Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
བདག་མི་འགྱུར་རྡོ་རྗེ་སྔོན་གྲུབ་ཐོབ་བཟང་ལྡན་དུ་སྐྱེས་པའི་རབས་རྒྱས་པར་བཀོད་པ།
   
   


 
previousབདག་མི་འགྱུར་རྡོ་རྗེ་སྔོན་གྲུབ་ཐོབ་བཟང་ལྡན་དུ་སྐྱེས་པའི་རབས་རྒྱས་པར་བཀོད་པ།next

བདག་མི་འགྱུར་རྡོ་རྗེ་སྔོན་གྲུབ་ཐོབ་བཟང་ལྡན་དུ་སྐྱེས་པའི་རབས་རྒྱས་པར་བཀོད་པ།


CMR003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བདག་མི་འགྱུར་རྡོ་རྗེ་སྔོན་གྲུབ་ཐོབ་བཟང་ལྡན་དུ་སྐྱེས་པའི་རབས་རྒྱས་པར་བཀོད་པ་བཞུགས་པའི་དབུ་ཕྱོགས་ལེགས་སོ་ལེགས་པར་གཟིགས་དང་གསལ། ༈ ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྔོན་བསྐལ་པ་བརྒྱ་ཉི་ཤུའི་གོང་དུ། བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་ལ། སངས་རྒྱས་མཛད་བཟང་ཞེས་བྱ་བའི་བསྟན་པ་ལ། གྲོང་ཁྱེར་བསོད་ནམས་ལྡན་བྱ་བ་ན། རྒྱལ་པོ་དོན་གྲུབ་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ། བློན་པོ་སུམ་སྟོང་མཆིས་ཏེ། དུས་རྒྱུན་པར་སྦྱིན་པ་ལ་བརྩོན་པར་མོས་པ་ལ། གྲུབ་ཐོབ་ས་གཅིག་ཏུ་མི་སྡོད་པར་ཕྱོགས་ཐམས་ཅད་དུ་རྒྱུ་བ་བཟང་ལྡན་བྱ་བ་གཅིག་ཡོད་པ། དེས་དུས་རེ་ཞིག་གི་ཚེ་ན་རྒྱལ་པོ་དོན་གྲུབ་ཀྱི་ཅི་བྱེད་ཅིང་ཡོད་སྙམ་དུ་གཟིགས་པས། །རྒྱལ་པོ་དོན་གྲུབ་ཀྱིས་ངས་གྲུབ་ཐོབ་བཟང་ལྡན་མཇལ་བའི་སྐལ་བ་མེད་དོ་ཞེས་སྡུག་བསྔལ་བྱེད་ཅིང་ཡོད་པ་དེ་གཟིགས་ཏེ། ཅིས་ཀྱང་རྒྱལ་པོ་དེ་ལས་ཅན་གཅིག་ཡིན་པར་གདའ་བས་དེར་འབྱོན་དགོས་སྙམ་ཞིང་ངག་ཏུ་ཡང་བཏོན་པ་དང་། དེའི་ཚེ་དེའི་དུས་ན་བྱ་ཀ་ལ་པིང་ཀ་གཅིག་གིས་འདི་སྐད་ཅེས་ཚིགས་སུ་བཅད་དེ་སྨྲས་པ། གྲུབ་ཐོབ་བཟང་ལྡན་ང་ལ་


CMR003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གསོན། །ཁྱེད་གྲོང་ཁྱེར་བསོད་ནམས་ལྡན་པ་དེར། །མ་འབྱོན་འདི་རུ་བཞུགས་པར་མཛོད། །ཅིས་ཀྱང་འབྱོན་པར་དགོངས་པ་ན། །གྲོང་ཁྱེར་རྒོད་ཀྱི་ཚང་རར་བྱོན། །ང་ནི་ཚངས་པས་བཏང་བ་ཡིན། །ཞེས་ཟེར་བ་ལ་བཟང་ལྡན་གྱི་འདི་སུ་འདྲ་ཞིག་ཡིན། དོན་ཅི་ཡིན་དགོངས་ཏེ་གཟིགས་པ་དང་། གྲོང་ཁྱེར་རྒོད་ཀྱི་ཚང་ར་ཞེས་བྱ་ན་སྒྱུ་མ་མཁན་མགར་ཆུང་ཞེས་བྱ་ཞིག་ཡོད་དེ་དེས་བྱ་དེ་ལ་སྤྲུལ་ཏེ་འོང་བ་ཡིན་པར་གཟིགས་ཏེ། བཟང་ལྡན་གྱིས་གསུངས་པ། བྱ་ཁྱོད་གང་ནས་འོང་བ་ཡིན། །ད་ནི་གང་དུ་འགྲོ་བ་ཡིན། །གལ་ཏེ་ཚངས་པས་བཏང་ངེས་ན། །ཕྲིན་ལ་ཅི་ཞེས་བསྐུར་ནས་ཡོད། །ཅེས་གསུངས་པ་ལ། ཀ་ལ་པིང་ཀས་ལན་བཏབ་པ། །བཟང་ལྡན་ང་ལ་སྙན་གསོན་དང་། །ང་འོང་བ་ལྷ་ཡི་ཡུལ་ནས་འོང་། །འགྲོ་བ་ལྷ་ཡུལ་ཡར་ལ་འགྲོ། །ལྷ་ནི་ཚངས་པས་བཏང་བ་ཡིན། །ཕྲིན་ལ་འདི་ལྟར་བསྐུར་ནས་ཡོད། །བཟང་ལྡན་ལྷ་ཡུལ་འབྱོན་དུ་གསོལ། །གལ་ཏེ་ལྷ་ཡུལ་མི་འབྱོན་ན། །རྡོ་ལ་ཕྱག་རྗེས་ཞབས་རྗེས་དང་། །ཕྱག་གིས་ནོར་བུ་བཟོས་ནས་ནི། །ལྷ་ལ་དད་རྟེན་བསྐུར་དུ་གསོལ། །ཞེས་པ་དེ་ནི་ཚངས་པའི་ཕྲིན། །ཞེས་ཟེར་བ་དང་།


CMR003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟང་ལྡན་གྱིས་སྒྱུ་མ་མཁན་གྱི་ཅིའི་ཕྱིར་འདིར་ཀ་ལ་པིང་ཀར་སྤྲུལ་ནས་འོང་བ་ཡིན་སྙམ་དུ་གཟིགས་པ་དང་། མངོན་ཤེས་ཡོད་མེད་དང་གྲུབ་རྟགས་ཡོད་མེད་ཚད་སྤུ་བསྡུར་དུ་འོང་བ་སྟེ། དེ་གཟིགས་ནས་ཡང་གསུངས་པ། སྒྱུ་མ་མཁན་ཁྱོད་ང་ལ་ཉོན། །རྒོད་ཀྱི་ཚང་ར་ནས་འོང་ལ། །འགྲོ་བ་རྒོད་ཀྱི་ཚང་རར་འགྲོ། །ཁྱོད་འདི་རུ་ཉམས་ཚད་བྱེད་དུ་འོང་། །ཚངས་པས་མ་བཏང་ང་རང་ཤེས། །ཁྱོད་ཀྱིས་དེ་ལྟར་རྫུན་མ་ཟེར། །ཞེས་གསུངས་པ་ལ། བྱ་དེ་སྐྱེངས་ཏེ་རྫ་བྲ་གཅིག་ཏུ་སྤྲུལ་ནས་བྲག་གསེབ་ཏུ་བྲོས་སོ། །དེ་ནས་ཡང་ཡུད་ཙམ་ཞིག་རེད་པ་དང་། རྫ་ཁྲ་དེས། གྲུབ་ཐོབ་ཁྱེད་ནི་རྒོད་ཀྱི་ཚང་རར་འབྱོན་པར་ཞུས་སོ། །ཞེས་ཟེར་བ་དང་། བཟང་ལྡན་གྱིས་གསུངས་པ། ང་འགྲོ་གྲོང་ཁྱེར་བསོད་ནམས་ལྡན་དུ་འགྲོ། །ཡུལ་གྲུ་ཆོས་ལ་བསྒྱུར་ཕྱིར་ང་འགྲོའོ། །ང་འགྲོ་རྒྱལ་པོ་དོན་གྲུབ་ཅན་དུ་འགྲོ། །རྒྱལ་པོའི་འདོད་དོན་བསྒྲུབ་ཏུ་ང་འགྲོའོ། །གྲོང་ཁྱེར་རྒོད་ཀྱི་ཚང་རར་ང་མི་འགྲོ། །སྒྱུ་མ་མཁན་གྱི་བསླུ་བྲིད་བྱེད་པ་ལ། །གྲོང་ཁྱེར་རྒོད་ཀྱི་ཚང་རར་ཅི་ཕྱིར་འགྲོ། །ཞེས་གསུངས་པ་དང་། ཁོ་མ་དགའ་སྟེ་བྱ་རྒོད་གཅིག་ཏུ་སྤྲུལ་ཏེ་ཁོ་རང་


