གང་ཟག་ཆིག་བརྒྱུད་མ་མཆིས་


CMR003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཕྲིན་ལས་ཚོགས་ལ་དབང་བསྒྱུར་ཐེ་ཚོམ་མེད། །ཅེས་གསུངས་པ་དང་། རྗེ་མཁའ་སྤྱོད་དབང་པོའི་རྣམ་ཐར་ལས། བརྒྱུད་པའི་ཁྲིད་ཀ་ནཱ་རོ་ཆོས་དྲུག་དང་། ཀ་དཔེ་ཚིགས་བཅད་ཚིག་ལྷུག་ཞལ་གདམས་དང་། །མཁར་ཁར་མ་དང་གེགས་སེལ་རྣམ་ལྔ་དང་། །དེ་ལ་སོགས་ཏེ་ནཱ་རོ་ཆོས་དྲུག་གི །ཆ་ལགས་མ་ལུས་ཡོངས་སུ་རྫོགས་པ་དང་། དཔལ་ལྡན་ཉིད་ལ་དྭགས་པོ་རིན་པོ་ཆེ། །དུས་གསུམ་མཁྱེན་དང་མཐའ་རྩ་བ་ལ་སོགས། །དེ་དག་རྣམས་ཀྱི་གསུང་སྒྲོས་རྒྱ་མཚོ་དང་། །གཞན་ཡང་རྫོགས་རིམ་མཐའ་དག་མ་ལུས་དང་། །ཕ་རྒྱུད་མ་རྒྱུད་ཐབས་ཤེས་གཉིས་མེད་རྒྱུད། །བསྐྱེད་པའི་རིམ་པ་སྣ་ཚོགས་མ་ལུས་ཀྱིས། །དབང་དང་སྒྲུབ་ཐབས་མ་ལུས་ཐམས་ཅད་དེ། །བཀའ་ཡི་དགོངས་དོན་ཇི་སྙེད་ཡོད་པ་དང་། །བདེན་གཉིས་སྲོལ་དང་བྱམས་ཆོས་ཚད་འདུལ་སོགས། །བསྟན་བཅོས་ཇི་སྙེད་ཡོད་པ་ཐམས་ཅད་དེ། །བཀའ་བསྟན་གཉིས་སུ་དྲིལ་བ་འདི་དག་རྣམས། །དངོས་དང་རྨི་ལམ་དག་པའི་སྣང་བ་ལས། །ངེས་པར་ཐོབ་ཅིང་འདི་དག་རྣམ་དབྱེ་བ། །རྒྱས་པར་ཐོབ་ཡིག་ནང་དུ་གསལ་འགྱུར་བས། །ཞེས་གསུངས་པས་དངོས་


CMR003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྨི་ལམ་དུ་ཐོབ་པ་ཡང་ཐོབ་གོ་བཅད་ནས་ཐོབ་ལུགས་དང་བཅས་པ་ཐོབ་ཡིག་བཀོད་ཡོད་པར་སྣང་། དྲུང་རམ་པ་མཁའ་སྤྱོད་པ་རྨ་རྐུང་ལུང་ན་བཞུགས་སྐབས་ཐོ་རས་ཤིག་ས་ར་ཧ་གཟིགས་ནས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་མགུར་དུ་གསུངས་པ་ཡི་གེར་བཀོད་པ་དང་། རྒྱ་ནག་ཏུ་སའི་སྙིང་པོའི་གནས་ཞིག་འདུག་པ་མཇལ་བས། ཕ་བོང་གྲུ་བཞི་གཉིས་བརྩེགས་གཅིག་ལས་ཅི་མི་སྣང་། གནས་འདབ་དེ་ལ་ཞག་འགའ་ཙམ་བཞུགས་པས། ན་བུན་ནང་ནས་བུ་མོ་མང་པོས་མེ་ཏོག་ཐུ་ཞིང་སའི་སྙིང་པོ་ལ་ཆོས་ཞུར་འགྲོ་བ་ཡིན་ཟེར། རྗེས་སུ་རྒྱུགས་པས་ཁར་སང་གི་ཕ་བོང་དེར་སེང་ཁྲིར་གྱུར་པའི་སྟེང་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་བཞུགས་ནས་ཕྱག་ཆེན་གྱི་ཁྲིད་གསུངས་པ་ཐོས་ནས་ཡི་གེར་བཀོད་པ་བཀའ་འབུམ་དུ་ཡོད་པ་ཡང་དག་སྣང་གི་ཉམས་ཡིན་གྱི། རྗེས་ནས་བྱོན་པས་ཕ་བོང་དེ་ལས་ཅི་མི་སྣང་སྐད། དུས་ཕྱིས་གཏེར་སྟོན་ནམ་མཁའ་འཇིགས་མེད་ཉམས་སྣང་ལ་བི་མ་ལ་ཨ་ཙ་ར་སྔོན་པོ་འཇིགས་པའི་གཟུགས་སུ་མཇལ་ནས་གསུངས་པའི་བར་ཆད་སེལ་བའི་གསོལ་འདེབས་དང་། ཉམས་སྣང་ལ་རིག་འཛིན་རྣམས་ཀྱི་ཚོགས་གྲལ་དུ་ཕྱིན་ནས་ཐོས་པའི་བསྐང་བ་ལེགས་པོ་གཅིག་ཡོད་


CMR003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡུན་རིང་མ་བྲིས་པས་བརྗེད། ཐར་ཐོར་དྲན་པ་ལ་བརྗེད་པ་བརྩམས་ནས་བྲིས་པ་གཅིག་ཀྱང་སྣང་ངོ་། །དེ་ནས་གོང་གི་ལུང་རྣམས་དང་མཐུན་པར་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ཡང་རྩ་བ་གསུམ་གྱི་སྒྲུབ་པ་རྣམས་མཛད་སྐབས་ཉམས་ཀྱི་སྐབས་ལ་མཇལ་ཞིང་གནམ་ཆོས་འགའ་ཞིག་གསར་དུ་བྱུང་བ་སྟེ། ཉམས་ཀྱི་སྐབས་ལ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞལ་གཟིགས་ཏེ་དབང་བཞི་རྒྱས་པར་བསྐུར་བ་དང་། སྣང་བ་མཐའ་ཡས་དམར་པོ་ལོངས་སྐུའི་ཆ་ལུགས་ཕྱག་བཞི་པ། དང་པོས་མཉམ་བཞག་དང་འོག་མ་གཉིས་རྡོ་རྗེ་དང་མེ་ལོང་འཛིན་པ་གཅིག་གི་སྒྲུབ་ཐབས་རྒྱ་མཚོ་གསར་པ་དབང་དང་སྒྲུབ་ཐབས་བཞི་བཅུ་ཙམ་ཡོད་པ་གཅིག་གནང་མགོ་མཇུག་གི་རྒྱ་ཡིག་རྣམས་འདི་ལྟར་བྲིས་ཞེས་ཡི་གེ་བསྟན། གཏོར་མ་རྣམས་ཀྱི་གཟུགས་ཀྱང་འདི་ལྟར་གྱིས་ཞེས་བསྟན་ཏོ། །ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྒྱན་ཆ་ལུགས་སྤྱི་དང་མཐུན་པ་ཞིག་གིས་དུག་མཚོན་ནད་གསུམ་བཟློག་པའི་མདོས་བསྟན༔ སྲོག་བདུད་རྒྱན་ཆ་ལུགས་གཞུང་ལྟར་གཅིག་གིས་མགོན་པོ་མ་ནིང་གི་སྒྲུབ་ཐབས་ཉུང་ངུ་བཀའ་རྒྱ་ཅན་གསུངས། སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་ཆོས་གོས་མཉམ་


CMR003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཅན་གཅིག་གིས་ཚེ་སྒྲུབ་ནོར་གྱི་རབ་མདའ། ལྷ་འདྲེ་དགྲ་ལ་ཟད་ཐབས་དང་བཞི་གནང་སྟེ། གཅིག་བརྗེད་ནས་ཡི་གེར་མ་འཁོད་དོ། །རྗེ་མཁའ་སྤྱོད་དབང་པོས་མངོན་ཉམས་ཐོས་ཉམས་ཤེས་ཉམས་ཐོད་རྒལ་ཤིན་ཏུ་བརྟག་པ་དང་། སྤྱད་པར་དཀའ་བ་དག་འཆར་གསུངས་པ་ལྟར། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་དབོ་ཟླའི་ཡར་ཚེས་བརྒྱད་ལ། སྤྲུལ་སྐུ་ཉིད་ཀྱི་ཐུགས་ཀྱི་དཀྱིལ་ན་དྷེ་ཧུ་པ་ཞེས་པ་སྔར་མ་གྲགས་པའི་ལྷ་གཅིག་སྣང་། དེས་གསུངས་ཤིང་དེའི་མདུན་དེར་དགེ་སློང་ཞིག་འདུག་པས་ཉན་པའི་ཚུལ་དུ་དྷེ་ཧུ་པའི་རྒྱུད་གསུངས་པ་གཟིགས་ནས་ཡི་གེར་བཀོད་དོ། །དེ་ལྟར་ཉམས་ཀྱི་སྣང་བ་ལ་བྱུང་བའི་གནམ་ཆོས་ཀྱི་སྐོར་ཡང་རྣམ་གྲངས་མང་རབ་འདུག་པས་རྒྱས་པར་བྲི་མ་ཐུབ་ཀྱང་། ཚེས་གྲངས་དུས་ཚོད་དང་སུས་གསུང་སོགས་སོ་སོའི་མཇུག་ཏུ་གསལ་མོད་ཀྱིས། ཧ་ཅང་ཚན་ནི་མི་ཆེ་པོད་ཆུང་གཅིག་ཁ་མི་ལོང་ཙམ་ཡོད་དོ། །འོ་ན་ཉམས་ཀྱི་སྣང་བ་ནི་འཁྲུལ་པའི་ཟ་ཟིར་འདུག་ན། དེ་ལས་བྱུང་བའི་དོན་དེ་ལ་ངེས་ཆ་ཡོད་དམ་ཞེ་ན། རྗེ་ཆོས་ཀྱི་དབང་ཕྱུག་ཋ་བ་ཁར་བདེ་ཆེན་སྟེང་དུ་སྐུ་མཚམས་ལ་བཞུགས་སྐབས། ང་མདངས་སུམ་ཉམས་ཀྱི་སྣང་བ་ལ། །


CMR003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གྲུབ་ཐོབ་སངས་རྒྱས་མཉན་པ་དེ། །དར་དཀར་པོའི་དོ་ལིར་བཞུགས་པ་ཞིག །མ་དྷཱཀྐི་གཉིས་ཀྱིས་བཏེག་པ་ཞིག །ཕྱག་ཆོས་འཆད་མཛད་ཅིང་བྱོན་ནས་ཀྱང་། །ཞེས་རྗེ་དབང་ཕྱུག་རྡོ་རྗེ་ཞིང་བརྗེ་བ་དང་། རྗེ་ཉིད་ལ་བར་ཆད་ཡོད་ཚུལ། དེ་སེལ་བའི་ཐབས། ལ་སོགས་པ་དང་ལུང་བསྟན་རྒྱས་པར་གསུངས་ནས། ནམ་མཁའ་ལ་གར་མཛད་ནས་མི་སྣང་བར་གྱུར་པ་དང་། དེའི་ལུང་བསྟན་རྣམས་ཡི་གེར་བཀོད་པ་ཕྱིས་དེ་ཇི་ལྟ་བར་བྱུང་འདུག་གོ །ཡང་གཏེར་སྟོན་ནམ་མཁའ་འཇིགས་མེད་ཀྱིས་ཉམས་སྣང་ལ་བུད་མེད་གཅིག་གིས་ཤོག་དྲིལ་གཅིག་གཏད་པ་གཟིགས་པའི་སྣང་བ་བྱུང་ནས་ཐུགས་ལ་ཟིན། དེ་ཡི་གེར་བཀོད་པས་གཏེར་སྟོན་གྱི་སྐུ་ཚེའི་ཚད་དང་། དེ་ལ་བར་ཆད་ཡོད་པ་དེའི་དམ་ཚིག་འཛེམ་བྱ། རིག་འཛིན་སྲོག་སྒྲུབ་ཀྱི་ཕན་ཡོན་སོགས་ཡིན་པར་འདུག་པས། ཕྱིས་སྐུ་ཚེའི་ཚད་སོགས་ཐམས་ཅད་ཇི་ལྟ་བར་བྱུང་ཞིང་དཔེ་དེ་ཡང་རིག་འཛིན་སྲོག་སྒྲུབ་ཀྱི་པོད་གཞུང་དུ་བཞུགས་སོ། །དེ་ནི་ཉམས་སྣང་ལས་བྱུང་བའི་གནམ་ཆོས་ཉམས་སུ་བླངས་ན་བདེན་པའི་འབྲས་བུ་ཡོད་ཚུལ་ལོ། །ཡང་རྗེ་འབྲི་ཁུང་རིན་ཆེན་ཕུན་ཚོགས་དེ་ཏི་སྒྲོའི་ཚོགས་ཁང་དུ་སྐུ་


CMR003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་དུས། ཚེས་བཅུའི་ནུབ་འཁྲུལ་པའི་ཉམས་སུ། མདུན་དུ་བུད་མེད་ལྔ་བྱུང་སྟེ། དེ་ནུབ་གུ་རུ་རིན་པོ་ཆེ་དཔོན་སློབ་ཚོགས་འཁོར་མཛད་ཅིང་ཡོད་པས་འདོང་ཞེས་ཟེར་བས་རྔ་ཡབ་གླིང་དུ་ཕེབས་ཤིང་ཨུ་རྒྱན་དང་མཇལ། དགོངས་པ་ཡང་ཟབ་ཀྱི་དབང་ལུང་རྣམས་གནང་དུས། ནམ་མཁའ་ནས་དགོངས་པ་ཡང་ཟབ་ཀྱི་གདམས་སྐོར་ཕྲན་བུ་དང་བཅས་པའི་ཆོས་སྒྲ་ཡང་རྒྱུན་མི་འཆད་པར་གྲགས་སོ། །ཚུར་རྐང་གིས་ཕྱིན་པའི་སྣང་བས་ཚོགས་ཁང་ན་བསླེབས་པས་ཐང་ཆད་པས་རྐང་པ་ན་བ་ཡིན་རྒྱུའི་ཉམས་ཤིག་ལ་བརྟེན་ནས་རྐང་ནད་བསྙུང་བ་དེ་སྒྲིབ་པ་དག་པའི་རྟགས་སུ་འདུག །དེ་ལྟར་ནམ་མཁའི་ནས་སྒྲ་གྲག་པའི་གདམས་སྐོར་ཕྲན་བུ། གཏེར་གཞུང་ན་མེད་པ་ཡང་འགའ་ཞིག་ཡོད་པ་འདྲ་ཞིང་། དེ་དུས་ཨུ་རྒྱན་མདུན་དུ་གདུང་རྒྱུད་ཞལ་ངོ་ལྔ་ལས་མི་འབྱུང་བའི་རྟེན་འབྲེལ་བརྡའི་ལུང་བསྟན་ཞིག་བྱུང་འདུག་པ་ཡང་ད་ལྟ་དངོས་སུ་བྱུང་ཐལ་ལོ། ༈ །དེ་ནས་གསུམ་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་དངོས་སུ་གནམ་ཆོས་རྣམས་བྱུང་ལུགས་བཤད་པ་ལ་ཡང་། རྩ་གསུམ་གྱི་ལྷ་ཚོགས་རྣམས་དངོས་སུ་ཞལ་གཟིགས་ནས་དབང་ལུང་གདམས་པ་གསར་པ་རྣམས་གནང་ཚུལ། །སྤྲུལ་པའི་ཡི་གེར་བྱུང་


CMR003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བཤུས་ཚུལ། ཆོས་ཀྱི་སྒྲ་གྲག་པ་ལས་བྲིས་ཚུལ། ཆོས་སྐྱོང་འཇིག་རྟེན་པ་རྣམས་ཀྱི་སྲོག་སྙིང་ཕུལ་བའི་ཚུལ་དུ་རང་རང་གི་སྒྲུབ་ཐབས་ཕུལ་ཚུལ། ངོ་མཚར་དམ་རྫ་ས་དངོས་སུ་གནང་ཚུལ། སྔར་གྱི་ཟབ་ཆོས་རྙིང་པའི་བཀའ་བབ་ཚུལ། དཀྱིལ་འཁོར་གསར་པའི་ཐོག་མར་ཞལ་ཕྱེས་དབང་བསྐུར་དུས་དམ་ཅན་ལྷ་སྲིན་རྣམས་ཀྱིས་སྲོག་སྙིང་ཕུལ་བའི་ཚད་མདོ། གཏེར་བསྒྲུབས་བྱས་ཚུལ་དང་། དེ་ལྟར་ས་བཅད་བརྒྱད་དོ། །དེ་བརྒྱད་སྤྱིའི་དོན་ལ་ཡང་མདོ་རྒྱུད་མན་ངག་གི་ལུང་། རིག་འཛིན་གོང་མའི་རྣམ་ཐར། ད་ལྟ་བྱུང་ཚུལ་ལོ། །དེ་ལྟར་གནམ་ཆོས་དངོས་སུ་བྱུང་བའི་མདོའི་ལུང་ནི། པདྨ་དཀར་པོའི་མདོ་ལས་རྒྱ་ཆེར་གསུངས་པའི་དོན་ཚིག་ཅུང་ཟད་བསྡུས་ཏེ་བཤད་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྐལ་པ་གྲངས་མེད་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདའ་བ་མེད་ཅིང་། བསྐལ་པ་བྱེ་བ་སྟོང་དུ་བྱ་རྒོད་ཕུང་པོ་འདི་ལ་མི་འཕོ་བར་བཞུགས་བཞིན་དུ། ཞིང་གཞན་ནས་ཡང་བཞུགས་པ་བྱེ་བ་དག་ཏུ་བཞུགས་པ་སྟེ། འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་གྱི་འཇིག་རྟེན་གྱི་ཁམས་འདི་བསྐལ་པའི་མེས་བསྲེག་པར་མཐོང་བའི་


