Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
སྤྲུལ་སྐུ་མི་འགྱུར་རྡོ་རྗེ་སྔོན་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པའི་རབས།
   
   
   


 
previousསྤྲུལ་སྐུ་མི་འགྱུར་རྡོ་རྗེ་སྔོན་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པའི་རབས།next

སྤྲུལ་སྐུ་མི་འགྱུར་རྡོ་རྗེ་སྔོན་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པའི་རབས།


CMR003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་སྔོན་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པའི་རབས་བཞུགས་སོ།། ༈ སྔོན་ཚེ་བསྐལ་པ་དཔག་མེད་གོང་རོལ་དུ། །བསྐལ་པའི་མིང་ནི་བཟང་པོར་སྤྱོད་ཅེས་བྱ། །སངས་རྒྱས་སྣང་མཛད་ཅེས་བྱའི་བསྟན་པ་སྟེ། །གྲོང་ཁྱེར་བྷ་ར་ཎ་ཞེས་བྱ་བ་རུ། །རྒྱལ་པོ་ཆེན་པོ་ཤིང་རྟ་འདྲེན་པ་དང་། །ཀུན་དགའ་བཟང་མོ་ཡབ་ཡུམ་གཉིས་ཀྱི་སྲས། །བདག་ནི་རྒྱལ་བུ་དོན་གྲུབ་ཅེས་བྱར་གྱུར། །སྦྱིན་ལ་དགའ་ཞིང་བརྩོན་འགྲུས་རབ་ཏུ་ཆེ། །སྙིང་རྗེ་ཆེ་ཞིང་ཚུལ་ཁྲིམས་དམ་ཚིག་ལྡན། །དེ་ནས་སྲས་ཀྱིས་ཡབ་ལ་འདི་སྐད་ཞུས། །བདག་ནི་སངས་རྒྱས་ཅི་འགྲུབ་མ་གཏོགས་མེད། །ཁྱེད་ནི་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྟེ། །བདག་ལ་སྦྱིན་པ་བཏང་རྒྱུའི་ནོར་སྩོལ་ཅིག །ཆོས་མཆོག་སྒྲུབ་པའི་གྲོགས་ནི་མཛད་དུ་གསོལ། །ཞུས་པས་དེ་ལྟར་བྱེད་པར་ཁས་བླངས་སོ། །སྲས་ཀྱི་སྦྱིན་པའི་ཁང་པ་གཞན་དུ་བརྩིགས། །མི་སྡེ་མང་དུ་བསྡུས་ཏེ་སྦྱིན་པ་བཏང་། །དེ་དུས་རྒྱལ་ཕྲན་ཆོས་དང་མཐུན་པ་ཞིག །འདི་སྐད་ཡུལ་ནི་བྷ་ར་ཎ་ཞེས་པར། །རྒྱལ་བུས་སྦྱིན་པ་རྒྱ་ཆེན་བཏང་བ་ལ། །དེ་ལ་འབུལ་བ་བྱེད་པར་དེ་ཆས་སོ། །བློན་པོས་ལག་པ་བཅད་པའི་སྤྲང་པོ་