CMR003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡུལ་དུ་སོང་ངོ་། །དེ་ནས་བཟང་ལྡན་བསོད་ནམས་ལྡན་དུ་འབྱོན་པར་ཆས་པ་དང་། ལྷ་བྲན་བུ་གཅིག་བྱུང་སྟེ་འདི་སྐད་ཅེས་ཞུས་སོ། །གྲུབ་ཐོབ་བཟང་ལྡན་ང་ལ་གསོན། །ང་ནི་བར་སྣང་ལྷ་བྲན་ཡིན། །བསོད་ནམས་ལྡན་དུ་ཁྱེད་མ་འབྱོན། །ལས་ཅན་ཡོད་ཀྱང་བར་ཆད་འོང་། །ཞེས་ཟེར་བ་དང་། ཡང་གསུངས་པ། བར་སྣང་ལྷ་བྲན་ང་ལ་ཉོན། །ལས་ཅན་འདོད་དོན་བསྒྲུབ་ནུས་ན། །བར་ཆད་འོང་རྒྱུ་ང་ལ་མེད། །རྒྱལ་བ་མཛད་བཟང་བདག་གིས་དྲན། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཞེས་གསུངས་ཏེ་བྱོན་པ་དང་། ལྷ་དེ་ཡང་རང་གནས་སུ་གཤེགས་སོ། །དེ་ནས་རྒྱལ་པོ་དོན་གྲུབ་ཀྱི་རྨི་ལམ་དུ་བཟང་ལྡན་འབྱོན་ཞིང་ཡོད་ཟེར་བ་ལ། མི་བདེན་འབྱོན་རྒྱུ་མེད་སྨྲས་པ་དང་། ལྟོས་དང་གསལ་ཟེར་བ་རྨིས་པ་དང་། ཕྱིར་ནངས་ཅི་ལྟ་རུ་བཏང་བས་དེ་ཐོན་བསླེབས་བྱུང་བ་དང་། མི་སྔོན་པོ་གོས་དཀར་པོ་གྲུ་བཞི་གྱོན་པ་ཞིག་འོང་ཞིང་གདའ་ཞེས་ཟེར་བ་དང་། རྒྱལ་པོས་གྲུབ་ཐོབ་ཕེབས་ཤིང་ཡོད་པར་འདུག་བསུ་བ་བྱ་བར་གྲབས་ཏེ་བསུ་བ་དང་། འོང་དུས་མི་འདུག་སྟེ་ཕོ་བྲང་གི་ཁ་དེར་བསླེབས་ཏེ་འདུག་གོ །དེ་རྒྱལ་པོས་གཟིགས་ཏེ་བྱོན་པ་


CMR003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱག་དང་བསྐོར་བ་བྱས་ཏེ་དེར་བཞུགས་བཅུག་པ་དང་། །རྒྱལ་པོའི་བཙུན་མོ་ལེགས་བཏང་ཞེས་བྱ་བ་བཙུན་མོ་ལྔ་བརྒྱའི་ནང་ནས་བཙན་པ་རྒྱལ་བློན་རྣམས་ལས་ཀྱང་བཙན་པ་ཞིག་ཡོད་པ་དེའི་སར་སོང་སྟེ་དྲིས་པ། གལ་ཏེ་བཟང་ལྡན་ཕེབས་ན་ཅི་བྱེད་སྨྲས་པ་དང་། བཟང་ལྡན་ཕེབས་ན་ཕྱག་དབང་རེ་ཞུ་ནས་འབྱོན་དུ་འཇུག །ཅེས་ཟེར་བ་དང་། རྒྱལ་པོས་བཟང་ལྡན་བཞུགས་སུ་འཇུག་པར་མི་སྣང་དེ་བས་གསང་ན་ལེགས་སྙམ་སྟེ་སོ་པ་རྣམས་ལ་བསྲུང་དུ་བཅུག་གོ །རྒྱལ་པོའི་གཟིམས་ཆུང་གི་གཡོན་དུ་བང་བ་གཅིག་གི་ནང་ནས་སྒོ་མང་དུ་བརྒྱུད་དེ་འགྲོ་བ་ལྷ་ཁང་ཆུང་ངུ་ཞིག་ཡོད་པ་དེ་ན་བཞུགས་སུ་བཅུག་གོ །དེ་ནས་སོ་པ་རྣམས་ལ་དྲིས་པས་མ་བྱུང་ཞེས་ཟེར་བ་དང་། རྒྱལ་པོས་འདི་གསུངས་སོ། །བཟང་ལྡན་ཕེབས་པར་མི་འདུག་གོ་ཞེས་ཟེར་ཏེ་བཞུགས་སོ། །དེ་ནས་མུན་རུབ་པ་དང་བཙུན་མོ་རྣམས་ཀྱིས་བསྐོར་ཏེ་ཉལ་བ་ལ་དེ་ནུབ་ཀྱང་དེ་བཞིན་དུ་ཉལ། དེ་ནུབ་ཁོང་ཆོས་ཞུ་རུ་སོང་སྟེ་ཞུས་སོ། །དེ་ནུབ་ལེགས་བཏང་གིས་ཡར་བལྟས་ཛ་རྒྱལ་པོ་མི་བཞུགས་བ་མཐོང་སྟེ་ཅི་ཡང་མི་སྨྲ་བར་ཉལ་ལོ། །ཕྱིར་ནུབ་ཀྱང་རྒྱལ་པོ་མེད་པ་དང་། ཡང་ཕྱིར་ནུབ་


