Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
ཏཻ་ལོ་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཏཻ་ལོ་པའི་རྣམ་ཐར།next

ཏཻ་ལོ་པའི་རྣམ་ཐར།


CMR004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྷ་བྷ་དྲ་ཡེ། གང་གི་འཁོར་ལོས་སྒྱུར་བའི་དཔལ་འབྱོར་རབ་སྤངས་ནས། །དཀའ་བ་སྤྱད་དང་བདུད་ཀྱི་སྡེ་བཅོམ་རྫོགས་སངས་རྒྱས། །དེ་བཞིན་སངས་རྒྱས་སྟོང་སོགས་རབ་ཏུ་སྤྲུལ་མཛད་ནས། །འགྲོ་བ་དྲུག་པོ་ཐར་པའི་ལམ་བསྟན་གང་འདུལ་སྐུ་རུ་སྤྲུལ། །དེ་དག་ལ་སོགས་མཐའ་ཡས་མཛད་པ་བརྗོད་མི་ལོངས། །ཁྱད་པར་རྒྱ་གར་ཤར་ཕྱོགས་བྷ་ག་ལར། །ཛྷ་གྷོ་ར་ཞེས་བྱ་བའི་གྲོང་ཁྱེར་དུ། །ཡབ་ནི་བྲམ་ཟེ་རབ་ཏུ་གསལ་བ་དང་། །ཡུམ་ནི་ལྷ་མོ་གསལ་ལྡན་མ་ཞེས་པའི། །སྲས་སུ་འཁྲུངས་ཚེ་འོད་ཀྱིས་ཕྱོགས་ཀུན་ཁྱབ། །དེ་ཕྱིར་གསལ་བའི་འོད་ཅེས་མིང་དུ་བཏགས། །དེ་ཚེ་འོད་ཟེར་དེ་ཡིས་རབ་བསྐུལ་ནས། །བྲམ་ཟེ་མཁས་པ་ལེགས་སྦྱིན་འཁོར་དང་བཅས། །དེ་རུ་ལྷག་ནས་ཁྱེའུ་ཡི་མཚན་གདགས། །དེ་ཚེ་སྐད་ཅིག་སྐུ་ཡི་འགྱུར་བ་ནི། །གྲངས་མེད་བསྟན་ཅིང་མཚན་བརྒྱན་གཟི་འབར་བས། །བྲམ་ཟེའི་གུས་བཏུད་བསྔགས་པ་རྒྱ་ཆེར་བརྗོད། །དེ་ནས་མ་མ་རྣམས་ཀྱིས་བསྐྱེད་བསྲིངས་པས། །ཕལ་པའི་ཟླ་སྐྱེད་འདི་ཡི་ཞག་སྐྱེད་ཆེ། །ལོ་གཅིག་ལོན་ཚེ་ཕོ་བྲང་དབུས་ཉིད་དུ། །ཡུམ་དང་ལྷན་ཅིག་ཉིད་དུ་གནས་པའི་ཚེ། །བུད་མེད་


CMR004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་མཚན་མང་ལྡན་པ་ཞིག །གཅེས་པར་བརྐྱང་ཡང་ངེས་པར་འཆི་འགྱུར་ཞིང་། །སྲིད་པ་གསུམ་ན་མི་འཆིའི་གནས་མེད་ཅེས། །མི་སྙན་འཛེར་བག་སྐད་དུ་སྨྲ་བར་ཐོས། །ཡུམ་ཉིད་སྐྲག་ནས་གང་ཕན་དྲིས་པ་ཡིས། །སྲས་ཀྱིས་ནགས་ཁྲོད་མ་ཧེ་འཚོ་འཚུག་ཟེར། །དེ་ནས་གྲོགས་མེད་དབེན་པའི་ནགས་ཁྲོད་ན། །པ་ཤའི་ཤིང་ལ་རྒྱབ་བརྟེན་ཡི་གེ་འབྲི། །མ་ཧེའི་ཁྱུ་ནི་འཚོ་ཞིང་གནས་པའི་ཚེ། །སྔར་གྱི་བུད་མེད་རྒན་མོ་དེ་བྱུང་ནས། །ཡུལ་དང་ཡབ་ཡུམ་གཉིས་ཀྱི་མིང་གང་ཡིན། །ཡི་གེ་མ་ཧེ་སོགས་ཀྱི་ཅི་བྱེད་ཟེར། །ཡུལ་ནི་ཛྷ་གྷོ་ར་སོགས་ཡིན་ཚུལ་གསུངས། །དེ་ཚེ་བུད་མེད་ཁྲོས་ཤིང་དེ་མིན་ཟེར། །འོ་ན་ཁྱོད་ཀྱིས་གང་ཡིན་སྨོས་གསུངས་པས། །ཡུལ་ནི་ཨོ་རྒྱན་ཡབ་ནི་འཁོར་ལོ་སྡོམ། །ཡུམ་ནི་ཕག་མོ་སྲིང་མོ་ང་ཡིན་ཏེ། །ཁྱོད་ནི་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཞེས་སོགས་དོན་གྱི་ངོ་སྤྱོད་ཟབ་མོ་མཛད། །དེ་མ་ཐག་ཏུ་སྲས་ཀྱི་རང་རིག་ཡེ་ཤེས་རྟོགས། །བུད་མེད་དེ་ཡང་རབ་མཛེས་གཟུགས་བསྟན་ཏེ། །བསྔགས་པ་བརྗོད་ནས་མི་སྣང་བ་རུ་གྱུར། །ཁྱེའུ་གསལ་འོད་ཏིང་འཛིན་རྒྱལ་པོར་མི་གཡོ་བཞིན། །སྐུ་ཡི་བཀོད་པ་དུ་མས་གཅིག་ཆར་དུ། །ཀླུ་སྒྲུབ་


