Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐྱེས་རབས་ལས་སྔོན་རྒྱལ་བུ་ཆོས་ལྡན་དུ་སྐྱེས་པའི་རབས།
   
   
   
   


 
previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐྱེས་རབས་ལས་སྔོན་རྒྱལ་བུ་ཆོས་ལྡན་དུ་སྐྱེས་པའི་རབས།next

སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐྱེས་རབས་ལས་སྔོན་རྒྱལ་བུ་ཆོས་ལྡན་དུ་སྐྱེས་པའི་རབས།


CMR003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐྱེས་རབས་ལས་སྔོན་རྒྱལ་བུ་ཆོས་ལྡན་དུ་སྐྱེས་པའི་རབས་བཞུགས་སོ།། ༈ ན་མོ་པདྨ་ཀ་ར་ཡེ། སྔོན་བསྐལ་པ་མང་པོའི་གོང་དུ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་ལ། སངས་རྒྱས་མངོན་འབྱུང་གིས་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ། རྒྱལ་པོ་མིག་དམར་པོ་དང་ལྡན་པ་བྱ་བ་ཞིག་ཡོད་དོ། །དེ་ལ་བཙུན་མོ་བརྒྱ་ཡོད་པའི་ཐ་ཤལ་ཡབ་སྐུར་བྱ་བ་དེས་རྒྱལ་པོ་འདིས་བཙུན་མོ་ཀུན་དང་ལྷན་ཅིག་རྩེ་ན། བདག་བོར་བ་འདི་ཐབས་ཅི་བྱ་སྙམ་སྟེ་བསམ་མནོ་བཏང་བས་དུག་ཅིག་བཙུན་མོ་རྣམས་ལ་བླུད་སྙམ་མོ། །དེའི་ཚེ་རྒྱལ་པོ་དེས་རྨི་ལམ་དུ་གཟུགས་མེད་པའི་སྒྲ་གྲག་པ་ནི། ཀླུ་རྒྱལ་རྨ་བྱའི་མདངས་ལྡན་གྱི། །མདངས་ཟོས་དུག་ལས་ཐར་འགྱུར་ཞིང་། །སང་ཉིན་ཉིན་ཕྱེད་ཀུན་ལ་བཀྱེས། །བདེ་སྐྱིད་ལྡན་བྱེད་བྱེ་མ་ཡིན། །དེ་ནས་རྒྱལ་པོ་དེ་མནལ་སད་པ་དང་དེ་འདྲེ་ཡིན་ནམ་ལྷ་ཡིན་སྙམ་པས། ཡུལ་གྱི་ལྷ་ཞིག་ཡོད་པ་དེ་ཡིན་པར་རྟོགས་ནས། མདའ་དེར་མཚོ་རྨ་བྱའི་མདངས་ལྡན་བྱ་བ་ཡོད་པའི་བྱེ་མ་བླངས་ནས་འདུག །དེའི་ཚེ་ཡབ་སྐུར་གྱི་དུག་ཟས་དང་སྦྱར་ནས་བཙུན་མོ་རྣམས་ལ་འབོད་པའི་སྒྲ་བཏང་བས་ཉིན་ཕྱེད་དུ་གྱུར་པ་དང་། རྒྱལ་པོས་


CMR003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བྱེ་མ་བཀྱེས་པས་ཀུན་དུག་ལས་ཐར་རོ། །དེ་ནས་བཙུན་མོ་རྣམས་ལ་བུ་མེད་པས་སྡུག་བསྔལ་བའི་ཚེ། སྟོན་པ་རྣམ་ཤེས་དབང་བྱ་བས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་དུས་རྟག་ཏུ་ཐུགས་མི་དགྱེས་པའི་ཚུལ་གྱིས་བཞུགས། མིག་དམར་གྱིས་ཞལ་ནས། ཀྱེ་སྟོན་པ་བདག་བུ་མེད་པས་སྡུག་བསྔལ། རྣམ་ཤེས་དབང་གིས་རྒྱལ་པོས་སྡུག་བསྔལ་མ་བྱེད་དང་ངས་ཆོས་དང་ལྡན་པ་གཅིག་གིས་རྣམ་ཤེས་འགུག་གོ །རྒྱལ་པོ་དགྱེས་ཏེ་ལེགས་སོ་ལེགས་སོ། །དེ་ནས་རྒྱལ་པོ་དང་བཙུན་མོ་འོད་འཕྲོ་མ་གཉིས་ཚེས་བརྒྱད་ནས་མཚམས་བཅད་པས་རྣམ་ཤེས་དབང་གིས་བདེན་པ་བདར་ཏེ་ཆོས་ལྡན་རྣམས་ཀྱི་རྣམ་ཤེས་བཀུག་སྟེ་དགེ་གྲུབ་བྱ་བའི་དགེ་སློང་ཞིག་གིས་རྣམ་ཤེས་དེར་བསྟིམས་སོ། །དེ་ནས་དུས་ལ་བབ་ཚེ་བུ་དེ་བཙས་སོ། །དེའི་ཚེ་བཙས་སྟོན་གྱི་གྲལ་དུ་རྣམ་ཤེས་དབང་གིས་སྨོན་ལམ་བཏབ་པ། ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །བསམ་པའི་དོན་གྲུབ་ཆོས་དང་ལྡན། །ཡིད་བཞིན་ནོར་བུ་རྙེད་གྱུར་ཅིག །དེ་ནས་བྲམ་ཟེ་གཞོན་ནུ་བཟང་ལ་མཚན་བརྟག་བཅུག་པས། ཆོས་དང་བསོད་ནམས་ལྡན་པའི་རྟགས་མཚན་དུ་ངོས་སྤྱད། མིང་ཆོས་