CMR003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བལྟས་ཛ། རྒྱལ་པོ་མི་འདུག་པ་དང་། ལེགས་བཏང་གིས་བཙུན་མོ་རྣམས་ལ་བོས་ཏེ་རྒྱལ་པོ་གར་ཕེབས་ཞེས་དྲིས་པ་དང་། བཙུན་མོ་རྣམས་ཀྱིས་མ་མཐོང་ཞེས་ཟེར་རོ། །ལེགས་བཏང་གིས་འདི་སྙམ་དུ་སེམས་སོ། །བཙུན་མོ་འདི་རྣམས་ཀྱིས་གསང་བར་འདུག །རྒྱལ་པོ་ནི་བཙུན་མོ་འདི་རྣམས་སར་འབྱོན་པར་འདུག་སྙམ་དུ་སེམས་སོ། །དེ་ནས་ལེགས་བཏང་གིས་བཙུན་མོ་རྣམས་འདི་རུ་མ་ཉལ་ཅིག་ཅེས་བྱས་སོ། །དེ་ནུབ་ཀྱང་རྒྱལ་པོ་མི་འདུག །ཕྱིར་ནུབ་ཀྱང་རྒྱལ་པོ་མི་འདུག །དེའི་ཕྱིར་ནུབ་རྒྱལ་པོའི་ཞབས་ཀྱི་མཐེ་བོང་ལ་དར་གྱིས་སྐུད་པ་འདོམ་པ་བརྒྱ་ཡོད་པ་གཅིག་བཏགས་ཏེ་སྣེ་ནས་མོ་རང་གིས་འཇུས་སོ། །དེ་ནས་རྒྱལ་པོ་ཆོས་ཞུ་རུ་བྱོན་བྱོན་པ་མོས་རིག་སྟེ། རྒྱབ་རྒྱབ་ཏུ་སོང་བ་དང་། མོས་ལྷ་ཁང་གི་སྒོ་ནས་བལྟས་པ་དང་། དེར་བཟང་ལྡན་ལ་ཆོས་ཞུ་ཞིང་ཡོད་པ་མཐོང་ངོ་། །དེ་ནས་ལེགས་བཏང་ཡང་ཕྱིར་སོང་སྟེ་ཉལ་ལོ། །དེ་ནས་ནེ་ཙོ་ཞིག་ཡོད་པ་དོན་གྲུབ་ཀྱི་སར་སོང་སྟེ། རྒྱལ་པོ་ཆེན་པོ་ལགས། ལེགས་བཏང་ཡང་ཁྱེད་ཀྱི་ཕྱི་བཞིན་དུ་འབྲང་ཨཾ་གཙིགས་གསུམ་བསྡམས་ནས་མལ་སར་ཉལ་ཏེ་ཡོད་ཅེས་ཟེར་ནས་འཕུར་ཏེ་སོང་བ་དང་། ལེགས་བཏང་གིས་


CMR003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་བྱ་མཚན་ལ་ཡར་འཕུར་མར་འཕུར་ཟེར་བ་དང་། ནེ་ཙོས་ཁྱོད་ཀྱང་ཡར་འགྲོ་མར་འགྲོ་བྱེད་པར་འདུག་པ་དེའི་སྟངས་བྱེད་པ་ཡིན་སྨྲས་པ་དང་། མོ་ཞེ་སྡང་ལང་སྟེ་མཇུག་སྒྲོ་ནས་བསྡུས་ཏེ་དོང་དུ་འཕང་ངོ་། །དེ་ནས་རྒྱལ་པོ་ཡང་ཐུགས་མ་བདེ་སྟེ་ད་ལེགས་བཏང་གིས་མཐོང་ནས་འདུག་སྟེ་སྐྱོན་མེད་ཨང་ཞེས་གསུངས་ཤིང་བཞུགས་སོ། །དེ་ནས་དེ་ཡི་ཕྱིར་ཉིན་རྒྱལ་པོ་བཙུན་མོ་དང་བློན་པོ་རྣམས་བསྡུས་ཏེ་གྲོས་བྱེད་ཅིང་ཡོད་ཛ། ལེགས་བཏང་གྲོས་རར་འདུག་ཏུ་མ་ཉན་ནས་སོང་བ་དང་། དེའི་ཚེ་ལེགས་བཏང་ཡར་སོང་སྟེ་བཟང་ལྡན་གྱིས་གོས་ཕུད་ནས་བརྡུངས་བརྡུངས་ཏེ་གོས་དེ་མོ་རང་གིས་ཁྱེར་ཏེ་སོང་ངོ་། །དེ་ནས་ཡང་དེ་ནུབ་ཀྱང་སྔར་བཞིན་ཆོས་ཞུ་རུ་སོང་བ་དང་། བཟང་ལྡན་གཅེར་བུར་བཞུགས་མདུན་གཡས་གཡོན་དུ་དབྱིག་པ་ཆག་དུམ་མང་དུ་གདའ་བས་རྒྱལ་པོས་བཟང་ལྡན་ལ་ཞུས་པ། ཁྱེད་ཀྱི་གཟན་ཅི་བྱས་ཞུས་པ་དང་། ཅི་ཡང་མ་བྱས་གསུངས་སོ། །རྒྱལ་པོས་ནན་དུ་ཞུས་པས། །འོ་ན་ངའི་གཟིན་བཙུན་མོ་ལེགས་བཏང་གིས་ཁྱེར་ཐལ་ཞེས་གསུངས་པ་དང་། །རྒྱལ་པོས་ལེགས་བཏང་ལ་ཁྱོད་ཀྱིས་བཟང་ལྡན་གྱི་གོས་བཤུས་པ་ཨེ་ཡིན་གསུངས་པ་དང་། མ་


CMR003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཤུས་ཟེར་ནས་ལྐོག་ཏུ་སོང་སྟེ་བཙུན་མོ་ལྔ་བརྒྱ་བློན་པོ་སུམ་སྟོང་རྣམས་ལ་བགོས་པས་སེན་མོ་ཙམ་རེ་ཐོབ་པ་ཁོང་དུ་མིད་དོ། །དེ་ནས་རྒྱལ་པོས་བཙུན་མོ་རྣམས་དང་བློན་པོ་རྣམས་བསྡུས་ཏེ་གྲུབ་ཐོབ་ཀྱི་མདུན་དུ་འཚོགས་ནས་གོས་བཤུས་མ་བཤུས་དྲིས་ཛ་གྲུབ་ཐོབ་ཀྱིས་བཤུས་གསུངས། ལེགས་བཏང་སོགས་ཀྱིས་མ་བཤུས་ཟེར་བ་ལ། གྲུབ་ཐོབ་ཀྱིས་བདེན་པ་བདར་ནས། ཕྱག་དབང་རེ་མཛད་ནས་ཐམས་ཅད་ཀྱི་ཁ་ནས་གོས་དུམ་རེ་བྱུང་བ་དང་། དེ་ཚུར་བསྡུས་པས་གཟན་ཆ་ཚང་བར་བྱུང་བས་ལེགས་བཏང་མ་དགའ་སྟེ་ཁྱོད་ལ་མངོན་ཤེས་གདའ་སྟེ་ངས་ཁྱོད་ལ་ཡ་ཟེར་ནས་སོང་ངོ་། །དེ་ནས་དེ་དགོངས་ཛ་ལེགས་བཏང་གིས་བཙུན་མོ་རྣམས་དང་བློན་པོ་རྣམས་དང་འཁོར་འབངས་ངག་ལ་ཉན་ཉན་རྣམས་བསྡུས་ཏེ། ཟངས་ཁ་སྦྱོར་ཤིན་ཏུ་ཆེ་བ་གཅིག་གི་ནང་དུ་བཟང་ལྡན་བཙུད་ནས་ཐག་པ་རིང་པོས་དཀྲིས་ནས་ཚུར་འཕང་ངོ་། །དེ་ཆུས་ཁྱེར་བ་དང་གྲོང་ཁྱེར་རྒོད་ཀྱི་ཚང་ར་ཞེས་བྱ་བའི་ཐང་དུ་ཁྱེར་བ་དང་། ཟངས་དེ་ལ་འཇའ་ཟུག་པ་མཐོང་ནས་ཐམས་ཅད་དེར་གྱུར་བས་སྒྱུ་མ་མཁན་མགར་ཆུང་བྱ་བ་ཞིག་ཡོད་པ་དེར་འོང་ནས་ཐམས་ཅད་ལ་ཕར་གྱིས་ཚུར་གྱིས་ཟེར་ནས་ཐམས་ཅད་ཕུལ་རྒྱག་ཏུ་