CMR003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད། །དེ་དུས་མུ་སྟེགས་རྒྱལ་པོ་ཤིག་ལྡན་གྱིས། །སྤྲང་པོ་གཅིག་ཀྱང་སྦྱིན་པ་ལེན་དུ་བཏང་། །དེ་ནི་ཆོས་ལ་མི་དགའ་ཕྲག་དོག་ཆེ། །དེ་ཡི་བྲན་དེས་གཡོག་ལ་ལོ་དྲུག་ཙམ། །འདུག་པར་ཁས་བླངས་ནས་ནི་དེར་བསྡད་དོ། ༈ །དེ་ནས་གོང་གི་རྒྱལ་ཕྲན་དེ་མཇལ་ཏེ། །ཞབས་ལ་ཕྱག་འཚལ་འདུད་དེ་འདི་སྐད་ཞུས། །ཀྱེ་མ་ཀྱེ་མ་བདག་ཅག་བསོད་ནམས་ལྡན། །འཛམ་གླིང་ཆོས་ཀྱིས་ཁེངས་མཛད་བསྐལ་བཞུགས་གསོལ། །བཀའ་དྲིན་དྲན་བཞིན་བདག་ཅག་ཐུགས་རྗེས་ཟུང་། །ཁྱེད་ནི་སངས་རྒྱས་དངོས་བས་འགྲོ་དོན་མཛོད། །ཅེས་ཞུས་འབུལ་བ་རྣམས་ནི་དེར་ཕུལ་ལོ། །དེ་ཡི་བློན་པོས་བྱ་བྲལ་ལག་ཟླུམ་ལ། །ཕྱག་སློང་བཅུག་པས་སྦྱིན་པར་ཆས་པ་ན། །ཆོས་ཀྱི་རྒྱལ་པོ་དེ་ཡིས་འདི་སྐད་ཞུས། །ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །བདག་ནི་སྦྱིན་པ་བཏང་བར་མི་འཚལ་གྱིས། །གཞན་གྱི་སྦྱིན་པ་ཅི་དགོས་བཏང་བར་མཛོད། །སྦྱིན་པ་བཏང་ན་སྲོག་བཅད་སྡིག་པ་འོང་། །ཕྱག་ནི་སྦྱིན་པར་བཏང་ན་བདག་ཅག་ནི། །བསད་པ་དང་ནི་ཁྱད་པར་མེད་པར་གྱུར། །ཞེས་ཞུས་ནོར་བུའི་ཚོགས་སྦྱིན་དེ་བརྫང་ངོ་། །དེ་ནས་རྒྱལ་པོ་དེ་ཡང་རང་གནས་གཤེགས། །


CMR003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གོང་གི་སྤྲང་པོའི་འདི་སྐད་དུ། །ཟླ་བ་བཞི་ཙམ་སོང་ཞིང་གཡོག་ཀྱང་འགྲུབ། །སྦྱིན་པ་བྱིན་དང་བདག་ནི་ད་འགྲོ་ཞུས། །རྒྱལ་བུ་དེས་ཀྱང་དེ་ལ་འདི་སྐད་གསུངས། །ཀྱེ་མ་ཁྱོད་ཀྱི་བྲན་དང་ཕོ་ཉ་བྱས། །ཅི་དགའི་ལོངས་སྤྱོད་དག་ལ་སྤྱོད་ཅིག་དང་། །བདག་གིས་བྱང་ཆུབ་སེམས་བསྐྱེད་སྲི་བ་མེད། །ཅེས་གསུངས་བྲམ་ཟེ་དེ་ཡིས་འདི་ལྟར་ཞུས། །ཁྱོད་ལ་རྒྱལ་པོ་ཤིང་རྟ་འདྲེན་པ་ཡི། །ནོར་བུ་འདོད་པ་ཀུན་འབྱུང་ཕོག་འདུག་པས། །ངེས་པར་སྦྱིན་པ་བཏང་ན་དེ་སློང་ཟེར། །ཡང་ནི་རྒྱལ་པོ་དེ་ཡིས་འདི་སྙམ་སེམས། །འདི་ནི་སྦྱིན་པ་ཟད་མེད་བྱ་བ་དང་། །གཞན་ལ་མི་སྦྱིན་ཁས་ལེན་ཡོད་པས་ན། །སྦྱིན་དུ་མི་གཏུབ་སྙམ་སྟེ་འདི་སྐད་གསུངས། །བདག་ལ་སྦྱིན་པ་སློང་བ་རབ་ཏུ་དགའ། །འོན་ཀྱང་རྒྱལ་པོར་མི་སྦྱིན་ཁས་བླངས་པས། །དེ་མིན་ཁྱོད་ལ་ཅི་དགོས་སྟེར་གྱིས་སོང་། །དེ་སྐད་གསུངས་པས་བྲམ་ཟེ་དེ་ན་རེ། །སྦྱིན་པ་ཅི་དགོས་སྟེར་བར་ཁས་བླངས་ན། །ནོར་བུ་མ་བྱིན་དམ་ཚིག་མི་འགལ་ལམ། །ཡབ་དང་དམ་ཚིག་མ་ཉམས་ཉེས་མི་འབྱུང་། །ཁྱོད་ཀྱིས་རྩིས་ཆེ་བ་དེ་མ་བཏང་ན། །དེ་མ་གཏོགས་པས་སྦྱིན་པ་ཅི་ལྟ་བའི། །སྦྱིན་པར་


