Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
ནཱ་རོ་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་པའི་རྣམ་ཐར།next

ནཱ་རོ་པའི་རྣམ་ཐར།


CMR004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་སིདྡྷིཡེ། རྡོ་རྗེ་ཐེག་པའི་ལམ་མཆོག་འདི་ཉིད་ནི། །བླ་མའི་སྐྱེ་བོ་རབ་ཏུ་མགུ་བ་ཙམ། །ཁོ་ན་བྱས་པས་ལེགས་པར་འགྲུབ་པ་སྟེ། །དེ་ཚུལ་ཅུང་ཟད་བསྡུས་ཏེ་འདིར་བཤད་དོ། །རྒྱ་གར་ཤར་ཕྱོགས་བྷ་གྷ་ལ་ཡི་ཡུལ། །ཤྲཱི་ནཱ་ག་རའི་གྲོང་ཁྱེར་འཛམ་བུ་ཡི། །རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་དང་། །བཙུན་མོ་དཔལ་གྱི་བློ་གྲོས་ཞེས་བྱ་ལ། །སྲས་མོ་དཔལ་གྱི་ཡེ་ཤེས་བྱ་བ་ཡོད། །སྲས་ནི་མེད་པས་སྲིད་བསྒྱུར་ཐབས་ལ་འབད། །དེ་ཚེ་སྲས་ཆགས་རིམ་གྲོ་བརྒྱ་རྩ་བརྒྱད། །རྒྱལ་དང་བཅོ་ལྔ་འཛོམ་ཚེ་སྲས་བལྟམས་པས། །མེ་ཏོག་ཆར་བབ་དགེ་མཚན་དུ་མ་བྱུང་། །དེ་ཚེ་བྲམ་ཟེ་མཚན་མཁན་གྱིས་སྨྲས་པ། །སྔོན་ཚེ་རྒྱལ་བུ་དོན་གྲུབ་མཚན་རྟགས་རྣམས། །འདི་ལ་ཚང་ཞེས་བསྔགས་པ་རྒྱ་ཆེར་བརྗོད། །དཔལ་ཀུན་ཏུ་དགེ་བ་ཞེས་བྱ་མིང་དུ་བཏགས། །དེ་ནས་སྐྱེད་བསྲིང་དར་ལས་བབ་པ་ན། །འཁོར་བ་སྙིང་པོ་མེད་པའི་མགུར་བཞེངས་ནས། །རབ་ཏུ་བྱུང་བར་ཡབ་ལ་ཞུས་པ་ཡི། །ཡབ་ཀྱིས་བཤོལ་བཏབ་རྒྱལ་སྲིད་སྐྱོང་དགོས་ཟེར། །རྒྱལ་སྲིད་སྙིང་པོ་མེད་པའི་མགུར་བཞེངས་ནས། །ཁ་ཆེར་བྱོན་ཏེ་གཏན་ཁྲིམས་ལྔ་པོ་བླངས། །རིག་


CMR004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཀུན་ཤིན་ཏུ་བྱང་གྱུར་ཏེ། །པཎྜི་ཏ་པ་ནམ་མཁའི་སྙིང་པོར་གྲགས། །དེ་ནས་པཎྜི་ཏ་ཡི་འཁོར་གྱིས་བསྐོར། །རང་གི་ཡུལ་དུ་བྱོན་པས་ཡབ་ཀྱང་མཉེས། །དེ་ནས་ཡབ་ཀྱི་བཀའ་ནན་མ་ཆོག་ནས། །བྲམ་ཟེའུ་བུ་མོ་དྲི་མེད་མ་ཞེས་པ། །རིགས་རུས་ལང་ཚོའི་ཁྱད་འཕགས་ཁབ་ཏུ་བཞེས། །དེ་ནས་ཡབ་ཀྱི་བཞེད་པ་འགྲུབ་པ་དང་། །འཁོར་བ་སྙིང་པོ་མེད་ཚུལ་རྒྱས་པར་ནི། །བཙུན་མོ་དེ་ལ་གསུངས་ཤིང་ཁོ་བོ་ནི། །རབ་ཏུ་བྱུང་འདོད་དེ་ལ་ཇི་ལྟར་བྱ། །གསུངས་པས་བཙུན་མོ་དམ་པས་འདི་སྐད་ཞུས། །སྔོན་གྱི་བསོད་ནམས་མཐུ་ཡིས་ཁྱེད་དང་མཇལ། །ཁྱེད་མིན་གཞན་ལ་ཡིད་སེམས་མི་གཡོ་ཡང་། །ཁྱེད་བཞེད་དམ་ཆོས་བར་ཆད་མི་བགྱིད་པས། །ཁྱེད་ཀྱིས་བདག་ལ་མི་དགྱེས་ཚུལ་མཛོད་དང་། །བདག་ཀྱང་སྤྱོད་ལམ་ངན་པར་བསྒྱུར་བར་བྱ། །ཞེས་སྨྲས་མོས་ཀྱང་གླུ་གར་དཔག་མེད་བྱས། །དེ་ཚེ་རྒྱལ་བློན་ཐམས་ཅད་མོ་ལ་འབར། །མོ་ཡང་ཕ་ཡུལ་ལོག་ནས་རབ་ཏུ་བྱུང་། །དེ་ནས་རྒྱལ་བུ་དགའ་བའི་ཚལ་དུ་བྱོན། །མཁན་པོ་སངས་རྒྱས་སྐྱོང་ལ་སློབ་དཔོན་ནི། །ཡེ་ཤེས་འོད་ལ་དགེ་ཚུལ་སྡོམ་པ་བླངས། །སངས་རྒྱས་ཡེ་ཤེས་ཞེས་བྱ་མཚན་དུ་