CMR003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡང་། སེམས་ཅན་ལས་དག་པའི་སྣང་ངོར་སངས་རྒྱས་ཀྱི་ཞིང་འདི་ཞིང་ཁམས་རྣམ་པར་དག་པ་མངོན་དགའ་ལྟ་བུར་རྟག་ཏུ་གནས་ཀྱང་གཞན་དག་གིས་བསྲེག་པར་མཐོང་དཀོན་མཆོག་གི་སྒྲ་མི་ཐོས་པར་མཐོང་བ་ཡང་སྡིག་པའི་འབྲས་བུ་སོགས། ནམ་ཞིག་སེམས་ཅན་དགེ་བའི་ལས་ཅན་སྐྱེས་མ་ཐག་ཏུ་སྟོན་པས་ཆོས་འཆད་པར་མཐོང་སྟེ། དེ་ལ་ཆོས་གསུངས་པ་ཡང་མེད་དོ། །ངས་ནི་སེམས་ཅན་ཀུན་ཀྱང་བྱིན་གྱིས་བརླབས། ལོག་པའི་བློ་ཅན་གྱིས་ང་འདི་ན་འདུག་པ་ཡང་མི་མཐོང་ངོ་། །ཞེས་སོགས་དང་། སྔོན་སྟོན་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་མཉེས་སུ་གྱུར་པ་ན། སུས་ཀྱང་མ་སྨྲས་པར་བར་སྣང་གི་སྒྲ་ལས་ཐོས་པས་མངོན་པར་ཤེས་པ་དྲུག་ཐོབ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་སྔོན་བྱུང་གི་ལོ་རྒྱུས་ཀྱང་གསུངས་སོ། །དེ་ནས་མདོ་སྡེའི་ལུང་འདི་ནི་སེམས་ཅན་ལས་དག་པ་ལ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་སོགས་ཡི་དམ་གྱི་ལྷ་མཇལ་ཞིང་ཆོས་གསུངས་པ་དང་། ཆོས་ཀྱི་སྒྲ་གྲག་པ་ཡང་དོན་དང་ལྡན་པར་བསྟན་ཏོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་ལ་ལ་ནི་སངས་རྒྱས་མི་བཞུགས་ན་ཡང་


CMR003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་ནམ་མཁའ་ཞེས་པས་གནམ་ཆོས་འབྱུང་བར་བསྟན་ཅིང་། དེའི་རྒྱུ་མཚན་ཅི་ཞེ་ན། དམ་ཆོས་ཐར་པ་རིན་པོ་ཆེའི་རྒྱན་ལས། དགེ་བའི་བཤེས་གཉེན་གྱི་དབྱེ་བ་ནི་བཞི་སྟེ། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་དང་། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་དང་། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་དག་ཀྱང་རང་གི་གནས་སྐབས་དང་སྦྱར་ཏེ། རང་ལས་དང་པོ་པའི་དུས་སུ་སངས་རྒྱས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་པའི་ནུས་པ་མེད་པས། དགེ་བའི་བཤེས་གཉེན་སོ་སོའི་སྐྱེ་བོ་ལ་བསྟེན་པའོ། །རང་ལས་ཀྱི་སྒྲིབ་པ་ཕལ་ཆེར་དག་ཙ་ན། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྟེན་ནུས་པའོ། །རང་ཚོགས་ལམ་ཆེན་པོ་ཡན་ཆད་ལ་གནས་ཙ་ན་དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་ལ་བསྟེན་པར་ནུས་པའོ། །རང་ས་ཆེན་པོ་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་


CMR003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པར་ནུས་པའོ། །ཞེས་གསུངས་པས། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ནི་ས་ཆེན་པོ་ལ་གནས་པའི་སེམས་དཔའ་ཡིན་པའི་གནད་ཀྱིས། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་རྩ་བ་གསུམ་གྱི་ལྷ་ཚོགས་ལས་དབང་ལུང་ཁྲིད་གསུམ་དངོས་སུ་ཞུ་ནུས་པའོ། །འོ་ན་སྤྲུལ་སྐུ་འདི་ས་ཆེན་པོ་ལ་གནས་པ་ཅི་ཤེས་ཞེ་ན། སྤྲུལ་སྐུ་འདི་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐྱེ་བ་ཡིན་པར་ཐེ་ཚོམ་མ་མཆིས་ཤིང་། དབང་དྲག་རྒྱ་མཚོ་དེ་ས་བཅུའི་སེམས་དཔའ་ཡིན་པ་སྟེ། ཀོང་པོ་ལྕགས་སྡེ་གྲུབ་ཐོབ་པའི་གཏེར་ཡིག་ལས། དབང་དྲག་རྒྱ་མཚོ་ས་བཅུའི་སེམས་དཔའ་ཡིན་ཚུལ། དེའི་སྐུ་གདུང་ཧྲིལ་བོར་འདན་གླང་ཐང་སྒྲོན་མའི་གཞུག་ན་བཅུག་ཅིང་མཆོད་རྟེན་བྱས་ཏེ་མཆོད་ན་མཐའ་དམག་མི་འབྱུང་བའི་ལུང་བྱང་གསལ་པོར་ཡོད་པར་སྣང་ལ། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཁ་བསྟན་པ་སྤྱི་ལུང་ལ་ཡང་། དབང་དྲག་རྒྱ་མཚོ་ས་བཅུའི་སེམས་དཔར་ལུང་བསྟན་གསལ་པོར་སྣང་ངོ་། །འོ་ན་སྒྲུབ་པའི་ཡི་དམ་གྱི་ལྷ་ཨུ་རྒྱན་རིན་པོ་ཆེ་ལྟ་བུ་རེ་རེ་ཙམ་མཇལ་ཞིང་ཆོས་ཞུ་བ་ནི་སྲིད་ཀྱི། སྔར་གྲགས་པ་དང་མ་གྲགས་པའི་ལྷ་ཚོགས་མུ་མེད་པ་གཅིག་མཇལ་ནས་སོ་སོའི་དབང་ལུང་སྒྲུབ་ཐབས་ཞུས་ཟེར་


CMR003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཐད་དམ་སྙམ་ན། ཐར་རྒྱན་ལ་སོགས་པ་གཞན་ཡང་དབུ་ཕལ་ས་ལམ་གྱི་བཤད་པ་རྒྱས་པ་རྣམས་ནས། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་སངས་རྒྱས་བརྒྱ་མཐོང་བ་དང་། ས་གཉིས་པས་སྟོང་མཐོང་བ་དང་། ས་གསུམ་པས་ཁྲི་མཐོང་བ་དང་། ས་བཞི་པས་འབུམ་མཐོང་བ་དང་། ལྔ་པས་ས་ཡ་མཐོང་བ་དང་། དྲུག་པས་བྱེ་ཆེན་མཐོང་བ་དང་། བདུན་པས་དུང་ཕྱུར་ལ་སོགས་པ་བཅུ་འགྱུར་དུ་སངས་རྒྱས་མཐོང་གྲངས་མང་བར་གསུངས་ཤིང་། དེ་དག་གི་དོན་མདོ་སྡེ་ས་བཅུ་པ་ལས། རབ་ཏུ་དགའ་བའི་ས་འདི་ལ་མཐོང་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་རོ། །སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་སྣང་བར་འགྱུར་རོ། །དེ་དག་མཐོང་ནས་ལྷག་པའི་བསམ་པ་ཆེན་པོས་མཆོད་པ་བྱེད་དེ། བསྟི་སྟང་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ་དེའི་དགེ་འདུན་ལ་ཡང་རི་མོར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་


CMR003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སངས་རྒྱས་དེ་དག་ལ་ཆོས་ཉན་པ་དང་། ལེན་པ་དང་འཛིན་པར་བྱེད་དོ། །ཆོས་དག་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་པ་དང་མཐུན་པར་སྤྲུལ་སྐུ་འདིས་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པ་དཔག་ཏུ་མེད་པ་ཞལ་མཐོང་། དེ་དག་ལས་ཆོས་ཉན་པ་དང་དབང་ལེན་པར་མཛད། དེ་དག་བློ་ལ་འཛིན་པར་མཛད་ནས་ཡི་གེར་བཀོད། དང་པོ་གཏེར་སྒྲུབ་དང་རྗེས་ནས་ཀྱང་དེ་དག་གི་སྒྲུབ་པ་གཙོ་བོར་མཛད། ཇི་ལྟར་འབྱོར་བའི་བསྡུ་བའི་དངོས་པོ་བཞིས་སྣོད་ལྡན་རྣམས་སྨིན་གྲོལ་ལ་བཀོད། རང་གཞན་གྱི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ཡང་རྒྱུན་དུ་ཆག་མེད་མཛད་དོ། །འོ་ན་སྤྲུལ་སྐུ་འདི་ས་གནས་ཀྱི་སེམས་དཔའ་ཆེན་པོ་ཡིན་ན། ཀུན་གྱིས་མཐོང་བར་ལུས་སྤྲུལ་བསྒྱུར་སྐད་ཅིག་རེ་ལ་སྤྲུལ་བ་བརྒྱ་འགྱེད་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་ནུས་པ་སོགས། རྫུ་འཕྲུལ་རྣམས་མ་མཐོང་བའི་ཕྱིར་མི་འཐད་ཅེ་ན། རྗེ་མཁའ་སྤྱོད་དབང་པོས་ཉིད་ཀྱིས་ཞལ་གཟིགས་ཀྱི་རྣམ་ཐར་བཀོད་པའི་མཇུག་ནས། དེ་ལ་ཕྱོགས་འདིར་རྩོད་པ་དག །འདི་ནི་ཤིན་ཏུ་རྫུན་ཏེ། དེ་ལྟ་བུའི་


CMR003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ་ཤེས་པ་དག་ཡོད་ན་གྲུབ་པའི་མཚན་མ་ཅི་ཡང་རུང་བ་དག་འབྱུང་བར་རིག་པ་ལས། ཅུང་ཟད་ཀྱང་མི་སྣང་ངོ་། །ཞེས་སྨྲ་ཞིང་སེམས་པར་བྱེད་པ་ལ་རབ་ཏུ་རྒོལ་བས་གཡེང་བར་བྱེད་དོ། །ཞེས་གྲུབ་པའི་མཚན་མ་དང་རྟགས་ཡོད་ཀྱང་མི་མཐོང་བ་དང་། མེད་ཀྱང་མཐོང་བ་སོགས་དུ་མའི་ཕྱིར། གྲུབ་རྟགས་དང་ལྡན་པ་ནི་མཆོག་ལ། མི་ལྡན་པ་ནི་མ་ཡིན་ནོ་ཞེས་བརྗོད་པར་མི་རུང་། ཞེས་གསུངས་པ་ལྟར། སྤྲུལ་སྐུ་འདི་ཁོ་ན་ལ་མ་ལྟོས། སྐྱེས་བུ་དམ་པ་ཐམས་ཅད་ལ་མཚུངས་ཏེ། དེའི་ཡོན་ཏན་དང་རྫུ་འཕྲུལ་གྱི་བཀོད་པ་སོགས་མཐོང་བར་བྱེད་པ་ལ། མཐོང་བ་པོ་དེ་ལས་དག་པ་ཞིག་དགོས། ལས་དག་པ་དང་མ་དག་པ་མཉམ་དུ་འཚོགས་ན་ཡང་། མཐོང་མི་མཐོང་སོ་སོར་ངེས་ཏེ། སྔོན་སྤྲུལ་སྐུ་ཐུབ་པ་ཆེན་པོ་དངོས་སུ་བཞུགས་དུས་ཀྱང་། མཚན་དཔེ་བྱད་ཡོངས་སུ་རྫོགས་པ་ནི་མ་དག་པས་མི་མཐོང་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལོངས་སྐུ་ནི་སོ་སོའི་སྐྱེ་བོས་མི་མཐོང་བར་གསུངས་པའོ། །ཉེ་གནས་ལེགས་པའི་


CMR003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨས་ལོ་བཅུ་གཉིས་ཉེ་གནས་བྱས། མདོ་སྡེ་བཅུ་གཉིས་བློར་ཟིན་ཀྱང་། བཅུ་གཉི་ས་བར་དུ་ཁྱོད་ཀྱི་གཡོག་པོ་བྱས། །ཁྱོད་ལ་ཡོན་ཏན་ཏིལ་ཙམ་ངས་མ་མཐོང་། །ཞེས་སྨྲས་པ་དང་། རྒྱལ་བ་བྱམས་པ་དགེ་སློང་མ་ཕམ་པར་འགྱུར་པ་ལ། གཞན་དག་གིས་ཡོན་ཏན་ཅི་ཡང་མེད་པར་མཐོང་བ་དང་། བློན་ཆེན་ཀླུ་གོང་གིས་ཨུ་རྒྱན་རིན་པོ་ཆེ་ལ་དབང་ཞུས་ནས། ཐ་མ་ཨ་ཙར་འདོད་པ་ཅན་དུ་མཐོང་ནས། རྒྱལ་སྲིད་འཕྲོག་པའི་དོགས་པ་སྐྱེས་པ་དང་། རྗེ་མར་པ་ལོ་ཙཱ་ལ་ཕ་སྤུན་རྣམས་ཀྱིས། མར་པ་ལོ་ཙཱ་ཁོ། ཁ་ཆང་དྲི་ཕ་ལེ་འདམ་གསེབ་དྲི་ཆི་ལེ་སངས་རྒྱའམ་ཟེར་བ་དང་། རྗེ་རང་བྱུང་མཚོ་སྐྱེས་རྡོ་རྗེ་སྡིག་ཅན་ཞིག་གིས་མཇལ་བ་ན། ཅི་ལྟར་བྱས་ཀྱང་སྐུ་མ་མཐོང་བ་དང་། རྒན་མོ་གཅིག་གིས་ཤ་ཁོག་ཏུ་མཐོང་བ་དང་། ལས་དག་པས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་མཐོང་བ་དང་། དཔའ་བོ་ཆོས་དབང་ལྷུན་གྲུབ་དང་པོ་མཇལ་དུས་བདེ་མཆོག་ཞལ་བཞི་པར་མཐོང་ནས་ཕྱོགས་བཞི་ཁ་ནས་ཕྱག་འཚལ་བ་དང་། སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་ཕྲག་ལ་ཁུར་ནས་གྲོང་ཁྱེར་ལ་བསྟན་པས་སུས་ཀྱང་མ་མཐོང་། རྒན་མོ་གཅིག་གིས་ཁྱི་རོ་རུལ་པར་མཐོང་བ་ལྟ་བུ་


CMR003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དཔེར་ན་ད་ལྟ་བོད་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་ཡིན་པར་ངེས་པ་དང་ས་ཆེན་པོ་ལ་བཞུགས་པའི་སེམས་དཔའ་ཡིན་པར་ངེས་ལ། སྔོན་གྱི་ལུང་བསྟན་དང་རང་གི་དྲན་ཚུལ་དང་། བླ་མ་གོང་མ་རྣམས་ཀྱིས་ངོས་འཛིན་མཛད་པའི་སྤྲུལ་པའི་སྐུ་དུ་མ་གཅིག་བཞུགས་ཤིང་། དེ་དག་ལ་ཐེ་ཚོམ་ཡང་མེད་མོད་ཀྱི། སྔར་གྱི་གྲུབ་ཆེན་རྣམས་ཀྱི་རྟགས་དང་རྫུ་འཕྲུལ་ལྟ་བུ་ལྟ་ཞིག །ཕྲན་ཚེགས་ཙམ་ཡང་དངོས་སུ་ཐམས་ཅད་ཀྱིས་མཐུན་སྣང་གྲུབ་པར་མི་སྣང་བ་ནི། ཁོང་རྣམས་དེ་ལྟ་བུ་མིན་པའི་ཞན་དུ་སོང་བ་ག་ལ་ཡིན། སྙིགས་མའི་དུས་ལ་བབ་པས། སེམས་ཅན་གྱི་སྙིགས་མ་སྒྲིབ་པ་འཐུགས་པ་ཁོ་ནས་འཇིག་རྟེན་གང་བས། སུས་ཀྱང་རྟགས་དང་ཡོན་ཏན་མི་མཐོང་བར་ངེས་སོ། །འོ་ན་སྤྲུལ་སྐུ་གཞན་ལ་མི་འབྱུང་བའི་ཞལ་གཟིགས་གྲངས་ལས་འདས་པ་ཡང་མང་གྲགས། ཆོས་སྔར་མ་གྲགས་པ་ཡང་མང་དུ་བྱུང་བ་འདི། བདུད་ཀྱིས་བསླུ་བ་དང་ལྷ་མིན་ལྷ་རུ་བརྫུ་བ་རྒྱལ་འགོང་གི་ཆོ་འཕྲུལ་ཡིན་དོགས་ཞེ་ན་དེ་མིན་པ་རྒྱུ་མཚན་འདྲ་མིན་ཤན་འབྱེད་གཏེར་ལོགས་སུན་འབྱིན་རྒྱས་པར་ལོགས་སུ་བཀོད་པ་ལས་ཤེས་སོ། །དེ་ལྟར་མདོ་ནས་གནམ་ཆོས་འབྱུང་བར་