CMR003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ་བཏགས། དེའི་ཚེ་ཡབ་སྐུར་ཕྲག་དོག་སྐྱེས་ཏེ། འོད་འཕྲོ་མ་གཉིད་པའི་ཚེ་བུ་དེ་ཡི་ཁར་ཐལ་བ་བརྫངས་ནས་བྲོས་སོ། །དེའི་ཚེ་ཡུལ་དེའི་ལྷ་རྣམས་ཀྱིས་བུ་དེའི་ཁ་ནས་ཐལ་བ་བསལ་ནས་གསོས་སོ། །དེ་ནས་དུས་རྟག་ཏུ་རིམ་གྲོ་བྱེད་ཅིང་གནས་པ་དང་། ནད་གདོན་གང་གིས་ཀྱང་མ་ཚུགས་སོ། །དེ་ནས་དེ་ཆེར་སྐྱེས་པ་དང་། ཡབ་སྐུར་ཕྲག་དོག་སྐྱེས་ཏེ། དུག་དང་མཚོན་དང་རྨོན་མོ་དང་འཁོར་ལོ་དང་། རྒྱ་གྲམ་ལ་སོགས་པ་གནོད་པ་ཅི་བརྩམས་པས་ཀྱང་མ་ཐུབ་པས། བཙུན་མོའི་ཉལ་སར་གྲི་བཙུགས་པས་གྲི་དེ་བཙུན་མོ་ལ་ཅུང་ཟད་ཟུག་ཀྱང་གནོད་མ་ནུས་སོ། །དེ་ནས་རྒྱལ་བུ་དེ་ཆེ་བ་དང་། རྒྱལ་པོའི་བང་མཛོད་སྟོང་བས་ཡབ་ལ་ཞུས་པས། ཀྱེ་ཡབ་རྒྱལ་པོ། བདག་ནི་རྒྱ་མཚོར་ནོར་བུ་ལེན་དུ་འགྲོའོ། །མིག་དམར་པོ་དང་ལྡན་པས་དེ་སྐད་མ་ཟེར་ཅིག །ཁྱོད་ཅིའི་ཕྱིར་རྒྱ་མཚོར་འགྲོ། སྲས་ཀྱིས་བདག་ནོར་བུ་ལེན་དུ་འགྲོ་བ་ལ། ཡབ་ཡུམ་གཉིས་ཀྱིས་ཅིས་ཀྱང་བཀའ་གནང་དུ་གསོལ། ཞེས་ཡང་ཡང་གསོལ་བ་བཏབ་པས་བཀའ་གནང་བ་དང་། རྒྱ་མཚོར་ནོར་བུ་ལེན་དུ་ཆས་སོ། །དེ་ལ་གཞན་རྒྱལ་བུ་གཉིས་གྲོགས་སུ་རྙེད་པས། མི་


CMR003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྒྱ་ཀུན་རྒྱ་མཚོར་ཞུགས་སོ། །དེ་ནས་ཆུ་སྲིན་དང་འཕྲད་པ་ན་རྒྱལ་བུ་གཞན་གྱི་དུང་དེ་བཏང་པས་ཁོ་མ་དགའ་ནས་རྒྱལ་བུས་དུང་དེ་བསད་དོ། །དེ་ནས་དུང་ཚུར་བྱུང་བ་དང་ཁོས་དུང་བསད་པ་མ་ལེགས་ད་རོ་དོར་བས་བཟང་སྙམ་ནས་རོ་རྒྱ་མཚོར་བོར་རོ། །དེ་ནས་རྒྱ་མཚོ་ལས་བརྒལ་བ་དང་ཁོང་གཉིས་ཀྱིས་ནོར་བུ་བརྟག་མི་ཤེས་པས་རྒྱལ་བུས་བརྟགས་ནས་འོད་བཀྲ་བྱ་བ་དང་བསིལ་སྦྱིན་གཉིས་བྱིན་ནོ། །དེ་ནས་རྒྱལ་བུས་ཁྱེད་གཉིས་ཀྱི་ནོར་བུ་དེ་ཤིང་སྒྲོམ་དུ་བཅུག་ནས་རང་ཁྱིམ་དུ་མ་ཕྱིན་བར་མ་ལྟ་གསུངས་ནས་གཏད་དོ། །ཁོ་རང་ནོར་བུ་འདོད་པ་ཀུན་འགྲུབ་བྱ་བ་ཤིང་སྒྲོམ་དུ་བཅུག་གོ །དེ་ནས་གཞན་ཚོང་པ་རྣམས་ལ་ནོར་བུ་གསུམ་ལས་མི་མང་བ་ཁྱེར་བའི་ཁྲིམས་བྱས་སོ། །དེ་ནས་གཞན་རྒྱལ་བུ་གཉིས་ཀྱིས་བགྲོས་ནས་རྒྱལ་བུ་འདིས་མགོ་བསྐོར་བ་ཡིན་ཡང་། ཟེར་ནས་རྒྱལ་བུས་མ་རིག་བར་འོད་བཀྲ་བསིལ་སྦྱིན་གཉིས་བོར་ནས་གཞན་ནོར་བུ་མང་པོ་ཚག་བྱས་སོ། །རྒྱལ་བུས་བྱེ་མ་ཁྱེར་བ་ཁོང་གཉིས་ཀྱང་བྱེ་མ་ནས་ཚག་བྱས་སོ། །དེ་ནས་གཟིངས་ལ་ཞུགས་པ་དང་། ནོར་བུ་མང་བས་གཟིངས་བྲལ་མ་ནུས་སོ། །དེ་ནས་རྒྱལ་བུས་ཁོ་རང་གི་ནོར་བུ་གཞན་རྣམས་ལ་བསྟན་