CMR004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །དེ་ནས་ཁ་ཆེར་བྱོན་ནས་བསྙེན་པར་རྫོགས། །ཆོས་ཀྱི་རྒྱལ་མཚན་ཞེས་བྱར་མཚན་དུ་བཏགས། །དེ་ནས་པུ་ལ་ཝ་རིར་བཤད་སྒྲུབ་མཛད། །གནས་བརྟན་བསྟན་པ་འཛིན་པ་ཞེས་སུ་གྲགས། །དེ་ཚེ་ནཱ་ལེནྡ་ཡི་བྱང་སྒོ་ཡི། །སྒོ་སྲུང་པཎ་ཆེན་འདས་པའི་གདན་སར་བཀོས། །ཕྱི་ནང་པཎྜི་ཏ་རྣམས་གཡས་གཡོན་སྒྲིགས། །དང་པོ་ནང་པའི་པཎྜི་ཏ་རྣམས་དང་། །བགྲོ་གླེང་མཛད་པས་གནས་བརྟན་ཁོ་ན་རྒྱལ། །ཀུན་གྱིས་ཕྱག་འཚལ་ཞབས་པད་སྤྱི་བོར་བླངས། །དེ་ནས་ཕྱི་པའི་པཎྜི་ཏ་རྣམས་དང་། །བརྩད་པས་ཐམས་ཅད་བཅོམ་སྟེ་ནང་པར་བཙུད། །འདི་ནི་ཕྱི་ནང་ཀུན་ལ་འཇིགས་མེད་ཅེས། །དཔལ་ལྡན་འཇིགས་མེད་གྲགས་པར་མཚན་དུ་ཐོགས། །དེ་ནས་སེམས་བསྐྱེད་དབང་བསྐུར་དང་། །ཆོས་བཤད་བྱ་བ་རྒྱུན་དུ་མཛད་དུ་བཞུགས། །རེ་ཞིག་དཔེ་ལ་གཟིགས་ཤིང་བཞུགས་ཙམ་ན། །རྒན་མོ་མི་སྡུག་དུ་མའི་མཚན་ལྡན་ཞིག །ཁྱོད་ཀྱི་དཔེ་ལྟ་དོན་ནམ་ཚིག་ཤེས་ཟེར། །ཚིག་ཤེས་སྨ་ཚེ་དགའ་བའི་རྣམ་འགྱུར་སྟོན། །དོན་ཤེས་སྨྲ་ཚེ་བུད་མེད་ཤིན་ཏུ་ཁྲོས། །འོ་ན་ང་ལས་དོན་ལ་མཁས་པ་སུ། །གསུངས་པས་ང་ཡི་མིང་པོ་དོན་ལ་