CMR003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་ཟེར་བས་རྒྱལ་པོ་ཡིས། །འོ་ན་ཁྱོད་ལ་བདག་གིས་སྦྱིན་པ་སྟེར། །ཁྱོད་ཀྱིས་གཞན་ལ་སྨྲ་བར་མི་བྱེད་ཅིག །ཅེས་གསུངས་ནས་ནི་ནོར་བུ་དེ་བྱིན་ནོ། །དེ་ནས་བློན་པོ་ཤིན་ཏུ་མཛེས་པ་ཡིས། །དེ་སྐད་ཐོས་ནས་ཡབ་ལ་འདི་སྐད་ཞུས། །ཀྱེ་མ་རྒྱལ་པོ་ཆེན་པོ་ཤིང་རྟ་འདྲེན། །ཁྱོད་ཀྱི་སྲས་པོ་དོན་གྲུབ་ཅེས་བྱ་དེས། །ནོར་བུ་འདོད་པ་ཀུན་གྲུབ་གཞན་ལ་བྱིན། །དེས་ན་གསོད་པའི་ལས་ལས་འོས་ཅི་ཡོད། །ཅེས་ཞུས་རྒྱལ་པོ་ཆེན་པོས་འདི་སྐད་གསུངས། །བདག་ལ་སྲས་པོ་ཆོས་དང་མཐུན་པ་ཞིག །ཡོད་པ་དེ་ཡི་ལས་ནི་ཅི་བྱས་ཀྱང་། །བདག་ནི་མིག་ལོག་ཙམ་ཡང་བྱར་མི་བཏུབ། །ཅེས་གསུངས་པས་ཡུམ་ཀུན་དགའ་བཟང་མོ་ལ་ཞུས་པས། འོ་ན་རྒྱལ་བུ་ཡིན་ཡང་ཉེས་ན་ཆད་པ་བཅད་དགོས་ཀྱི། དེ་མ་བཅད་ན་རྒྱལ་སྲིད་སྟོང་གིས་དེ་ལྟར་ཞུས་ཤིག །ཅེས་བཟླས་སོ། །དེ་ལྟར་ཤིན་ཏུ་མཛེས་པས་ཡབ་རྒྱལ་པོ་ལ་ཞུས་པས། སྲས་ཆེ་བ་ཕུད་ནས་སུས་རྒྱལ་སྲིད་བཟུང་བ་ཡིན། དེས་ན་བཙུན་མོ་གཅིག་བསུས་ཏེ་དེ་ཕྱིན་ཆད་སྦྱིན་པ་ཚོད་ལྟས་བཏང་དུ་མི་སྟེར་ཏེ་རྒྱུ་སྲི་བ་ལ་འཇོག་གོ །དེ་ལྟར་ཡུམ་ལ་ཞུས་པས། ནོར་བུ་མེད་ནས་ལྟས་ངན་སྲིའམ་ཅི། །བདག་ཕམ་