CMR003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཚུལ་རྒྱུ་མཚན་དང་བཅས་པ་སོང་ནས། རྒྱུད་ལས་གསུངས་པ་ནི། རིན་ཆེན་སྤུང་པའི་རྒྱུད་ལས། རྒྱུད་དོན་གབ་པའི་གཏེར་སྒོ་ཕྱེ། །ནམ་མཁའི་མཛོད་གཏེར་ཉིད་ལོངས་སྤྱོད། །ཅེས་གསུངས་པས། ནམ་མཁའ་དང་གནམ་གཉིས་དོན་གཅིག་པས་གནམ་གཏེར་བསྟན་ཏོ། །རིན་ཆེན་རྩར་གྱི་རྒྱུད་ལས། ཕྱི་ནང་གྲགས་པའི་ང་ལ་ཀུན། །ཆོས་ཀྱི་དབྱིངས་ཀྱི་གཏེར་ནས་འབྱུང་། །ལྷ་སྔགས་ཆོ་ག་ལས་ཚོགས་དང་། །ཐམས་ཅད་ཐམས་ཅད་དེ་བཞིན་འབྱུང་། །ཞེས་གསུངས་སོ། །ད་ལ་དང་དཀྱིལ་འཁོར་གཉིས་དོན་གཅིག་པར་བརྡ་གསར་རྙིང་གི་ཁྱད་ཡིན་ལ། ཆོས་ཀྱི་དབྱིངས་དང་ནམ་མཁའ་དོན་གཅིག་པར་ཆོས་དབྱིངས་བསྟོད་འགྲེལ་རྒྱས་པ་རྣམས་ལས་གསུངས་ཤིང་། གནམ་དང་ནམ་མཁའ་གཅིག་པ་ཀུན་གྱིས་ཤེས་སོ། །དེས་ན་རྒྱུད་ཚིག་དེས་གནམ་ཆོས་ལས་དཀྱིལ་འཁོར་དང་ལྷ་སྔགས་ལས་ཚོགས་དབང་ཆོག་ཐམས་ཅད་འབྱུང་བར་གསལ་བར་བསྟན་ཏོ། །ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ནས། ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་། །སྐུ་གསུམ་བསྟན་པ་དར་ཞིང་རྒྱས། །ཞེས་པའི་ཚིག་དང་པོས་གོང་ལྟར་གནམ་ཆོས་བསྟན། ཚིག་ཕྱི་མས་གནམ་ཆོས་ཀྱི་


CMR003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་འབྱུང་ཚུལ་བསྟན་ཏེ། ཆོས་སྐུའི་བསྟན་པ་ཡོ་ག་གསུམ། ལོངས་སྐུའི་བསྟན་པ་ཀྲི་ཡོག་སྡེ་གསུམ། སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ་སྟེ། ཐེག་པ་དགུ་པ་གནམ་ཆོས་ལ་བརྟེན་ནས་དར་བར་གསུངས་པའོ། །རིག་པའི་རྒྱལ་པོའི་རྒྱུད་ལས། དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན། །རྫ་ཤིང་སྣོད་ལ་ཡང་མ་བསྟེན། །ཞེས་གསུངས་པས་ས་ལས་མ་བརྟེན་པའི་གནམ་ཆོས་བསྟན་ཏོ། །དེས་མདོ་རྒྱུད་ཀྱི་ལུང་བཤད་ནས། །མན་ངག་གི་སྒྲུབ་ཐབས་རྣམས་ནས་གནམ་ཆོས་ཐུགས་གཏེར་འདི་ལྟར་འབྱུང་བར་གསུངས་པའི་ལུང་ནི། མི་ཏྲའི་གསང་སྒྲུབ་ལས། ལྷ་ཞལ་མཐོང་ཞིང་ལུང་སྟོན་པ་ལ་སོགས་འབྱུང་ངོ་། །ཞེས་དང་། ཉང་ལུགས་བཀའ་བརྒྱད་སྒྲུབ་ཆེན་ལས། རབ་ནི་སྒྲུབ་པའི་དུས་ན་དཔལ་ཆེན་པོ་འཁོར་དང་བཅས་པའི་ཞལ་མཐོང་བ་དང་། དམ་ཅན་མཁའ་འགྲོས་ལུང་སྟོན་པ་དང་། བླ་མ་དང་མཁན་པོའི་ཆ་བྱད་ཀྱི་ཆོས་སྟོན་པ་འོང་ངོ་། །ཞེས་དང་། བླ་མ་དགོངས་འདུས་རྩ་བའི་སྒྲུབ་པ་ནོར་བུ་པདྨའི་ཕྲེང་བ་ལས། ལྷ་འགྲུབ་པའི་རྟགས་འདི་ལ་གསུམ། ངེས་པར་འགྲུབ་པ་མཆོག་གི་ལྟས་དང་། ཞེས་པའི་འཕྲོས་ལ། ཡེ་ཤེས་ཀྱི་ལྷ་


CMR003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པས་ཞལ་སྟོན། ཆོས་གསུངས་ལུང་སྟོན་སྔགས་སྒྲ་སྒྲོག །ཅེས་དང་། དགོངས་འདུས་བརྡ་རྟགས་ལས། རབ་རྣལ་འབྱོར་པ་སྒྲིབ་པ་ཤས་ཆུང་ཞིང་། དད་བརྩོན་གདུང་ཤུགས་ཅན། སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་འབད་པས། སྔོན་གྱི་ལས་བཟང་པོའི་འཕྲོ་ཡོད་པ་རྣམས་ལ། མངོན་སུམ་དུ་བླ་མ་ཡི་དམ་མཁའ་འགྲོའི་ཞལ་སྟོན་ཅིང་། ཆོས་འཆད་དབང་བསྐུར་བྱིན་རློབས་ལུང་སྟོན། ཞེས་དང་། དྲག་པོ་བདེར་འདུས་ཀྱི་གཞུང་རྟགས་ཡིག་ཏུ། རབ་ནི་ཞལ་མཐོང་དབང་བསྐུར་བྱིན་གྱིས་རློབས། །ཐོད་རྔ་རྐང་དུང་སྒྲ་སྒྲོག་ལུང་བསྟན་འབྱུང་། །ཞེས་དང་། ཐུགས་སྒྲུབ་བླ་མ་ལོངས་སྐུའི་སྒྲུབ་གཞུང་ལས། འགྲུབ་པའི་རྟགས་ནི་ཞལ་མཇལ་ལུང་སྟོན། ཞེས་དང་། ཐུགས་སྒྲུབ་རྟགས་ཡིག་ལས། ཞལ་མཐོང་ལུང་སྟོན་དག་སྣང་འཆར། །ཞེས་དང་། མར་པའི་ཞལ་གདམས་བཅོ་ལྔ་ལས། འགྲུབ་པའི་རྟགས་མཁའ་འགྲོ་མ་རྣམས་ཀྱིས་ཆོས་གསུངས་པ་དང་། ལུང་སྟོན་པ་དང་སྐུ་མཐོང་བ། ཞེས་གསུངས་པ་དང་། རཏྣ་ལུགས་ཀྱི་ཕྱག་རྡོར་ཐུགས་ཀྱི་སྒྲུབ་པར། ཞལ་མཇལ་བ་དང་། ལུང་སྟོན་པ་སོགས་འབྱུང་། །


CMR003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། དྲག་པོའི་གསང་སྒྲུབ་ལས། ཞལ་མཇལ་དབང་བསྐུར་ལུང་སྟོན་པ་ལ་སོགས་འབྱུང་སྟེ། གྲུབ་རྟགས་མཆོག་ཏུ་ཤེས་པར་བྱའོ། །ཞེས་དང་། དྲག་པོ་ཡང་གསང་སྒྲུབ་པར། བླ་མ་ཡི་དམ་མཁའ་འགྲོའི་ཞལ་མཐོང་། ཆོས་གསུངས་རྟོགས་པ་འཆར། དག་སྣང་དཔག་ཏུ་མེད་པ་འཆར་ཞེས་གསུངས་སོ། །འོ་ན་འདི་དག་སྒྲུབ་པའི་རྟགས་ཡིག་ཏུ་འདུག་པ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་འབྱུང་བའི་ཁ་བྱང་མ་ཡིན་ནོ་སྙམ་ན། འདིར་བཤད་པ་དང་མཐུན་པར་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་རྩ་བ་གསུམ་གྱི་བསྙེན་སྒྲུབ་མཛད་སྐབས་དེའི་འགྲུབ་རྟགས་ཞལ་མཐོང་དབང་བསྐུར་ཆོས་བཤད་པ་རྣམས་བྱུང་བ་ཡིན་གྱི། ཐ་མལ་ཕྲག་ལྷ་ཞན་པ་རྣམས་རི་ཁར་གཉིད་ལོག་པ་ན། མི་མ་ཡིན་དང་སྨན་རིགས་ཀྱིས་རྒྱུད་རློམས་ནས། མདོ་རྒྱུད་དང་མཐུན་པའི་ཤོ་ལོ་ཀ་གཅིག་མེད་པར། བཤད་རྒྱུ་ཟད་མེད་པ་དང་། ལྷ་མཐོང་འདྲེ་མཐོང་དང་། དོན་གྱི་རྩ་བ་ལ་མོ་འདེབས་པ་ལས་མེད་པ་ཚོ་དང་འདྲ་བ་ག་ལ་ཡིན། འོ་ན་གནམ་ཆོས་ཟེར་བ་དེང་སང་བར་མ་ཐོས་སོ་སྙམ་ན། དེ་ནི་རང་ཉིད་ཐོས་པ་ཆུང་བའི་མཚང་ཆེན་པོ་འདོམས་ཁྲོད་ལ་བསྟེན་པས་ལོད་པ་ཡིན་པར་ཤེས་པར་བྱོས་


CMR003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །དེའི་རྒྱུ་མཚན་ཅི་ཞེ་ན། དེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐུ་མྱ་ངན་ལ་འདའ་ཁར། རྒྱུ་ལ་མོས་པའི་རྒྱུ་ཆོས་ཀྱིས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་དང་། ཕྱག་ན་རྡོ་རྗེ་མགོན་པོས་བཤད། །ཅེས་ལུང་བསྟན་པ་ཙམ་ལས་གདུལ་བྱ་སོ་སོའི་སྐྱེ་བོའི་སྣང་ངོར་གསང་སྔགས་མ་གསུངས། གསང་སྔགས་ལས་ཐེག་ཆེན་ཡང་མ་གསུངས་ནས། ས་གནས་ཀྱི་སེམས་དཔའ་དང་དཔའ་བོ་ཌཱཀྐི་སོགས་ལ་ཐེག་ཆེན་དང་གསང་སྔགས་གསུངས་པ་ཕལ་པས་མ་མཐོང་ངོ་། །དེའི་ཕྱིར་ཕྱིས་ཀླུ་སྒྲུབ་སོགས་ཀྱི་ཐེག་ཆེན་དར་བ་ན་ཉན་ཐོས་སན་དྷ་པ་སོགས་ཀྱིས། འདི་ནི་སངས་རྒྱས་ཀྱིས་མ་གསུངས་ཏེ། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས། སྐུ་མྱ་ངན་ལས་མ་འདའ་བར་ཞབས་འབྲིང་མཛད་པའི་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་མ་ཐོས་སོ། འདི་ནི་ཀླུ་སྒྲུབ་ཀྱིས་རང་བཟོ་ཡིན་ནོ། །ཀླུ་སྒྲུབ་ནི་བདུད་ཀྱི་སྤྲུལ་པར་ངེས་སོ། །ཞེས་སྐུར་པ་བཏབ་པས། ཕྱིས་སློབ་དཔོན་ཐོགས་མེད་ཀྱིས་དགའ་ལྡན་དུ་བྱམས་པ་ལ་དྲིས་པས། བྱམས་པས་ཐེག་ཆེན་བཀའ་ཡིན་


CMR003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲུབ་བྱེད་བྱམས་ཆོས་ལས་གསུངས་དགོས་བྱུང་བ་ལགས་སོ། །དེས་ན་གནམ་ཆོས་དང་ས་གཏེར་མིན་པའི་ཐེག་ཆེན་གྱི་མདོ་དང་གསང་སྔགས་ཀྱི་རྒྱུད་གཅིག་ཀྱང་དེ་དུས་རྒྱ་གར་ཡུལ་དབུས་དེར་མེད་པའོ། །ཀླུ་སྒྲུབ་ཀྱིས་འཇམ་དབྱངས་ཞལ་གཟིགས་ནས་སེམས་བསྐྱེད་དང་དབུ་མ་གསན་པ་གནམ་ཆོས་སོ། །སློབ་དཔོན་ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ནས་ཞལ་གཟིགས་ནས་བྱམས་ཆོས་སྡེ་ལྔ་ཞུས་པ་གནམ་ཆོས་སོ། །དེ་ལྟར་ཤིང་རྟའི་སྲོལ་ཆེན་པོ་གཉིས་ཐེག་ཆེན་ཆོས་ཀྱི་གྲོལ་ཕུག་ཆེན་པོ་སྟེ། དེ་གཉིས་ཀ་གནམ་ཆོས་ཡིན་གྱི། བྱམས་པ་འཇམ་དབྱངས་མི་བཞིན་ཀུན་གྱིས་མཐོང་བར་རྒྱ་གར་དུ་དེ་དུས་བཞུགས་པ་ནི་མ་ལགས་ཏེ། བྱམས་པ་བསྟེན་པས་སུས་ཀྱང་མ་མཐོང་བས་གསལ་ལོ། །གསང་སྔགས་གནམ་ཆོས་ཀྱི་ཕུག་ནི་སློབ་དཔོན་དགའ་རབ་རྡོ་རྗེ་ལགས་ཏེ། ཁོང་བྱིས་སྦ་ལོ་བདུན་པའི་སྐབས་སུ་རྡོ་རྗེ་སེམས་དཔའ་ཞལ་གཟིགས་ནས། ཡུན་སྐད་ཅིག་ཙམ་ཡང་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུར་གསུངས་པ་བློར་ཆུད། བྱིས་སྦ་དེ་པཎྜི་ཏ་བདུན་བརྒྱ་དང་རྩོད་པས་ཀྱང་མ་ཐུབ་པས་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས། པཎྜི་ཏ་ཀུན་གྱིས་ཕྱག་


CMR003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞིང་ཞབས་སྤྱི་བོར་བླངས། དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་གནམ་ཆོས་ཡི་གེར་བཀོད་པ་རྫོགས་ཆེན་གྱི་རྒྱུད་ཐམས་ཅད་དོ། །ཨོ་རྒྱན་རིན་པོ་ཆེ་བྲག་ཕུག་མ་ར་ཏི་ཀར་བཞུགས་སྐབས་སངས་རྒྱས་སྣང་བ་མཐའ་ཡས་ཞལ་གཟིགས་པ་ལ། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་དང་ཡང་རྩེའི་རྒྱུད་གཉིས་ཞུས་ལེན་གྱི་ཚུལ་དུ་ཞུས་པ་གནམ་ཆོས་སོ། །རྒྱ་གར་ཤར་ཕྱོགས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་བློ་གྲོས་ཀྱི་སྲས། རྒྱལ་བུ་མི་ཏྲ་བྱ་བ་མཆེད་ཡ་རྣམས་ཀྱིས་ཕྲག་དོག་བྱས་པས་རབ་ཏུ་བྱུང་བསམ་ཡང་ཡབ་ཡུམ་གྱིས་མ་གནང་ངོ་། །ཡབ་ཡུམ་གཉིས་ཀྱི་བཀའ་བཅག་པ་བཤགས་པའི་ཕྱིར་ཡབ་ཡུམ་གྱི་ཆགས་ལྷམ་དུམ་རེ་ཐོར་གཙུག་ཏུ་བཅུགས། བློན་པོའི་ཆས་སུ་ཞུགས་ཏེ་གསེར་གྱི་སྦ་ལྕག་གཅིག་ཁྱེར་ནས་རྡོ་རྗེ་གདན་དུ་འབྱོན་དགོངས་ནས་བྲོས་སོ། །ཐག་རིང་ས་ནས་ཆུ་བོ་གངྒཱ་མཐོང་བའི་འགྲམ་ན། བུད་མེད་གཅེར་བུ་ཁ་ཊ་ཐོགས་པ་གཅིག་གིས་རེས་མང་པོར་སྤྲུལ་རེས་གཅིག་འདུས་པར་སྟོན་པར་མཐོང་། རྩར་ཕྱིན་ནས་འདི་ལྷ་ཡིན་ནམ་འདྲེ་ཡིན་སྙམ་ནས་སྐག་ཅིང་ཐེ་ཚོམ་པ་ལ། བདག་མཁའ་འགྲོ་མ་ཨེ་ཀ་ཙ་ཏི་བྱ་བ་ཡིན། ཁྱོད་བྱིན་གྱིས་བརླབ་ཅིང་ལུང་སྟོན་དུ་འོང་བ་ཡིན་པས། ཁྱོད་ཀྱི་ཡི་