CMR003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཞིང་བྱུང་བ་དང་། གཞན་རྣམས་ཀྱང་གཅིག་གིས་གཅིག་ལ་མཁན་པོ་ཕེབས་བྱུང་ཚུར་གྱིས་ཟེར་ནས་ཐམས་ཅད་བྲོས་སོ། །དེ་དང་མཉམ་དུ་སྒྱུ་མ་མཁན་དེས་གུག་རུ་ཐག་པའི་སྣེ་ལ་བཏགས་པ་གཅིག་འཕངས་ནས་ཐེན་པ་དང་། མེ་ཏོག་གིས་ཆར་བབས་ནས་ཐམས་ཅད་ཀྱི་མེ་ཏོག་གིས་ཆར་དེ་དད་རྟེན་དུ་འཚག་རུང་བ་ཞིག་བྱུང་ངོ་། །དེ་ནས་ཐག་པ་དེ་བཤིགས་ནས་ཟངས་དེ་ཁ་ཕྱེས་པ་དང་། གྲུབ་ཐོབ་དེར་བཞུགས་ཡོད་པ་མཐོང་ནས་མགར་ཆུང་གིས་གྲུབ་ཐོབ་ཕེབས་ཟིན། ཡུལ་འདིར་མི་འོང་ནས་སྐྱིད་སར་འགྲོ་ཟེར་ཛ་ཅི་བྱེད་དུ་འོང་སྨྲ་བབ་ཆེན་པོ་ཟེར་བ་དང་། གྲུབ་ཐོབ་ཀྱིས་གསུངས་པ་ང་ནི་སྐྱིད་སར་སོང་བ་ཡིན། །འགྲོ་བའི་དོན་ནི་ཅུང་ཟད་འགྲུབ། །ང་ལ་སྨྲ་བབ་འོང་རྒྱུ་མེད། །དེ་ཡང་སྨྲ་བབ་མ་ཡིན་ནོ། །མགར་ཆུང་དེ་ལྟར་ཟེར་མི་རུང་། །ཞེས་གསུངས་པ་དང་། མགར་ཆུང་གིས་ཁྱེད་ལ་སྨྲ་བབ་འོང་རྒྱུ་ཅི་ཡོད་ཅེས་ངས་སྨྲ་ཞིག་འབེབས་དང་གསལ་ཟེར་ནས་བྱིའུ་མཆིལ་པ་གཅིག་བྱས་ནས་གྲོང་ཁྱེར་དུ་སོང་ངོ་། །དེ་ཚེ་མགར་ཆུང་གིས་དབྱིག་པ་གཅིག་རྟ་རུ་བྱས། མི་གཙང་བའི་ཁང་གཅིག་གཞལ་ཡས་ཁང་དགའ་ཞིང་ཡིད་དུ་འོང་བར་སྤྲུལ། མི་གཙང་


CMR003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཟས་སྣ་རོ་བརྒྱ་དང་ལྡན་པ་རིགས་མི་འདྲ་བ་དུ་མར་སྤྲུལ་ནས་བསྡད་དོ། །དེ་ནས་གྲུབ་ཐོབ་བྱོན་པ་དང་། རྟ་ཤིན་ཏུ་ལེགས་པ་མོག་རོ་མགོ་དམར་གཅིག་ཁྲིད་ནས་གྲུབ་ཐོབ་དེ་ལ་བསྐྱོན་ནས་ཁོ་རང་གིས་རྟ་ཁ་ཁྲིད་ནས་སོང་བ་དང་། བཟང་ལྡན་གྱིས་རྟ་རུ་བྱིན་གྱིས་བརླབས་པ་དང་། ཁོས་དབྱིག་པར་བསྒྱུར་བསམ་ཛ་མ་ཉེན་ནོ། །དེ་ནས་གཞལ་ཡས་ཁང་དུ་གདན་དྲངས་བསོད་སྙོམས་དྲངས་པ་དང་། ཁོས་མི་གཙང་བར་བསྒྱུར་རམ་བསམ་ཛ། ཟས་སྣ་རྣམས་བྱིན་གྱིས་བརླབས་པས་བསྒྱུར་དུ་མ་གཏུབ་པས་ཁོ་དད་པ་སྐྱེས་ཏེ་གྲུབ་ཐོབ་ཆེན་པོ་ཁྱེད་ཀྱིས་དེ་རྣམས་མི་གསོལ་བར་མཛད་དུ་གསོལ། དེ་རྣམས་མི་གཙང་བ་ཁོ་ན་ཡིན་ནོ། །ཞེས་ཟེར་ནས་ངུས་ཤིང་ཕྱག་འཚལ་བསྐོར་བ་བྱས་པ་དང་། བཟང་ལྡན་གྱིས་གསུངས་པ། སྐྱོན་མེད་དོ། །ཁྱོད་ཀྱི་མི་གཙང་བ་རྣམས་ནི་ཟག་པ་མེད་པའི་ཟས་སུ་བྱིན་གྱིས་བརླབས་སོ། །བཤགས་པ་གྱིས་དང་ཉེས་པ་ཆེན་པོ་མེད་ང་འོན་ཀྱང་ཁྱོད་སྐྱེ་བ་འདིའི་ཕྱི་མ་མི་གཙང་བའི་ཁྲོན་པ་ཞིག་ཏུ་འབུ་ཆེན་པོ་ཕུབ་ཙམ་ལ་ལུས་ཁས་གང་བ་དེས་མི་གཙང་བ་ཁོ་ན་ཟ་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། སྒྱུ་མ་མཁན་ཤིན་ཏུ་ངུས་སོ། །དེ་


CMR003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟང་ལྡན་གྱིས་སྒྱུ་མ་མཁན་དེ་ལ་ཆོས་གསུངས་སོ། །དེ་ནས་བཟང་ལྡན་གྱིས་སྤྲུལ་པ་མང་དུ་བཀྱེ་སྟེ་བླ་མ་མཁས་པའི་ཚུལ་ཅན་གྲུབ་ཐོབ་ཀྱི་ཚུལ་རྒྱལ་པོའི་ཚུལ་བྲན་གྱི་ཚུལ་མགར་བའི་ཚུལ་བྲན་མོའི་ཚུལ་ཤན་པའི་ཚུལ། སྨད་འཚོང་མའི་ཚུལ་རྣམས་མཛད་དོ། །དེའི་ཚེ་དེའི་དུས་ན་བླ་མ་མཁས་པའི་ཚུལ་ཅན་དེ་ནི་རྒྱལ་པོ་དོན་གྲུབ་སར་བྱོན་པ་དང་། བཙུན་མོ་དང་བློན་པོ་རྣམས་ལ་ཆོས་བསྟན་ཏེ་རྒྱལ་པོའི་ཕོ་བྲང་གི་རྒྱབ་ཏུ་སྒྲུབ་ཁང་དུ་བཞུགས་ནས་ཉིན་རེ་བཞིན་ཆོས་ཀྱང་བསྟན་ཏོ། །གྲུབ་ཐོབ་ཀྱི་ཚུལ་ཅན་དེ་ནི་བྲག་ཕུག་མཐོང་གྲོལ་བྱ་བ་ཞིག་ཏུ་བཞུགས་པ་དང་། ཉིན་གཅིག་མི་གཅིག་བྱུང་ནས་སྤྲང་པོ་ཁྱོད་འདི་རུ་ཅི་ལ་བསྡད་ཟེར་བ་དང་། ང་སངས་རྒྱས་བསྒྲུབ་ཞིང་བསྡད་སྨྲས་པས། ཁྱོད་ཀྱིས་སངས་རྒྱས་བསྒྲུབ་པ་དང་ཟེར་ནས་བརྙས་ཆོས་བྱེད་པ་ལ་ཕྱག་གཡས་གྲི་གུག་གཅིག་བཏོན་ཏེ་དབུ་ཐོད་ལ་ཚད་པས། ཐོད་པ་ཁ་བྱེ་བའི་ནང་དུ་ལྷ་ཚོགས་མང་པོ་སྤྲིན་ལྟར་གཏིབས་པ་གཅིག་བསྟན། ཡང་མགྲིན་པར་ཚད་པས་ལྷ་ཚོགས་མང་པོ་སྐར་ལྟར་འཁྲུག་པ་བསྟན། ཡང་ཐུགས་ཀར་ཚད་པས་ལྷ་ཚོགས་མང་པོ་ཉི་མ་ལས་འོད་ཟེར་འབྱུང་བ་བཞིན་གཅིག་ལ་གཅིག་