CMR003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྒྱལ་བྱེད་པའི་བདུད་རྒྱལ་ནི། །མྱུར་དུ་བསད་དམ་མེད་པར་མ་བྱས་ན། །སྡེ་རྣམས་བཀྲ་ཤིས་མེད་པ་ཅི་ལ་བཟོད། །དེས་ན་མྱུར་དུ་བདུད་དེ་མེད་པར་མཛོད། །ཅེས་ཟེར་དེ་བཏང་ངོ་། །དེ་ནས་ཡབ་རྒྱལ་པོས་ཁྱོད་སོང་ལ་བློན་པོ་རྣམས་སྡུས་ཤིག །དེ་ནས་བློན་པོ་རྣམས་འཚོགས་ནས་བགྲོས་པ། ་རྒྱལ་པོས་སྲས་སམ་རྒྱལ་པོ་རང་ལགས་ཀྱང་། ཉེས་བྱས་ན་ནི་མྱུར་དུ་ཆད་པ་གཅོད། བྱ་བ་ཡིན་པས་ཆད་པ་ཅིས་ཀྱང་བཅད་འཚལ་ཞེས་སོགས། དེ་ནས་འོ་ན་ཅི་ལྟ་བུ་ཞིག་བཅད་ཅེས་གསུངས་སོ། །ལ་ལས་དེ་སོད་ཅིག །ལ་ལས་དེ་བསྐྱུག་ཅིག །ལ་ལས་དེ་ཟངས་ཁ་སྦྱོར་གྱི་ནང་དུ་ཚོས་ཤིག །ལ་ལས་དེ་མུན་ཁང་དུ་ཆུགས་ཤིག །ལ་ལས་དེ་དུར་ཁྲོད་ཀྱིས་སྟག་ལ་ཟན་དུ་གྱིས་ཤིག ཤིན་ཏུ་མཛེས་པས་གསོ་ཐིག་གིས་མགྲིན་པ་ཆིངས་ལ་མྱུར་དུ་སོད་ཅིག །ཅེས་སོ། །དེ་ནས་རྒྱལ་བུ་འདིར་ཁྲིད་ཤོག་ཅིག་དང་གསུངས་ནས་སྡེ་ཐམས་ཅད་བསྡུས་ནས་སྟོན་མོ་བྱ་ཉིན་རྒྱལ་པོས་ཁྲོམ་ནང་དུ་འདི་སྐད་དུ། ཀུནྡའི་མདོག་མཚུངས་ཤིན་ཏུ་མཛེས་པའི་ལུས་ཅན་ལྷ་ཡི་སྲས། །མ་ལྟར་འགྲོ་རྣམས་ཀུན་ལ་ཤིན་ཏུ་བྱམས་པའི་ཐུགས་རྗེ་དང་ལྡན། །ཆོས་དང་


CMR003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པས་ཆོས་ཀྱི་རྒྱལ་པོ་འདྲ་བའི་རྒྱལ་བུ་དེ། །དེ་རིང་བདག་དང་འབྲལ་བ་འདི་ནི་ལྟས་ངན་ཅི་གོ་ཡིན། །འདི་དང་འབྲལ་ཁ་བདག་རང་མི་འཆི་བ་འདི་ཅི་གོ་ཡིན། །ཅེས་སྨྲས་ཏེ་ངུས་སོ། །དེ་ནས་དེ་རྣམས་ཀྱིས་ད་ཅི་གོ་རེད། དེ་རིང་རྒྱལ་བུ་ཆོས་དང་མཐུན་པ་དེ་ལ་བར་ཆད་གཅིག་རེད་ཟེར་ནས་ཐམས་ཅད་ས་འགྲེའོ། །དེ་ནས་རྒྱལ་བུས་ཕྱག་ནས་བཟུང་སྟེ། ཀྱེ་མ་ཁྱོད་ནི་མིག་འབྲས་དངོས་འདྲ་ཡང་། །ཉེས་པར་གྱུར་པས་ཁྱོད་ནི་བདེ་བར་སོང་། །ཞེས་གསུངས་དུས་ནས་གླང་པོ་ཆེ་དང་རྟ་དང་ནོར་དང་གསེར་དངུལ་རྣམས་བརྫངས་སོ། །དེ་ནས་དེ་ཡུམ་གྱིས་ཐོས་ནས་རྒྱལ་བུ་དེ་འདིར་ཁྲིད་ཤོག་ཅིག་གསུངས་སོ། །དེ་ནས་དེར་ཁྲིད་འོང་བ་དང་། ཡུམ་གྱིས་འདི་སྐད་དུ། ཁྱོད་བདུད་ཀྱི་རྒྱལ་པོ་ལགས་པས། འདི་ནས་ལོ་སུམ་ཅུ་སོ་དགུ་ལ་བདུད་རི་མངོན་སུམ་ཟ་བའི་དྲུང་དུ་སོང་ཞིག་ཅེས་ཟེར་ཏེ་རྐང་ལག་ལྕགས་སུ་བཅུག་དབྱིག་པ་དང་ཐོ་བ་སོགས་ཀྱིས་བརྡུངས། རྒྱལ་པོས་བརྫངས་བ་ཐམས་ཅད་ཀྱང་བླངས། དེ་ནས་བསྐྱུག་པར་ཆད་པ་དང་། ཐམས་ཅད་ལ་ལ་ཆུ་ལ་མཆོངས། ལ་ལ་བྲག་ལ་མཆོངས། ལ་ལ་གཉའ་བ་བཅིང་སྟེ་ཕལ་ཆེར་ཤིའོ། །མ་ཤི་བ་ཐམས་ཅད་