CMR003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངས་ཀྱང་ནོར་བུ་གཅིག་ལས་ཁྱེར་མེད་པས་ཁྱོད་རྣམས་ཀྱིས་ཀྱང་རེ་རེ་ལས་མ་ཁྱེར་གསུངས་པས། གཞན་རྣམས་ཀྱིས་གསུངས་བཞིན་བྱས། རྒྱལ་བུ་གཉིས་འཁོར་དང་བཅས་པས་བོར་མ་གཏུབ་བོ། །དེ་ནས་རྒྱལ་བུས་འདི་སྐད་དོ། །ཀྱེ་རྒྱ་མཚོའི་ལྷ། འདི་རྣམས་ཀྱི་ནོར་བུ་མང་དུ་ཁྱེར་བས་གཟིངས་བྲལ་མ་ནུས་སོ། །དེ་ནས་རྒྱ་མཚོའི་ལྷ་དེ་ལུས་ཕྱེད་བར་ནས། ཀྱེ་ཚོང་པ་དག་ནོར་བུ་གཅིག་ལས་མང་ཁྱེར་ན་སྲུང་མ་རབ་མདར་རྒྱུགས་ནས་གཟིངས་འཐོར་བར་འགྱུར་རོ། །རྒྱ་མཚོའི་ལྷ་ལ་མ་ཉན་ན་མི་འདོད་པའི་རླུང་གིས་སྲིན་མོ་གླིང་དུ་ཁྱེར་བར་བྱེད་དོ། །དེ་ནས་ཚོང་པ་ཀུན་དེ་ལྟར་བྱས་སོ། །དེ་ནས་རྒྱ་མཚོར་ཞུགས་ནས་ཚུར་འོང་བ་དང་ཟླ་བ་གཅིག་གསོ་ནས། པིར་གྱི་ཁ་ནས་གཟིངས་ཁྱེར་བ་དང་། སྔོན་གྱི་ལྷ་དེས། ཀྱེ་ཚོང་པ་དག་ཁྲོ་ནོན་འཕོངས་ཤིག།པིར་གྱི་ཁར་ཉེ་ནས་ཡོད། དེ་ནས་དེ་བཞིན་དུ་བྱས་པས་རྒྱ་མཚོ་ལས་བརྒལ་བ་དང་། རྒྱལ་པོ་ལ་གསོལ་བ་དང་། མིང་ཡང་བསིལ་སྦྱིན་བོར་དང་འོད་བཀྲ་བོར་བྱའོ། །རྒྱལ་བུས་གཞན་རྣམས་སྔོན་ལ་བཏང་ནས་ཁོ་རང་གཅིག་པུར་ཤིང་སྒྲོམ་ཁྱེར་ནས་འོང་བ་དང་། ཤིང་སྐམ་པོ་རྩ་བ་མེས་