CMR003_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བ་བསྟན་པ་དང་། ཁོས་སྒྱུ་མ་མཁན་ངོ་མཚར་བ་ཞིག་གདའ་ངས་བསོད་སྙོམས་ཁྱེར་འོང་ཟེར་བ་ལ་བཟང་ལྡན་གྱིས་ང་ལ་སྒྱུ་མ་མཁན་མ་ཟེར་ཞིག །ང་ནི་གྲུབ་ཐོབ་ཡིན་པས་གྲུབ་རྟགས་ཞེས་སྨྲོས་ཤིག་གསུངས་པ་དང་། ཁོས་གྲུབ་ཐོབ་དེ་ཅི་ལ་ཟེར་བ་ཡིན་ཟེར་བས། ཆོས་མང་དུ་བསྟན་པས་ཁོ་གྲོལ་བ་དང་། ངེད་ཀྱི་ཡུལ་ནི་མུན་པ་ཅན་བྱ་བ་ཡིན་འདི་འདྲ་ཐོས་མཁན་ནི་གཅིག་ཀྱང་མེད་པས་ཁྱེད་དེར་འབྱོན་པར་ཞུ་ཟེར་བ་དང་། བཀའ་གནང་སྟེ་བྱོན་པས་ཡུལ་གྲུ་གཅིག་གིས་ཆོས་མ་ཐོས་པར་ཡོད་པ་ཐམས་ཅད་ཆོས་ལ་བསྒྱུར་རོ། །དེ་ཡང་གྲུབ་ཐོབ་ཚུལ་ལོ། །རྒྱལ་པོའི་ཚུལ་ཅན་ནི་ཡུལ་ཁ་རྒོད་བྱ་བ་ཆོས་མི་དར་ལ་སྲོག་ཆགས་ཆེ་ཆུང་ཐམས་ཅད་ཟ་བ་ཞིག་ཡོད་པ་དེར་ཤིན་ཏུ་འཇིགས་པ་ཁོ་རང་རྣམས་ཀྱི་ཆ་བྱད་དང་མཐུན་པ་ཁོ་རང་རྣམས་ཀྱང་ཟ་བ་ཞིག་ཏུ་སྤྲུལ་པ་དང་། དེས་མི་རྣམས་ཀྱང་ཟོས་པས་དེ་རྣམས་ཀྱི་ངེད་རྣམས་མ་ཟ་དང་ཅི་ཟེར་བྱེད་དོ་ཞེས་ཟེར་བས་ཐམས་ཅད་ཀྱིས་མི་དགེ་བ་སྤངས་ཤིང་དགེ་བ་སྒྲུབ་པའི་ཁྲིམས་བཅས། སུས་མ་བྱས་པ་ཟའོ་ཞེས་སྨྲས་ཤིང་ལ་ལ་ཟོས་པས་ཐམས་ཅད་ཁྲིམས་ལ་བརྩིས་པས་ཕྱིས་ནས་ཐམས་ཅད་ཁྲིམས་ཀྱི་སྨྲ་མ་བསྒག་པར་ཐམས་ཅད་ཀྱིས་དེ་ལྟར་


CMR003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ལུགས་སུ་གྱུར་ཏོ། །དེ་ནས་རིམ་པ་བཞིན་དུ་ཆོས་བསྟན་པས་ཐམས་ཅད་གྲོལ་ལོ། །བྲན་གྱི་ཚུལ་ཅན་ནི་སྤྲང་པོའི་ཚུལ་བྱས་ཏེ་སོང་བ་དང་། རྒྱལ་པོ་ས་སྐྱོང་བྱ་བའི་ཕོ་བྲང་གི་སྒོ་ནས་སྤྱང་པོ་དང་བྲན་མོ་གཅིག་བྱུང་ནས་བུ་ཚ་རྒོད་པོ་སྙིང་རྗེ་བ་གཅིག་གདའ་ངས་རྒྱལ་པོ་ལ་ཞུས་ན་བྲན་དུ་འཇོག་ནི་ཨི་མི་འོང་ཟེར་ནས་སོང་ངོ་། །དེ་ནས་ཡུད་ཙམ་ཞིག་སོང་བ་དང་། ཡང་བྱུང་ནས་བུ་ཚ་རྒྱལ་པོའི་མདུན་དུ་འགྲོ་ཟེར་བ་དང་། སོང་བས་རྒྱལ་པོ་དེ་ཁྲི་ཁྲ་བོ་ཤིན་ཏུ་མཐོ་བ་གཅིག་ལ་བསྡད། དེའི་གཡས་དེ་ནས་ཁྲི་དམར་པོ་དེ་ལས་དམའ་བ་གཅིག་ལ་བཙུན་མོ་གཅིག་བསྡད། གཡོན་དུ་ཁྲི་ནག་པོ་དམའུ་གཅིག་ལ་བློན་པོ་གཅིག་བསྡད་ནས་གདའ་བ་དང་། དེར་སོང་མ་ཐག་ཁྱི་ཁྲ་བོ་གཅིག་གདའ་བས་རབ་ཏུ་འཐེན་ནས་བྱུང་པས་དེ་སྟེང་དུ་མཆོང་བྱུང་བ་དང་། རྣ་བ་ནས་བཟུང་ནས་མ་ཀི་དེར་འཕངས་པས་རྒྱལ་པོའི་བྲན་དུ་འདུག་ནས་ཤིན་ཏུ་རྒོད་པ་གཅིག་གདའ་ཟེར་ནས་ལས་ཀྱི་ཞྭ་དཀར་པོ་རྣ་སྐྱོག་རིང་བ་ཞིག་དང་། ལས་གོས་དཀར་པོ་པ་ཏྲ་ཡོད་པ་ཞིག་དང་། ལས་ཀྱི་ལྷམ་དཀར་པོ་ཆུ་སྲིན་གྱི་སྣ་འདྲ་བ་ཞིག་དང་དེ་རྣམས་བསྐོན་ནོ། །དེ་ནས་བྲན་དུ་བསྡད་པ་དང་། དེ་