CMR003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བརྒྱལ་བར་གྱུར་ཏོ། །དེ་ནས་བློན་པོ་ཤིན་ཏུ་མཛེས་པས་ཡུམ་ལ་འདི་སྐད་དོ། །རྒྱལ་བུ་འདིས་ནི་ནོར་བུ་གཞན་ལ་བྱིན་པས་ད་རུང་ཚད་པ་ཆོད་ཅེས་ཞུས་སོ། །འོ་ན་ཟླ་བ་གཅིག་མུན་ཁང་དུ་ཚུད་ལ་ཆུ་ཐོབ་ལ་འབྱར་ཆུག་ཅེས་སོ། །དེ་ནས་འདི་ལྟར་བྱས་ཏེ་ཟླ་བ་གཅིག་ལ་བཞག་པ་ལ་ལྷའི་བུ་མོ་རྣམས་ཀྱིས་ཟས་བྱིན་ཞིང་གོས་བཀོན་ནོ། །དེ་ནས་བཏོན་ཏེ་བསྐྱུགས་ནས་ལོ་སྐོར་ཉེར་དྲུག་འདས་པ་དང་། རྒྱལ་པོས་གདན་འདྲེན་དུ་བཏང་། བློན་པོ་ཟླ་འོད་སླེབས་པ་དང་བདུད་རི་ན་མ་ཕྱིན་ནས་ལམ་དུ་གནས་པ་ལ་དེ་ནས་གདན་འདྲེན་པ་རྣམས་ལ་འདི་སྐད་དུ་བཟླས་སོ། །བདག་ནི་མ་ཡི་བཀའ་བཅག་མི་འཚལ་གྱི། བདག་ནི་ལོ་སྐོར་སུམ་ཅུ་སོ་དགུར་འདུག །ཅེས་སྤྲེངས་སོ། །དེ་ནས་བང་ཆེན་པ་རྣམས་ཕྱིར་ལོགས་པ་དང་། རྒྱལ་བུ་སོང་བས་ཆུ་ཆེན་གཅིག་གིས་ཁར་ཕྱིན་པས་གྲུ་པ་གཅིག་གིས་ཁྱོད་སུ་ཡིན་གང་ནས་འོང་གང་དུ་འགྲོ་བ་ཡིན་ཞེས་ཟེར་རོ། །དེ་ནས་དེར་ནོར་བུ་ལེན་མཁན་གྱི་མི་དེ་ཕྱིན་ཡོད་པས། རྒྱལ་བུས་ང་ནི་ཁོ་ལ་ནོར་བུ་སྦྱིན་པ་བཏང་མཁན་དེ་ཡིན་གསུངས་པས། མི་དེས་རྫུ་ན་མ་ང་ལ་ནོར་བུ་བྱིན་མ་མྱོང་སྟེ་རྡུང་ཞིག་ཅེས་སོ། །དེ་ནས་གྲུ་པ་