CMR004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་དེ་ཝ་ཟླ་བ་གྲགས། །མ་ཏངྒི་དང་ལོ་ཧི་ཊིདི་པ། །དཱ་རི་ཀ་པ་སུ་ཁ་ད་རི་དང་། །ལྷོ་བྷི་བྷི་ན་ས་དང་ལྭ་བ་པ། །ཨིནྡྲ་བྷུ་ཏི་སྐལ་པ་བཟང་མོ་དང་། །ཐང་ལོ་ཤིང་ལོ་ཀཎྜ་རེ་པ་ལ། །གདམས་ངག་མཐའ་དག་ནོད་པའི་ཚུལ་མཛད་ཅིང་། །མ་ཧེའི་ཁྱུ་རྣམས་དེད་ནས་རྡོ་རྗེའི་གླུ། །ཏེ་ཏེ་ལ་སོགས་ལེན་ཅིང་ཕོ་བྲང་བྱོན། །དེ་ཚེ་གླུ་ཡི་རིགས་བྱེད་མཁས་པ་ཞེས། །མི་རྣམས་ཀུན་གྱིས་ཏེ་ལོ་པ་ཞེས་བཏགས། །དེ་ནས་ཡབ་ཡུམ་གཉིས་ལ་གནང་བ་ཞུས། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་བྱོན་པའི་ཚེ། །གཏིང་དཔག་དཀའ་བའི་འོག་ཆེན་ཆུས་ཁེངས་པ། །རིན་ཆེན་ལས་གྲུབ་ལྕགས་རི་རིམ་བདུན་ལ། །ཤེལ་དང་ནོར་བུའི་ཟམ་དག་སྤྲུལ་ནས་བྱོན། །དེ་ནང་དུར་ཁྲོད་འཇིགས་ཤིང་ཡ་ང་བ། །རོ་ལངས་ལྕེ་སྤྱང་ཤ་ཟའི་ཚོགས་ཀྱིས་གང་། །དེ་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །སྒོ་ལ་བྱ་རོག་འུག་པ་ཕག་ཁྱི་ཡིས། །གདོང་ཅན་མཁའ་འགྲོ་ཟིལ་གྱིས་མནན་ཏེ་བྱོན། །དེ་བཞིན་བར་སྒོའི་སྲུང་མ་ཡང་། །ཟིལ་གྱིས་མནན་ཅིང་བསྟོད་བསྔགས་བཀུར་སྟི་བྱས། །དྲི་བ་དྲིས་ལན་གླུ་ཡིས་ཚིམས་པར་བྱས། །ཕོ་བྲང་དབུས་སུ་རྡོ་རྗེ་རྣལ་འབྱོར་མ། །


CMR004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོ་དབུས་སུ་འགྱིང་བའི་མདུན། །གར་གྱི་རོལ་པས་གནས་པར་མཛད་པ་ལ། །ཌཱ་ཀི་འགའ་ཞིག་ཐེ་ཚོམ་འདི་སྐད་སྨྲས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་ཕག་མོ་ལ། །མི་གུས་ཚུལ་འདི་ཅི་ཕྱིར་གཞོམ་མི་བྱེད། །དེ་ཚེ་ཌཱ་ཀི་གཞན་དག་འདི་སྐད་དོ། །རྡོ་ཡི་ཆར་པ་བར་མེད་བབ་ན་ཡང་། །འདི་ཡི་བ་སྤུའི་རྩེ་མོ་གཡོ་མི་ནུས། །མཁའ་དང་ས་ཆུ་མེ་ལ་ཐོགས་མེད་ཅིང་། །དངོས་པོ་ཀུན་བདག་རྣལ་འབྱོར་དབང་ཕྱུག་ཁྱོད་སུ་ཞིག་ཡིན། །དེ་སྐད་དྲིས་པས་སླར་ཡང་ལན་གསུངས་པ། །བདག་ནི་རྒྱལ་བ་ཀུན་ལས་སྔར་བྱུང་སྟེ། །ཀུན་གྱི་མཐར་གནས་ཀུན་གྱི་ངོ་བོ་ཉིད། །སྐྱེ་བོ་རྣམས་ཀྱིས་ཏེ་ལོ་པ་ཞེས་བརྗོད། །བདག་གིས་ཤེས་ཀྱང་གཞན་ལ་ཕན་པའི་ཕྱིར། །མཁའ་འགྲོས་ལུང་བསྟན་དམ་ཆོས་ལེན་དུ་འོངས། །ཞེས་གསུངས་ཞུ་བ་དྲིས་ལན་མཛད་པ་ཡིས། །མཐའ་དག་བདེ་གཤེགས་ཀུན་གྱི་ངོ་བོ་ཁྱོད། །རྒྱལ་བས་ལུང་བསྟན་ཏིང་འཛིན་ཀུན་གྱི་གཙོ། །ཞེས་སོགས་མཁའ་འགྲོ་རྣམས་ཀྱིས་བསྟོད་བསྔགས་བརྗོད། །དེ་ནས་གཙོ་མོ་རྡོ་རྗེ་ཕག་མོ་དང་། །བརྡ་དང་བརྡ་ཡི་ལན་ནི་དུ་མ་མཛད། །གཙོ་མོ་དགྱེས་པས་བསྟོད་པའི་ཚིག་གསུངས་པ། །ཁྱོད་ནི་ཧེ་རུ་ཀ་དཔལ་