CMR004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་།གསོལ་བ་ཐོབ་ཅིང་སོང་དང་རྙེད་ཟེར་ནས། །ན་ཆུང་མཛེས་པའི་གཟུགས་བསྟན་མི་སྣང་གྱུར། །དེ་ནས་འཁོར་བ་སྙིང་པོ་མེད་པའི་ཚུལ། །མགུར་གསུངས་བླ་མ་ཚོལ་དུ་ཆས་པའི་ཚེ། །ཤར་སྒོའི་པཎ་ཆེན་རཏྣ་ཨ་ཀ་ར། །ལྷོ་ཕྱོགས་ངག་གི་དབང་ཕྱུག་གྲགས་པ་དང་། །ནུབ་ཀྱི་ཤེས་རབ་འབྱུང་གནས་སྦས་པ་དང་། །ནཱ་ལེནྡྲ་ཡི་དགེ་འདུན་ཐམས་ཅད་ཀྱིས། །ཕྱག་འཚལ་ཞུ་ཕུལ་བཞུགས་པར་གསོལ་བ་བཏབ། །དེ་ཚེ་སྐྱེ་བོ་གཞན་དག་འདི་སྐད་གླེང་། །སེང་གེ་ཁྲི་གནོན་དུ་མའི་འཁོར་ལྡན་པས། །རིན་ཆེན་འབྱུང་གནས་ཞི་བ་ལ་སོགས་པ། །པཎ་ཆེན་དུ་མས་ཕྱག་འཚལ་ཞབས་བཏུད་པའི། པཎ་ཆེན་འདི་འདྲ་འབྱུང་བར་དཀའ་བ་སྟེ། །འདི་འདྲས་བླ་མ་ཚོལ་བ་ཅི་ཡིན་ཟེར། །ཞུས་པ་མ་གསན་ཀྱེ་རྡོར་ལ་བསྟེན་ནས། །བླ་མ་ཚོལ་དགོངས་རིང་ཞིག་བྱོན་པ་ན། །ནམ་མཁའ་དག་ལས་ལུང་བསྟན་སྒྲ་བྱུང་བ། །བདེ་མཆོག་སྒོ་ནས་ཚོལ་དང་རྙེད་ཅེས་ཟེར། །དེ་ནས་དུར་ཁྲོད་ཆེན་པོ་ནཱ་ག་རར། །སྤྱིལ་པོ་བྱས་ནས་ཡིག་བདུན་འབུམ་ཕྲག་བཟླས། །ས་གཡོས་འཇའ་འོད་རོལ་མོ་དྲི་བཟང་ཁྱབ། །ཤར་ཕྱོགས་ཏེ་ལོ་བཞུགས་པོར་ཚོལ་ཞིག་གྲགས། །དེ་ནས་ཤར་ཕྱོགས་


CMR004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སོང་སོང་ཡང་། །མ་རྙེད་ཡི་མུག་ལུང་བསྟན་ཐེ་ཚོམ་སྐྱེས། །དེ་ཚེ་ནམ་མཁའ་ལས་ནི་སྒྲ་གྲག་པ། །བརྩོན་པས་རྙེད་འགྱུར་ལེ་ལོས་མིན་ཞེས་ཐོས། །སླར་ཡང་སོང་བས་བྲག་རིང་འགག་དོགས་པར། །མཛེ་མོ་གཅིག་གིས་ལམ་འགགས་བཀག་ནས་འདུག །སྐྱུག་བྲོ་སྣ་བཀག་གོས་མཐའ་འགོང་སྟེ་བྱོན། །མཛེ་མོ་མི་སྣང་མཁའ་ལ་སྒྲ་གྲག་པ། །རྣམ་རྟོག་བཅིངས་པས་བླ་མ་རྙེད་དཀའ་ཟེར། །བླ་མའི་སྤྲུལ་པ་འདུག་ཀྱང་མ་ཤེས་འགྱོད། །དེ་ནས་གསོལ་བ་འདེབས་ཤིང་སོང་སོང་བས། །ལམ་སྲང་དོགས་པར་ཁྱི་མོ་འབུས་གཡོགས་ཀྱང་། །ཞེ་སྡང་དབང་གིས་གཞན་ལ་ཟུག་པ་མཐོང་། །སེམས་ཅན་མ་དག་པ་སྙམ་འགོང་སྟེ་སོང་། །ཁྱི་མོ་མི་སྣང་གཟུགས་མེད་སྒྲ་གྲག་པ། །ཐམས་ཅད་གདོད་ནས་རྣམ་པར་དག་པ་ལ། །བཟང་ངན་འཛིན་པས་བླ་མ་མི་རྙེད་ཟེར། །ད་ནི་ཕྱིན་ཆད་སུ་དང་འཕྲད་ན་ཡང་། །བླ་མ་དྲི་བར་བྱ་སྙམ་བྱོན་པ་ལ། །མི་གཅིག་འཕྲད་པར་ཏེ་ལོ་མཐོང་ངམ་དྲིས། །མི་དེས་འདི་ནས་ཅུང་ཟད་འདས་པ་ན། །བླ་མ་དེ་ནི་བྱ་མིན་བརྩོན་པར་ཡོད། །ཟེར་བ་ཐོས་ནས་སོང་བས་མི་གཅིག་གིས། །མི་གཅིག་བསད་ཕྱིར་བརྡུངས་ཤིང་འདུག་


