Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།


 
previousགསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།no next

གསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།


CMR004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན་བཞུགས་སོ།།


CMR004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་ལ་རྗེ་འབངས་ཉེར་ལྔ། རྗེ་ཉིད་དང་ལ་ལར་ཉེར་བདུན་ཡིན་གསུངས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ། དད་པ་ལན་གཅིག་སྐྱེས་པའི་བསོད་ནམས་ཀྱིས། །བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག་མཛད་པ། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སངས་རྒྱས་གངྒའི་བྱེ་སྙེད་ཕྱག་འཚལ་བས། །ཁྱེད་ལ་ཕྱག་གཅིག་འཚལ་བ་བསོད་ནམས་ཆེ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་རིགས་དྲུག་སྐྱེ་སྒོ་ཆོད། །དུས་ངན་སྙིགས་མར་ལྷ་གཞན་ཐུགས་རྗེ་རྡུགས། །ཁྱེད་ནི་ཐུགས་


CMR004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྟོབས་ཆེ་བྱིན་རླབས་མྱུར། །སྤྲུལ་སྐུ་འཆི་མེད་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་རྐྱེན་ངན་བར་ཆད་ཟློག །འཇམ་དཔལ་འགྲུབ་པས་ཉི་ཟླ་གདན་དུ་བཏིང་། །སྐུ་ཡི་རིག་འཛིན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དུས་མིན་འཆི་བ་ཟློག །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །རྟ་མགྲིན་འགྲུབ་པས་རྟ་སྐད་འཛམ་གླིང་ཁྱབ། །གསུང་གི་རིག་འཛིན་རྒྱལ་བ་མཆོག་དབྱངས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །ཡང་དག་འགྲུབ་པས་ཉི་ཟླ་གདན་ལ་


CMR004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་། །ཐུགས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཆེ་མཆོག་འགྲུབ་པས་བྲག་ལས་བདུད་རྩི་བཏོན། །ཡོན་ཏན་རིག་འཛིན་གཉགས་ཆེན་ཛྷཱ་ན་ལ། །གསོལ་བ་འདེབས་སོ་ནད་མེད་དངོས་གྲུབ་སྩོལ། །ལུས་སེམས་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །ཕུར་པ་འགྲུབ་པས་བསད་པའི་མི་རོ་བསླངས། །ཕྲིན་ལས་རིག་འཛིན་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་བདེ་སྟོང་དངོས་གྲུབ་སྩོལ། །སྟོང་ཉིད་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །བླ་མེད་འགྲུབ་པས་མ་སྲིང་བྲན་དུ་ཁོལ། །མ་མོའི་རིག་འཛིན་དཔལ་གྱི་ཡེ་ཤེས་ལ། །གསོལ་བ་འདེབས་སོ་རིགས་རྒྱུད་དངོས་གྲུབ་སྩོལ་། །ཡམས་ནད་རིམས་ནད་ཞི་བར་བྱིན་གྱིས་རློབས། །གསང་བདག་འགྲུབ་པས་དྲེགས་པ་ཕོ་ཉར་འགྱེད། །མཆོད་བསྟོད་རིག་འཛིན་དཔལ་གྱི་སེང་གེ་ལ། །གསོལ་བ་འདེབས་སོ་དཔལ་འབྱོར་དངོས་གྲུབ་སྩོལ། །སྡེ་བརྒྱད་གནོད་པ་ཞི་བར་བྱིན་གྱིས་རློབས། །སྟོབས་ལྡན་འགྲུབ་པས་ཡེ་ཤེས་སྤྱན་དང་ལྡན། །དྲག་སྔགས་རིག་འཛིན་བེ་རོ་ཙཱ་ན་