CMR004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། །ཡི་གེ་མེད་པའི་མན་ངག་རྣམས་དང་རྒྱུད་སྡེའི་ཚིག །འཁོར་ལོས་གཙོ་མོའི་བདག་ལ་རབ་གཏད་གྲངས་མེད་པ། །དེང་འདིར་རྒྱལ་བ་ཀུན་གྱིས་ཁྱོད་ལ་རབ་སྦྱིན་ཏེ། །བདག་ལ་གར་མཛོད་རང་གི་ཡེ་ཤེས་རང་ལ་གནས་པར་མཛོད། །ཅེས་གསུངས་ཡེ་ཤེས་རོལ་པ་མཆོག་ལ་ཞུགས་པར་མཛད། །དེ་ཚེ་རྡོ་རྗེའི་གླུ་ཡིས་རབ་བསྐུལ་ནས། །བསམ་གྱིས་མི་ཁྱབ་དཔའ་བོ་ཌཱ་ཀི་འདུས། །དབང་བར་དབང་བསྐུར་མཆོད་ནས་མི་སྣང་གྱུར། །དེ་ནས་ཌ་ཀི་བྱེ་བས་མཆོད་སྦྱིན་དུ། །འཇའ་གུར་མེ་ཏོག་ཆར་དང་རོལ་མོས་སྒྲས། །དཔའ་བོ་ཌཱ་ཀིས་གླུ་དབྱངས་དུ་མ་དང་། །འཇིག་རྟེན་སྐྱོང་བ་ཀུན་གྱིས་ཕྱག་འཚལ་ཞིང་། །བདེ་མཆོག་རྩ་རྒྱུད་དབུ་རྒྱན་ཚུལ་དུ་བཅིངས། །ནམ་མཁའ་ལམ་ནས་འཕུར་ཏེ་བྱོན་པའི་ཚེ། །བྲག་ཆ་ལྟ་བུར་གཟུགས་མེད་གླུ་དབྱངས་ཀྱིས། །ལུས་མེད་མཁའ་འགྲོའི་ཆོས་བདུན་གསལ་བར་གསན། །དེ་ནས་རྒྱ་གར་ཡུལ་གྱི་ལྷོ་ཡི་ཕྱོགས། །འཇིགས་བྱེད་བཞད་པའི་དུར་ཁྲོད་ཆེན་པོ་ན། །ཤིང་ལོ་སྤྱིལ་བུ་རབ་ཏུ་མཛེས་པའི་ནང་། །གྲུབ་ཆེན་མ་ཏཾ་ཀི་ཡི་ལུང་བསྟན་ཏེ། །ཟ་ཧོར་ཡུལ་གྱི་གྲོང་ཁྱེར་ཆེན་པོའི་དབུས། །སྨད་


CMR004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཚོང་དྷ་རི་མ་ཞེས་བྱ་བ་ཡོད། །དེ་ཡི་གཡོག་གྱིས་རྟོགས་པ་སྐྱོངས་ཤིག་གསུངས། །ལོ་གྲངས་བཅུ་གཉིས་བར་དུ་ཏིལ་བརྡུངས་ཤིང་། །ཁྱོ་པོ་བསུ་སྐྱེལ་ལ་སོགས་གྲོགས་མཛད་པས། །གཞན་དག་མེ་ཡིས་ཕུང་པོ་མཐོང་བ་དང་། །གསེར་གྱི་ཁ་དོག་མཚན་དང་དཔེ་བྱད་འབར། །འོད་ཀྱི་དཀྱིལ་འཁོར་དབུས་སུ་ནམ་མཁའ་ལ། །མངོན་པར་འཕགས་པ་མཐོང་ནས་ཐམས་ཅད་དད། །འགའ་ཞིག་མེ་ཡི་ཕུང་པོ་འབར་བ་ལ། །སྒྲོན་མེ་བཅུ་བཞི་དག་གིས་བསྐོར་བ་མཐོང་། །དེ་ནས་ཡུལ་དེའི་རྒྱལ་བློན་ཐམས་ཅད་ལ། །དྷ་རི་མ་ཉིད་འཁོར་བཅས་དེར་འདུས་ནས། །ཀུན་གྱིས་ཕྱག་འཚལ་བསྟོད་པ་བྱེད་པར་གྱུར། །དེ་ཚེ་འགའ་ཞིག་འདི་ནི་དགྲ་བཅོམ་ཟེར། །འགའ་ཞིག་མེ་དཔུང་སྒྲོན་མེས་བསྐོར་རོ་ཟེར། །འགའ་ཞིག་འདི་ནི་རིག་འཛིན་གྲུབ་པ་ཟེར། །གང་ཡིན་དྷ་རི་མ་ཡིས་ཉིད་ལ་ཞུས། །དེ་ཚེ་ཏེ་ལོ་པ་ཡིས་འདི་སྐད་གསུངས། །ཕྱོགས་བཅུའི་ཕྱོགས་དང་ནང་གི་ཕྱོགས་བཞི་ན། །ཌ་ཀི་བཅུ་ཡིས་གཙོ་མོ་བདག་དང་རོལ། །བདག་གིས་སྣ་ཚོགས་སྣང་ཞིང་ངོ་བོ་གཅིག །ཅེས་གསུངས་དྷ་རི་མ་ཡི་མཁའ་འགྲོའི་ཚོགས། །དངོས་སུ་མཐོང་ནས་རྩེ་གཅིག་དད་པ་ཐོབ།