CMR003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་ལྷ་ནི་ཐུགས་རྗེ་ཆེན་པོ་ཡིན། སྒྲུབ་པའི་གནས་ནི་སྒྲོལ་མའི་རི་ཁ་སར་པཱ་ཎིའི་སྐུ་རང་བྱུང་གི་རྩ་རུ་སྒྲུབ་པ་གྱིས་ཤིག །གདུལ་བྱ་ནི་རྒྱ་གར་ཤར་ནུབ་གཉིས་ན་ཡོད་དོ། །བྱང་ཁ་བ་ཅན་ན་ཡང་འགའ་ཞིག་ཡོད་དོ། །གསུངས་ནས་མི་སྣང་བར་སོང་ངོ་། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་སྒྲོལ་མའི་སྐུ་ལ་གསོལ་བ་བཏབ་ཅིང་ཡོད་ཛ། ཉིན་གཅིག་སྒྲོལ་མའི་སྐུ་དེའི་ཐུགས་ཀ་ནས་སྔར་གྱི་བུད་མེད་དེས་རུས་པའི་རྒྱན་གསོལ། ཌཱ་རུ་དང་ཐོད་ཁྲག་ཐོགས་ནས་བྱུང་སྟེ། ཐོད་ཁྲག་དེ་སྤྱི་བོར་བཞག་ནས་བརྡ་དབང་བསྐུར། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་གནང་ནས། བར་ཆད་འབྱུང་ན་འདི་སྐོལ། ཁ་སར་པཱ་ཎིའི་རི་ལ་བསྒྲུབས་པ་གྱིས་གསུང་ནས་སྒྲོལ་མའི་སྐུ་འདྲ་ལ་ཐིམ་མོ། །དེ་ནས་ཁ་སར་པཱ་ཎིར་ལོ་དྲུག་བསྒྲུབས་པས། དང་པོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སངས་རྒྱས་སྟོང་གིས་བསྐོར་བ་ཞལ་གཟིགས། དེ་ནས་གསང་སྒྲུབ་ལྷ་བཅོ་ལྔ་ཞལ་གཟིགས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་གནང་ནས་གྲུབ་པ་ཐོབ་བོ། །མཚན་ནི་མི་ཏྲ་ཛཱ་ཀིར་གྲགས་ཏེ་རབ་ཏུ་བྱུང་བ་དང་བླ་མ་བསྟེན་པ་སོགས་མ་མཛད། དེ་རྒྱབ་དུར་ཁྲོད་སོ་ས་གླིང་དུ་སྒྲུབ་པ་མཛད་


CMR003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུགས་དམ་ལྷ་དྲུག་ཞལ་གཟིགས་ནས་སོ་སོའི་སྒྲུབ་ཐབས་དྲུག་དབང་དྲུག །ཁྲིད་དྲུག་གནང་། བྲག་མགོན་གྱི་བསྟན་པ་བསྲུང་བར་ཁས་བླངས་དབང་དང་སྒྲུབ་ཐབས་ཕུལ་ལོ། །དེ་ལྟར་མི་ཏྲ་གསང་སྒྲུབ། མི་ཏྲ་བརྒྱ་རྩ། མི་ཏྲ་ཁྲིད་དྲུག་ཐམས་ཅད་གནམ་ཆོས་ཡིན་གྱི། དེ་ཡན་ལ་མེད་དོ། །རྗེ་བཙུན་ཏེ་ལོ་སངས་རྒྱས་དེ་ཡང་སྐུ་ཕྲ་མོ་ལ་མ་ཧེ་འཚོ་སྐབས་སྐུ་དངོས་མ་ཧེ་འཚོ་ཞིང་། དག་པའི་སྣང་བར་འོག་མིན་དུ་རྡོ་རྗེ་འཆང་དང་ལྕང་ལོ་ཅན་དུ་ཕྱག་ན་རྡོ་རྗེ་དང་། བྱ་རྒོད་སྤུང་རིལ་ཐུབ་པ་ཆེན་པོ་ལས་ཆོས་གསན་ཏེ། དག་སྣང་རྡོ་རྗེ་འཆང་དང་མཇལ་ཞེས་བརྒྱུད་པ་རྡོ་རྗེ་འཆང་ནས་ཏེ་ལོར་འདེད་ལ། ཨོ་རྒྱན་ཡུལ་དུ་བྱོན་པས་དུར་ཁྲོད་ཀྱི་ཞིང་སྐྱོང་དང་མཁའ་འགྲོའི་ཚོགས་དབུས་ན་རྡོ་རྗེ་ཕག་མོ་ལ་སྙན་བརྒྱུད་ཞུས་པ་ཡང་ཁོང་རང་གིས་དག་སྣང་སྟེ། ཞིང་སྐྱོང་དང་མཁའ་འགྲོ་མ་རྣམས་རྒྱ་ནག་རྒྱལ་པོའི་ཕོ་བྲང་ལྟར་དངོས་སུ་དེར་ཡོད་པ་མ་ལགས་ཏེ། དཔེར་ན་གངས་ཏི་སེའི་རྩེར་བདེ་མཆོག་གི་དཀྱིལ་འཁོར། རྐེད་པ་ལ་དགྲ་བཅོམ་ཡན་ལག་འབྱུང་འཁོར་སྟོང་གཅིག་བརྒྱ། རྩི་བར་དབང་ཕྱུག་ཆེན་པོ་ཡབ་ཡུམ། མཚོ་མ་ཕམ་དུ་དཔལ་ལྡན་ལྷ་མོ་ཇོ་བོ་སྔགས་བདག་རྣམས་ཀྱི་ཕོ་བྲང་


CMR003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་དཔག་ཏུ་མེད་པ་ཡོད་ཚུལ་མདོ་རྒྱུད་རྣམས་ནས་བཤད་ཀྱང་། ཐ་མལ་པས་མི་མཐོང་བ་དང་འདྲའོ། །དེས་ན་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཡང་གནམ་ཆོས་ཏེ། དེ་ཡན་ལ་མེད་ཅིང་ཏེ་ལོ་པ་ཡང་ཨོ་རྒྱན་སྲིན་ཡུལ་དུ་བྱོན་རྗེས་བྱོན་པར་སྣང་ངོ་། །ཡང་བྲམ་ཟེ་ཛ་ལེན་དྷ་ར་དེ་སྒྲ་གཞོན་ནུ་འཁོར་བ་ལ་སྐྱོ་ནས། དུར་ཁྲོད་ཤིང་གཅིག་གི་དྲུང་ན་འདུག་པ་ན། ནམ་མཁའ་ནས་རིགས་ཀྱི་བུ་ཁྱོད་ཡིད་ལ་བྱེད་པ་གྱིས་ཤིག་ཟེར་བའི་སྒྲ་བྱུང་། ནམ་མཁའ་ལ་བལྟས་ནས་གསོལ་བ་བཏབ་པས་མཁའ་འགྲོ་མ་དངོས་སུ་མཇལ་ནས། དགྱེས་རྡོར་གྱི་དབང་བསྐུར་གདམས་པ་བསྟན་ཏོ། །དེ་ནས་ལོ་བདུན་བསྒོམས་པས་གྲུབ་པ་ཐོབ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད། འཁོར་སུམ་བརྒྱ་དང་བཅས་པ་ལུས་མ་སྤང་མཁའ་སྤྱོད་དུ་གཤེགས་སོ། །རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། །རྒྱུད་སྡེ་བཞི་ཡི་དགོངས་པ་རྟོགས། །ཛ་ལེན་དྷ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གྲུབ་ཆེན་བརྒྱད་ཅུའི་གཅིག་ཡིན་ནོ། །དེའི་དབང་གདམས་ངག་ཀྱང་གནམ་ཆོས་སོ། །ཡང་གྲུབ་ཆེན་ཤ་བ་རི་པ་དེ་དུར་ཁྲོད་བསིལ་བ་ཚལ་ན་བཞུགས་སྐབས་མགོན་པོ་ཕྱག་དྲུག་པ་


CMR003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཟིགས་ནས། རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་གནང་སྟེ། ཤ་ཝ་རི་པའི་ལུགས་ཞལ་གཅིག་ཕྱག་དྲུག་པ་འདི་གནམ་ཆོས་སོ། །ཤོ་ཝ་རི་འཇའ་ལས་སུས་མཇལ་དུ་མེད་པ་མེ་ཏྲི་པས་མཇལ་ནས་ཕྱག་ཆེན་ཞུས་པས་གྲུབ་པ་ཐོབ་པའང་གནམ་ཆོས་སོ། །ཀླུ་སྒྲུབ་ལ་ནམ་གྲུ་མས་རྣ་བ་ནས་བཟུང་སྟེ་གླིང་བཞི་བསྐོར་བ་འདྲེ་རྟ་ལ་བསྐྱོན་པ་སོགས་ཆོ་འཕྲུལ་བསྟན་དུས་གུར་མགོན་ཞལ་གཟིགས་ནས། ད་རུང་བར་ཆད་བྱེད་དོགས་ཡོད་གསུངས་ནས་གུར་གྱི་སྒྲུབ་ཐབས་གསུམ་གནང་བར་འཆད་པས། གུར་མགོན་ཡང་གནམ་ཆོས་སོ། །ཌྷོམ་བྷི་ཧེ་རུ་ཀ་དུར་ཁྲོད་ན་བཞུགས་སྐབས་བེར་ནག་ཅན་ཞལ་གཟིགས་ནས་སྒྲུབ་ཐབས་རྣམས་གནང་བར་བཤད་པས། དེ་ཡང་གནམ་ཆོས་ཏེ། ཁྱོད་ཀྱི་སྒྲུབ་ཐབས་གང་ཡོད་དྲིས་པས་མཆོད་རྟེན་གྱི་བང་རིམ་ན་ཡོད་ཟེར་བས། རྒྱུད་རྣམས་སླར་ས་གཏེར་བཏོན་ནོ། །དེ་བཞིན་དུ་བོད་ཀྱི་རིག་འཛིན་རྣམས་ལ་ཡང་གནམ་ཆོས་བྱུང་བ་མང་སྟེ། བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་རྟ་མགྲིན་ཞལ་གཟིགས་ནས་གནང་བ་རྟ་མགྲིན་ཀཱ་ལ་མེ་སྤུང་དང་། མར་པ་རྒྱབ་རིས་ནཱ་རོ་མཇལ་དུ་བྱོན་ཛ་ལམ་


CMR003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཇོ་བོ་རྗེ་ཚུར་བྱོན་པ་དང་མཇལ། ནཱ་རོ་པ་ན་ཉིང་ནས་སྤྱོད་པ་ལ་གཤེགས་མཇལ་དུ་མེད། བོད་དུ་འགྲོ་ལ་ངའི་ལོ་ཙཱ་བསྒྱུར་གསུངས། མ་དག་པའི་སྣང་ངོར། ནཱ་རོ་འདས་གདུང་བཞུས་པར་རིང་བསྲེལ་མ་ག་དྷའི་ཁལ་གཅིག་བྱོན། དག་པའི་སྣང་བར་འཇའ་ལུས་མཁའ་སྤྱོད་དུ་གཤེགས་ཚར་ཟིན་ཀྱང་། མར་པས་ཚོགས་འཁོར་མང་པོ་དང་གསོལ་བ་བཏབ་ཅིང་བཙལ་བས་མཇལ་ནས། སྙན་བརྒྱུད་སྐོར་གསུམ་གནང་བའང་གནམ་ཆོས་སོ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བ་དེས་མཁའ་འགྲོ་ནི་གུ་མ་འཇའ་ལུས་ཐ་མལ་སུས་ཀྱང་མཇལ་དུ་མེད་པ་ལ་དད་པས་བཙལ་བས། དང་པོ་ནམ་མཁར་མཇལ་ཏེ་འཇའ་ལྟར་ཡལ། དེ་ནས་ཚང་ཚིང་འཁྲིགས་པའི་དུར་ཁྲོད་དུ་མཇལ་ཏེ། སྨུག་ནག་གཟི་བརྗིད་འབར་བ་རུས་པའི་རྒྱན་དྲུག་གསོལ་ཞིང་ཁ་ཊྭཱྃ་དང་ཐོད་པ་བདུད་རྩི་བསྣམས་པ་ཞིག་གིས། བདེ་མཆོག་ཕྱག་དྲུག་པ་སོགས་ཀྱི་དབང་དང་། ནི་གུ་ཆོས་དྲུག་གསུངས། བོད་དུ་བྱོན་པས་སློབ་མ་ཁྲི་ཕྲག་མང་པོ་འདུས། བདུན་ཅུ་ལུས་མ་བཞག་མཁའ་སྤྱོད་དུ་གཤེགས། ཉིད་དགུང་ལོ་ཕྱེད་ཉིས་བརྒྱ་བཞུགས་ནས་མཁའ་སྤྱོད་དུ་གཤེགས་ཏེ། ཤངས་པའི་ཆོས་ཕུག་གནམ་ཆོས་


CMR003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ས་སྐྱ་ཀུན་དགའ་སྙིང་པོས་ཟླ་བ་དྲུག་འཇམ་དབྱངས་སྒྲུབ་པས་ཞལ་གཟིགས་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་སོགས་ཤོ་ལོ་ཀ་གཅིག་གསུངས་པ་ལས། དེའི་འབྲེལ་པ་ཞེན་པ་བཞི་བྲལ་གྱི་ཁྲིད་མཛད། ལམ་འབྲས་རྙིང་པའི་དབང་ལུང་རྒྱུན་ཙམ་ལས་མེད་པར། བིར་ཝ་པ་ཞལ་གཟིགས་ནས་རྒྱས་པར་གནང་བ་ཡི་གེར་བཀོད་པ་པོ་ཏི་ཉི་ཤུ་རྩ་ལྔ་ཙམ་ཡོད་པར་སྣང་བ་གནམ་ཆོས་སོ། །རྟོགས་ལྡན་སངས་རྒྱས་མགོན་པོས་སེང་གདོང་མ་ཞལ་གཟིགས་ཤིང་ཨོ་རྒྱན་གྱིས་གནང་བའི་སེང་གདོང་མ་བོ་དོང་ལུགས་པོ་ཏི་ཆེ་བ་གཉིས་ཡོད་པ་གནམ་ཆོས་སོ། །གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབ་བདུན་ཞལ་གཟིགས་ནས་གསུངས་པ་རྟེན་འབྲེལ་ཁོ་བོ་ལུགས་དང་། འབྲུག་པ་ཆོས་ཀྱི་གྲགས་པས་རས་ཆུང་པ་ཟླ་བ་དྲུག །འབྲལ་མེད་དུ་གཟིགས་ནས་གནང་བ་མེ་ཏྲི་སྙན་བརྒྱུད་དང་། མི་འཁྲུགས་པ་ཞལ་གཟིགས་ནས་གནང་བ་མི་འཁྲུགས་པ་ཉེ་བརྒྱུད་དང་། པཎྜི་ཏ་ནགས་རིན་ཆེན་གྱིས་བལ་པོར་ཨོ་རྒྱན་ཞལ་གཟིགས་ནས་གནང་བའི་པདྨ་སྙིང་ཐིག་དང་། རང་བྱུང་རྡོ་རྗེས་ཨོ་རྒྱན་ཞལ་གཟིགས་ནས་གནང་བ་མཁའ་འགྲོ་སྙིང་ཐིག་ཤོག་སྐྱ་མ་དང་། རྩ་གསུམ་དྲིལ་སྒྲུབ་རྣམས་


CMR003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་གཏེར་མ་ལགས། སྔར་ཡོད་པ་མ་ལགས། གནམ་ཆོས་ཁོ་ན་ཡིན་པའོ། །མངའ་བདག་ཉང་གིས་དམ་པའི་རྟེན་འབྲེལ་སྐུ་འདྲའི་དྲུང་དུ་སྒྲུབ་པ་མཛད་པས། དམ་པ་ཞལ་གཟིགས་ནས་ཞི་བྱེད་ལུགས་གསུམ་ཀ་གནང་བས་བརྒྱུད་པ་ཉེ་བརྒྱུད་བྱུང་ལགས་སོ། །མཐོང་བ་དོན་ལྡན་ལ་རྔ་ཡབ་ནས་ཨོ་རྒྱན་གྱི་གྲུབ་ཐོབ་ལྭ་བ་པ་ཕོ་ཉར་མངགས་ནས་གནང་བའི་ཚེ་སྒྲུབ་ཚེ་དབང་དང་། རྗེ་དེ་བཞིན་གཤེགས་པས་མི་ཏྲ་ཛཱ་ཀི་མཇལ་ནས་ཁྲིད་དྲུག་གསན། ཆོས་གྲགས་རྒྱ་མཚོ། མི་བསྐྱོད་ཞབས་རྣམས་དང་ཡང་མཇལ་ནས་ཁྲིད་དྲུག་གི་བརྒྱུད་པ་ཉེ་བརྒྱུད་བྱུང་སྟེ། མི་ཏྲ་ཛཱ་ཀི་ལོ་རེ་བོད་དུ་ལན་རེ་འབྱོན་ཀྱང་། ཚེས་བཅུ་ལ་ཨོ་རྒྱན་འབྱོན་པ་ལྟར། འཇའ་ལུས་ཡིན་པས་ཕལ་པས་མཐོང་བ་མེད་དོ། །འབྲི་ཁུང་ཞབས་དྲུང་དཀོན་མཆོག་རིན་ཆེན་ལ་གནམ་ཆོས་པོད་ཆུང་གཅིག་ཙམ་བྱུང་བ། ཞབས་དྲུང་ཆོས་ཀྱི་གྲགས་པ་དང་། རྡོ་རྗེ་བྲག་པས་གསན་ནས་ཐུགས་དམ་མཛད། ལྷོ་པ་རིན་པོ་ཆེས་ཀྱང་ཅུང་ཟད་གསན་གསུངས། འཇའ་ཚོན་སྙིང་པོ་ལས་གཏེར་མིན་ཨོ་རྒྱན་གྱི་དངོས་སུ་གསུངས་པའི་སྙན་བརྒྱུད་ཧཱུྃ་ནག་སྙིང་ཐིག་ཅེས་གཅིག་བརྒྱུད་བཀའ་རྒྱ་ཅན་བྱུང་བ་རྣམས་ནི་གནམ་