CMR003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ང་ཆུ་ཕར་ཁར་བརྒལ་དུ་གསོལ། ཞེས་གསུངས་པས་གྲུ་པས་ཁྱོད་ངས་མི་བརྒལ་ལར་ཁྱོད་རྫུན་མ་ཇོ་བརྫུ་མཁན་གཅིག་རེད་ཡུལ་འདིར་མ་བསྡོད་ཅིག་ཟེར་རོ། །དེ་མ་ཐག་ལྷའི་བུ་དང་བུ་མོ་རྣམས་ཀྱིས་དར་ཟབ་ཀྱི་ཟམ་བཙུག་སྟེ་ཕ་རིར་བསྐྱལ་བས་གྲུ་པ་དེས་ཆུ་འདི་ཡང་ཐོགས་མེད་དུ་ཐར་སོང་བས་འདི་ཡུལ་ཁམས་མེད་པར་བྱེད་མཁན་གཅིག་རེད་པས་འགྲོ་ནས་རྡུང་བའམ་བསད་དུ་འོང་ཟེར་བས། མི་ཐམས་ཅད་ཀྱིས་དེ་བདེན་ཟེར་ཏེ་འོང་ནས་བརྡུང་བརྡུང་སྟེ་ལུས་སེམས་མ་བྲལ་བ་ཙམ་དུ་བྱས་ཏེ་སོང་། དེ་ནས་བང་ཆེན་པ་རྣམས་ལོག་སྟེ་ཕྱིན་པ་དང་གཞན་རྣམས་ཀྱིས་དེ་ལྟར་བཤད་པས། །མི་དེ་རྣམས་བརླག་གོ །དེ་ནས་ཡབ་རྒྱལ་པོའི་ཕྲིན་རྣམས་ཞུས་པས། །འོ་ན་ད་འགྲོ་སྟེ་ཁྱེད་རྣམས་ཀྱི་ཕྲེང་མི་སྨྲ་བ་བཟླས་ནི་གསང་ངོ་། །དེ་ནས་འབྱོན་པར་ཆས་པས་ན། བྱ་རི་དྭགས་བཙན་ཐམས་ཅད་ས་ཐག་རིང་པོར་བསྐྱལ་ཏེ་ངུས་སོ། །དེ་ནས་ཚུར་ཕྱིན་པ་དང་ཡུམ་གྱིས་ཐོས་ནས་དེར་ཡོང་ནས་མུན་ཁང་དུ་ཟླ་བ་གཉིས་སུ་ཆུག་ཅིག །ཡང་ན་གཅན་གཟན་ཁྲལ་སྡུད་ཀྱི་སྔོན་དུ་སྐྱོལ་ཞིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་མུན་ཁང་དུ་བཙུད་དོ། །ཞེས་གསུངས་ནས་ཁོང་རང་མཚམས་སུ་བསྡད་


CMR003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཚམས་ཁང་ལ་ཆོད་བྱས་ཏེ་ཁོང་རང་ཅན་དུ་སྒྲིས་ཁུང་གཅིག་བཞག་ནས་འདི་སྐད་དུ། ང་ན་བ་ལ་བརྟེན་ནས་ཟས་སྐལ་གཉིས་ཟ་དགོས་པ་གཅིག་རེད་ཡོད་གསུངས་ནས་ཟས་ཐམས་ཅད་སྐལ་གཉིས་བླངས་ནས་སྐལ་གཅིག་སྲས་ལ་བྱིན་སྐལ་གཅིག་ཁོང་རང་གིས་ཟོས་སོ། །དེ་ནས་བློན་པོ་རྣམས་བགྲོས་ཏེ་ཡུམ་འདི་མེད་ན་བཟང་བར་མཆིས། ཆོས་རྒྱལ་དེ་ཡང་བསྐྱུགས། ད་ཡང་མུན་ཁང་དུ་བཙུད། ད་བཟོད་རྒྱལ་པོ་ཡང་བསད་འོང་ཟེར་ནས་དུག་བླུད་དེ་བསད་དོ། །དེ་ནས་རྒྱལ་བུ་ཡང་མུན་ཁང་ནས་བཏོན། རྒྱལ་པོ་ཡང་མཚམས་གྲོལ་བ་དང་། བློན་པོ་ཟླ་འོད་ཀྱིས་གསུངས་འདི་སྐད་དུ་རྒྱལ་བུ་ལ་ཞུས་སོ། །ལས་ངན་སྡིག་ཅན་གྱི་མ་ཡུམ་དེ་ནི་བདག་ཅིག་གིས་བསད་ནས་ཡོད་དོ། །ཞེས་ཞུས་སོ། །དེ་ནས་རྒྱལ་བུ་དེས། ཀྱེ་མ་མ་ནི་སེམས་ཅན་བསྐྱེད་པའི་མ། །མ་དེ་མེད་ན་བདག་གིས་ལུས་སེམས་སུ་ལ་བསྐྱེད། །ཀྱེ་མ་ཀྱེ་མ་གསུངས་ཤིང་ཐུགས་ནད་མཛད་དོ། །ཡབ་ཀྱིས་དེ་བསད་པ་ལེགས་སོ་ཞེས་གསུངས་སོ། །དེ་ནས་རྒྱལ་པོ་ཡང་ཡུན་རིང་པོར་མ་ཐོགས་པར་འདས་སོ། །དེ་ནས་རྒྱལ་བུས་སྐྱིལ་མོ་ཀྲུང་གིས་ནམ་མཁར་འགྲོའོ། །ཞེས་