CMR004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཆད་མ་ཤེས་གཡོག་བཀོལ་བཤགས་པ་བྱས། །དེ་ཚེ་ཏེ་ལོས་རྡོ་རྗེའི་མགུར་བཞེངས་པས། །སྐད་ཅིག་དེ་ལ་དྷ་རི་མ་གྲོལ་ཏེ། །ཡེ་ཤེས་ཌཱ་ཀི་གཙོ་དང་དབྱེར་མེད་གྱུར། །དེ་ཚེ་རྒྱལ་པོ་ལ་སོགས་ཐམས་ཅད་ཀྱིས། །རྩེ་གཅིག་གུས་པས་ཞུ་བ་ཞུས་པ་ལས། །ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ། །ཌཱ་ཀི་བྱེ་བའི་འཁོར་གྱིས་མཆོད་བཞིན་དུ། །ཏེ་ལོས་རྡོ་རྗེའི་མགུར་ནི་བཞེངས་པ་ཡིས། །ཡུལ་དེས་སྐྱེ་བོ་ཐམས་ཅད་སྐད་ཅིག་ལ། །ངེས་པའི་དོན་རྟོགས་ཐམས་ཅད་མཁའ་སྤྱོད་གཤེགས། །གྲོང་ཁྱེར་ཆེན་པོ་དེ་ཡང་སྟོང་པར་གྱུར། །དེ་ནས་གཞན་ཡང་གྲོང་ཁྱེར་ཆེན་པོའི་དབུས། །ལང་ཚོ་ཕུན་སུམ་ཚོགས་པའི་སྨད་འཚོང་མའི། །ཁྱིམ་དུ་བྱོན་ནས་ཆང་རྣམས་ཕོས་ནས་གཤེགས། །སུས་བྱས་མ་ཤེས་མྱ་ངན་བྱེད་བཞིན་དུ། །སླར་ཡང་སྣང་མར་ཆུ་བླུག་ཆང་སྒྲུབ་པ། །སླར་ཡང་བྱོན་ནས་ཆང་གསོལ་ས་ལ་ཕོས། །དེ་ཚེ་བཟུང་ནས་བརྡུངས་ཏེ་རོ་ལྟར་བྱས། །གྲངས་མེད་ཕྱིར་འཕངས་རྒྱང་རིང་བོར་བཞག་ནས། །སླར་ཡང་འབྲས་བསྐྱིལ་ཆང་མང་རབ་ཏུ་བཙོས། །བཙོང་མར་རན་དུས་སྔ་ལྟར་འོང་ནས་ཀྱང་། །ཆང་རྣམས་འཐུང་ཞིང་ཕོས་ནས་མེད་པར་


CMR004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དེ་ཚེ་ཆང་འཚོང་མི་བདག་བུ་དང་བཅས། །རབ་ཁྲོས་མཚོན་གྱིས་ཏེ་ལོ་དུར་བུར་བརྒྱར། །གཏུབ་ནས་དུར་ཁྲོད་གནས་སུ་བོར་བར་གྱུར། །དེ་མ་ཐག་ཏུ་ཏེ་ལོ་ཁྱིམ་དེར་ཕེབས་། །དེ་ཚེ་ཆང་ཚོང་མ་ནི་ཆང་མེད་ཀྱིས། །མྱ་ངན་དྲག་པོ་བྱེད་ཅིང་འདུག་པ་ལ། །འཁོར་བ་སྙིང་པོ་མེད་པའི་ཆོས་གསུངས་ནས། །སླར་ཡང་ཆང་རྣམས་སྔར་ལྟར་ཡོད་པར་མཛད། །དེ་ནས་ཆང་ཚོང་མ་དད་ཕྱག་འཚལ་བསྐུལ། །དེ་ཚེ་ཏེ་ལོ་ནམ་མཁར་འཇའ་གུར་བཞུགས། །རྡོ་རྗེའི་མགུར་གསུངས་སྐད་ཅིག་དེ་ཉིད་ལ། །ཆང་ཚོང་མ་དེ་སྐྱིལ་ཀྲུང་བྱས་བཞིན་དུ། །ནམ་མཁར་ལྡིང་ཞིང་ལག་པས་གར་ཐབས་བསྒྱུར། །དེ་ཚེ་ཆང་ཚོང་མ་ཡི་བདག་པོ་ལ། །བུ་དང་གཡོག་འཁོར་ཆང་ཉོའི་སྐྱེ་བོའི་ཚོགས། །འབུམ་ཕྲག་དུ་མས་དད་ཅིང་གསོལ་བཏབ་པས། །སྐད་ཅིག་དེ་ལ་ཐམས་ཅད་མཁའ་སྤྱོད་ཐོབ། །དེ་ནས་ཤན་པའི་གྲོང་ཁྱེར་ཆེན་པོ་ན། །ཉིན་རེའང་སེམས་ཅན་བྱེ་བ་ཕྲག་མང་གསོད། །ཤན་པའི་གཙོ་བོའི་ཤ་རྣམས་བཙོ་ཞིང་གནས། །དེ་ཚེ་ཏེ་ལོ་པ་ཡིས་རྫུ་འཕྲུལ་བསྟན། །ཤན་པའི་གཙོ་བོའི་བུ་དེ་བོར་གྱུར་ནས། །ཕྱོགས་རྣམས་ཀུན་ཏུ་བཙལ་ཡང་མ་རྙེད་ནས། །སླར་ཡང་ཁྱིམ་དུ་འོང་