CMR004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསོལ་བ་འདེབས་སོ་ནུས་མཐུའི་དངོས་གྲུབ་སྩོལ། །བྱེད་ཁ་དྲོད་གཏོང་ཞི་བར་བྱིན་གྱིས་རློབས། །བཀའ་བརྒྱུད་འགྲུབ་པས་ས་བརྒྱད་མི་གཡོ་ཐོབ་། །ལྷུན་གྲུབ་རིག་འཛིན་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །སྣང་སྲིད་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །བར་སྣང་ཁམས་སུ་ཐོགས་མེད་རླུང་ལྟར་རྒྱུག །རྡོ་རྗེ་རྣམ་འཇོམས་ཞབས་ལ་གསོལ་བ་འདེབས། །དག་པ་མཁའ་སྤྱོད་ཞིང་ཀུན་ཐོགས་མེད་བགྲོད། །ཡེ་ཤེས་དབྱངས་ཆེན་ཞབས་ལ་གསོལ་བ་འདེབས། །སྟག་མོ་ཅེ་སྤྱང་ཕྱག་གིས་ལུག་ལྟར་འཛིན། །སོག་པོ་ལྷ་དཔལ་ཞབས་ལ་གསོལ་བ་འདེབས། །ནམ་མཁའི་དབྱིངས་སུ་ཐོགས་མེད་བྱ་ལྟར་ལྡིང་། །སྣ་ནམ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །རྟོགས་པ་མཆོག་ཐོབ་གསེར་གྱི་རྡོ་རྗེར་སྤྲུལ། །གཡུ་སྒྲ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ཕུར་པ་ཚད་ཙམ་དགྲ་བགེགས་སྐད་ཅིག་བསྒྲལ། །དཔལ་གྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྡིགས་མཛུབ་མཛད་པས་གཙང་པོ་གྱེན་དུ་ཟློག །ཤུད་བུ་དཔལ་སེང་ཞབས་ལ་གསོལ་བ་འདེབས། །


CMR004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་གཅིག་གིས་ཡུལ་ཁམས་གསལ་བར་མཛད། །ལྡན་མ་རྩེ་མང་ཞབས་ལ་གསོལ་བ་འདེབས། །གཞན་རྒྱུད་ཅི་བསམ་ཐམས་ཅད་ས་ལེར་མཁྱེན། །སྐ་བ་དཔལ་བརྩེགས་ཞབས་ལ་གསོལ་བ་འདེབས། །གདུག་པའི་རོ་ལངས་བཏུལ་ནས་གསེར་དུ་བསྒྱུར། །རྒྱལ་བའི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །རྫུ་འཕྲུལ་ནམ་མཁའི་བྱ་རྣམས་འཛིན་མཛད་པ། །ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །འབྲོང་གཡག་དར་མ་བཀུག་ནས་མི་ལྟར་བཟུང་། །དྲན་པ་ནམ་མཁའི་ཞབས་ལ་གསོལ་བ་འདེབས། །ཆུ་ལ་ཐོགས་མེད་ཉ་ལྟར་འཁྱུག་ཅིང་ལྡིང་། །འོ་བྲན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཕ་བོང་འདམ་ལྟར་བསྣག་ཅིང་ཟན་ལྟར་གསོལ། །རྨ་ཐོག་རིན་ཆེན་ཞབས་ལ་གསོལ་བ་འདེབས། །སྡིགས་མཛུབ་མཛད་པས་ཐོག་རྒོད་མདའ་ལྟར་འཕེན། །ལང་གྲོ་དཀོན་མཆོག་ཞབས་ལ་གསོལ་བ་འདེབས། །རི་དང་བྲག་ལ་ཐོགས་མེད་རླུང་ལྟར་རྒྱུག །དཔལ་གྱི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ནམ་མཁའི་དབྱིངས་སུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱལ་བ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །ཆོས་ཀྱི་སྤྱན་ཐོབ་