CMR003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུན་རིང་པོ་ཞིག་སོང་བ་དང་། ལས་ཞྭ་དེ་དང་ལས་གོས་དེ་ཕེད་ནས་དཔེ་ཁུག་གཅིག་བཟོས། ལས་ལྷམ་དེ་སྐུ་འདྲ་ཆེན་པོ་གཅིག་བཅོས་ནས་དེ་ལ་བསྐོན། དེ་ནས་དཔེ་ཆ་མང་པོ་བྲིས་ནས་དཔེ་ཁུག་དེར་བཅུག་གོ །དེ་ནས་རྒྱལ་པོས་ཁྱོད་ཀྱི་ཅི་བྱེད་རྒྱུ་ཡིན་ལས་ཞྭ་ལས་གོས་ལས་ལྷམ་ཐམས་ཅད་མེད་ལ་བྱེད་ནི་ཟེར་བ་དང་། བྲན་གྱིས་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་དེ་ལྟར་མ་ཟེར་ཅིག །མི་མང་པོ་ཤི་བ་རྣམས་ཀྱི་ཞྭ་དང་ལྷམ་གྱོན་ནས། སུ་ཡང་མ་སོང་བར་འདུག་རང་ཤི་ནས་ཞྭ་དང་ལྷམ་གྱིས་སྐྱོབས་པར་མི་འདུག་སྨྲས་པ་དང་། རྒྱལ་པོ་ན་རེ། འོ་ན་འདག་ལ་མི་གཟུགས་བྱས་ནས་དེ་ལ་ལྷམ་བསྐོན་པས་ཅི་འོང་ཤིང་ལོ་ལ་སྣག་ཚས་རི་མོ་བྱས་ནས་དེ་ལ་ཁུག་མ་བཟོས་ནས་བསྐོན་པས་ཅི་ཕན་མི་བདེན་པའི་གཏམ་དེ་མ་སྨྲ་ཟེར་རོ། །དེ་ནི་མ་ཡིན་ནོ། །ལྷ་ཡི་སྐུ་གཟུགས་ལ་ན་བཟའ་གསོལ་བ་ཡིན་ནོ། །རྒྱལ་བའི་གསུང་ལ་ན་བཟའ་གསོལ་བ་ཡིན་ནོ་དེས་ཚེ་ཕྱི་མ་རང་གི་གོས་གྱོན་རྒྱུ་འོང་བ་ཡིན་ནོ་སྨྲས་སོ། །ཡང་འབངས་དེས་མི་རྣམས་ལ་ང་རྒྱལ་འདིར་བྱུང་ང་རྒྱལ་གྱིས་ཅི་བྱེད་པ་ཡིན་ཞེས་སོགས་དང་། ཁྱི་ལ་ཕྲག་དོག་འདིར་བྱུང་ཕྲག་དོག་ཕར་སོང་དང་། སྦྲུལ་ལ་ཞེ་སྡང་འདིར་


CMR003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཞེ་སྡང་ལ་རྒྱོབ་དང་། ཕག་ལ་གཏི་མུག་འདིར་བྱུང་གཏི་མུག་ལ་ཕྱིར་རྒྱོབ་དང་། བྱ་རྣམས་ལ་འདོད་ཆགས་འདིར་བྱུང་འདོད་ཆགས་ཀྱིས་སྐྲུམ་བུ་ཐུ་ཞིང་ཡོད་ཅེས་སོགས་སྨྲས་པ་དང་། རྒྱལ་པོས་ཁྱོད་ཀྱིས་ཅི་ཟེར་བ་ཡིན་ཟེར་བ་དང་། ངས་ཉོན་མོངས་དུག་ལྔའི་མིང་བྱེད་པ་ཡིན་སྨྲས་པས། དེ་སྨྲས་ནས་ཅི་འོང་ལེ་ཡིན་ཟེར་བ་དང་། ཡང་སྨྲས་པ། དུག་ལྔ་ནི་ཚེ་ཕྱི་མ་དམྱལ་བར་འགྲོ་བའི་རྒྱུ་ཡིན་སྨྲས་པ་དང་། རྒྱལ་པོ་ན་རེ་དམྱལ་བ་དེ་ཅི་ཡིན་སྨྲས་པ་དང་། དམྱལ་བ་ཞེས་བྱ་བ་ཤིན་ཏུ་སྡུག་བསྔལ་བ་མེའི་ནང་དུ་འཕངས་བས་ཚིག་པ་གངས་ཀྱི་ནང་དུ་འཕངས་ནས་ཤིན་ཏུ་འཁྱག་པ་ཞེས་སོགས་དམྱལ་བའི་སྡུག་བསྔལ་རྣམས་བཤད་པས་རྒྱལ་པོའི་བདེན་ལ་མ་བཟུང་ངོ་། །དེ་ནས་རྒྱལ་པོས་སྡེ་རྣམས་ལ་ངོ་མཚར་བའི་ལྟད་མོ་ཁྱེར་ཤོག་ཟེར་བ་དང་། བྲན་གྱིས་སྨྲས་པ། ངོ་མཚར་བའི་ལྟད་མོ་ངས་སྟོན་རྒྱུ་ཡོད་བྱས་པ་དང་། རྒྱལ་པོས་འོ་ན་སྟོན་དང་ཟེར་བ་དང་། ད་ངེད་རང་གཉིས་ཆུ་ཕ་ཀིའི་པང་ཀར་འགྲོ་དང་སྨྲས་པས། ཡ་ཟེར་ནས་རྒྱལ་པོ་དང་ཁོ་རང་གཉིས་སོང་བ་དང་། ཆུ་དེའི་ཕ་རི་ན་དོང་ཆེན་པོ་ཞིག་གདའ་བའི་ནང་དུ་སོང་བ་དང་། བྲན་དེར་བསྡད་ནས་


CMR003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བཏང་བས། རྒྱལ་པོས་འཇིགས་སྣང་བྱས་བྲོས་བྱུང་ཅི་ཡིན་བྱས་པས་མ་གི་འདི་རྣམས་ཅི་རེད་ཟེར་བ་དང་། དེ་ནས་སྡིག་པ་བྱས་པའི་རྣམ་སྨིན་ཡིན་ལུགས་བཤད་པས་རྒྱལ་པོས་འོ་ན་ངས་སྡིག་པ་ཆེན་པོ་བྱས་ཟེར་ནས་བརྒྱལ་ཏེ་སོང་ངོ་། །དེ་ནས་སོས་པ་དང་འདི་ལས་ཐར་བའི་ཐབས་ཅི་ཡོད་བྱས་པས། འདི་ལས་ཐར་བའི་ཐབས་ཆོས་བྱ་དགོས་སྨྲས་པ་དང་། རྒྱལ་པོ་ན་རེ། འོ་ན་ངས་ཅིས་ཀྱང་ཆོས་ཤིག་བྱེད་ཟེར་བ་དང་། དེ་ནས་ཆོས་བསྟན་པས་གྲོལ་ནས་རྒྱལ་པོ་དེའི་མངའ་འོག་ཏུ་ཡོད་ཚད་ཆོས་ལ་བཙུད་ནས་བྲན་དེ་ཡང་བླ་མཆོད་ཀྱི་ཚུལ་དུ་བཞུགས་སོ། །མགར་བའི་ཚུལ་ནི་མགར་བ་ཤིན་ཏུ་མཁས་པ་གཅིག་ཏུ་སྤྲུལ་ནས། ཨབ་པུ་བྱ་བའི་ཡུལ་དུ་མགར་བྱས་ཤིང་བསྡད་པས། དེའི་སྡེ་རྣམས་ཀྱིས་ཁྱོད་ཀྱི་མདེའུ་དེས་མི་ཕོག་གོ །གྲི་དེས་མི་སོད་དོ་ཟེར་བ་ལ་མདེའུ་ཞིག་མདའ་མེད་པར་འཕངས་པས་རྩྭ་ཐུར་རྩེ་ལ་རིལ་མ་བཙུགས་པ་ཞིག་ལ་བརྒྱབས་ནས། རི་དེའི་ཕ་རོལ་དུ་མདེའུ་དེས་ཕུད་གྲི་གཅིག་མི་གཅིག་ལ་ཚད་པས་མི་དེ་ཤི་ནས་སོང་བ་དང་། མི་རྣམས་ཀྱིས་དེ་ལྟར་ཅི་ལ་འོང་བ་ཟེར་བས། དཀོན་མཆོག་གསུམ་གྱི་བདེན་པ་ཡིན་སྨྲས་པས། དཀོན་མཆོག་གསུམ་དེ་ཅི་ཡིན་ཟེར་