CMR003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐུགས་གཏེར་སྔར་བྱུང་ཚུལ་ཡིན་ནོ། །ད་འོ་ན་ད་ལྟ་སྤྲུལ་སྐུ་འདི་ལ་བྱུང་ཚུལ་ཇི་ལྟར་ཞེ་ན། སྐུ་མཚམས་ཀྱི་ངང་ནས་སྒྲུབ་པ་བྱེད་སྐབས་སྤྲུལ་སྐུས་ཨོ་རྒྱན་ཆེན་པོ་ཞལ་གཟིགས་ནས་དབང་བཞི་རྒྱས་པར་གནང་། དེ་ནས་ཉིན་རེ་ལན་རེ་ལན་གཉིས་ཙམ་མ་ཆག་པར་ཨོ་རྒྱན་ཉིད་ལྷ་སོ་སོའི་སྐུར་བསྟན་ནས། སོ་སོའི་དབང་སྒྲུབ་ཐབས་ལས་ཚོགས་ཐམས་ཅད་རིམ་པར་གནང་། དེའི་དབུ་ཞབས་སུ་བྲི་རྒྱུའི་རྒྱ་ཡིག་གི་དཔེ་བསྟན། རྒྱ་ཡིག་རྣམས་ཕྱག་བྲིས་མཛད་ནས། དེ་འབྲོང་ལ་སྤྱོད་ནས་བྲི་བ་ལས། ལན་གཅིག་གསུངས་ནས་གསུང་ཝིག་རྒྱུ་མི་སྣང་བས། བྲི་ཐོན་རིམ་གྱིས་ཚིག་རེ་རེ་ནས། སྨོད་པ་དེ་ལ་ཡིག་དྲུག་འདོན་པ་ལྟར་ཐོགས་པ་མེད། དེ་ཞུ་དག་གཅིག་མ་ཚར་བར་ཞག་སོང་ཡང་མི་བརྗེད། ཞུ་དག་ཚར་ནས་གཅིག་ཀྱང་ཐུགས་ལ་མི་སྣང་། འོན་ཀྱང་ཐུགས་འཁྲུག་པའི་རྐྱེན་བྱུང་ནས་བརྗེད་པར་འགྱུར་བར་སྣང་སྟེ། ཡབ་བསྙུངས་ནས་དེར་འབྱོན་དགོས་བྱུང་ཞག་གསུམ་ཙམ་ཐོག་པས། ལས་ཚོགས་དང་གཟུངས་འགའ་ཞིག་བྲི་འཕྲོ་བརྗེད་ནས་བྲི་མ་ཐུབ། ཡབ་འདས་ནས་ཞག་འགའ་ངེད་དཔོན་སློབ་གཉིས་ཀས་ཕྱིར་ལྡོག་བྱེད་སྐབས། ཕྱིར་ལྡོག་གསུངས་བརྡོ་ལ་མི་གསུངས་


CMR003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡེངས་ནས་བཞུགས་འདུག །ཐུགས་བསམ་ཅི་ཡང་མི་འདུག་བྱིས་པའི་ཞད་སྙམ་ནས། ཨ་ཡབ་འདས་པའི་སྲས་ཡིན་མོད། སྙིང་མི་རྗེ་བ་ཨེ་ཡིན་དམིགས་པ་གཏོད་ཞུས་པས། ཅི་མི་གསུངས་པར་ཕྱིར་ལྡོག་མཛད་ཚར་ནས། ད་ནས་ང་ལ་དེ་འདྲ་མ་ཟེར། ད་ལམ་ང་ལ་ཨོ་རྒྱན་རིན་པོ་ཆེས་དབང་རྒྱས་པ་ཞིག་གནང་ཞིང་ཡོད་པ་ཡིན་ཏེ། ཁྱེད་ཀྱི་བཀའ་བཀྱོན་གྱིས་སེམས་མ་དགའ་བས་བརྗེད་གསུངས་བྲི་རྒྱུ་མ་རྙེད། ནུབ་གཅིག་ད་ལྟ་མགོན་པོ་མ་ནིང་གིས་ངའི་ལུས་འདི་ཟ་བའི་ཚུལ་བྱས་པའི་སྒྲ་ལས་མགོན་པོའི་སྒྲུབ་ཐབས་ཤིག་བྱུང་བ་བྲིའམ་གསུངས། ཨ་ག་ཁྱེད་ཟ་བའི་སྒྲ་ལས་བྱུང་བའི་སྒྲུབ་ཐབས་ངས་མི་འདོད་སྨྲས་ནས་མ་བྲིས། འོ་ན་ཕར་གཏད་དགོས་གསུངས་ནས། འདི་མི་དགོས་ཟེར་ཕར་ལོང་གསུངས་པའི་བོད་པ་གཅིག་མཛད་པས་བརྗེད་སོང་། དེ་དགོངས་ཟ་བའི་ཚུལ་དེ་བར་ཆད་བསལ་བ་ཡིན་པར་མི་ཤེས་པར། འཁོར་བའི་འཁྲུལ་པ་འདི་སྐྱོན་རེ་ཆེ་ཟེར་བ་སོགས། བདག་ལ་ཐུགས་ཁྲེལ་བའི་ལུང་བསྟན་ལྡེབ་གཅིག་ཙམ་བྱུང་། ད་འོ་ན་རྟེན་འབྲེལ་ལེགས་པོ་སྒྲིག་ཤེས་དཀའ་དོ་བས། དེ་འདྲ་མ་ལེགས་པ་གང་བྱུང་ཡང་སྐྱོན་མེད་པའི་གདམས་པ་ཨོ་


CMR003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན་ལ་ཞུས། ་ཞེས་ཞུས་པས་བསྐང་བ་ཤོ་ལོ་ཀ་གཅིག་དང་། བཤགས་པ་ཤོ་ལོ་ཀ་གཅིག་བྱུང་བ་བདག་གིས་རྒྱུན་དུ་ཐུགས་དམ་བྱས་སོ། །དེ་ནས་དགུང་ལོ་དུ་ཡི་དུས། ལོ་གང་ལ། ཟླ་བ་གང་ལ། ཚེས་གྲངས་དུ་ལོ། དུས་ཚོད་ནམ་གྱི་དུས། གསུང་བ་པོའི་སྐུ་མདོག་ཆ་ལུགས་ཅི་ལྟ་བུའི་གསུང་བ་རྣམས། ཆོས་སོ་སོའི་མཇུག་ཏུ་བྲིས་ཡོད་པས་འདིར་ཡི་གེས་འཇིགས། ཆོས་ཚན་ཞིག་བར་ཡང་བྲི་མི་ནུས་ལ། གལ་ཆེའི་ཧྲག་བསྡུས་གཅིག་བཤད་ན། ཚེ་དཔག་མེད་ཀྱི་རྒྱུད་འོད་ཟེར་རྔ་ཆེན། དབང་རྒྱས་འབྲིང་བསྡུས་གསུམ། སྒྲུབ་ཐབས་ཕྱི་ནང་གསང་གསུམ། བཀའ་སྲུང་བཀའ་གཏད་སྒྲུབ་ཐབས། ལས་ཚོགས་དང་བཅས། ཐུགས་རྗེ་ཆེན་པོ་ལྷ་གཅིག་ལྷ་ལྔ་ལྷ་དགུ་ལྷ་མང་། ལུས་དཀྱིལ་རྣམས་ཀྱི་དབང་སྒྲུབ་ཐབས་ལས་ཚོགས་བཀའ་སྲུང་དང་བཅས་པ། ལྷ་དགུའི་རྒྱུད་བུ་ཆུང་སོགས། གུ་རུ་ཞི་བའི་སྒྲུབ་སྐོར་དབང་བཀའ་སྲུང་ལས་ཚོགས། མ་ནིང་རིགས་ཐམས་ཅད་པའི་སྒྲུབ་སྐོར་དབང་ལས་ཚོགས། ཛཾ་ལྷ་རིགས་དགུའི་སྒྲུབ་སྐོར་དབང་ལས་ཚོགས། གུར་དྲག་གི་རྒྱུད་དབང་སྒྲུབ་སྐོར་ལས་ཚོགས་དང་བཅས་པ། སྒྲོལ་མ་དཀར་སྔོན་གྱི་དབང་སྒྲུབ་ཐབས་


CMR003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་ཚོགས། ཐུབ་པ་གནས་བཅུའི་དབང་རྒྱས་པ་སྒྲུབ་སྐོར་ལས་ཚོགས། སྨན་ལྷ་དང་ཆོས་བསྒྲགས་རྒྱ་མཚོའི་སྒྲུབ་སྐོར་ཞང་བློན་སྒྲུབ་སྐོར་སོགས་ཕྲན་དུ་མ་ཞིག་འཇམ་དབྱངས་ཕྱག་རྟགས་སྤྲ་མ་ཞེས་བྱ་བ་དང་ཐུགས་རྗེ་ཆེན་པོ་རྣོ་བཀྲ་དང་འོད་དཀར་ཅན་རྣམས་ཀྱི་སྐོར་དཔག་ཏུ་མེད་དོ། །སྔར་མ་གྲགས་པ་ལ་མིང་གི་མངོན་བརྗོད་ཅེས་པའི་རྒྱུད་བུ་ཆུང་གཅིག་ལ་བརྟེན་པའི་སྒྲུབ་ཐབས་བརྒྱ་རྩ་གསར་པ། དབང་རྒྱུད་ཀྱི་བདག་པོ་ཞེས་བྱ་བའི་རྒྱུད་བཞི། རྟོགས་བརྗོད་བཞི། སྒྲུབ་ཐབས་བཞི། ལས་ཚོགས་མཐའ་ཡས་པ། ཁྲོ་བོ་རོ་ཟ་ཞེས་བྱ་བའི་ལོ་རྒྱུས་རྒྱུད་བུ་ཆུང་དང་སྒྲུབ་ཐབས་ལས་ཚོགས་མཐའ་ཡས་པ། ཡེ་ཤེས་འཇིགས་བྱེད་ཅེས་བྱ་བའི་དབང་སྒྲུབ་ཐབས་ལས་ཚོགས། ལས་ཧུར་དྲག་མོ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ཨུ་པ་ར་ཙ་ཞེས་པའི་རྒྱུད་བུ་ཆུང་ལས་ཚོགས་སྒྲུབ་ཐབས་ཏེ། དེ་དག་ནི་སྔོན་ས་སྟེང་དུ་མིང་ཙམ་མ་གྲགས་ཡིད་ལ་ཡང་དྲན་མི་གཏུབ་པས་གཏེར་སར་ཡིན་པའི་གནད་ངོ་མཚར་ཤིན་ཏུ་ཆེ་བའོ། །གཞན་ཡང་སྔོན་མ་གྲགས་པའི་མགོན་པོ་མདུང་འཛིན་ནོར་དབང་། དུས་ངན་སྙིགས་མ་ལ་ཕན་པ་རྡོ་


CMR003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒོད་ལ་སོགས་པའི་ལྷ་བྲན་ལྔ། ནད་ལས་རྒྱལ་ལ་སོགས་རྒྱལ་བྱེད་ལྷ་ལྔ་དང་། སྔར་གྲགས་པ་གནོད་སྦྱིན་ཤན་པའི་རྒྱུད་སྒྲུབ་ཐབས་ཕྱི་ནང་གསང་གསུམ། ནཱ་ག་རིཀ་ཁྱུང་དམར་ལ་སོགས་པ་རེ་རེ་ནས་བྲིར་མི་ལོང་པ་དང་། བདག་གི་ཆོས་སྐལ་དུ་སྔགས་པའི་རྩ་བ་བཅུ་གཉིས་ལ་སོགས་མང་དུ་བྱོན་པའོ། །དེ་དག་ནི་ཉམས་དང་རྨི་ལམ་སོགས་མ་ཡིན་པར་མངོན་སུམ་ཞལ་གཟིགས་པས། དབང་བསྐུར་སྒྲུབ་ཐབས་གསུངས་པ་བཀོད་པའོ། །དེ་ཡང་གཏེར་སྟོན་ནམ་མཁའ་འཇིགས་མེད་ཀྱི་ཕྱག་ཏུ་སྤྲུལ་པའི་ཡི་གེ་གཞན་ཕལ་པས་མི་མཐོང་བ་ཞིག་བྱུང་༔ དེ་མེ་མོ་ལུག་ནས་བཟུང་སྟེ་ལོ་བཅུ་གཉིས་བར་གྱི་ལུང་བསྟན། མཐའ་དམག་སྟོད་སྨད་ནས་གཡོ་བ་རྣམས་བཟློག་ཐབས་ཀྱི་རིམ་གྲོ་དགོས་ཚུལ་ཡིན་པར་འདུག་པ་ཡི་གེར་བཀོད་སྐབས་འགྲིམ་པ་གྲིབ་ཆེན་ཞིག་མདུན་དུ་བྱུང་བས་ཡི་གེ་ནམ་མཁར་སོང་ནས་འཕྲོ་བྲི་རྒྱུ་མ་རྙེད་པར་སྣང་སྟེ། དེའི་མཇུག་ཏུ། འདི་དག་ལ་སོགས་ལོ་སྐོར་གཅིག་ཉིད་ཀྱི། །ལུང་བསྟན་གསལ་ཡང་མེ་བྱ་ཡན་ཆོད་འདི། །ནམ་ལངས་དུས་ནས་ཉི་ཤར་ཚུན་ལ་བྲིས། །དེ་ནས་དཀོན་མཆོག་དར་པོའི་འདོན་ཀྱང་སླེབ། །ཤམ་དེ་མི་མངོན་ནམ་མཁའི་དབྱིངས་ལ་


CMR003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །བདེན་བདེན་འདྲ་ན་བོད་ཡུལ་ཐམས་ཅད་ཀྱིས། །བདེ་ཐབས་ལྷ་སྲིན་འཚོགས་པའི་བྲིན་གླུ་ཡིན། །མི་བདེན་གྱུར་ནས་བཏང་སྙོམས་ཡལ་དུ་ཆུག །ཁེ་གྱོང་ཡིན་པ་བློ་བདེ་བདག་ལ་མེད། །ཅེས་གསུངས་ཏེ།། གཏེར་སྟོན་ནམ་མཁའ་འཇིགས་མེད་དང་ཐམས་ཅད་མཁྱེན་པ་མཇལ། སྤྱོད་ཁ་སྐུ་སྐྱེའི་རྒྱུད་ནས་གནམ་ཆོས་རིག་འཛིན་སྲོག་སྒྲུབ་ཞུས་ནས་ཐུགས་དམ་མཛད་ཅིང་། ལུང་བསྟན་དེ་ལ་ཇི་སྐད་གསུངས་བཞིན་གྱི་བཅོས་ཁ་རིམ་གྲོ་སོགས་བཟློག་ཐབས་ཐམས་ཅད་རྩེ་གཅིག་ཏུ་མཛད་ཅིང་། སྔགས་པ་ནུས་པ་ཆེ་བར་གྲགས་པ་ཐམས་ཅད་དང་། རྡོ་རྗེ་བྲག་པའི་སྐུ་སྐྱེ་སོགས་ལའང་བྱེད་དུ་བཅུག་པས། དེ་སྔ་ཕན་བོད་དུ་མཐའ་དམག་མ་གཡོས་ཤིང་། ཞིག་པོ་སོགས་གཏེར་རྙིང་གི་ལུང་བྱང་དུ་འབོ་བར་བཤད་ཀྱང་མ་བྱུང་བ། ལུང་བསྟན་དེའི་ནུས་པ་ཡིན་ཞེས་ཟེར་བ་ཐོས་ཏེ་བདེན་པར་འདུག་གོ །དེས་སྤྲུལ་པའི་ཡི་གེ་གཞན་གྱིས་མི་མཐོང་པའང་སྲོལ་ཡོད་པའི་འཕྲོས་བཤད་ནས། མི་འགྱུར་རྡོ་རྗེ་ལ་བྱུང་ཚུལ་ནི། གྲྭ་སློབ་རྣམས་ལ་རིམས་ངན་གཅིག་བྱུང་སྟེ་མང་དུ་ན། གྲྭ་པ་གཅིག་ཤི། སྤྲུལ་སྐུ་བསྙུང་དོགས་པའི་སེམས་ཁྲལ་ཡོད་སྐབས། ཤོག་བུ་


CMR003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཕྱག་རྩེད་འདྲ་བ་ཡི་གེ་བྲི་བ་ལྟར་མཛད་དོ། །ད་རིམས་ངན་འདིའི་ནང་ནས་ཐུགས་དམ་ལོ་མ་ཅན་གྱི་བསྙེན་པ་འདི་མ་ཡེངས་མཛོད། ང་ནི་སྐྱག་རྩེད་མོ་དང་ཨ། ཞུས་པས་ཅི་མི་གསུངས། རྒྱང་ཙམ་ནས་ད་ཅི་ལོ་མ་གྱོན་མས་རིམས་ངན་འདི་བཟློག་པའི་མདོས་རྒྱས་པ་ཞིག་གི་དཔེ་ང་ལ་གཏད་བྱུང་བ་བྲི་བསམ་ཛ། ཁྱོད་ཀྱིས་དེ་སྐད་ཟེར་བས་ང་མ་དགའ། ད་དཔེ་ཆ་ཡང་མེད་སོང་གསུངས། ད་ངས་བཤགས་པ་བྱེད་ད་དུང་ཨེ་མི་འོང་བྱུང་ན་བྲིས་ཞུས་པས། རྒྱང་ཙམ་ནས་ཡང་གནང་བྱུང་སྟེ། ད་ཅི་དེ་ཙམ་གྱི་རྒྱས་པ་མི་གདའ་གསུངས། ང་ལ་བསྟན་ཀྱང་མ་མཐོང་། ཤོག་བུ་དཀར་པོ་ལ་ཡིག་འབྲུ་སྔོན་པོ་ཅན་རེད་གསུངས། དཔེ་རིས་དཀའ་མོ་གདའ་བ་བྲི་མ་ཚར་བས་མ་ཕྱི་ཞག་གཅིག་བཞག །ཞུ་དག་བྱས་ནས་མ་དཔེ་དེས་ང་ལ་བྱིན་བརླབས་བྱས་ཀྱང་ངས་ནི་མ་མཐོང་། དཔེ་ཆ་ལྷ་མོ་ཉིད་ཀྱིས་བསྣམས་ནས་བྱོན་ནོ། །དེ་ནས་མདོས་ཆུང་དེ་བཙས་པས་རིམས་དེ་ཆད། ས་ཕྱོགས་དེར་དེ་ལོ་རིམས་ནད་ཀྱིས་མི་མང་དུ་ཤི་ནས་བསྔོ་ཞུས་རྒྱུན་མི་ཆད་པ་འདྲ་བ་འོང་ཞིང་ཡོད་པ་ཡང་ཇེ་འཇམ་ལ་སོང་ངོ་། །གཞན་ཡང་དགེ་བསྙེན་མཁའ་རིའི་སྒྲུབ་ཐབས་ཤོག་དྲིལ་དམར་པོ་སོགས་