CMR003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་པ་ཞིག་གི་རྩེ་ན་བྱ་འབའ་ཏ་བྱ་བ་ཞིག་རྒྱ་མཚོའི་བྱེ་མར་འགྲེ་ལྡོག་བྱས་པས་མིག་ལ་ཚེར་མ་ཟུག་པ་ཞིག་གིས་རང་གི་མིག་ཤིང་ལ་གྲུ་ཞིང་འདི་སྐད་དོ། །ཀྱེ་ཧུད་མཐོང་བྱེད་མིག་གིས་འབྲས་བུ་བདག་ལ་མེད། །གཞན་དུ་འཕུར་བའི་ནུས་པ་ང་ལ་མེད། །ཀྱེ་ཧུད་རྣམ་སྨིན་ཅི་ཡིན་བདག་སུས་སྐྱོབས། །དེར་རྒྱལ་བུས་དེའི་མིག་གིས་ཚེར་མ་བསལ་ནས་ཤིན་ཏུ་སྐྱོ་ཞིང་སོང་བ་དང་། རི་དྭགས་རྭ་ཡ་མེད་པ་ཞིག་ལ་ཚོང་པས་མདའ་བརྒྱབས་ནས་རྨ་ལྡག་ཅིང་། རི་དྭགས་གཞན་མང་པོས་བསྐོར་ཏེ་ངུ་ཤིང་འདུག་པ་མཐོང་ནས་བརྒྱལ་ལ་ཐུག་ཅིང་སོང་བ་དང་། མེ་བུས་མལ་ཆུ་མིག་སྐམ་པ། ཤིང་མེས་ཚིག་པ་བྲག་ཞིག་པ། ས་སྣ་ཆད་པ་རྣམས་མཐོང་ནས་ཡིད་མི་བདེ་བཞིན་སོང་བ་དང་། སྒོམ་བཞིན་ཆུ་ལ་འཐུངས་ཤིང་སོང་ངོ་། །དེའི་ཚེ་རྒྱལ་བུ་གཉིས་ཀྱིས་བགྲོས་པ། །ཆོས་ལྡན་འདིས་འུ་ཅིག་གིས་ནོར་བུ་རྣམས་བོར་དུ་བཅུག་པ་ནི་ཕྲག་དོག་ཡིན་ནོ། །དེས་ན་བསད་པ་སྲོག་སྐམ་སྟེ། ཚོང་པ་རྣམས་སྔོན་ལ་སོང་དང་ངེད་གཉིས་ཀྱིས་རྒྱལ་བུ་བཀུག་སྟེ་འོང་ངོ་ཟེར་ནས་ཁོང་གཉིས་བསྡད་དོ། །དེས་ནས་ཆོས་ལྡན་ཤིང་གི་ལྷ་ཞིག་དང་འགྲོགས་ཏེ་སོང་བ་དང་། རྒྱལ་བུ་གཉིས་བྲག་རྩ་ཞིག་ན་


CMR003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་མཐོང་ངོ་། །དེ་ནས་རྒྱལ་བུས་སྙམ་པ་འདི་གཉིས་ཇག་པ་དང་འཕྲད་ནས་ནོར་བུ་ཤོར་བ་ཡིན་ནམ། ནད་བྱུང་ནས་གཅིག་ནད་གཡོག་ཏུ་བསྡད་པ་ཡིན་ནམ། ཅི་ཉེས་སྙམ་སྟེ་སེམས་མི་དགའ་བཞིན་འོང་ནས་རྒྱང་རིང་པོ་ནས་འདི་སྐད་དོ། །ཀྱེ་རྒྱལ་བུ་གཉིས་ཁྱེད་ཅག་གཉིས་ཅི་སྟེ་འདིར་ལུས། བསིལ་སྦྱིན་བོར་གྱིས། ང་ཅི་ཡང་མ་ཉེས་ཏེ། ཁྱོད་མ་བྱུང་བས་དགྲ་དང་འཕྲད་དོ་སྙམ་སྟེ་ལུས་སོ། །དེ་ནས་དྲུང་དུ་སོང་སྟེ་རྒྱལ་བུ་གསུམ་དགའ་བའི་གཏམ་བྱེད་ཅིང་བསྡད་དོ། །དེའི་ཚེ་ཤིང་གིས་ལྷ་དེ་ཡང་དྲུང་དུ་འདུག་གོ །དེ་ནས་རྒྱལ་བུ་གཉིས་ཀྱིས་གནོད་པ་བྱེད་པར་ཤོམ་པ་དང་། ཤིང་གིས་ལྷས་མི་བྱིན་ཕབ་པས་རྒྱལ་བུ་གཉིས་བརྒྱལ་ལོ། །དེའི་ཚེ་ཆོས་ལྡན་གྱིས་ཁོང་གཉིས་ཀྱིས་སྙིང་ཁར་ཆུ་གཏོར་བས་བརྒྱལ་སང་བ་དང་། འོད་བཀྲ་བོར་གྱིས་སྙམ་པ་ངེད་གཉིས་བསད་གྲབ་ཏུ་འདུག་སྙམ་སྟེ་གྲོགས་པོ་ལོངས་ཤིག་བསད་གྲབ་ཏུ་འདུག་གོ །བསིལ་སྦྱིན་བོར་གྱི། ད་རེས་ཅི་བརྒྱབ་པ་རེད་ཟེར་ནས་ཁོང་གཉིས་ཀྱི་ཆོས་ལྡན་ལ་མཚོན་མང་པོ་བསྣན་ནས་ནོར་བུ་ཁྱེར་ཏེ་བྲོས་སོ། །དེ་ཚེ་ཤིང་གི་ལྷ་དེས། ཀྱེ་ཧུད་འདི་འདྲ་ཡོད་པ་ལ། །ཕན་ལེན་གནོད་ཀྱིས་འཇལ་བ་