CMR004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངལ་བསོས་ཏེ། །ཤ་རྣམས་བཙོ་བའི་སྣོད་དེ་ཁ་ཕྱེས་པས། །རང་གི་བུ་དེ་མངོན་སུམ་བཙོས་མཐོང་ནས། །ཀྱེ་མ། བདག་ནི་བུ་ལ་ཤར་འཁྲུལ་ནས། །དུམ་བུར་གཏིབ་ཅིང་བཙོས་སོ་ཞེས། །ཤན་པ་མོ་དང་ཤན་པའི་འཁོར། །ཀུན་གྱིས་བསྐོར་ཞིང་ངུ་སྒྲས་ཁྱབ། །དེ་ཚེ་ནམ་མཁའི་དབྱིངས་ནས་ཏེ་ལོ་ཡིས། །ཞལ་བསྟན་བུ་ཡང་མདུན་དུ་ཡོད་པར་མཛད། །ཐམས་ཅད་རྨི་ལམ་མཚུངས་ཞེས་མགུར་གསུངས་པས། །དེ་མ་ཐག་ཏུ་ཤན་པས་གྲུབ་པ་ཐོབ། །ནམ་མཁར་འཕགས་ནས་ཕྱག་འཚལ་བསྐོར་བ་བྱས། །དེ་དག་མཐོང་བས་ཤན་པའི་ཚོགས་རྣམས་དང་། །ཡུལ་གྱི་བྱོལ་སོང་རི་དྭགས་ཡན་ཆད་ཀུན། །སྐད་ཅིག་ཉིད་ལ་རིག་འཛིན་ས་ཐོབ་བོ། །དེ་ནས་སྔགས་པའི་གྲོང་ཁྱེར་ཆེན་པོ་ནི། །རིག་སྔགས་འཆང་བ་དཔེ་མེད་ནུས་ལྡན་པ། །ནུས་པའི་ང་རྒྱལ་ཤིན་ཏུ་འབར་བའི་མདུན། །ཏེ་ལོས་ཐ་མལ་སྐྱེ་བོའི་གཟུགས་སྤྲུལ་ནས། །སྔགས་པ་དེ་ལ་འགྲན་བཙུགས་ཡིད་དཀྲུགས་པས། །སྔགས་པ་ཁྲོས་ཏེ་གསུམ་མམ་ལྔའམ་ནི། །རིང་ཡང་ཞག་བདུན་ཚུན་དུ་བསད་དོ་ཟེར། །མེ་ལྕེ་འབར་བས་ཕུར་བུས་ལིང་ག་གཟིར། །སྔགས་ཀྱི་ནུས་པ་མེ་རི་རབ་འབར་


CMR004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཡུངས་ཀར་ཐུན་གྱིས་དྲག་ཏུ་བྲབ་ཅིང་གནས། །སྲུང་བ་བརྒྱ་ཡིས་རང་འཁོར་སྲུང་གྱུར་ཀྱང་། །ཞག་གཅིག་སོང་ནས་ལྟས་ངན་ཁྲི་ཕྲག་བབ། །ཞག་གཉིས་ལོན་ནས་བུ་སྐྱེས་ཁྲག་སྐྱུག་གུམ། །དེ་བཞིན་ཉེ་འབྲེལ་འཁོར་གཡོག་ཐམས་ཅད་ནི། །ལ་ལ་ཐོག་ཕོག་ལ་ལ་རྦབ་ཏུ་ཤི། །ལ་ལ་ནད་དང་ལ་ལ་དོན་མེད་ཤི། །ལ་ལ་རང་གིས་རང་ཉིད་བསད་གྱུར་ནས། །སྔགས་པ་ཁོ་རང་མ་གཏོགས་ཐམས་ཅད་ཤི། །སྔགས་པ་ཡི་ཆད་རྫས་གཏོར་ཕུར་པ་བཙག །ཧོམ་བཤིག་ཕྲེང་བ་བསྲེགས་ནས་སྨྲེ་སྔགས་འདོན། །སྐུ་འབལ་བྲང་བརྡུང་མཆི་མ་ཆར་དུ་འབེབས། །མི་རྣམས་རོ་ལ་ལྟ་ཞིང་སྐྱག་པ་སྐྱེས། །དེ་ཚེ་ཏེ་ལོས་དངོས་སུ་ཞལ་བསྟན་ཏོ། །དགྲ་གཉེན་ཁྱད་པར་མེད་པའི་མགུར་གསུངས་ནས། །སེ་གོལ་གཏོགས་པས་ཐམས་ཅད་སྔར་ལྟར་སོས། །དེ་ནས་སྔགས་པ་དད་སྟེ་ཕྱག་འཚལ་ནས། །ཏེ་ལོས་ཚིགས་བཅད་གསུངས་པས་སྔགས་པ་གྲོལ། །མཆོག་གི་དངོས་གྲུབ་ཐོབ་སྟེ་མཁའ་ལ་འཕག །དེར་འཁོད་སྐྱེ་བོ་ཐམས་ཅད་གྲུབ་པ་ཐོབ། །ཡུལ་དེར་ཕལ་པའི་སྐྱེ་བོ་མེད་པར་གྱུར། །དེ་ནས་རྒྱལ་པོ་ལ་སོགས་མང་པོ་དང་། །ཤིན་ཏུ་མཁས་པའི་དཔང་པོ་དུ་མ་བཞག་


CMR004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སློབ་མའི་ཚོགས་ཀྱིས་རབ་བསྐོར་བའི། །ཕྱི་ནང་པཎྜི་ཏ་གཉིས་རྩོད་སར་བྱོན། །གཅིག་གིས་ཡོད་པའི་མཐའ་བཟུང་རྩོད་པར་བྱེད། །གཅིག་གིས་མེད་པའི་མཐའ་བཟུང་རྩོད་པ་ལ། །ཡོད་མེད་སྨྲ་བ་ཀུན་རྫོབ་བདེན་རྫུན་ཏེ། །དམ་པའི་དོན་དུ་རང་བཞིན་མ་གྲུབ་གསུངས། །དེ་ལ་ཆད་པར་སྨྲ་བ་ཁྲོས་པར་གྱུར། །དེ་ཚེ་ཏེ་ལོས་པཎྜི་ཏ་དེ་ནི། །རྫུ་འཕྲུལ་སྟོབས་ཀྱིས་དམྱལ་བའི་གནས་སུ་ཁྲིད། །དམྱལ་བའི་སྡུག་བསྔལ་རྣམས་ཀྱང་གསལ་བར་བསྟན། །ལྷ་ཡུལ་ཁྲིད་ནས་ལྷ་ཡི་བདེ་སྐྱིད་བསྟན། །དེ་ནས་པཎྜི་ཏ་དེ་ངེས་ཤེས་སྐྱེས། །ཕྱོགས་དེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱང་། །ཡང་དག་དམ་པའི་ལམ་ལ་བཞག་པར་མཛད། །དེ་ནས་མུ་སྟེགས་རྫུ་འཕྲུལ་ཆེན་པོ་ཅན། །ཀུན་གྱིས་བཀུར་ཞིང་ང་རྒྱལ་ལྡན་པ་ཡིས། །དྲུང་དུ་ཏེ་ལོ་བྱོན་ནས་དོ་བསྔོས་པས། །རྒྱལ་པོ་ལ་སོགས་ཀུན་གྱི་དཔང་བཞག་ནས། །སྒྲ་ཚད་ལ་སོགས་གཞུང་ལུགས་གླེང་པ་ན། །མུ་སྟེགས་པ་ཡིས་ཚིག་གཅིག་སྨྲ་མ་ནུས། །ཁོ་ཡིས་ནམ་མཁར་དཀྱིལ་འཁོར་བཀོད་པ་ལ། །དེ་ལས་རབ་ཏུ་གསལ་ཞིང་བཀྲ་བ་ཡི། །ཏེ་ལོའི་དཀྱིལ་འཁོར་བཀོད་པས་ཟིལ་གྱིས་མནན། །ཁོ་ཁྲོས་