CMR003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ན་བློན་པོ་འགའ་ཞིག་གིས་དེ་ལྟར་མི་འབྱོན་པར་ཞེས་ཞུས་པས། དཔལ་རྣམ་པར་སྣང་མཛད་ཀྱི་སྐུ་ཡི་མདུན་དུ་ལུས་མར་མེར་ཕུལ་བས། རོ་མེད་པར་རིང་བསྲེལ་བྲེ་གང་ཡོད་པ་བློན་པོ་རྣམས་ཀྱིས་བགོས་པས་མི་རེ་ལ་བྲེ་གང་རེ་ཐོབ་བོ། །དེའི་ཚེ་དེའི་དུས་ན་ཡང་རྒྱལ་པོ་ཤིང་རྟ་འདྲེན་དེ་ནི་ད་ལྟ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ཡིན་ནོ། །རྒྱལ་ཕྲན་དང་དེའི་བློན་པོ་དང་། སྤྲང་པོ་ལག་རྡུམ་གསུམ་ནི་གཅུང་གཉིས་དང་ཡ་མའོ། །ནོར་བུ་སྦྱིན་པ་ལེན་མིའི་རྒྱལ་པོ་དང་། མི་དེ་ནི་སྐྱེ་དང་རྟ་ཡི་མིང་ཅན་ཡིན་ནོ། །བློན་པོ་ཤིན་ཏུ་མཛེས་པ་ནི་ད་ལྟ་ཙཱ་ཡི་མིང་ཅན་ཡིན། བློན་པོ་ཟླ་འོད་ནི་ད་ལྟ་བྷིཀྵ་ཙན་དན་སིན་དྷ་ཡིན་ནོ། །གྲུ་པ་དེ་ནི་དབར་ཟོའི་ལཀྵ་ཁ་ར་ཎའོ། །མ་ཀུན་དགའ་བཟང་མོ་ནི་དུད་འགྲོའི་སྐྱེ་བ་ལྔ་བླངས་རྗེས་སུམ་ཅུ་རྩ་གསུམ་གྱི་ལྷའི་བུར་རྒྱལ་བུ་ཉིད་ཀྱིས་དྲངས་པ་ཡིན་ནོ། །ཞེས་སྐྱེས་རབས་འདི་ཉིད་སྤྲུལ་སྐུ་དགུང་ལོ་བཅུ་བཞི་ཐ་སྐར་ཟླ་བའི་ཚེས་བདུན་དགོང་མོ་གློ་བུར་དུ་དྲན་ཏེ་ཡི་གེར་བཀོད་པའོ། །མངྒ་ལཾ།། །། ༄༅། །སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་དང་། །དབྱེར་མེད་མི་འགྱུར་རྡོ་རྗེའི་ཞབས་ལ་འདུད། །སྔོན་ཚེ་བསྐལ་པ་མང་