CMR004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཏེ་ལོ་མཐོང་ངམ་དྲིས་པས་མི་དེ་ཡིས། །མི་འདིས་མགོ་བོ་ཆོད་དང་བསྟན་ནོ་ཟེར། །ཁོ་བོ་པཎྜི་ཏ་ཡིན་མི་རུང་སྨྲས། །དེ་ཉིད་མི་སྣང་གཟུགས་མེད་སྒྲ་སྐད་ལ། །ཤེས་རབ་མཚོན་གྱིས་བདག་འཛིན་མགོ་བོ་ནི། །བཅད་པར་མ་བྱས་བླ་མ་མི་རྙེད་ཟེར། །སྤྲུལ་པར་མ་ཤེས་སྙམ་ནས་འགྱོད་ཅིང་ཟེར། །མི་གཅིག་མི་བསད་རྒྱུ་མ་འདྲེན་ཅིང་འདུག །ཏེ་ལོ་ཨེ་མཐོང་དྲིས་པས་མི་དེ་ཡིས། །རྒྱུ་མ་འདོན་རོགས་གྱིས་དང་བསྟན་ནོ་ཟེར། །བདག་ནི་དགེ་སློང་ཡིན་པས་མི་རུང་སྨྲས། །དེ་ཡི་མོད་ལ་དེ་ཉིད་མི་སྣང་ནས། །འཁོར་བའི་རྒྱུན་ཐག་བཅད་པར་མ་བྱས་ན། །བླ་མ་མི་རྙེད་ཟེར་བའི་སྐད་ཅིག་གྲག །དེ་ནས་སོང་བའི་ཆུ་ཆེན་གཅིག་གི་འགྲམ། །མི་གཅིག་མི་ཡི་ནང་ཆ་བཀྲུ་ཞིང་འདུག །ཏེ་ལོ་ཨེ་མཐོང་དྲིས་པས་མི་དེ་ཡིས། །དང་པོ་ནང་ཆ་བཀྲུ་རོགས་གྱིས་དང་ཟེར། །སྐྱུག་བྲོ་བདག་གིས་བཀྲུ་བར་མི་འདོད་སྨྲས། །ཉོན་མོངས་མི་བཀྲུ་བླ་མ་མི་རྙེད་ཅེས། །སྒྲ་གྲག་དེ་ཉིད་དུ་ནི་མི་སྣང་གྱུར། །ཀྱེ་མ་བླ་མའི་སྤྲུལ་པ་མང་འཕྲད་ཀྱང་། །མ་ཤེས་ན་ཡང་ད་རུང་བཙལ་སྙམ་སོང་། །གྲོང་ཁྱེར་རྒྱ་ཆེན་མཛེས་པའི་དབུས་ཉིད་དུ། །ཆོས་ལྡན་རྒྱལ་པོ་གཅིག་གི་དྲུང་དུ་


CMR004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །ང་ནི་ནཱ་ལེནྡྲ་ཡི་པཎྜིཏ། །བླ་མ་ཏེ་ལོ་བཙལ་བས་མ་རྙེད་ངལ། །རྒྱལ་པོ་ཁྱོད་ཀྱིས་བདག་ལ་བསྟན་འཚལ་ཞུས། །རྒྱལ་པོས་ཏེ་ལོ་མི་མཐོང་དགོས་པ་མེད་། །ང་ཡི་བུ་མོ་ལོངས་སྤྱོད་མཐའ་ཡས་ཅན། །ཁྱོད་ལ་འབུལ་བས་རེ་ཤིག་ངལ་བསོས་ཟེར། །དེ་ལྟར་བྱས་པས་ཁྱེའུ་གཅིག་ཀྱང་བྱུང་། །སྐྱིད་པོར་ཡོད་ཚེ་ངན་སྤྱོད་མཁན་གཅིག་གིས། །རྒྱལ་པོའི་བུ་མོ་བྱིསྦ་གཉིས་བཅས་བསད། །རྒྱལ་པོས་ཀྱང་ནི་ལེ་དད་བཀའ་བཀྱོན་བྱས། །ཁོ་བོས་བླ་མ་དམ་པ་ཚོལ་བསམས་པས། །རྒྱལ་པོས་ང་བསླས་ཆོས་ཀྱི་བར་ཆད་བྱས། །ད་ནི་རྒྱལ་པོ་དང་ནི་བསད་མཁན་བཅས། །དྲག་སྔགས་མཐུ་ཡིས་བསྒྲལ་བར་བྱ་དགོས་སྙམ། །བསྒྲུབ་པའི་ཁང་བུར་མཚམས་བསྡམས་སྔགས་བཟླས་པས། །དུག་གསུམ་སྤྱད་པས་བླ་མ་རྙེད་མི་འགྱུར། །ཁྱོད་ནི་སྒྱུ་མས་བསླུས་ཞེས་སྒྲ་གྲག་སྟེ། །རྒྱལ་པོ་ཡུལ་ཁམས་བཅས་པ་མི་སྣང་ངོ་། །དེ་ནས་ཡང་ནས་སོང་བའི་ལམ་ཁ་ན། །རྔོན་པས་རི་དྭགས་དེད་ནས་བྱུང་བ་ལ། །ཏེ་ལོ་དྲིས་པས་གསོད་རོགས་གྱིས་དང་ཟེར། །དགེ་སློང་ཡིན་སྙམ་མོད་ལ་དེ་མི་སྣང་། །གཟུགས་འཛིན་རི་དྭགས་བསད་པར་མ་བྱས་ན། །བླ་མ་མི་