CMR004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནས་མེ་འབར་སྲེག་པར་བརྩམས། །དེ་ཚེ་དེ་བས་ལྷག་ཅིང་འཇིགས་རུང་བའི། །མེ་ལྕེས་གོས་དང་སྐུ་ཡང་བསྲེགས་མཛད་པས། །ཁོ་ཉིད་དད་དེ་ཕྱག་འཚལ་གསོལ་བ་བཏབ། །གདམས་ངག་གསུངས་པས་དོན་རྟོགས་གར་བྱས་ཤིང་། །ཡུལ་དེས་སྐྱེ་བོ་ཐམས་ཅད་སྐད་ཅིག་གྲོལ། །དེ་ནས་གླུ་མཁན་ཤིན་ཏུ་མཁས་པ་ཞིག །སྐྱེ་བོ་དུ་མ་གླུ་ལ་ཉན་ཞིང་སྣང་། །དེ་དྲུང་བྱོན་ནས་གླུ་དབྱངས་འདྲེན་མཛད་དེ། །ལྷ་ཡི་གླུ་དང་ཀླུ་དང་དྲི་ཟའི་གླུ། །མིའམ་ཅི་དང་ཚངས་པའི་གླུ་ལ་སོགས། །གླུ་ཡི་བྱེ་བྲག་བྱེ་བ་དུ་མ་གསུངས། །དེ་ནས་གླུ་མཁན་དད་ཅིང་ཕྱག་འཚལ་ནས། །གདམས་ངག་གསུངས་པས་གླུ་མཁན་ལ་སོགས་པ། །སྐྱེ་བོ་དེ་དག་སྐད་ཅིག་ཉིད་ལ་གྲོལ། །དེ་ནས་སྒྱུ་མ་མཁན་གྱི་དམག་ཆེན་སྤྲུལ། །རྒྱལ་པོ་གཅིག་ལ་འཐབ་པར་བརྩམས་པའི་ཚེ། །རྒྱལ་པོ་ཤིན་ཏུ་སྐྲག་ནས་སྡུག་བསྔལ་གྱུར། །དེ་ཚེ་རྒན་མོ་མི་སྡུག་མཚན་ལྡན་ཞིག །རྒྱལ་པོའི་དྲུང་དུ་བྱུང་ནས་འདི་སྐད་ཟེར། །དམག་འདི་སུས་ཀྱང་ཐུབ་པར་མི་འགྱུར་ཏེ། །ང་ཡི་མིང་པོ་གཅིག་པུས་ཐུབ་གྱུར་ཏེ། །མེ་ནི་ཆུང་དུས་ནགས་ཚལ་སྲེག་དང་མཚུངས། །ང་ཡི་མིང་པོ་དུར་ཁྲོད་ཕ་ཀི་ན། །ཤིང་སྡོང་རྩེ་ལ་རྫུ་འཕྲུལ་


CMR004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཅིང་ཡོད། །ཟེར་བས་ཏེ་ལོ་རྒྱལ་པོས་སྤྱན་དྲངས་སོ། །དེ་ནས་སྤྲུལ་པའི་དམག་ཚོགས་མང་པོ་ཡིས། །སྒྱུ་མའི་དམག་དང་ཐམས་ཅད་བཅོམ་བྱས་ནས། །གདམས་ངག་བསྟན་པས་སྒྱུ་མ་མཁན་ཡང་གྲོལ། །རྒྱལ་པོ་ལ་སོགས་དེ་དག་ཐམས་ཅད་ཀུན། །རིག་པ་འཛིན་པའི་ས་ལ་བཀོད་པར་མཛད། །དེ་ནས་མ་ལ་ཤིན་ཏུ་གུས་པ་ཡི། །རྒྱལ་པོ་གཅིག་གི་མ་ན་ཤི་ལ་ཐུག །དེ་ཚེ་མ་ཡི་ཁ་ཆེམས་ཚིག་སྨྲས་པ། །བུ་ཁྱོད་ང་ལ་དྲིན་ལན་བསབ་ན་ནི། །བྲམ་ཟེ་དང་ནི་དགེ་འདུན་ང་མི་དད། །སྔགས་པ་རྣམས་ལ་ཚོགས་འཁོར་གྱིས་ཤིག་ཟེར། །དེ་ནས་སྔགས་པ་ཀུན་འདུས་ཚོགས་འཁོར་བཤམས། །རྣལ་འབྱོར་ནུས་ལྡན་གཅིག་ནི་ཁྲི་སྟེང་འཁོད། །དེ་ཚེ་རྒན་མོ་མི་སྡུག་གཟུགས་ཅན་ཞིག །བྱུང་ནས་ཁྱོད་ཀྱི་ཚོགས་དཔོན་མི་འོང་གི །བདག་གི་མིང་པོ་བོས་འོང་མི་སྣང་གྱུར། །དེ་ནས་ཏེ་ལོ་དེར་ཕེབས་ཁྲི་ལ་བཞུགས། །དེ་ནས་སྔགས་པས་ནམ་མཁར་དཀྱིལ་འཁོར་བཀོད། །ཏེ་ལོས་དེ་བས་ལྷག་པ་ནམ་མཁར་བཀོད། །སྔགས་པས་ཚོགས་རྫས་མི་རོ་མང་པོ་བཀུག །ཏེ་ལོས་སྤྲུལ་པའི་ལྕགས་སྤྱང་བྱེ་བ་ཡིས། །མི་རོ་གསར་རྙིང་དཔག་མེད་ཁྱེར་ནས་འོང་། །