CMR003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། །མངོན་འབྱུང་རྒྱལ་པོས་མ་ཐོས་པ། །ཟེར་ནས་ངུ་ཞིང་ཕྱོགས་ཀུན་ཏུ་རྒྱུག་གོ །དེའི་ཚེ་བདེ་བྱེད་ལྷ་བྱ་བས། མཚོན་གྱི་རྨ་རྣམས་སོས་གྱུར་ཅིག །དེ་མ་ཐག་རྨ་སོས་པ་དང་རྒྱལ་བུ་གཉིས་ནི་གར་སོང་ཡང་མ་མཐོང་། ཁོང་གིས་ཚོང་པའི་རྗེས་བཏུས་ཏེ་སོང་། དེའི་ཚེ་རྒྱལ་བུ་གཉིས་ལམ་མ་ཐོད་ནས་རྒྱ་མཚོའི་ཁུག་པ་ཞིག །ཟླ་ལམ་གཅིག་ཡོད་པའི་ཕྱོགས་སུ་སོང་ངོ་། །དེའི་ཚེ་ཆོས་ལྡན་གྱིས་ཚོང་པ་རྣམས་སླེབས་པ་དང་། སྔར་གྱི་ལོ་རྒྱུས་རྒྱས་པར་བཤད་པས་རོགས་རྣམས་ཀྱང་མྱ་ངན་གྱིས་ནོན་ཏོ། །དེའི་ཚེ་ཆོས་ལྡན་རྒྱལ་བུ་གཉིས་ཚོལ་དུ་སོང་ངོ་། །ཕྱོགས་ཐམས་ཅད་དུ་བཙལ་ཡང་མ་རྙེད་པས་འདི་སྐད་དོ། །ཀྱེ་ཡུལ་གྱི་ལྷ་དག །རྒྱལ་བུ་གཉིས་མཐོང་ངམ། བྲག་གིས་ལྷ་ཆེན་པོ་བྱ་བ་ཞིག་གིས། །འདི་ནས་ཤར་ཕྱོགས་ངོས་ལ་སོང་། །ཤིང་ཕྲད་བྱང་སོང་རྒྱལ་སྲས་ནི། །ཁྱི་འདྲ་ཕྲད་ཚེ་ཤར་དུ་སོང་། །རྒྱལ་བུ་རྒྱ་མཚོའི་ཁུག་པར་ཡོད། །གཅན་གཟན་དང་འཕྲད་གཡབ་མོས་གཡོབ། །དེ་ནས་དེ་བཞིན་དུ་བྱས་ཏེ་སོང་ངོ་། །དེར་རྒྱལ་བུ་གཉིས་གཅན་གཟན་གྱིས་བསྐོར་ཏེ་འདུག་པ་དང་། རྒྱལ་བུས་གཡབ་མོ་གཡབ་པས་བྲོས་སོ། །དེ་ནས་ཁོང་གསུམ་


CMR003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་ཏེ་འོང་བ་དང་ཚོང་པ་རྣམས་དང་འཕྲད་དོ། །དེ་ནས་ཀུན་འོང་ཤོང་བ་དང་ཤིང་གི་རྩ་བ་ན་བསླེབས་པ་དང་ཚོང་པ་རྣམས་ཀྱིས་ཟས་བཟའ་ཚེ། ཆོས་ལྡན་དང་བསིལ་སྦྱིན་གཉིས་ཤིང་ཀེར་འཛེག་སྟེ་འདུག་ཚེ། ཁོ་ན་རེ། ང་གཉིད་ནས་འདུག་ཚེ་ཁྱེད་ཀྱིས་བསྲུང་ངས་ཁྱོད་བསྲུང་གིས་ཟེར་བས་དེ་བཞིན་དུ་བྱའོ། །གསུངས་པས་ཁོ་གཉིད་ཚེ་བསྲུང་བ་དང་། ཁོ་སད་པ་དང་ཆོས་ལྡན་གཉིད་དོ། །དེའི་ཚེ་བསིལ་སྦྱིན་བོར་གྱིས། ཚོང་པ་རྣམས་སྔོན་ལ་སོང་དང་ངས་འདི་གཉིད་མ་སད་བར་སྲུང་ངོ་། །དེ་ནས་ཚོང་པ་རྣམས་སྔོན་དུ་སོང་བ་དང་ཁོས་རྒྱལ་བུ་ལྡོག་པས་ཕུལ་ནས་ཁོ་རང་ཤིང་རྩར་འཕྱངས་པས་རྐང་པ་བུད་དེ་ལུས་སོ། །དེ་ནས་ཡུད་ཙམ་ན་རྒྱལ་བུ་བརྒྱལ་སངས་བ་དང་། ཀྱེ་གྲོགས་པོ་བདག་ཅག་གཉིས་ཅི་ཕྱིར་ལྟུང་། ཚོང་པ་རྣམས་གར་སོང་། ཁོ་ན་རེ། གྲོགས་པོ་ཚོང་པ་རྣམས་སྔོན་དུ་བཏང་བ་ཡིན་ཏེ། བདག་ཅིག་གཉིས་དོམ་གྱིས་བོར་བ་ཡིན། ང་ཡང་བརྒྱལ་སངས་ཙམ་ཡིན། ངའི་རྐང་པ་ཡང་ཆག་འདུག་གོ །དེ་ནས་ཆོས་ལྡན་སོང་སྟེ། ཀྱེ་ཚོང་པ་དག །ང་གཉིད་ཚེ་ཁོང་གཉིས་དོམ་གྱིས་བོར་ནས་ཁོའི་རྐང་པ་ཆག་ནས་འདུག །སྨྲས་པས་