CMR003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གོང་རོལ་དུ། །བསྐལ་པ་འོད་བཀྲམ་སངས་རྒྱས་མཚན་ལེགས་བསྟན། །ཡབ་ནི་རྒྱལ་པོ་མེ་ཡི་ཨག་ཙོམ་དང་། །ཡུམ་ནི་ལྷ་བཙུན་གོས་དཀར་མོ་ཡི་བུ། །མཛེས་པར་སྐྱེས་ཚེ་སྒྱུ་མའི་དམག་གིས་བསྐོར། །མི་གཅིག་གིས་ནི་ལུང་བསྟན་པ་ཡི་སྲིང་མོ་ཡིས། །དམག་འདི་བཟློག་ཟེར་དེ་ཉིད་བོས་ནས་ནི། །དབྱིག་པ་སར་བརྡབ་སྒྱུ་མའི་སྤྲུལ་དམག་ཞིག །རྒྱལ་པོ་ཤིང་རྩར་ཉི་མ་འདས་བཞུགས་པ། །སླར་ཡང་སྒྱུ་མའི་དམག་གིས་བསྐོར་བ་ལ། །མི་གཞན་ཞིག་གིས་བྱེ་ཚན་ཆར་ཕབ་ནས། །སྒྱུ་མའི་དམག་དང་སྒྱུ་མ་མཁན་ཉིད་བསྲེགས། །དེ་ནས་ཕར་བྱོན་རིགས་བཞིའི་མཁའ་འགྲོ་མཇལ། །ཕུག་རོན་བདུན་གྱིས་མགྲོན་བུ་ལ་སོགས་གཏད། །བླ་མ་ལ་ཕུལ་ཆོས་ཞུས་ངེད་ལ་ཤོད། །ངེད་ཅག་འཆི་བར་འགྱུར་ཞེས་ཟེར་བ་ལ། །བླ་མ་སུ་ཡིན་དྲིས་པས་བྲག་ཀ་ན། །མི་སྐམ་ཁྱི་འབུ་ཁོལ་ལ་ཞེ་སྡང་ཆེ། །མཇལ་བས་བླ་མ་རེད་སྙམ་མགྲོན་བུ་ཕུལ། །དེ་མ་ཐག་ཏུ་ཏིང་འཛིན་སྒོམ་ཡང་སྐྱེས། །རྒྱལ་པོའི་རྒྱལ་ཚབ་རིན་པོ་ཆེ། གཞན་ལ་ཆོས་བཤད་གྲུབ་པ་ཐོབ། །ནམ་མཁར་འཕུར་སོགས་རྫུ་འཕྲུལ་སྟོན་པར་འགྱུར། །རྒྱལ་བུ་ཉིད་ཀྱང་གྲུབ་པ་ཐོབ་ནས་


CMR003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར། །བྲག་ཕུག་ནང་བཞུགས་ལྷ་ནི་ཚེ་འཕོས་པ། །ཆུ་སྲིན་བུར་སྐྱེས་སྐྱེ་བ་ལྔ་བརྒྱ་ལ། །དེ་འདྲའི་ལུས་ལེན་དགོས་པ་བསད་པ་ཡིས། །སྐྱེ་སྒོ་ཆོད་དེ་མི་ལུས་ཆོས་ལྡན་ཐོབ། །དེ་ནི་ད་ལྟ་རིན་ཆེན་མིང་ཅན་ནོ། །གྲུབ་ཐོབ་རྒྱལ་བུས་ཞབས་རྗེས་འཇོག་པ་དང་། །འཕུར་དང་རྫུ་འཕྲུལ་དཔག་མེད་སྟོན་པར་གྱུར། །སེམས་ཅན་དཔག་མེད་བདེ་ལ་འཁོད་པར་གྱུར། །ཕུག་རོན་བདུན་དེ་གཅིག་གིས་སྤྲུལ་པ་སྟེ། །ད་ལྟ་ཡོངས་འཛིན་རཱ་གའི་མཚན་ཅན་ནོ། །མི་སྐམ་ཁྱི་འབུ་ཁོལ་བ་སྤྱན་རས་གཟིགས། །དེ་ཡི་གྲོགས་དེ་ཨོ་རྒྱན་པདྨའོ། །སྒྱུ་མ་མཁན་ཉིད་ཀུ་ཀུ་ར་ཙའོ། །ལུང་སྟོན་མཛད་མི་རྣམས་ནི་སྤྲུལ་པའོ། །ཞེས་པ་ཁྲུམས་སྟོད་རི་བོང་འཛིན་པ་ཉིད་ཡོངས་སུ་རྒྱས་པའི་ནུབ་མོ་འབུམ་རྫོང་གི་གནས་སྒོར་སྐྱེ་བ་དྲན་ཚུལ་སྤྲུལ་སྐུའི་གསུངས་ཞེས་སྐད་གནང་དྲུང་ཡིག་པ་དེས་བཀོད། བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲུལ་སྐུ་མི་འགྱུར་རྡོ་རྗེ་སྔོན་རྒྱལ་བུ་དོན་གྲུབ་ཏུ་སྐྱེས་པའི་རབས།next