CMR004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དང་། །མཆོད་པའི་ལྷ་མོ་འབུམ་ཕྲག་དུ་མ་བསྟན། །དེ་ནས་སྔགས་པས་བར་སྣང་སྐྱིལ་ཀྲུང་བཅས། །རྫུ་འཕྲུལ་ཕྲ་མ་འགའ་ཞིག་བསྟན་པ་ན་། །ཏེ་ལོས་ཉི་ཟླའི་སྟེང་དུ་གར་མཛད་ཅིང་། །ཁྱུང་དང་སེང་གེ་གཡུ་འབྲུག་ཞོན་པ་དང་། །སྐུ་ཡི་བཀོད་པ་བྱེ་བ་སྐད་ཅིག་ལ། །འོག་མིན་བར་གྱི་ནམ་མཁར་འགྲོ་བ་དང་། །སྐད་ཅིག་འཇིག་རྟེན་གྲངས་མེད་ཆགས་འཇིགས་དང་། །བ་སྤུའི་བུ་ག་རེར་ཡང་རྒྱལ་བ་ཡི། །དཀྱིལ་འཁོར་བྱེ་བ་བསམ་ལས་འདས་པར་བསྟན། །དེ་ནས་སྔགས་པས་ཕྱག་འཚལ་ཞབས་ལ་གཏུགས། །གདམས་ངག་གསུངས་པས་སྔགས་པ་གཙོར་བྱས་པའི། །དེ་མཐོང་སྐྱེ་བོ་ཐམས་ཅད་མཁའ་སྤྱོད་ཐོབ། །དེ་དང་དུས་མཚུངས་དགེ་སློང་ཏིལ་འཚོང་མའི། །སྲས་སུ་གྱུར་པས་རྫུ་འཕྲུལ་བསྟན་པ་ནི། །དགེ་སློང་གནས་བརྟན་ཀུན་གྱིས་བཀུར་བ་དེ། །གཙུག་ལག་ཁང་དུ་བཞུགས་ནས་ཡོད་ཙམ་ན། །སྲིང་མོ་དགེ་སློང་མ་ནི་ཏིལ་འཚོང་མས། །ཁྱེའུ་ལྷ་ཕྲུག་འདྲ་ཞིག་ཁྱེར་བྱུང་ནས། །འདི་ཉིད་གསོས་ཟེར་དགེ་སློང་དེ་ལ་གཏད། །དགེ་སློང་མ་དེ་སྐད་ཅིག་རྫུ་འཕྲུལ་གྱིས། །དེ་ཝི་ཀོ་ཏྲིའི་ཡུལ་དུ་གཤེགས་པར་


CMR004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཁྱེའུ་དེ་ནི་གཞན་ལས་སྐྱེད་ཆེ་ཞིང་། །ཡི་གེ་ཀློག་ལ་མཁས་པར་གྱུར་པའི་ཚེ། །བྱི་རུའི་མདོག་ཅན་བུད་མེད་འོད་འབར་བ། །དར་དང་རིན་ཆེན་རྒྱན་ལྡན་བུད་མད་གཅག །བུ་ཁྱོད་བླ་མེད་ས་ལ་འགྲོ་འདོད་ན། །སྨྱོན་པའི་སྤྱོད་པ་གྱིས་གསུངས་མི་སྣང་གྱུར། །དེ་ནས་ཁྱེའུས་གླེགས་བམ་ཀུན་གཏོར་བས། །སྨྱོ་བར་མཐོང་ནས་ཁྱེའུ་ལྕགས་སུ་བཅུག །དེ་ནས་སྔར་གྱི་བུད་མེད་དེ་འོང་ནས། །གདམས་པ་བསྟན་ནས་ལོ་དྲུག་ལྕགས་འོག་བསྒྲུབ། །དེ་ནི་སྨྱོ་སང་སྨྲས་ནས་ལྕགས་བཀྲོལ་ཙ། །སེམས་ཅན་ཆ་ག་བྱེ་བ་དུ་མ་ནི། །བསད་ཅིང་མགོ་ལུས་ཕུང་པོར་སྤུངས་བྱེད་ཅིང་། །ཡང་ནི་འཚོགས་པའི་གྲལ་འབྱོན་འཚོ་བ་གསོལ། །དེ་ཚེ་ཀུན་གྱིས་འབར་ཤར་བྱས་པའི་ཚེ། །སེ་གོལ་གཏོགས་པས་བསད་ཚད་སོས་ཏེ་འཕུར། །དེ་མཐོང་སྐྱེ་བོ་ཐམས་ཅད་མཁའ་སྤྱོད་སོང་། །དེ་ནས་ཏེ་ལོ་རྒྱལ་པོའི་ཕོ་བྲང་དུ། །དགེ་སློང་ཞི་དུལ་ལྡན་པར་སྤྲུལ་ནས་བྱོན། །རྒྱལ་པོ་དད་ནས་རིགས་རུས་ཡབ་ཡུམ་དྲིས། །བདག་ལ་ཕ་མ་རིགས་རུས་མཁན་སློབ་མེད། །རང་བྱུང་དགེ་སློང་སྨྲ་བརྗོད་བྲལ་ལོ་གསུངས། །དེ་ཚེ་ཏེ་ལོ་སངས་རྒྱས་ཞེས་བྱར་གྲགས། །སྤྲུལ་པས་