CMR003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་པ་རྣམས་ལ་ལ་འོང་ནས་རྒྱལ་བུ་གླིང་ལ་བཀལ་ཏེ་འོང་ངོ་། །དེ་ནས་རྒྱལ་བུ་བསིལ་སྦྱིན་བོར་ལ་གཞན་འགའ་ཞིག་གིས་གླང་ཞོན་ཟེར་བས་དེ་བཞིན་དུ་ཐོག་གོ །དེ་ནས་གླང་ཞོན་གྱིས་གྲོགས་པོ་ང་རྒྱལ་བུས་ཤིང་རྩེ་ནས་བོར་བ་ཡིན་ནོ་ཟེར་བས་ཁོས་བདེན་སྙམ་སྟེ། ད་ནི་ངེད་རང་རྣམས་སོ་སོར་འགྲོའོ་ཟེར་ནས་ཁོང་གཉིས་འཁོར་བཅས་གཞན་དུ་ཕྱེས་ནས་རྒྱལ་བུས་སྨོན་ལམ་བཏབ་ནས་རྒྱལ་བུ་འཁོར་ལྔ་བརྒྱ་དང་བཅས་པས་འདོད་པ་ཀུན་འགྲུབ་ཀྱིས་གཙོས་པའི་ནོར་བུ་ལྔ་བརྒྱ་ཁྱེར་ཏེ། རང་གནས་སུ་བདེ་བར་བཞུད་དོ། །དེ་ནས་རྒྱལ་བུས་ཡབ་ཡུམ་རྣམས་ལ་ལོ་རྒྱུས་རྒྱས་པར་བཤད་པས་རྒྱལ་བུ་གཉིས་ཀྱིས་ལས་ངན་དུ་མ་བྱས་ཀྱང་མགོ་ཐོན་པས་འཐུས་ཟེར་རོ། །དེ་ནས་རྒྱལ་བུ་གཉིས་ཁྱིམ་དུ་ཕྱིན་པ་དང་། ཁོས་ངེད་གཉིས་ལ་ནོར་བུ་ངན་པ་གཉིས་བྱིན་པ་དོར་ནས་གཞན་མང་པོ་བཟུང་ཡང་རྒྱ་མཚོའི་ལྷས་ཁོའི་གྲོགས་བྱས་པས་ཐམས་ཅད་བོར་དགོས་བྱུང་། ཁོས་ལམ་ལོག་པར་བསྟན་ནས་ངེད་གཉིས་རྒྱ་མཚོའི་ཁུག་པར་བཅུག་ཅིང་མགོར་གླང་ཞོན་ཉལ་བས་ཁོས་ཤིང་ཆུར་འཕངས་ནས་རྐང་པ་བཅག །ཅེས་སོགས་ཟེར་བས། རྒྱལ་པོ་འཁོར་བཅས་མི་དགྱེས་བཞིན་འདུག་གོ །དེ་ནས་


CMR003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་གྱིས་བ་ཚྭའི་ཆུ་ལ་ཚྭ་སྣ་རྣམས་དང་ལྡུམ་བུ་རོ་ཁ་དང་། རྡོ་མཁྲིས་དང་། ཁང་ཚྭ་གངས་ཚྭ་རྣམས་བཏབ་ནས་བཀྲུས་ཏེ་རེ་བ་རྩུབ་མོས་ཕྱིས། དེ་ནས་ཟས་སྐྱར་ནང་དུ་ལྡམ་སྣ། མཁྲིས་པ། མུ་ཟི། རྡོ་སྲབ་རྣམས་བཏབ་པས་བཀྲུས། ལྭ་བ་རྩུབ་མོས་ཕྱིས། དེ་ནས་ཆུ་ཁོལ་གྱིས་བཀྲུས། དར་གྱིས་ཕྱིས། དེ་ནས་ཆུ་འཁྱག་གཙང་མས་བཀྲུས། དེ་སྐམ་པ་དང་རྒྱ་མཚོའི་བྱེ་མས་བྱུག །དེ་ནས་དར་འཇམ་པོས་ཕྱིས་པས་འོད་ཆེན་པོ་བྱུང་། དེ་ནས་རྒྱལ་མཚན་གྱི་རྩེར་སྦྱར་ནས། ཅི་ལྟ་བའི་ནོར་བུ་ཡིན་ན། བང་མཛོད་རྣམས་གང་བར་གྱུར་ཅིག །ཡབ་རྒྱལ་པོའི་སྤྱན་ཡང་དཀར་པོ་ཤོག་ཅིག །ཅེས་སོགས་བདེན་པ་བདར་བས་ཅི་སྨྲས་པ་ལྟར་གྱུར་ཏོ། །དེ་ནས་གཞན་རྒྱལ་པོ་གཉིས་ཀྱིས་དམག་དཔུང་ཆེན་པོ་བསྡུས་ཏེ་ཕོ་བྲང་བསྐོར་རོ། །དེ་ནས་ཡང་ནོར་བུ་རྒྱལ་མཚན་རྩེར་ཕྱར་ནས་བདེན་པ་བརྡར་བས་གཡུལ་ལས་རྒྱལ་བར་གྱུར་ཏོ། །དེ་ནས་དུས་རེ་ཞིག་ན་ཡུལ་དེ་དང་ཉེ་བ་ཞིག་ན་དྲང་སྲོང་སྐྱེས་དམན་བྱ་བ་ཞིག་ཡོད་པ་དེ་ལ་ལྷ་འདྲེ་ཞིག་གིས་བར་ཆད་མ་ཐུབ་པས་མགོ་བསྐོར་རོ། །དེའི་ཚེ་དྲང་སྲོང་དེ་བཀྲེས་མེ་བུས་པས་ཆུ་ཡང་ལོན། མེ་དེ་འདེས་