CMR004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་བོད་དུ་བསྒྱུར། །ཀླུ་ཡི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཀླུ་ཡི་དབང་པོ་ལ་སོགས་རབ་བྱུང་ཚོགས། །ཚུལ་ཁྲིམས་རྣམ་དག་བྱེ་བ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ་བསྟན་པ་དར་མཛད་གསོལ། །ཤཱཀྱ་པྲ་བྷ་ལ་སོགས་ལོ་ཙཱ་བ། །སྒྲ་བསྒྱུར་མཁས་པ་བརྒྱ་དང་རྩ་བརྒྱད་ལ། །གསོལ་བ་འདེབས་སོ་ཤེས་རབ་རྩ་ཁ་ཕྱེས། །ཏིང་འཛིན་བཟང་པོ་ལ་སོགས་རྫོགས་ཆེན་པ། །འཇའ་ལུས་མཁའ་སྤྱོད་འགྲུབ་པ་ཁྲི་ཕྲག་ལ། །གསོལ་བ་འདེབས་སོ་ཐར་པའི་ལམ་སྣ་དྲོངས། །གྱིམ་ཤང་ནག་པོ་ལ་སོགས་སྔགས་པའི་ཚོགས། །བསྐྱེད་རྫོགས་ཟུང་འཇུག་འབུམ་ཚོ་བཅོ་བརྒྱད་ལ། །གསོལ་བ་འདེབས་སོ་བར་ཆད་རྐྱེན་ངན་ཟློག །ཤེལ་དཀར་རྡོ་རྗེ་མཚོ་སོགས་མཁའ་འགྲོ་མ། །འཇའ་ལུས་འགྲུབ་པ་ཉི་ཤུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་མཁའ་འགྲོའི་སུན་མ་ཟློག །དཔལ་དབྱངས་ལ་སོགས་བསྟན་པ་སྲུང་ནུས་པའི། །གྲུབ་ཐོབ་སྔགས་འཆང་བརྒྱད་ཅུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་སྲུང་སྐྱོབ་བྱིན་གྱིས་རློབས། །རྒྱལ་བ་དགོངས་འདུས་རྩ་གསུམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་


CMR004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །ཞི་ཁྲོ་ཡོངས་རྫོགས་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་སྲུང་སྐྱོབ་དངོས་གྲུབ་སྩོལ། །བདུད་འདུལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །།གསོལ་བ་འདེབས་སོ་བར་ཆད་ཐམས་ཅད་སོལ། །རིག་འཛིན་ཁྲོས་པ་གུར་དྲག་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་གནོད་པ་ཟློག །དཔལ་མགོན་མ་ནིང་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བསྟན་པའི་རྒྱལ་མཚན་ཚུགས། །འཛམ་ལྷ་རིགས་ལྔ་ནོར་རྒྱུན་མཆེད་ལྔ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ། །བླ་མ་སྐུ་གསུམ་རྗེ་འབངས་ཉི་ཤུ་བདུན། །རིག་འཛིན་རྒྱ་མཚོ་ཡི་དམ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ནད་མེད་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་དང་འབྱོར་པའི་དངོས་གྲུབ་བསྩལ་དུ་གསོལ། །ཉམས་དང་རྟོགས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །ནམ་ཞིག་དུས་ལ་བབ་སྟེ་འཆི་བའི་དུས། །བར་དོ་འཇིགས་པའི་འཕྲང་ནས་ཐུགས་


CMR004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟུངས། །རིགས་དྲུག་འཁོར་བའི་སྐྱེ་སྒོ་ངན་པ་ཁོག །རིག་འཛིན་དཔའ་བོ་མཁའ་འགྲོས་མདུན་ནས་སུས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་དྲོངས། །ཞིང་དེར་པདྨའི་སྒྲུབ་ལས་བརྫུས་སྐྱེས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཞལ་མཐོང་སྟེ། །ལུས་རྟེན་དེ་ལ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུའི་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་གཅིག་པར་ཤོག །ཅེས་པ་འདི་དགེ་རྒྱལ་དཔོན་སྐུ་མཆེད་ཀྱི་སྤྱན་སྔ་དེར་སླེབས་དུས། རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཞིག་དགོས་གསུངས་པ་ཡིད་ལ་བཀོད་པས། དང་པོ་དེ་ཕྱོགས་སུ་དབོན་པོ་བླ་མ་རྒྱལ་མཚན་པ་ལྡོམ་བུ་ལ་བྱོན་པར་ཤར་ནས། འཕྲལ་དུ་དགེ་སློང་རཱ་ག་ཨ་སྱས་རྟ་ལོ་རྒྱལ་ཟླ་བའི་ཡར་ཚེས་ལྔའི་ཐུན་སྐབས་ཤིག་ཏུ་བྲིས་པས། འདི་འཕེལ་ཞིང་འགྲོ་དོན་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །།གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།


previousགསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།no next