CMR003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཡེ་གེ་ལས་བཤུས་པ་འགའ་ཟུང་ཙམ་སྟེ་མང་པོ་ནི་མེད་དོ། །དེ་ནས་ངོ་མཚར་དམ་རྫ་ས་གནང་ཚུལ་ནི། སྔོན་བྱུང་གི་རྣམ་ཐར། མངའ་བདག་ཉང་གི་ལྕགས་ཕུར་བྲག་ཏུ་མཁའ་འགྲོའི་བསྒྲུབས་པ་མཛད་དུས། ཌཀྐི་གཉིས་ཀྱིས་འབྲས་ཆང་བ་མན་གྱི་རྭ་ཅོ་གང་དང་། སྐྱེ་བདུན་གྱི་ག་ཆོང་ཀ་པཱ་ལའི་གང་དྲངས་བ། ཉེ་གནས་ལ་ཅུང་ཟད་གནང་བས་བདེ་སྟོང་གི་ཉམས་སྐྱེས། ཕྱག་རྒྱ་མོ་ལ་གནང་བས་མངོན་ཤེས་ཕྲའུ་ཤར་རོ། །གྲུབ་ཆེན་ཀརྨ་པ་རྡོའི་ལྷ་ཁང་དུ་བཅུག་ནས་རྒྱལ་པོས་སྲུང་མི་རྣམས་ལ་སྲུང་བཅོལ་དུས། མཁའ་འགྲོ་སྡེ་བཞིས་ཧ་ཧ་ལའི་དུར་ཁྲོད་ནས། བྲམ་ཟེའི་བུ་མོའི་ཤ་བླངས་ནས་བདུད་རྩིར་བྱིན་གྱིས་བརླབས་ནས་ཕུལ་བ་དང་། རྗེ་མི་བསྐྱོད་ཞབས་འདན་དུ་བཞུགས་དུས་མི་ཏྲ་ཛཱ་ཀི་དང་མཇལ་གསུང་གླེང་མང་དུ་བྱུང་། རྫུ་འཕྲུལ་དུ་མ་བསྟན་ནས་བྱིན་རླབས་ཀྱི་དམ་རྫས་ཀྱང་གནང་ཞེས་པ་ལྟར། གུ་རུ་པདྨ་རྒྱལ་པོ་ཞལ་གཟིགས་སྒྲུབ་ཐབས་གཅིག་བརྒྱུད་མ་གནང་། ཡང་ཕུ་ཤ་རི་རམ་ཞེས་བྱ་བའི་རིལ་བུ་དང་པོ་ལྔ་གནང་བ་དངོས་སུ་གཅིག་ལས་མི་འདུག །སྒྲུབ་པ་དུས་བདུན་ཕྲག་གཅིག་གནང་དངོས་སུ་གཅིག་ལས་མི་འདུག་སྟེ། རིལ་


CMR003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྨུག་པོ་བདུད་རྩི་རིལ་བུ་སོགས་ཡིན་ན་བཅུ་བསྡོམས་རིལ་བུ་ཙམ་འདུག་པ་དང་། ཡང་ཨོ་རྒྱན་གྱིས་གནང་བ་ཡིན་གསུངས་པའི་བུད་དྷ་རིལ་བུ་དང་བྲམ་ཤུ་རིལ་བུ་བྱ་བ་ཞིབ་པོ་རེ་མང་རེ་འདུག །ཁ་དོག་སྨུག་པོར་འདུག་སྟེ། དེ་གཉིས་ནམ་གནང་ཇི་ལྟར་གནང་ནི་མ་གསུངས་པས་ནན་གྱིས་མ་ཞུས། དེ་རྣམས་ཕན་ཡོན་ལ་སྐྱེ་བདུན་དང་མཚུངས་པར་སྣང་བས། དེ་དག་གི་རུ་རྩི་བྱས་གཞུང་ལྟར་བསྒྲུབས་ནས་མང་དུ་སྤེལ་ཏེ། གནམ་ཆོས་ཉམས་སུ་ལེན་ངེས་རྣམས་ལ་བླ་རྡོ་ལྟར་གཅེས་པར་གོ་ནས་ཅུང་ཟད་བྱིན། གནམ་ཆོས་ལུགས་ཀྱི་བུམ་སྒྲུབ་ཀྱི་རུ་རྩིས་གཙོ་བོ་བྱས་ཏེ་ཀུན་ལ་སྤེལ་བས་འགྲོ་དོན་ཆེན་པོ་འགྲུབ་བོ། །ཡང་ཆོས་ཀྱི་སྒྲ་ཐོས་ཚུལ་ནི། ཕྱག་ན་རྡོ་རྗེ་མཐའ་ཡས་ཞེས་པའི་སྒྲུབ་ཐབས་ཨ་ཏི་ཡོ་ག་ལྟར་སྒྲུབ་པ་གཅིག །སྤྲུལ་སྐུ་རང་གིས་ཐུགས་དམ་བྱེད་དགོས་རྒྱུ་གཅིག་གཟུགས་མེད་པར་རྣ་བ་ན་སྒྲ་ཐོས་པ་ཡི་གེར་བཀོད་དོ། །དེ་ལ་སོགས་པ་གཟུགས་མེད་པའི་ཆོས་སྒྲ་ཐོས་པ་འགའ་ཟུང་གཅིག་གོ །ཡང་ཐུགས་རྗེ་ཆེན་པོ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་གཅིག་ཞལ་གཟིགས་པའི་ཕྱག་མཐིལ་ཏིང་ཤག་བསྣམས་པ་སྤྲུལ་སྐུ་ཉིད་ཀྱི་དབུ་ལ་བརྡབས་པས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་


CMR003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་དབང་ཤིན་ཏུ་རྒྱས་པ་ཞིག་ཏིང་ཤག་གི་སྒྲ་ལས་བྱུང་བ་མང་གྲགས་པས་ཉི་མ་ལྔ་དྲུག་བྲི་ཐུབ་ཙམ་བྱུང་ངོ་། །འཇིག་རྟེན་པའི་བཀའ་སྲུང་ཐམས་ཅད་ནི་རང་རང་གི་གཟུགས་དངོས་སུ་བསྟན་ནས་རང་གི་སྒྲུབ་ཐབས་དངོས་སུ་སྨྲས་པ་ཡི་གེར་བཀོད་པ་ཤ་སྟག་ཡིན་ནོ། །དེ་ནས་སྔར་གྱི་ཆོས་རྙིང་པའི་བཀའ་བབ་ཚུལ་ནི། གནམ་ཆོས་བྱུང་ནས་ལོ་གསུམ་འགྲོ་ལ་ཁད་ཙམ་ན། སྤྲུལ་སྐུའི་ཞལ་ནས་ད་ལོ་གསུམ་སོང་ན་གནམ་ཆོས་རྫོགས་རྒྱུ་ཡིན། རྫོགས་ནས་རེ་རེ་ཨེ་སྲིད་ཙམ་ལས་མི་འབྱུང་། ཞལ་གཟིགས་ཀྱང་བརྒྱ་རེ་འགའ་ལས་མི་ཡོངས། གནམ་ཆོས་མ་རྫོགས་བར་ཆོས་གང་ཞུ་འདོད་པ་དེ་གསོལ་བ་བཏབ་ན་ཞུ་ཆོག་པ་ཡིན་པས། ཁྱོད་རང་གང་འདོད་པའི་ཆོས་ཤིག་དོམ་ཞིག །དེ་ནས་རྫོགས་པས་ཞུ་ས་མེད་དོ་གསུངས། དེ་ནས་བདག་གིས་ལེགས་པར་བསམས་པས། གནམ་ཆོས་གསར་པ་ནི་ཆོག་བྱུང་། རྙིང་མའི་ཡང་རཏྟའི་བཀའ་བབ་ནི་བྱུང་། རྙིང་མ་གཞན་མང་པོ་ཞུས་ན་གཏེར་གསར་པ་འོང་རྒྱུའི་རྟེན་འབྲེལ་ལ་ཨེ་གནོད། གསར་མའི་ཆོས་བདག་ཁོང་མིན་པས་མི་འོས། མི་ཏྲ་ཛཱ་ཀི་ནི་ཨོ་རྒྱན་གྱི་བླ་མ་རེད། མི་ཏྲའི་གསང་སྒྲུབ་སེམས་ཉིད་ངལ་གསོ་


CMR003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སངས་རྒྱས་གླིང་པའི་གཏེར་ནས་ཀྱང་བྱོན་པས་རྙིང་མར་ཡང་ཐེའོ། །མི་ཏྲ་ཁྲིད་དྲུག་ལ་བརྒྱུད་པ་ཉེ་བརྒྱུད་ཡང་འབྱུང་བའི་སྲོལ་གདལ། ཁོང་ཨོ་རྒྱན་དང་འདྲ་འཇའ་ལུས་ཡིན་པས་གསོལ་བ་བཏབ་ན་མཇལ་འོས། ད་མི་ཏྲ་ཛཱ་ཀི་ལ་ཐུགས་རྩེ་གཅིག་པས་གསོལ་བ་ཐོབ་ལ། ཞལ་གཟིགས་བྱུང་ན་ཁྲིད་དྲུག་དང་གསང་སྒྲུབ་སེམས་ཉིད་ངལ་གསོ་རྣམས་གནང་བ་ཨེ་འཐད་ཞུས་ཞེས་སྨྲས་སོ། །དེ་ནས་ཡུན་རིང་གསོལ་བ་བཏབ་སོང་། ངས་ཀྱང་གསོལ་འདེབས་མཎྜལ་ཕུལ་བས། མི་ཏྲ་ཞལ་གཟིགས་ནས་མི་ཏྲའི་བླ་སྒྲུབ་གསར་པ་གཅིག་གནང་། མི་ཏྲའི་འདྲ་སྐུ་ཡང་བྲི་བར་མཛད་ནས། ད་འོང་བ་ཡོད་ཀྱིས་སང་ཙམ་ལ་ཚོགས་འཁོར་ཤོམས། སོ་སོའི་དཀྱིལ་འཁོར་དབང་ཆས་བསྒྲིགས། དཔེ་རྣམས་མ་བསྲེ་སོ་སོར་ཞོག་གསུངས། དེ་ནས་མི་ཏྲ་བྱོན་ནས། མི་ཏྲ་དཀར་སེར་དམར་ལྗང་སྐུ་ཤིན་ཏུ་མང་བར་སྤྲུལ་ཏེ། ལ་ལས་སོ་སོའི་དབང་། ལ་ལས་སྒྲུབ་ཐབས་སོ་སོའི་ལུང་། ལ་ལས་ཁྲིད་སོ་སོའི་ལུང་གནང་སྟེ། ཁྲིད་དྲུག་དབང་དྲུག་སྒྲུབ་ཐབས་དྲུག་བཀའ་སྲུང་དང་བཅས་པ། གསང་སྒྲུབ་ལས་ཚོགས་དང་བཅས་པ། སེམས་ཉིད་ངལ་གསོ་དང་བཅས་པ་གནང་ནས་སྤྲུལ་


CMR003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་གཅིག་ལ་གཅིག་ཐིམ་ནས། ཞལ་གདམས་བཀའ་རྒྱ་ལུང་བསྟན་དང་བཅས་པ། མང་དུ་སྤེལ་ནས་བཀའ་རྒྱ་བཀྲོལ་ལུགས་དང་བཅས་པ་གསུངས་ནས་མི་སྣང་བར་གཤེགས་སོ། །དེ་ནས་དེ་དག་གི་གཏེར་བསྒྲུབ་བྱས་ལུགས་ནི། དང་པོ་སྔར་གནམ་ཆོས་བྱུང་སྐབས་སྒྲུབ་ཁང་གི་ཕྱོགས་མཚམས་སུ་འཁོར་ལོ་དང་ཙཀ་ལི་བཀྲམ་ནས་སྔགས་ཞིག་ལ་ཞག་འགའ་བསྙེན་དགོས་པ་དང་། གུ་རུ་མཚན་བརྒྱད་གོ་མཚོན་ཅན་གྱི་ཙཀ་ལི་ཚོན་རྫོགས་སུ་བཞེངས་པ་རྒྱབ་ཡིག་སྔགས་བཅས་སྒྲུབ་རྟེན་དུ་བྱས་ཏེ། དེའི་ལས་བྱང་སྔགས་དང་བཅས་པ་བདུན་གཉིས་ཙམ་བསྒྲུབས་ནས། བསྒྲུབས་ཚར་ནས་སྒྲུབ་རྟེན་གཏེར་དུ་སྦས། སྒྲུབ་ཡིག་མི་སྣང་བར་བྱེད་དགོས་པ་དང་། དཀྱིལ་ཙམ་ལ་བློ་ལྡན་མཆོག་སྲེད་སྒྲུབ་པ་སྤྲུལ་སྐུ་ཉིད་མ་གཏོགས་སྒྲུབ་རོགས་མི་ཚུད་པ་དང་། བླ་མ་རྡོ་རྗེ་ཆེན་པོ་ཞེས་ཨོ་རྒྱན་ཞལ་གསུམ་ཕྱག་དྲུག་གི་སྒྲུབ་པ་ངེད་གཉིས་ཀས་བསྒྲུབ་དགོས་པ་དང་། ཕྱག་རྡོར་མཐའ་ཡས་ཀྱི་སྒྲུབ་པ་སྤྲུལ་སྐུ་ཉིད་ཁོ་ནས་དགོས་པ། བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་པ་ཞིག་བདག་གཏེར་གཡོག་པས་སྒྲུབ་དགོས་སོགས། རྟེན་འབྲེལ་སྣ་ཚོགས་བསྒྲིགས་དགོས་དོ་བ་ཐམས་ཅད་བདག་


CMR003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཆེ་བའི་སྟབས་ཁོ་ནས་ཐམས་ཅད་འགྲུབ། གཞན་སུས་ཀྱང་འཁྱོང་བ་མི་འདུག་གོ་ཨང་། ངའི་བརྩོན་འགྲུས་དང་དཀའ་ལས་དེ་ཨོ་རྒྱན་རིན་པོ་ཆེས་མཁྱེན། གཞན་ཡང་གལ་ཆེ་རིམ་སྒྲུབ་ཐབས་བྱུང་རིམ་ནས་ངེད་གཉིས་ཀས་བསྒྲུབས། གལ་ཆུང་བ་འགའ་རེ་སྤྲུལ་སྐུ་ད་ངས་མི་འཁྱོང་ཁྱོད་ཀྱི་གྱིས་དང་འདྲ་གསུངས་པས་ངས་བྱས། གལ་ཆེ་རིམ་སྒྲུབ་པ་ཞག་མ་བདུན་ཙམ་ཐེམ་པར་བྱས། བཀའ་སྲུང་འཇིག་རྟེན་པ་ནི་མ་བསྒྲུབས། གཏོར་མ་རེ་འབུལ་ཙམ་བྱས། གལ་ཆེ་བའི་རྫོགས་ཆེན་གྱི་ཁྲིད་དེ་ཐུགས་རྗེ་ཆེན་པོ་ཁྲིད་ཀྱི་ཚུལ་དུ་ཞག་གསུམ་རེའི་སོ་ཙམ་ལ་དམིགས་ཐུན་རེ་རེ་གནང་དོ་བས། ཡི་གེར་བཀོད་ཞོར་ཞུས་ནས་ཐུན་རེ་བསྒོམས་ཏེ་ཁྲིད་གོ་ཆོད་པར་བྱས། གཏུམ་མོ་དེ་ཡང་ཅུང་རེ་བསྒོམས་པས་ཀྱང་དྲོད་དངོས་སུ་འཕྲལ་དུ་སྐྱེ་བར་བྱུང་བས་ངེས་ཤེས་ཐོབ་བོ། །དེ་ནས་གནམ་ཆོས་ཡོངས་སུ་རྫོགས་ནས་ཞལ་གཟིགས་ཀྱང་མ་བྱུང་བ་དང་། རཏྣའི་གཏེར་འབྱུང་ནས་གསུངས་པ་ལྟར་གནམ་ཆོས་ཀྱི་དཔེ་ཚང་མ་དར་རས་སུ་སྒྲིལ་ཏེ་སྒམ་དུ་བཅུག་ནས། བསྐོར་བ་བརྒྱ་རྩ་ཕྱག་བརྒྱ་རྩ་མཎྜལ་བརྒྱ་རྩ་དང་། བསྐང་བ་ཉུང་འདུས་བརྒྱ་རྩ། ཚོགས་འཁོར་རྒྱས་པ་སོགས་རབ་གནས་