CMR003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདུག་པས་ཤིན་ཏུ་སྐམ་དྲག་པ་དང་རིང་བར་ཆུ་འགྲམ་དུ་རྒྱུག་སྟེ། ཆུ་ལ་ཁ་འཐུང་བྱས་ཤིང་བལྟས་པས་གོང་དེར་ཤིང་གིས་རྩེ་མོར་སྤྲེའུ་ཞིག་གིས་ཤིང་རྩེར་མཛུབ་མོ་གཏད་ནས་མུ་ཧུ་གཅན་གཟན་རྒྱལ་པོ་ཆེན་པོ་ལགས། ཁྱེད་ཀྱི་ཤ་བཟང་གསོལ་ལགས་ན། །ཉམས་ཐག་བདག་ལ་ཅུང་ཟད་གནང་། །དེ་ནས་ཝ་དེས་རི་དྭགས་འབའ་བའི་རོ་ཁྱེར་ནས་བྲོས་སོ། །དེ་ནས་སྤྲེའུ་དེས་རང་གིས་དྲི་ཆུ་དང་མི་གཙང་བ་ཟ་ཞིང་སྡུག་པའི་ཚུལ་གྱིས་འདུག་པ་དང་། དྲང་སྲོང་མཐོང་ནས་སྨྲས་པ། ཧུ་ཧཱུཾ། ངོ་ཚ་མེད་པའི་དྲང་སྲོང་ཞིག །ལུས་ནི་གཅེར་བུར་བུད་ནས་ཀྱང་། །ཆུ་འཁྱག་ཁ་འཐུང་བྱེད་བཞིན་དུ། །ངོ་ཚ་མེད་པར་གཅིག་པུར་གནས། །གོས་ནི་ཕུག་པ་སྟོང་པས་ཁྱེར། །གཡོས་ནས་བལྟས་པས་ཅི་ལ་ཕན། །དྲང་སྲོང་གིས། ཧ་ཧོ། ངོ་ཚ་མེད་པའི་སྤེའུ་གཅིག །ཐ་ཆད་ཤིང་གིས་རྩེ་ལ་འདུག །གཅན་གཟན་ངན་པ་ཝ་ལ་ནི། །གསོལ་བ་འདེབས་ཤིང་འབའ་བའི་རོ། །སློབ་མ་ཨེ་མ་ངོ་མི་ཚ། །རང་གི་བྲེག་པ་རང་གིས་ཟ། །འོན་ཀྱང་གཞན་ལ་འཕྱ་མ་ཚར། །དེ་ནས་དྲང་སྲོང་དེ་སྐྱོ་སང་ལ་སོང་ནས་བྲག་ཞིག་གིས་སྟེང་ན་མཚོའི་འོད་ཕོག་པའི་སྟེང་ན་འབུ་རྒྱུག་པ་ལ་


CMR003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ་དང་། ལྷ་འདྲེ་དེས་མགུལ་ཞགས་པས་བཅིངས་ཏེ་ཤི་ལ་ཁད་པ་དང་། རྒྱལ་བུས་མཐོང་ནས་མྱུར་བར་རང་གི་ཁྱིམ་དུ་ལོག་ནས། ནོར་བུ་རྒྱལ་མཚན་གྱི་མགོར་སྦྱར་ཏེ་སྨོན་ལམ་བཏབ་པས་བྲམ་ཟེ་སོས་སོ། །དེ་ནས་རྒྱལ་པོ་དགེ་ཅན་གྱི་བུ་མོ་དགེ་འཆང་མ་བྱ་བ་ཞིག་ཡོད་པ་དེ་བཙུན་མོར་བསུས་པས་གཡོག་མོ་བརྒྱ་དང་བཅས་ཏེ་ཚེས་བཅུ་ལ་མིག་དམར་པོ་དང་ལྡན་པའི་ཕོ་བྲང་དུ་སླེབས་སོ། །དེ་ནས་དགེ་འཆང་མ་དང་ཆོས་ལྡན་གཉིས་མེ་ཏོག་གི་ཚལ་ཆེན་པོ་ཞིག་ན་ཁང་པ་བརྩེགས་ནས་བརྩེ་ཞིང་གནས་སོ། །དེ་ནས་དུས་རེ་ཞིག་ན་ཡབ་རྒྱལ་པོ་འདས་པ་དང་། ལོ་གསུམ་ནས་མུ་གེ་ཆེན་པོ་བྱུང་ནས་རྒྱལ་པོའི་ཕོ་བྲང་དང་རྒྱལ་བུའི་ཕོ་བྲང་གཉིས་ནི་འབྲས་བྲེ་དོ་འདུག་པའི་ཚེ། མངོན་འགྱུར་རྒྱལ་པོའི་ཉན་ཐོས་ཚེ་ལ་དབང་བྱ་བ་ཞིག་ཡོད་པ་དེ་གླང་ཞོན་གྱི་ཕོ་བྲང་སྟེང་དུ་སོང་སྟེ། ཀྱི་རྒྱལ་པོ་འཚོ་བ་སློང་གསུངས་པས་གླང་ཞོན་གྱིས། ཀྱེ་ཚེ་དབང་། བདག་རྒྱ་མཚོར་ནོར་བུ་ལེན་དུ་སོང་ནས་ནོར་བུ་ལོན་ཀྱང་ཆོས་ལྡན་གྱིས་འཕྲོག་གོ །ཆོས་ལྡན་ལ་ནོར་བུ་ཡོད་པས་དེར་བྱོན་ཟེར་རོ། །དེ་ནས་ཉན་ཐོས་ཀྱི་དེའི་དོན་ཤེས་ཏེ་དགོད་ཤོར་བས་ཡུལ་དེར་ཆར་ཅུང་ཟད་བབ་