CMR003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆོས་མང་དུ་བསྟན་ཏེ་ཡུལ་དེ་ཆོས་ལ་བཙུད་དོ། །བྲན་མོའི་ཚུལ་ཅན་ནི་བཟང་པོ་བྱ་བ་ཞིག་གི་བྲན་མོར་བསྡད། བཟང་པོ་དེའི་ཕ་ཞིག་ཀྱང་ཤི་བ་དང་། དེ་ནས་ཡུན་རིང་པོ་ཞིག་སོང་བ་དང་། ལན་གཅིག་ཆུ་བླངས་བའི་ནང་དུ་འདི་འདྲ་འགའ་གདའ་སྨྲས་པ་དང་། བཟང་པོས་བལྟས་པ་དང་། དེའི་ནང་དུ་ཟངས་ནང་དུ་བཙོ་བ་སོགས་དམྱལ་བའི་འཇིག་རྟེན་ཅི་ལྟ་བ་ཤར་བ་དང་། དེའི་ནང་དུ་ངུ་འབོད་ཚག་ལྷོང་ལྷོང་བྱེད་པའི་ནང་དུ་བཟང་པོའི་ཕ་དེ་ཡང་གདའ་བས། བཟང་པོས་སྨྲས་པ། འདི་རྣམས་ཅི་རེད་ཟེར་བ་དང་། བྲན་མོ་ན་རེ། འདི་རྣམས་དམྱལ་བའི་འཇིག་རྟེན་ཡིན་སྨྲས་པས། འདིར་ཅི་ལ་འགྲོ་བ་ཡིན་ཟེར་བ་དང་། འདིར་སྡིག་པ་བྱས་པས་འགྲོ་བྱས་པས། འོ་ན་ཐབས་གང་གྲགས་ཟེར་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་དྲག་སྨྲས་པས་འོ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཟེར་བས་ཆོས་བསྟན་པས་བཟང་པོས་གཙོར་བྱས་ཡུལ་དེ་ཆོས་ལ་འགྱུར་རོ། །ཤན་པའི་ཚུལ་ཅན་ནི་མིག་གསུམ་བྱ་བའི་ཡུལ་ཞིག་ཏུ་ཤན་པ་མི་སྲུན་པ་མིག་གིས་གང་མཐོང་ཐམས་ཅད་གསོད་པ་ཞིག་ཏུ་གྱུར་པ་དང་། མི་རྣམས་དེ་ཐོས་པས་ཐམས་ཅད་བྲོས་


CMR003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཤན་པ་དེས་འོ་ན་ཁྱེད་རྣམས་མ་བྲོས་དང་། སྡིག་པ་སྤང་དགེ་བ་བསྒྲུབས་ན་མི་གསོད་དོ་ཟེར་ཞིང་། ཡང་དེ་ལྟར་སུས་མ་བྱས་པ་ཐམས་ཅད་གསོད་དོ། །དེ་ནས་ཡུལ་དེ་ཐམས་ཅད་ཆོས་ལ་འགྱུར་རོ། །སྨད་འཚོང་མའི་ཚུལ་ཅན་ནི། ཡུལ་བདེ་བྱེད་དུ་སྨད་འཚོང་བྱས་ནས་བསྡད་པས་ཕྱིས་ཛ་མི་འགས་སྨད་འཚོང་མ་དེ་ལ་འོད་ཆེན་པོ་གཅིག་འཕྲོ་དོ་ཟེར། ཕྱིས་ནས་དེ་ཐམས་ཅད་ཀྱིས་མཐོང་བས་མི་རྣམས་ཀྱི་སྨད་འཚོང་མ་འདི་གྲུབ་པ་ཐོབ་པ་ཞིག་རེད་ཟེར། དེ་ནས་ཕྱིས་ལན་གཅིག་འཇའ་འོད་ཀྱི་ལི་ལི་བྱེད་ཅིང་ནམ་མཁར་བཞུགས་པས། ཐམས་ཅད་ཀྱིས་ཕྱག་འཚལ་བསྐོར་བ་བྱས་པས་མོས་ཆོས་མང་དུ་བཤད་པས་ཐམས་ཅད་གྲོལ་ལོ། །དེ་ནས་དུས་རེ་ཞིག་གི་ཚེ་ན་བླ་མ་མཁས་པའི་ཚུལ་ཅན་དེས་རྒྱལ་པོའི་ཕོ་བྲང་གི་རྩེ་དེར་བྱོན་ནས་འདི་གསུངས་སོ། །རྒྱལ་པོ་འཁོར་བཅས་གསན་དུ་གསོལ། །ང་ནི་མཐོང་གྲོལ་ཕུག་ཏུ་འགྲོ། །རྒྱལ་པོ་འཁོར་བཅས་བདེ་བར་བཞུགས། །ཞེས་གསུངས་སོ། །རྒྱལ་པོ་འཁོར་བཅས་ཀྱིས་བཤོལ་བཏབ་ཀྱང་མ་གནང་སྟེ་བྱོན་ནོ། །དེ་ནི་དགའི་བདེ་འོད་མཆོག །ས་གཅིག །སྒང་མོ་རིང་། རྩིའུ་ཐོག །ཨ་གུས་རྣམས་སུ་


CMR003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྟོན་ཅིང་མཐོང་གྲོལ་དུ་བྱོན་ནོ། །དེའི་ཚེ་དེའི་དུས་ན་གྲུབ་ཐོབ་ཀྱི་ཚུལ་ཅན་དེ་ནི་མུན་པ་ཅན་སྒང་མོ་ཐུང་། ན་མར། ཡར་འདེགས་རྣམས་སུ་ཆོས་སྟོན་ཅིང་ཕུག་པ་མཐོང་གྲོལ་དུ་བྱོན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཚུལ་ཅན་དེའང་འབྱོན་པར་ཆས་པ་དང་ཁ་རྒོད་ཀྱིས་མི་རྣམས་ལ་ལ་ངུས་ལ་ལས་རིན་པོ་ཆེ་ལ་སོགས་པའི་རྒྱུ་སྣ་ཚོགས་བཏང་སྟེ་བཤོལ་བཏབ་ཀྱང་མ་ཤོལ་ནས་བྱོན་པ་ཁ་རྒོད་ཡོང་ར། །མུག་གེལ། རྒོད་དུ། དུར་རུ། རྩི་བུ་ཞབས། །གུས་ཆེན་རྣམས་སུ་ཆོས་སྟོན་ཞིང་མཐོང་གྲོལ་དུ་བྱོན་ནོ། །བྲན་གྱི་ཚུལ་ཅན་གྱི་རྒྱལ་པོའི་ཕོ་བྲང་གི་རྩེར་སོང་སྟེ། ང་འགྲོ་ཕུག་པ་མཐོང་གྲོལ་ཞེས་བྱར་འགྲོ། །ཅིས་ཀྱང་མི་འདུག་འགྲོ་བར་ངེས་ཤེས་ཡིན། །རྒྱལ་པོ་འཁོར་བཅས་སྐུ་ཁམས་བདེ་བར་བཞུགས། །ཟེར་བ་དང་། རྒྱལ་པོ་འཁོར་དང་བཅས་པས་བཤོལ་ཡང་མ་ཐུབ་སྟེ་ཤོར་རོ། །དེ་ནས་ཤང་ཆེ། ལ་ཧ་ཧུ། ཀྱུ་རུ་ཧ། ཀྱུ། བཟང་པོ་ལ། ལ་ཆེན། ལ་ཆུང་། གུས་ཆུང་རྣམས་སུ་ཆོས་བསྟན་ནས་མཐོང་གྲོལ་དུ་བྱོན་ནོ། །མགར་བའི་ཚུལ་ཅན་ནི་ཨ་བ་པུ་བ་རྣམས་ལ་ང་ལ་གཟན་གཅིག་བྱིན་གསུངས་པས་ཐམས་ཅད་ཀྱིས་བསྡུས་ནས་