CMR003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་འབུལ་བྱས་སོ། །བདག་གི་ནི་བྱུང་རིམ་ནས་ཞུས་ཤིང་མཉམ་དུ་སྒྲུབ་མེད། གཟའ་སྐར་བཟང་བ་ལ་པདྨ་རིག་འཛིན་སོགས་ངེད་གསུམ་ཙམ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གསར་པ་ཞིག་ཞལ་ཕྱེས་ནས་ཆོས་སྒོ་ཐོག་མར་ཕྱེས་ནས་དབང་གནང་སྐབས། དབང་ཚར་མ་ཐག་སྤྲུལ་སྐུ་ཐུགས་ཡེང་བ་འདྲ་ཞིག་ལ་སྤྱན་ཟིམ་མེ་ཡུན་རིང་བཞུགས། དབང་ཞུ་བ་གྲོལ་ནས་སྐུ་བསྙུང་ངམ་ཅི་ཡང་མི་གསུང་བར་ཐོམ་མེ་ཞུས་པས། ད་ལྟ་བྲག་སྟེང་ཞིག་ཏུ་གདའ་སྙམ་པ་ལ་མ་ནིང་དང་གཏེར་མགོན་དམ་ཅན་ལྷ་འདྲེ་བསམ་ལས་འདས་པ་ཚོགས་ནས་ང་ལ་བལྟ་ཞིང་དགོད་དོ། །ང་ལ་འཕྱའམ་སྨྲས་པས། འཕྱ་བ་མ་ཡིན་དགའ་བ་ཡིན།། སངས་རྒྱས་བསྟན་པ་དར་བས་དགའ། ཞེས་སོགས་ལེགས་སོ་དང་། ཡབ་འདས་པའི་སེམས་གསོ་འདྲ་བའི་ཚིགས་བཅད་སྨྲས། སོ་སོའི་སྲོག་སྙིང་ཐམས་ཅད་དུས་གཅིག་ལ་ཕུལ་གནམ་ཆོས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ནས་མི་སྣང་བར་སོང་གསུངས། སྲོག་སྔགས་ཐམས་ཅད་ཐུགས་ལ་འདུག་ནའང་། མང་གྲགས་པས་བྲི་མོས་མ་བྱུང་། སྔར་ནས་ཡོངས་གྲགས་རྣམས་སྔར་དང་འདྲ་དོ་བསམ་བྲིས། ལྷ་འདྲེ་ངོ་མི་ཤེས་པ་མང་པོས་སྲོག་


CMR003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྲིས་ཀྱང་སུ་ཡིན་མི་ཤེས། ཉེ་སྐོར་གྱི་གཞི་བདག་ངོ་ཤེས་པ་རྣམས་ཀྱི་སྲོག་སྔགས་ཡི་གེར་བཀོད་དོ། །དེ་ཕྱིར་སྤྲུལ་སྐུ་ཉིད་དང་བདག་གཉིས་ཀྱི་ནི་ཐུགས་དམ་རྒྱུན་དུ་གནམ་ཆོས། སྣ་ཁ་འགའ་ཟུང་ཆག་མེད་དང་། མཚམས་དུས་ཕལ་ཆེར་གནམ་ཆོས་ཉམས་ལེན་བྱེད་པའོ། །འོ་ན་དེ་ཡན་གྱི་གནམ་ཆོས་ལ་ཚན་ཅི་ཙམ་ཞེ་ན་ཐམས་ཅད་བསྡོམས་པས་པོད་ཆུང་བཅུ་གསུམ་བྱུང་ངོ་། །འོ་ན་ཞལ་གཟིགས་དག་སྣང་གི་ཆོས་ལ་སྙན་བརྒྱུད་དུ་སྔར་ནས་གྲགས་འདུག །གནམ་ཆོས་དང་གཏེར་དུ་མིང་བཏགས་པ་ཅི་ཞེ་ན། དེ་ནི་གནམ་ཆོས་གཞུང་ལས། གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཟེར། །ཆེ་ཆུང་མེད་པར་ཆོས་ཚན་རེ། །གཏེར་ཁ་རེ་ལ་གཏོགས་པའོ། །ཞེས་གསུངས་སོ། །དེ་ལྟར་གནམ་ཆོས་བརྒྱ་རྩའི་གཏེར་འབྱུང་ལེགས་པར་བཤད་ཟིན་ཏོ། ༈ །ན་མོ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ། སྤྲུལ་སྐུ་མི་འགྱུར་རྡོ་རྗེས་དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ཇི་ལྟར་བྱུང་བའི་གཏེར་འབྱུང་ལ་ཡང་། མདོ་རྒྱུད་ཀྱི་ལུང་། སྔོན་གྱི་རྣམ་ཐར། ད་ལྟ་བྱུང་ཚུལ་ལོ། །དང་པོ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའི་བསམ་པ་དག་


CMR003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ལ་ནི། རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལ་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་པའི་མདོ་ཚིག་འདིས་གསལ་ལོ། །གཞན་ཡང་མདོ་ལས། །དོན་ལ་ངེས་པའི་གདེང་རྙེད་ནས། །སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་གསུངས་སོ། །དེར་མ་ཟད་མདོ་དང་རྒྱུད་ཐམས་ཅད་དགོངས་གཏེར་ཁོ་ན་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འཇམ་དཔལ་འབྱུང་བ་ཆེན་པོ་བཞིན་ནམ་མཁའི་གཏེར་ནས་འབྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་ཤེས་པར་བྱོས་ཤིག །ཅེས་གསུངས་སོ། །ཐུགས་རྒྱུད་བྱིན་གྱིས་བརླབས་པས་དགོངས་གཏེར་ཐུགས་ཀྱི་ཀློང་ནས་རྡོལ་བའི་མདོ་ལུང་ནི། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཞེས་གསུངས་སོ། །དགོངས་གཏེར་ཐུགས་ཀྱི་དཀྱིལ་འཁོར་དུ་མངའ་བ་ནི་ཁྱད་པར་དུ་འཕགས་པ་སྟེ། ཡེ་ཤེས་གསང་བའི་རྒྱུད་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནི་ཁྱད་པར་ཆེ། །ཞེས་གསུངས་སོ། །དགོངས་གཏེར་ལ་ཆོས་


CMR003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དཔག་ཏུ་མེད་པ་འབྱུང་བའི་ལུང་། ལུང་སྐོར་དགུ་པའི་ལེའུ་བརྒྱད་པ་ལས། བདེར་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་། །ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས། །ཞེས་གསུངས་སོ། །དེ་བཞིན་དུ་གསང་བ་སྙིང་པོའི་རྒྱུད་ལས། ཁོག་ནས་གབ་པ་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་སོ། །འོ་ན་དགོངས་གཏེར་ལ་ལུང་ལེན་པ་ནི་འཐད་ཀྱི། དབང་ནི་སུས་བསྐུར་བ་མེད་པས་མི་འཐད་དོ་ཞེ་ན། གཏེར་ལུང་ཆེན་པོ་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་ཏེ། །དབང་སྐུར་ཆོས་བཤད་བྱེད་མཁན་མེད།། །རང་རིག་ཆོས་སྐུའི་གཏེར་རྙེད་པ། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པ་འཛིན་པར་རྟོགས་པ་ཡིན། །ཞེས་དང་། རྒྱལ་བའི་གཏེར་ལུང་ལས། རྒྱལ་བ་དགོངས་པ་གཉིས་ཀྱི་ཚུལ། །དགོངས་པ་བབ་པ་དབང་གི་མཆོག །ཅེས་དང་། གང་གི་བྱིན་རླབས་ཞུགས་པ་དེ། །དབང་གི་དམ་པ་མཆོག་ཏུ་དབང་། །ཞེས་གསུངས་སོ། །འོ་ན་དགོངས་གཏེར་འདི་དག་མདོ་རྒྱུད་བསྟན་བཅོས་གང་གི་ནང་དུ་གཏོགས་ཞེ་ན། འདི་ནི་ངེས་པར་རྒྱུད་ཀྱི་གྲངས་སུ་གཏོགས་པ་ཡིན་ཏེ། རྗེ་མི་བསྐྱོད་ཞབས་


CMR003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྩལ་བའི་བསྟན་ཆོས་དྲང་པོའི་ས་བོན་ཞེས་བྱ་བ་ལས་འདི་སྐད་གསུངས། གསང་སྔགས་རྙིང་མའི་རྒྱུད་རྣམས་བོད་ཀྱི་ཕ་ཇོ་ཅི་རིགས་ཀྱི་བརྩམས་པས་རྒྱུད་རྣམ་དག་མ་ཡིན་ནོ། །ཞེས་པ་འདི་ཁྱེད་ཅག་ཏུ་མ་ཟད། གངས་ཅན་གྱི་ཁྲོད་འདིར་དེ་སྐད་ཟེར་བ་ཤིན་ཏུ་མང་བར་གདའ་ནའང་། དེ་ལྟར་མཐའ་གཅིག་ཏུ་སྨྲ་བར་མི་ནུས་ཏེ། འཛམ་བུའི་གླིང་འདིའི་ཏི་སེ་དང་། དེ་ཝི་ཀོ་ཏྲ་ལྟ་བུའི་གནས་ཆེན་པོ་སོ་བདུན་སོགས་དམིགས་བསལ་བ་རྣམས་དང་། དུས་ཀྱི་འཁོར་ལོ་ལས་གླིང་བཞི་གླིང་ཕྲན་སོགས་འདོད་ཁམས་ཀྱི་གནས་ཕལ་ཆེར་གནས་ཆེན་དུ་བྱས་ནས། དེ་དག་ཏུ་རང་བཞིན་གྱི་དཔའ་བོ་དང་རྣལ་འབྱོར་མ། ས་ལ་གནས་པ་ཐ་མལ་པའི་གཟུགས་སུ་བསྒྱུར་ཏེ། སྐལ་པ་དང་ལྡན་པ་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས། རྒྱུད་འཆད་པ་ལ་སོགས་པ་ཡོད་པར་གསུངས་པ་རྣམས་ཀྱང་། བཅོམ་ལྡན་འདས་ཀྱི་རྒྱུད་དུ་འཇོགས་པ་ལྟ་བུ་འདིར། རང་བཞིན་གྱི་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ། བོད་ཀྱི་ཕ་ཇོ་སྤང་སྨད་ཀྱི་ཚུལ་བཟུང་བ་ལ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཏེ་རྒྱུད་གསུངས་པ་ལ་ཡང་བཀག་པ་མེད་པས། དེ་ལྟ་བུའི་རྒྱུད་ལ་རྒྱུད་


CMR003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་སུ་ཞིག་གིས་བསྒྲུབ་པར་ནུས། དཔེར་ན་བཀའ་གདམས་ཀྱི་ལོ་རྒྱུས་སུ། ཇོ་བོ་ཡེར་པ་ན་བཞུགས་པའི་ཚེ། ཁྱིམ་བདག་ཕོ་མོ་མང་པོ་མཇལ་དུ་བྱུང་བའི་ཁྲོད་ན། བཙས་མ་ཐག་པའི་བུ་མོ་སྨྲ་མི་ཤེས་པ་ཞིག་དང་། ཇོ་བོས་སཾ་སྐྲྀ་ཏའི་གསུང་གླེང་མང་དུ་མཛད་པས། འབྲོམ་སྟོན་པས་ཇི་ལྟར་ལགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་རྒྱུད་འདོན་པར་མཆི་གསུངས། འབྲོམ་གྱིས་བུ་མོ་ལ་འཕྲོས་བྱས་པས། ཅང་མི་ཟེར་བ་ལ། ཇོ་བོས་འདི་རང་བཞིན་གྱི་རྣལ་འབྱོར་མའི་རིགས་སུ་གདོའ་གསུངས། ནག་ཚོས། བུ་མོའི་ཇོ་བོ་ངོ་ཤེས་པས། འབྲོམ་ངོ་མི་ཤེས་པ་ཅི་ལགས་ཞུས་པས།། རྣལ་འབྱོར་པས་རྣལ་འབྱོར་པ་ཕན་ཚུན་ངོ་ཤེས་ཀྱིས། རྣལ་འབྱོར་མིན་པས་ག་ལ་ཤེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་རང་བཞིན་གྱི་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མས་རྒྱུད་འཆད་པ་ན་ཡང་། དཔའ་བོ་དང་རྣལ་འབྱོར་མ་དག་དང་སྐལ་བ་མཉམ་པའི་རྣལ་འབྱོར་ཅན་དག་གིས་ཤེས་ནུས་ཀྱི། དེ་ལས་སྐལ་བ་མི་མཉམ་པའི། རྟོག་གེ་པ་ཚིག་འབྲུ་ཙམ་ལ་མངོན་པའི་ང་རྒྱལ་བྱེད་པ་དག་གིས་ག་ལ་ཤེས། ཞེས་གསུངས་པའི་ཕྱིར་དགོངས་གཏེར་རྣམས་རྒྱུད་དུ་ངེས་སོ། །


CMR003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་རྒྱུད་འཆད་ནུས་པའི་རང་བཞིན་གྱི་རྣལ་འབྱོར་པ་ཡིན་པ་ཅིའི་ཕྱིར་ཞེ་ན། བཀའ་ཐང་སྡེ་ལྔ་ལས། ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་པ་འབྱུང་། །དེ་ནས་འཕོས་ནས་སྤྱོད་པ་བརླབས་ཆེན་མཛད། །སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ། །ཞིང་ཁམས་རྣམ་དག་ཙནྡན་ནགས་ཞེས་པར། །དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར། །བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་། །རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་པ་འབྱུང་། །ཞེས་ལུང་བསྟན་པ་སྟེ། མ་འོངས་པའི་སངས་རྒྱས་རྒྱལ་བ་ཡེ་ཤེས་ཀུན་ཏུ་བཟང་། ད་ལྟ་མི་འགྱུར་རྡོ་རྗེ། འཁྲུངས་ས་ཡང་མདོ་ཁམས་ཟལ་མོ་སྒང་གི་ཉེ་ལོགས། གསང་སྔགས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་ཆའམ། བྱིན་གྱིས་བརླབས་པ་ཡིན་པས། །དགོངས་གཏེར་སྔར་ས་སྟེང་དུ་མ་གྲགས་པའི་གསང་སྔགས་དང་རིག་སྔགས་གཟུངས་སྔགས་དབང་ལུང་མན་ངག་མང་པོའི་དགོངས་གཏེར་ཐུགས་ཀྱི་ཀློང་ནས་བརྡོལ་བ་ལགས་སོ། །འོ་ན་


CMR003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་དགོངས་གཏེར་རྒྱ་བོད་རིག་འཛིན་སུ་ལ་བྱུང་ཞེ་ན། དང་པོ་བྲམ་ཟེ་ས་ར་ཧ་ལ་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། ཕྱག་ན་རྡོ་རྗེས་དབང་བསྐུར། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ནམ་བདེ་བའི་མགོན་པོར་ཡེ་ཤེས་ངོ་སྤྱད་པ་ལ་བསྟེན་ནས། དོ་ཧ་སྐོར་གསུམ་དགོངས་གཏེར་བརྡོལ་ཏེ་དོ་ཧ་སྐོར་གསུམ་མདོ་རྒྱུད་ལ་བརྟེན་པའི་བསྟན་བཅོས་མ་ཡིན་ཏེ། དོ་ཧའི་གཞུང་ལས། འདི་ལྟར་རྟོགས་ནས་མདའ་བསྣུན་གླུ་ལེན་ཏེ། །མདོ་དང་རྒྱུད་ན་གཅིག་ཀྱང་མ་མཐོང་ངོ་། །ཞེས་གསུངས་སོ། །བོད་དུ་ཀློང་ཆེན་རབ་འབྱམས་པ་བི་མ་ལ་དང་། རེ་མ་ཏིའི་བྱིན་གྱིས་བརླབས་པས། དགོངས་གཏེར་བརྡོལ་བ་ཡི་གེར་བཀོད་པ་རིན་ཆེན་ཤོག་འདྲ་ཞེས་པ་ཚན་ཆེན་ཡོད་པར་སྣང་སྟེ། འགའ་རེ་མཐོང་བ་བསྟན་བཅོས་དང་ས་གཏེར་གང་ཡང་མ་ལགས། དྲི་མེད་འོད་ཟེར་གྱིས་བྲིས་ཟེར་བ་འདུག །མཛོད་བདུན་ནི་དགོངས་གཏེར་ཡིན་པར་གྲགས་ཀྱང་མ་ཡིན་ཏེ། རྒྱུད་བཅུ་བདུན་གྱི་རྒྱས་བཤད་བརྩམས་ཆོས་སུ་སྣང་། བི་མ་ལའི་སྙིང་ཐིག་དབང་ལུང་རྒྱུན་སྔར་གྱི་དེ་རེད་ཀྱང་དེའི་ཁྲིད་སྐོར་སོགས་ཕལ་ཆེར་དགོངས་གཏེར་དུ་འདུག །ཁོང་རང་གི་བརྩམས་ཆོས་དང་དགོངས་གཏེར་ཐམས་