CMR004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མ་ལུས་ཁྱབ་མཛད་དེ། །བྲམ་ཟེའི་མདུན་ན་བྲམ་ཟེ་མཁས་པ་མཆོག །ཚངས་པ་རྣམས་ལ་དད་དཔོན་མཁས་པ་སྟེ། །གླུ་ལ་དགའ་བའི་མདུན་ན་གླུ་མཁན་ནོ། །དེ་བཞིན་སྐྱེས་པ་བུད་མེད་མགར་བ་དང་། །མཆོག་དམན་བར་མ་གང་ལ་གང་འདུལ་གཟུགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མིའམ་ཅི། །ས་ཆུ་མེ་རླུང་དུ་མའི་གཟུགས་སུ་སྤྲུལ། །དེ་ཚོ་སོ་སོས་ཇི་ལྟར་མཐོང་བ་ལྟར། །ཏེ་ལོ་པ་འདིས་འདི་ལྟར་སྤྲུལ་ལོ་ཞེས། །གཏམ་ངན་རྣམ་པ་སྣ་ཚོགས་སོ་སོར་གླེང་། །དེ་ནས་རྒྱལ་པོ་སེང་གེ་ཟླ་བ་ཡིས། །ཚོགས་འཁོར་བཤམས་པའི་དྲུང་དུ་ཏེ་ལོ་པ། །ལ་ལས་དགྱེས་རྡོར་ལ་ལས་བདེ་མཆོག་དང་། །ལ་ལས་གསང་འདུས་ལ་ལས་དགྲ་ནག་དང་། །ལ་ལས་མ་ཧཱ་མཱ་ཡཱ་ལ་སོགས་པ། །དཀྱིལ་འཁོར་སྣ་ཚོགས་བསམ་མི་ཁྱབ་པར་མཐོང་། །རྒྱལ་པོས་ཏེ་ལོ་ཁྱེད་ཀྱི་སྐུ་གཅིག་ལ། །རྒྱལ་བ་དུ་མའི་སྐུར་མཐོང་ཅི་ཡིན་ཞུས། །དེ་ཚེ་ཏེ་ལོ་ཆེན་པོས་བཀའ་བསྩལ་པ། །རྒྱལ་པོ་བདག་ལུས་ཀྱི་ཡི་རྡོ་རྗེ་ལ། །ངག་ནི་མ་ཧཱ་མཱ་ཡཱ་སྟེ། །བདག་སེམས་འཁོར་ལོ་བདེ་མཆོག་ཉིད། །དབང་པོ་གསང་བ་འདུས་པ་ཉིད། །ཡན་ལག་དགྲ་རྒྱུད་ནག་པོ་སྟེ། །ཉིང་ལག་རྡོ་རྗེ་འཇིགས་


CMR004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །བ་སྤུ་རྣམས་ནི་སངས་རྒྱས་ཚོགས། །མཐའ་ཡས་མ་ཚང་མེད་པའོ། །བདག་ནི་བདེ་གཤེགས་ཐམས་ཅད་ཀྱི། །ངོ་བོ་ཉིད་དུ་གྲུབ་པ་སྟེ། །ཅི་ཕྱིར་ཁྱོད་ནི་གཅིག་ཁོ་ནར། །མཐོང་རྡོར་ངེས་པར་རྣམ་པར་འཛིན། །ཞེས་གསུངས་རྒྱལ་པོ་ལ་སོགས་ཐམས་ཅད་གྲོལ། །ཇི་ལྟར་ཡུལ་གྲུ་ཆེན་པོ་བཅུ་གཉིས་ཀྱི། །སྐྱེ་བོ་ཐམས་ཅད་མཁའ་སྤྱོད་གནས་སུ་བཀོད། །གཞན་ཡང་མཛད་སྤྱོད་བསམ་གྱིས་མི་ཁྱབ་བོ། །བླ་མ་བརྒྱུད་པ་བར་མེད་བྱོན་པ་ལས། །བྱུང་བའི་ཏེ་ལོའི་རྣམ་ཐར་རྒྱས་དང་བསྡུས། །སྡེབ་སྦྱོར་མཛེས་དང་མི་མཛེས་དུ་མ་ལས། །བསྟན་ནས་རྣལ་འབྱོར་མཁའ་སྤྱོད་དབང་པོ་ཡིས། །མཛད་པའི་རྣམ་ཐར་ཆེན་པོའི་དོན་བསྡུས་ནས། །ཚིགས་སུ་བཅད་དེ་རཱ་གའི་མིང་གིས་བྲིས། །འདི་བྲིས་སྡེབ་སྦྱོར་ཉམས་སོགས་ཉེས་མཆིས་ན། །ཏེ་ལོ་སངས་རྒྱས་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་བདག་དང་བདག་རྗེས་འཇུག་པ་དང་། །འདི་ཉིད་མཐོང་ཐོས་དྲན་པའི་འགྲོ་བ་ཀུན། །ཏེ་ལོའི་རྗེས་བཟུང་སྐད་ཅིག་ཙམ་ཉིད་ལ། །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །སརྦ་མངྒ་ལཾ།།


previousཏཻ་ལོ་པའི་རྣམ་ཐར།next