CMR003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་གཅིག་བྱིན་པས་དེས་གཤོག་པ་མཛད་དེ་འཕུར་ནས་ཡུལ་དེའི་ཕར་གྲིབ་ནས་ས་ལ་བབ་སྟེ་བྱོན་པ་དང་གནམ་ཐོག །སེ་ལེ་ལོ། སྒང་མོ། རྩི་བ་ན། ཡར་གྲུས། ཡང་པ། ན་མར། ཡར་འདེགས་རྣམས་སུ་ཆོས་བཤད་ནས་མཐོང་གྲོལ་དུ་བྱོན་ནོ། །བྲན་མོའི་ཚུལ་ཅན་ནི་བཟང་པོ་སྐུ་ཁམས་བདེ་བར་བཞུགས་ཟེར་ནས་སོང་བ་དང་ཐམས་ཅད་ཀྱིས་རྩེད་མོ་བྱེད་པ་རེད་སྙམ་ནས་བསྡད་པས་ན་འོང་སྟེ་ཁ་བཟང་། ཡོ་གེ །འཇུ་ས། འོད་མཆོག །ས་འཆག །སྒང་མོ་རིང་། རྩིབ་བུ་ཐོབ། །ཨ་གུས་རྣམས་སུ་ཆོས་བསྟན་ཅིང་ཕུག་པ་མཐོང་གྲོལ་དུ་བྱོན་ནོ། །ཤན་པའི་ཚུལ་ཅན་ནི། རི་ན་སོང་ནས་རྟ་གཅིག་ཞོན་ནས་སོང་བ་མིག་གསུམ། རྡོ་བ། བེ་ཅོན། དེ་ཤན། ཡུ་བ་ཅན། མགོ་ཆེན། མགོ་ཆུང་། ཨ་གུས་རྣམས་སུ་ཆོས་བསྟན་ནས་མཐོང་གྲོལ་དུ་བྱོན་ནོ། །སྨད་འཚོང་མའི་ཚུལ་ནི་མཚན་ལ་འོང་སྟེ། །བདེ་བྱེད། གོ་ཆ། ཤ་ཀྲི། མུ་ལེའི་ཡུལ། གོ་ཤུའི་ཡུལ། མུ་གོ །ཨ་ལག །མགོ་ཆུང་ཨུ་གུས་རྣམས་སུ་ཆོས་བསྟན་ནས་མཐོང་གྲོལ་དུ་བྱོན་ནོ། །དེ་ནས་མཐོང་གྲོལ་གྱི་ཕུག་དེར་གྲལ་སྐོར་སྐོར་ལ་ཐམས་ཅད་བཞུགས་གྲལ་དེའི་


CMR003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མགོར་གྲུབ་ཐོབ་དེ་བཞུགས་སོ། །དེའི་ཚེ་དེའི་དུས་ན་གྲུབ་ཐོབ་ཀྱི་ཚུལ་ཅན་དེས་འདི་སྐད་གསུངས་སོ། །འོ་ཅག་འགྲོ་དོན་རྫོགས་པ་ཡིན། །ཐིམ་རིམ་བྱེད་པའི་དུས་ལ་བབ། །ཅེས་གསུངས་པ་དང་། སྨད་འཚོང་མ་ཤན་པ་ལ་ཐིམ། ཤན་པ་བྲན་མོ་ལ་ཐིམ། བྲན་མོ་མགར་བ་ལ་ཐིམ། མགར་བ་བྲན་ལ་ཐིམ། བྲན་དེ་རྒྱལ་པོ་ལ་ཐིམ༔ རྒྱལ་པོ་དེ་བླ་མ་མཁས་པའི་ཚུལ་ལ་ཐིམ། བླ་མ་དེ་གྲུབ་ཐོབ་ལ་ཐིམ། གྲུབ་ཐོབ་དེས་མཉམ་གཞག་གཅིག་མཛད་ནས་འདས་སོ། །དེའི་ཚེ་ན་གྲུབ་ཐོབ་བཟང་ལྡན་ནི། ད་ལྟ་བདག་ཉིད་མི་འགྱུར་རྡོ་རྗེ་ཡིན། །རྒྱལ་པོ་དོན་གྲུབ་རཱ་ག་ཨ་སྱའོ། །ལྷ་བྲན་དེ་ནི་ང་ཡི་མ་འདི་ཡིན། །བཙུན་མོ་ལེགས་བཏང་སྐྱ་ཡི་མིང་ཅན་ཡིན། །དེ་དུས་ནེ་ཙོའི་སྐྱེ་བ་འདི་ན་མེད། །སྒྱུ་མ་མཁན་དེ་ད་ལྟ་འདི་ན་མེད། །ཕུག་པ་མཐོང་གྲོལ་ཞེས་བྱར་བྱུང་བ་ཡིན། །མི་དེ་ད་ལྟ་བླ་མ་དོན་གྲུབ་ཡིན། །རྒྱལ་པོ་ས་སྐྱོང་ཀརྨ་ཕྲིན་ལས་སོ། །བྲན་མོ་དེ་ནི་བྱིས་སྦ་ཡཀྟའི་མིང་། །གཡས་ཀྱི་བཙུན་མོ་ཨ་ཡུ་ལཀྵ་ཡིན། །བློན་པོ་ད་ལྟ་སྔགས་པ་ཚེ་རིང་འབུམ། །ཁྱི་དེ་ད་ལྟ་རྟ་ཡི་མིང་ཅན་ནོ། །བཟང་པོའི་ཕ་ནི་རྩྭ་ཡི་མིང་ཅན་ནོ། །བཟང་པོ་


CMR003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ཨ་ཕྱི་འདི་ཡིན་ནོ། །ཞེས་པ་འདི་ནི་རང་ལོ་བཅོ་ལྔ་དུས། །ཕག་ལོ་བྱ་ཟླའི་ཚེས་པ་ལྔ་ཡི་དུས། །ཟངས་རི་འབར་བ་རྩེ་དགུའི་མགུལ་དུ་བྲིས་པའོ། །མངྒ་ལཾ་ཧཱུཾ་ཛྭ་ལ་ཛམྦུ་ཏཱི་པ་ཨཱ་ལཀྵ་ཀ་ར་བྷཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབདག་མི་འགྱུར་རྡོ་རྗེ་སྔོན་གྲུབ་ཐོབ་བཟང་ལྡན་དུ་སྐྱེས་པའི་རབས་རྒྱས་པར་བཀོད་པ།next