CMR003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གླེགས་བམ་མང་པོ་ཡོད་པ། སྒྲུབ་གནས་གངས་རི་ཐོད་དཀར་གྱི་སྒྲུབ་ཕུག་ཏུ་བཞག་ནས་མ་གཟའ་དམ་གསུམ་ལ་གཉེར་གཏད་པས། ད་ལྟ་ཡང་ཀུན་གྱི་ལྟ་བ་དང་བྲི་དབང་ནི་ཡོད། ཁྱེར་དབང་མེད་པར་དེ་ལྟ་ཡང་ཡོད་སྐད། ཁོང་གིས་ལྷ་ལྕམ་པདྨ་གསལ་གྱི་རྒྱན་ཆ་གཏེར་ནས་སྟོན་པ་ཡང་ཕར་སྦས། གཞན་ས་གཏེར་དང་གནས་སྒོ་དང་གནམ་ཆོས་གང་ཡང་མ་བཏོན་མོད་ཀྱི། གཏེར་སྟོན་དྲི་མེད་སྡེ་ལྔའི་གྲར་བརྩི། པདྨ་བཀའ་ཐང་འགའ་ཞིག་ནས་གཏེར་སྟོན་ཡིན་པར་ལུང་བསྟན། ད་ལྟ་རྫོགས་ཆེན་པ་ཕལ་ཆེར་གཏེར་གཞུང་ལས་ཀྱང་ཁོང་གི་གསུང་རྩིས་སུ་བྱེད། སྦ་ཁ་སྤྲུལ་སྐུས་ལོ་གསུམ་ཙམ་རྫོགས་ཆེན་གྱི་ཁྲིད་ཞུས་ཀྱང་། བོགས་ཐོན་པ་དང་རྟགས་རྟེན་འབྲེལ་ཀློང་ཆེན་པའི་དགོངས་གཏེར་བི་མའི་བླ་སྒྲུབ་དེ་ལས་ལྷག་མ་བྱུང་གསུངས་སྐད་དོ། །རྗེ་མི་བསྐྱོད་རྡོ་རྗེས་བདེ་མཆོག་ཏུ་བསྒོམ་པའི་རྩ་གསུམ་དུ་གདན་ས་གསུམ་གྱི་དགོན་པར་བསྒོམས། དེ་གསུམ་གྱི་དབུས་སུ་དུས་མཁྱེན་པཀྴི་སངས་རྒྱས་མཉན་པ་གསུམ་བསྒོམ་པའི་སྒྲུབ་ཐབས་དང་། ཕྱག་བཞི་པའི་ཕྱག་དང་པོ་གཉིས་ཀྱིས་དུས་གསུམ་གྱི་སངས་རྒྱས་ཀྱིས་མཚོན་པའི་མཆོད་རྟེན་སྤྱི་བོར་ཁུར་བ་སོགས་སྒྲུབ་


CMR003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཟབ་ཆོས་མང་དུ་བཀའ་འབུམ་དུ་བཀོད་པར་མཛད། གཞན་ཡང་གུ་རུ་མཚན་བརྒྱད། ཞང་སྐུ་བརྒྱད། ཀརྨ་པ་རབ་བརྒྱད་དབྱེར་མེད་བསྒྲུབ་པ་དང་། སངས་རྒྱས་མཉན་པ་གཅེར་བུ་སྤུན་གསུམ་གླང་ཆེན་གྱི་ཀོ་རློན་གསོལ་ཞིང་མི་རྩིབ་ཀྱིས་བྷནྡཱའི་ཀླད་པ་དཀྲུག་ཅིང་གསོལ་བའི་བླ་སྒྲུབ་སོགས་དེ་དག །མདོ་རྒྱུད་ནས་ག་ལ་གསུངས། ལུང་བསྟན་ཟེར་བ་ནི་མི་སྣང་ན་དགོངས་གཏེར་དུ་ངེས་སོ། །སྔོན་མངའ་བདག་ཉང་གི་དམིགས་ཉོབ་མར་གྲགས་པའི་སྔགས་དང་ལས་ཚོགས་མཐའ་ཡས་པ་དང་། པདྨ་གླིང་པ་བསྙུང་དུས་མཛད་པའི་གདོན་ཁྲོལ་སོགས་གདམས་པ་ཕྲན་བུ་དེ་དག་ཀྱང་། ས་གཏེར་ནས་མ་བྱུང་བརྩམས་ཆོས་མ་ལགས་དགོངས་གཏེར་རོ། །འཇའ་ཚོན་སྙིང་པོས་ལར་ཁོ་བོ་དང་ཤོག་སེར་གཉིས་ལས་ཁྱད་ཆེན་པོ་ཡོད་པ་མིན། བ་དང་འོ་མ་ལྟ་བུ་ཡིན་གསུངས་པས། ས་ཆོས་གནམ་ཆོས་དགོངས་གཏེར་གསུམ་དོན་ལ་ཁྱད་མེད་པའོ། །དེ་ལྟར་སྔོན་གྱི་ལོ་རྒྱུས་སོང་ནས། ད་མི་འགྱུར་རྡོ་རྗེ་ལ་ཇི་ལྟར་བྱུང་བ་ནི། བདག་ན་དུས་སོགས་རྟེན་འབྲེལ་འགའ་རེ་མཛད་པས་ཕན་ཀྱང་རང་ཁ་ཡིན་སྙམ། པདྨ་བཀའ་ཐང་སྡེ་ལྔའི་ལྷ་འདྲེ་བཀའ་ཐང་ནས། དུས་སྙིགས་མ་ལ་ལྷ་སྲིན་


CMR003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཁེངས་ལོག་འབྱུང་ཚུལ་དང་དེས་སེམས་ཅན་ལ་ནད་མུག་མཚོན་གསུམ་འབྱུང་ཚུལ་གསལ་བར་ལུང་བསྟན་འདུག་ཅིང་། དེ་ཡི་བཅོས་ཐབས་ཀྱི་བཅའ་ཚོགས་བརྡ་ཙམ་གཅིག་ལས་མི་གསལ་ལོ། །གཏེར་ཁ་རྣམས་ནས་བྱུང་རབས་ཀྱང་མ་ཐོས། འདི་བཅོས་ཐབས་ཤིག་གལ་ཆེ་བར་གདའ་ཞུས་བས། དེ་ང་ལ་ཡོད་གསུངས་ནས། སྡེ་བརྒྱད་སོ་སོའི་བཅོས་མདོས་ཆུང་བརྒྱད། སྤྱིའི་བཅོས་མདོས་ཆེན་གཅིག་དང་དགུ་བྲི་བར་མཛད། འདི་སུས་གསུངས་ཞུས་པ་སུས་མ་གསུངས་ཀྱང་ང་རང་གི་ཡིད་ལ་གསལ་ལོ་གསུངས། གཞན་ཡང་དབང་ཕྱུག་མདུང་འཛིན་གཡུ་སྒྲོན་མ་སོགས་ལས་ཚོགས་མང་དུ་བཀོད། ད་འདིའི་མུར་གདམས་ངག་ཟད་མེད་བྲི་རྒྱུ་ཡོད་དེ་མི་ཁོམས་གསུངས། སྐུ་མཚམས་ཡང་གྲོལ་ནས་གཞན་རྐྱེན་ལ་བསྟེན་ནས་ཞང་པོའི་ཡུལ་དུ་ཐེགས། འདི་སྐབས་ནས་ས་གཏེར་གྱི་ཡ་གྱལ་གནས་སྒོ་ཕྱེས་རབས་ནི་ཕྱིའི་རྣམ་ཐར་ལས་གསལ་ལོ། །དེ་ནས་བདག་དང་ཡང་ལོ་རེ་ལན་གཅིག་གཉིས་ཞག་འགའ་ཟུང་ལས་མཉམ་དུ་བཞུགས་རྒྱུ་མ་བྱུང་། །ཅུང་ཟད་ནམ་མཇལ་གདམས་ངག་གི་འཕྲོ་ཞུས། དྲུང་ཡིག་པ་ཡང་དག་ལ་ཁྱེད་ཆོས་བདག་ཀྱང་ཡིན་པས་ཞུ་རུང་།


CMR003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཕྲོ་ཅི་འདུག་ཐམས་ཅད་ཞུ་བ་གལ་ཆེ་ཞེས་ལན་མང་སྨྲས་ཀྱང་། འགའ་ཟུང་ལས་མང་དུ་མ་འཁོད་འདུག །ངས་ནི་ཞུ་ཡང་མ་སྤོབས་ཟེར། བསྐང་གསོ་བ་ཞི་གནས་ཀྱིས་ཀྱང་འགའ་ཞིག་ཞུས་ནས་བཀོད་གདའ། དེ་ནས་སྤྲུལ་སྐུ་དགུང་ལོ་བཅུ་བདུན་པ་ལ་སྐུ་མཚམས་ལོ་གསུམ་བཞུགས་པའི་དམ་བཅའ་མཛད་སོང་། སྟོབས་ཆེན་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་དམར་པོའི་ཕྱོགས་ལ། སྤྲུལ་སྐུ་དགུང་སྐག་ཡིན་པའི་ཕྱིར་བདག་མཚམས་ཁང་དུ་སོང་ནས། བརྟན་བཞུགས་ཚེ་དབང་བརྒྱ་རྩ་འབུལ་བ་སོགས་སྐུ་རིམ་ཞག་འགའ་བྱས་སྐབས། ཉེར་མཁོའི་གདམས་ངག་འགའ་ཞུས་པས་ཡིད་ཚིམ། ཆོས་ཚང་མ་ཡོད་པར་མ་ཤེས་པས་གདམས་པ་ལས་ཚོགས་ཀྱིས་འདོད་པ་ཚིམས། ད་ཐུགས་སུན་ད་ནས་མི་ཞུ་སྙམ་པ། དེ་ནུབ་བདག་གི་ཉམས་དང་རྨི་ལམ་འདྲེས་པ་ལ། སྤྲུལ་སྐུ་སྤྱི་འབྱམས་སུ་མ་ཕེབས་གོང་འདིར་ཞུ་བའི་སྐབས་ཡིན་པས་ཞུས་ཤིག །ཟེར་བའི་ལུང་བསྟན་གྱི་སྒྲ་ཞིག་གྲག་གོ །དེར་བདག་གིས་བསམ་པ་ལ་དེ་སྔ་ཡང་། སྐྱེ་བ་དྲན་པའི་རིམ་པ། ལྷ་འདྲེས་སྲོག་སྙིང་ཕུལ་པའི་རིམ་པ། ཡི་དམ་ཞལ་གཟིགས་རིམ་པ། གནམ་ཆོས་རིམ་པ་བྱུང་ཞིང་། དེ་དག་རྫོགས་ནས་


CMR003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣང་བ་ལྟར། ད་རུང་ཡང་དགོངས་གཏེར་གྱི་རིམ་པ་གཅིག་ཡོད་ཟིན། ས་གཏེར་ཐོན་ཁ་ནས་དེ་མེད་པ་འདྲ་སྙམ་ནས། ཕྱིར་ནངས་དེ་སྔ་དགོངས་གཏེར་ཐམས་ཅད་ལས་ཚོགས་གདམས་ངག་འདྲ་བ་ལས་ཆོས་ཆ་ཚང་མ་བྱུང་། ད་ནི་དབང་སྒྲུབ་ཐབས་ཟུང་འབྲེལ་ཡོད་པའི་དགོངས་གཏེར་ཡོད་ན་གནང་དགོས་ཞུས་པས། རྡོ་རྗེ་གྲོ་ལོད། གུར་དྲག་མཐིང་ནག །བྱམས་པ། འོད་ཟེར་ཅན། ཁྱུང་ཁྲ། ཕྱག་རྡོར་ཨུ་ཙ་མ། བཀའ་བརྒྱད་ལུས་དཀྱིལ། ཁྲོས་མ་ལྷ་ལྔ། ཕྱག་བཞི་པ་བྱ་རོག་ཞོན་པ་སོགས་ཡི་གེར་ཕབ་ནས་དབང་ལུང་གནང་། བདག་རི་ཁྲོད་དུ་འོང་ནས་དེ་ཐམས་ཅད་རྒྱུན་བསྙེན་འདྲ་ཞིག་བྱས་པས། དངོས་ཉམས་རྨི་ལམ་དུ་འཚུབ་དང་སློང་ཆེན་པོ་བྱུང་བས། ཨེ་མ་བརྩམ་ཆོས་ཀྱི་སྒྲུབ་ཐབས་རྒྱ་མཚོ་ལྟ་བུ་ལ་ངས་ལྷ་དུ་མའི་རྒྱུན་བསྙེན་བྱེད་མྱོང་སྟེ། བཟང་ངན་གྱི་རྟགས་ཞད་ཙམ་ཡང་མི་འོང་དོ་བ་ལ། དགོངས་གཏེར་འདི་གཏེར་གསར་པ་ཤིན་ཏུ་གཉན་པར་འདུག་སྙམ་པ་བྱུང་ནས། ཚོགས་འཁོར་མང་པོ་དང་གསོལ་ཁ་མཆོད་པ་གཟབ། ད་གཡེར་ཆུང་གི་རྒྱུན་བསྙེན་མི་རུང་བར་གདའ། སོ་སོ་གལ་ཆེ་རིམ་གྱི་གཏེར་བསྒྲུབ་ཞག་ལྔ་བདུན་རེ་


CMR003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྙམ་ནི་བྱེད་ཅིང་ཡོད་ཅིང་། ཅུང་ཟད་རེས་ཀྱང་རྨི་རྟགས་གསལ་བར་སྣང་ངོ་། །དེ་མུས་ཀྱི་པོ་ཏི་དུ་བྱུང་ཡང་ཡི་གེར་བཀོད་དགོས་ཞེས་ཞུས་པ་ཡིན་ཀྱང་། ཟད་ནི་མེད་གསུངས་ནའང་ཅི་ཙམ་ཡི་གེར་འབེབས་ཐུབ་ནི་མ་ངེས་པས་མཚན་ཅི་ཙམ་མི་ཤེས། སྔར་ཕབ་ཚད་ཕྱོགས་གཅིག་བྲིས་ནས་པོད་ཆུང་གཅིག་ཁ་ལོངས་སམ་སྙམ་མོ། །སྐུ་ཞབས་པ་འགའི་གདམས་པའི་རིགས་ལ་གཏེར་རྙིང་དང་གནམ་ཆོས་གང་ལས་ཀྱང་དགོངས་གཏེར་འདི་རྣ་བར་འདུག་ཅེས་རྒྱུ་མཚན་མང་པོ་བཤད་རྒྱུ་སྣང་ངོ་། །དེས་དགོངས་གཏེར་གྱི་གཏེར་འབྱུང་བཤད་ཟིན་ཏོ། །དེ་ལྟར་གནམ་ཆོས་དགོངས་གཏེར་གྱི་ཆེ་བ་ཕན་ཡོན་སོགས་ནི་ལྷ་སོ་སོའི་དབང་བཤད་སྐབས་སུ་བཀོད་ཅིང་། གཏེར་སྤྱིའི་དབྱེ་བ། བཀའ་གཏེར་ཟུང་འཇུག་གི་བཤད་པ༔ ཁྱད་པར་གཏེར་གྱི་ཡོན་ཏན། དེ་ལ་རྩོད་པ་སྤང་བ་སོགས་ནི། ཕལ་ཆེར་ས་གཏེར་ལ་འབྲེལ་ཆེ་བས་འདིར་མ་བཀོད་ཀྱང་། བདག་གི་ལུས་འདི་ཉིད་ཀྱི་ས་འདིའི་མུས་པ་མཐུད་ནས། སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ས་གཏེར་ཐོན་དུས་བདག་གི་ལག་གིས་བྲི་ཆོག་པའི་རྟེན་འབྲེལ་བྱེད་པ་ཡིན་པས། དེ་འགྲུབ་ཅིང་བར་ཆད་མེད་པར་ཨོ་རྒྱན་རིན་པོ་ཆེ་མཁྱེན་


CMR003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གནམ་ཆོས་ལས་གྲུབ་མཐའ་གཞན་ལ་མི་འཇུག་པ་དང་། འདུལ་ཁྲིམས་སྡོམ་པ་མི་ཞུ་བ་དང་། མ་ཇོ་ཌཱ་ཀི་རྟེན་འབྲེལ་འགྲིགས་ན་ས་གཏེར་བརྒྱ་རྩ་ཐོན། དེ་ཚོ་འཆུགས་ན་མི་ཐོན་སྐུ་ཚེའི་བར་ཆད་དུ་འགྱུར་བར་གསུངས་མོད་ཀྱི། གཏེར་རྙིང་ཐམས་ཅད་ནས་ཁམས་ཕྱོགས་གཏེར་ཁ་བརྒྱ་ལ་དབང་བར་ལུང་བསྟན་པ་དང་། བདུད་འདུལ་རྡོ་རྗེས་ཀྱང་ཁག་ཁུར་ས་གཏེར་ཐོན་ངེས་གསུངས་པའི་ཕྱིར་རོ། །འདི་མགོ་བཙུགས་ཚེ་ལྡེབ་མ་དུ་འོང་སྙམ་ཙ་ཉམས་སྣང་ལ་བདུན་ཅུ་འོང་ཟེར་བའི་སྒྲ་གྲག །ཕྱིས་དེ་ལྟར་བྱུང་བས། ང་རྩོམ་མི་ཞན་ཡང་མཁའ་འགྲོ་ཆོས་སྐྱོང་གིས་གཟིགས་པ་ལ་ཡོད་སྣང་སྙམ་མོ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ས་གཏེར་ཇི་ལྟར་བཏོན་པའི་གཏེར་འབྱུང་ཆེན་མོ་བྲི་བའི་རྟེན་འབྲེལ་རེ་ཞིག་བསྐྱུངས་པར་གྱུར་ཏོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་ནང་གི་རྣམ་ཐར་སྤྱི་དོན་གསུམ་པ་གནམ་ཆོས་དང་དགོངས་གཏེར་གྱི་གཏེར་འབྱུང་།next