CMR004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དགེ་འདུན་བསོད་སྙོམས་སློང་། །ཞེས་པའི་སྒྲ་གྲག་དེ་ནས་པཎྜི་ཏ། །དགེ་འདུན་འདུ་བའི་གནས་སུ་བྱོན་པ་ལ། །དགེ་འདུན་རྣམས་ཀྱིས་འདི་སྐད་ཅེས་ནི་གསོལ། །ཁྱེད་ནི་ཅུང་ཟད་ཕར་ལ་བྱོན་ཤིག་དང་། །པཎ་ཆེན་ཁྱེད་ལ་བསུ་བ་བྱ་དགོས་ཟེར། །བདག་ལ་བཀུར་སྟི་བྱས་ཀྱང་དགའ་བ་མེད། །བླ་མ་ཏེ་ལོ་ཨེ་མཐོང་དྲིས་པ་ལ། །མུ་ཏོ་བ་ཡི་ཏེ་ལོ་བྱ་བ་ཞིག །འདུག་ཟེར་གཅིག་གིས་བསྟན་དུ་སོང་ཙ་ན། །ལམ་མདོར་སྤྲང་རྒན་མི་སྡུག་འདོར་བ་དང་། །བསླང་སྣོད་ཆག་པོར་སྤྲང་ཟས་ཟ་བར་མཐོང་། །ཕྱག་འཚལ་བསྐོར་བ་བྱས་པས་དགེ་འདུན་རྣམས། །པཎྜི་ཏ་འདི་སྐྱོ་བ་ཡིན་ནམ་ཟེར། །སྤྲང་པོ་དེ་ཡིས་ཤིག་ནི་སྤར་བ་གང་། །ཁོང་ལ་གཏད་ནས་མེ་ལ་བསྲེགས་ཤིག་ཟེར། །ཅུང་ཟད་ཐེ་ཚོམ་གྱུར་པས་འཇའ་ལྟར་ཡལ། །རྣམ་རྟོག་མ་བསྲེགས་བླ་མ་ག་ལ་རྙེད། །རྒྱ་མཚོའི་འགྲམ་དུ་ཉ་གསོད་འགྲོའོ་ཞེས། །སྒྲ་ཞིག་གྲག་པས་རྒྱ་མཚོའི་འགྲམ་དུ་སོང་། །བཙུན་རྒན་གཅིག་དང་བཙུན་མ་རྒན་མོ་གཉིས། །ཞིང་རྨོ་དེ་ཡི་བུ་དང་བུ་མོ་རྣམས། །ཉེ་རྣམས་གཅོད་ཅིང་འདུག་པ་གཅིག་དང་འཕྲད། །ཏེ་ལོ་དྲིས་པས་ཏེ་ལོ་ངས་མི་ཤེས། །དང་པོ་ཁྱིམ་དུ་བྱོན་ལ་དྲོ་