CMR003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །དེ་ནས་ཉན་ཐོས་དེ་ཕོ་བྲང་གི་རྩེར་བབ་ནས། ཀྱེ་ཆོས་ལྡན་འཚོ་བ་སློང་གསུངས་པས་འབྲས་བྲེ་དོ་ནི་འདྲེན་དུ་ཡང་མ་བཏུབ་མྱ་ངན་བྱེད་ཅིང་ཡོད་ཚེ། དགེ་འཆང་མས། ཀྱེ་རྒྱལ་བུ། རྒྱ་མཚོ་ནས་བླངས་བའི་ནོར་བུ་དེ་མེད་དམ། དེས་འདོད་པ་ཀུན་འགྲུབ་ན་ཟས་གཏེར་མི་ནུས་སམ། ཞེས་ཟེར་བས་རྒྱལ་བུ་མྱུར་དུ་འོད་འཕྲོ་མ་སར་རྒྱུག་སྟེ་ནོར་བུ་དགོས་གསུངས་པས། གར་ཡོད་མ་ཤེས། དེ་ནས་རྒྱལ་བུས། བོདག་གིས་རྙེད་པའི་ནོར་བུ་དེ་ཡང་དག་པའི་ནོར་བུ་ཡིན་ན་མདུན་འདིར་ཤོག་ཅིག་ཤོག་ཅིག །དེ་ནས་རྙེད་པ་དང་། །རྒྱལ་མཚན་རྩེར་ཕྱུར་ནས་སྨོན་ལམ་བཏབ་པས་བང་མཛོད་ཐམས་ཅད་གང་ངོ་། །དེ་ནས་འཚོ་བ་དྲངས་ནས་སྡེ་རྣམས་ལ་ཡང་སྦྱིན་པ་བཏང་ངོ་། །དེ་ནས་ནོར་བུ་དེ་མ་ལ་གཏད་དེ་འདི་རྒྱལ་མཚན་གྱི་རྩེ་ལ་ཕྱར་ནས་གསོལ་བ་ཐོབ་དང་དགོས་འདོད་འགྲུབ་བོ། །དེ་ནས་དགེ་འཆང་མ་དང་ཆོས་ལྡན་གཉིས་ལྷ་ཡུལ་དུ་འཕུར་ཏེ་སོང་ངོ་། །ལྷ་ཡུལ་དུ་ལོ་སྟོང་དུ་བཞུགས་སོ། །རྫོགས་སོ། །དེའི་ཚེ་དེའི་དུས་ན་ཡབ་རྒྱལ་པོ་ནི་མགོན་པོ་ཚེ་བརྟན་ཡིན་ལ། འོད་འཕྲོ་མ་ནི་ང་ཡི་མ་འདི་ཡིན་ནོ། །ཡབ་སྒྱུར་ནི་སྐྱའི་མིང་ཅན་ནོ། །རྣམ་ཤེས་དབང་ནི་ཨ་


CMR003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཙརྱའོ། །གཞོན་ནུ་བཟང་ནི་ཞང་པོ་དོན་གྲུབ་ཡིན་ནོ། །ཡུལ་གྱི་ལྷ་ནི་མགོན་སྲུང་ངོ་། །བསིལ་སྦྱིན་བོར་ནི་རྟའི་མིང་ཅན་ནོ། །འོད་བཀྲ་བོར་ནི་ཙའི་མིང་ཅན་ནོ། །རྒྱ་མཚོའི་ལྷ་ནི་ཡ་མའོ། །སྐྱེ་དམན་ནི་ཆོས་འཕེལ་ལོ། །ལྷ་འདྲེ་ནི་འདིར་མེད་དོ། །སྤྲེའུ་དང་ཝ་རྣམས་ནི་ལྷ་འདྲེའི་སྤྲུལ་པའོ། །དགེ་བ་ཅན་དང་དགེ་འཆང་མ་གཉིས་ད་ལྟ་འདི་ན་མེད་དོ། །ཤིང་གི་ལྷ་དེ་ནི་ཆོས་དབང་ཀུན་བཟང་ཡིན་ནོ། །འདིར་མ་ཐེབ་པ་རྣམས་ནི་འདིར་མེད་པ་དང་། ཕྲན་ཚེགས་རྣམས་སོ། །མངྒ་ལཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲུལ་སྐུ་མི་འགྱུར་རྡོ་རྗེའི་སྐྱེས་རབས་ལས་སྔོན་རྒྱལ་བུ་ཆོས་ལྡན་དུ་སྐྱེས་པའི་རབས།next