CMR004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཟེར། །ཉ་བདུན་གསོན་པོར་སྡེར་དུ་དྲངས་བྱུང་བས། པཎྜི་ཏ་ཡིན་མི་རུང་སྙམ་མ་ཐག །དེ་དག་མི་སྣང་སྒྲ་སྐད་འདི་བྱུང་ངོ་། །རྣམ་པར་རྟོག་པས་བླ་མ་།རྙེད་པར་དཀའ། །ད་ནི་ཕ་མ་གསོད་དུ་འགྲོའོ་ཟེར། །དེ་ནས་འོང་བས་མི་གཅིག་ལས་ངན་བྱེད། །ཕ་ནི་གསལ་ཤིང་ལ་བསྐྱོན་མ་དེ་ནི། །ཁྲི་མུན་དོང་དུ་བཅུག་པ་དེ་དང་འཕྲད། །ཏེ་ལོ་དྲིས་པས་དེ་ནི་ངས་ཤེས་ཏེ། །དང་པོ་ཕ་མ་གསོད་རོགས་གྱིས་དང་ཟེར། །མི་རུང་བསམ་ཚེ་ཐམས་ཅད་མི་སྣང་གྱུར། །གཟུང་འཛིན་ཆགས་སྡང་ཕ་མ་མ་བསད་ནས། །བླ་མ་མི་རྙེད་ད་ནི་ལྟད་མོར་འགྲོ། །ཟེར་བ་ཐོས་ནས་ཡང་ནི་སོང་སོང་བས། །མིག་གཅིག་པ་ཡི་ཡུལ་དུ་མི་མང་འདུས། །འོན་པས་སྒྲ་ཉན་དམུས་ལོང་ལྟད་མོ་ལྟ། །ལྐུགས་པས་གཏམ་སྨྲ་རོ་ལངས་གར་བྱེད་མཐོང་། །ངོ་མཚར་སྙམ་ནས་བལྟས་པས་ནམ་མཁའ་ནས། །མི་གཅིག་དུ་མ་རོ་གཅིག་སྟེ། །ཞེས་སོགས་ངོ་སྤྲོད་སྒྲ་གྲག་མི་སྣང་གྱུར། །དེ་ནས་ཡུན་རིང་བཙལ་ཡང་མ་རྙེད་ངལ། །ད་ནི་ལུས་འདིའི་བླ་མ་མི་རྙེད་པས། །ལུས་འདི་བོར་ནས་སྨོན་ལམ་བཏབ་བོ་སྙམ། །མ་འོངས་བླ་མ་མཇལ་བའི་སྨོན་ལམ་བཏབ། །མཆི་


CMR004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོན་ཞིང་མགྲིན་པར་སྤུ་གྲི་ཚད། །བྲེག་ལ་ཁད་དུ་མཁའ་ལས་སྒྲ་གྲག་པ། །བསད་པས་བླ་མ་མི་རྙེད་དེ། །ཁྱོད་འདོད་སྡིག་ཅན་ང་ཉིད་དོ། །ཞེས་གསུངས་འཇའ་དང་འོད་ཀྱི་གུར་ཁང་དབུས། །རྣལ་འབྱོར་མཐིང་ནག་དབུ་སྐྲ་སྤྱི་བོར་བཅིངས། །སྐྱབས་སྦྱིན་ཕྱག་རྒྱ་མཛད་པ་དངོས་སུ་མཇལ། །དད་པས་ཕྱག་འཚལ་ཐུགས་རྗེས་གཟིགས་ཤིག་ཞུས། །ད་ནི་གསང་སྔགས་སྣོད་དུ་གྱུར་ཞེས་གསུངས། །ཁྱོད་དང་བདག་གཉིས་རྟག་ཏུ་འབྲལ་མེད་ཀྱང་། །སྡིག་པས་སྒྲིབ་སྟེ་ཇི་བཞིན་མ་མཐོང་གསུངས། །དེ་ནས་ཏེ་ལོ་བྱོན་སོང་རྗེས་བཞིན་རྒྱུག་།ཐང་སྐྱིལ་གཅིག་ཏུ་སྔར་ལྟར་མཛད་ཅིང་གདའ། །ཕྱག་འཚལ་མཎྜལ་ཕུལ་ནས་ཞུས་པ་ནི། །བདག་ནི་རྒྱལ་པོ་དགེ་བའི་གོ་ཆའི་བུ། །རབ་ཏུ་བྱུང་བས་མཁས་པ་ཆེན་པོར་གྲགས། །ཁྱོད་ཉིད་ཚོལ་ཕྱིར་དཀའ་བ་དུ་མ་སྤྱད། །ད་ནི་དམ་ཆོས་བདུད་རྩི་སྩོལ་ཞུས་པས། །དང་པོ་ཁྱོད་ལ་དབང་བསྐུར་བྱ་དགོས་པས། །མྱུར་བར་མེ་དང་རས་ཡུག་ཁྱེར་ཤོག་གསུངས། །མེ་དང་རས་ཡུག་བཙལ་ནས་ཕྱག་ཏུ་བཏང་། །རས་ཡུག་སྟེང་དུ་མེ་བཞག་ཐལ་བར་སོང་། །གོ་འམ་གསུངས་པས་རང་རྒྱུད་དྲི་མ་མེད། །དབང་དོན་མེས་བསྲེགས་


CMR004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཡེ་ཤེས་སུ། །ཕྱིན་པར་གོ་ཞུས་ཅི་ཡང་མི་གསུང་བཞུད། །རྗེས་སུ་སོང་སོང་ཐང་སྐྱིལ་གཅིག་ཏུ་བཞུགས། །ཕྱག་འཚལ་གདམས་པ་གནང་བར་ཞུས་པ་ལ། །མེ་ཤེལ་འོད་འབར་གཅིག་བསྟན་གོ་འམ་གསུངས། །གདོད་ནས་དྲི་མེད་ལྟ་བུའི་སེམས། །བླ་མའི་ངོ་སྤྲོད་མཆོག་གིས་གོ་ལགས་ཞུས། །ཅི་ཡང་མི་གསུང་བཞུད་པའི་ཕྱི་ལ་འབྲངས། །སྔར་ལྟར་བཞུགས་འདུག་ཕྱག་འཚལ་མཎྜལ་ཕུལ། །རྒྱ་མདུད་བསྟན་ཏེ་བཀྲོལ་ནས་གོ་འམ་གསུངས། །འཆིང་བྱེད་འཁོར་བ་རང་གྲོལ་གྱི། །ཡེ་ཤེས་སུ་གོ་དེ་ནི་ཡིན་ལགས་སམ། །ཞུས་པས་ཅི་ཡང་མི་གསུངས་བྱོན་སོང་བས། །ཕྱི་ལ་འབྲངས་པས་བཞུགས་འདུག་ཕྱག་བསྐོར་བྱས། །ནོར་བུའི་ཕྱག་རྒྱ་བསྟན་ནས་གོ་འམ་གསུངས། །བླ་མ་ཡིད་བཞིན་ནོར་བུའི་མཆོག་དེ་ལ། །བསྟེན་ནས་དགོས་འདོད་འབྱུང་ངོ་དེ་ལགས་སམ། །ཞུས་པས་མི་གསུངས་བཞུད་པས་ཕྱི་ལ་འབྲངས། །བཞུགས་པ་མཇལ་ནས་མཎྜལ་ཕྱག་བསྐོར་བྱས། །སྤྱན་ནི་གང་དུའང་མི་འགྱུར་པར་གཟིགས་ནས། །གོ་འམ་གསུང་ཚེ་རྗེ་བཙུན་བླ་མ་ལ། །མོས་གུས་རྩེ་གཅིག་བསྒོམ་ན་ཡོན་ཏན་འབྱུང་། །ཞེས་པར་གོ་ལགས་ཞུས་པས་མི་


CMR004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བཞུད། །ཕྱི་བཞིན་འབྲངས་པས་སྔར་བཞིན་བཞུགས་པར་མཇལ། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །ཆུ་ཕོར་གང་གསོལ་དེ་དོན་གོའམ་གསུངས། །བླ་མའི་ཞལ་གདམས་དད་པས་འཐུང་དགོས་གོ །མི་གསུངས་བཞུད་པའི་ཕྱིར་འབྲངས་སྔར་ལྟར་མཇལ། །ཕྱག་འཚལ་མཎྜལ་ཕུལ་ནས་གདམས་པ་ཞུས། །སྣོད་མང་ཆུ་ཡིས་བཀང་སྟེ་གོ་འམ་གསུངས། །སྣ་ཚོགས་ཆོས་ཀུན་ཡེ་ཤེས་རོ་གཅིག་གོ །བླ་མ་གཤེགས་པའི་ཕྱིར་འབྲངས་སྔར་ལྟར་མཇལ། །ཆོས་འབྱུང་ཕྱག་རྒྱ་བསྟན་ཏེ་གོའམ་གསུངས། །རྣམ་པར་ཆོས་ཀུན་འབྱུང་བའི་གནས། །བསྟན་ན་མཆོག་གྲུབ་གོ་ལགས་ཞུས། །མི་གསུང་བཞུད་པའི་རྗེས་སུ་འབྲངས། །ཕྱག་འཚལ་གདམས་པ་ཞུས་པ་ལས། །ཐིག་ལེ་གཅིག་བསྟན་གོའམ་གསུངས་། །ཐིག་ལེ་ཉག་གཅིག་ཆོས་སྐུ་ནི། །རང་ལ་གནས་པའི་རྩལ་སྦྱངས་དགོས། །གོ་ཞུས་ཅི་ཡང་མི་གསུངས་བཞུད། །རྗེས་སུ་རྒྱུག་པས་སྔར་བཞིན་མཇལ། །ཕྱག་འཚལ་མཎྜལ་གདམས་པ་ཞུས། །རྒྱ་མདུད་གཅིག་བསྡམས་གོའམ་གསུངས། །མི་ཕྱེད་ཁ་སྦྱོར་གསང་བའི་གནད། །མི་འབྲལ་བརྟན་པོར་བསྒྲུབ་དགོས་གོ །ཞུས་པའི་ལན་མེད་བྱོན་ནས་


CMR004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །རྗེས་སུ་རྒྱུག་པོས་མཇལ་བའི་ཚེ། །མཎྜལ་ཕྱག་ཕུལ་གདམས་པ་ཞུས། །ཅི་ཡང་མི་གསུང་ཡུད་ཙམ་བཞུགས། །གོ་འམ་གསུངས་པས་འདི་སྐད་ཞུས། །ལྷན་སྐྱེས་ཡེ་ཤེས་སྨྲ་བརྗོད་བྲལ། །སོ་སོ་རང་གིས་རྟོགས་དགོས་གོ །ཅི་ཡང་མི་གསུང་གཞན་དུ་བྱོན། །རྗེས་སུ་འབྲངས་པས་སྔར་ལྟར་མཇལ། །ཕྱག་འཚལ་གདམས་པ་གནང་བར་ཞུས། །ཤིང་ཐོག་གཅིག་གནང་གོ་འམ་གསུངས། །ཆོས་སྐུ་དཔག་བསམ་ཤིང་ཆེན་ལ། །རོ་མཆོག་བདུད་རྩིར་སྨིན་པར་གོ །དེ་ཚེ་ཅུང་ཟད་འཛུམ་མཛད་བརྡ་དོན་གསུངས། །བཅུ་གཉིས་བརྡ་ཤེས་སྣོད་དང་ཆེ་ལྡན་ཏེ། །བལྟ་བྱ་ལྟ་བྱེད་ཡོད་ན་མི་གྲོལ་བས། །ལྟར་མེད་དོན་ལ་ལྟོས་ཤིག་གྲོལ་འགྱུར་གསུངས། །བླ་མའི་དྲིན་གྱིས་རང་སེམས་ནོར་བུ་རྙེད། །ཐོབ་མེད་དོན་ཐོབ་བདག་ཉིད་ཚིམས་ཞུས་པས། །མན་ངག་དོན་ལ་ཆགས་ཀྱང་བསླུས་གསུངས་གཞན་དུ་གཤེགས། །ཕྱི་བཞིན་སོང་བས་མཇལ་ནས་མཎྜལ་ཕུལ། །མོད་ལ་བཞེངས་ཏེ་ཨོ་ཏན་ཏྲ་བྷ་ཝ་རི་འམ། །གཙུག་ལག་ཐོག་རྩག་བཅུ་གསུམ་རྩེར་བྱོན་ནས། །སློབ་དཔོན་གསུངས་བཞིན་བྱས་ན་སྐད་ཅིག་གྲོལ་འགྱུར་ཕྱིར། །སློབ་མ་ཡོད་ན་


CMR004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་མཆོང་དགོས་གསུངས། །ནཱ་རོ་མཆོངས་པས་རྐང་རུས་ལྟོ་བར་ཟུག །ཚིག་རྣམས་འཐོར་ཞིང་ནང་ཁྲོལ་ཕྱི་རུ་བྱུང་། །མགོ་ཆག་ཀླད་པ་འཐོར་ཡང་སྲོག་མ་ཆད། །སེམས་ནི་འགྱོད་མེད་བློ་ཁ་རྫོགས་ཤིང་གནས། །བླ་མ་བྱོན་ནས་ཅི་ཉེས་གསུངས་པ་ལ། །བདག་ནི་འདི་ནས་འཆི་འཕོས་གྱུར་ན་ཡང་། །ཁྱེད་དང་མི་འབྲལ་ཤོག་ཅེས་སྨོན་ལམ་ཞུས། །ལུས་ངན་ཞིག་ཀྱང་བཟོད་ཕྱིར་ཌཱཀིའི་གསུངས། །རང་རྒྱུད་སེམས་ཀྱི་མེ་ལོང་ལྟོས་ཤོག་གསུངས། །བླ་མའི་ཕྱག་གིས་བྱུགས་པས་སྔར་ལྟར་སོས། །དེ་ནས་ལོ་གཅིག་བར་དུ་ཕྱིར་འབྲངས་ནས། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །ཕྱོགས་ཀུན་མེ་ཡིས་བསྐོར་བའི་དབུས་སུ་བཞག །ཤིང་མང་སྤུངས་ནས་ཇེ་ཉེར་ཡུན་རིང་བསྲེགས། །པགས་པ་ཤ་རྣམས་ཚིག་ནས་གཞོབ་ཏུ་གྱུར། །རྒྱུད་པ་ཆུ་རྒྱུས་རྣམས་ཀྱང་ཚིག་ནས་ཆད་། །ཁྲག་དང་ཆུ་སེར་རླངས་པ་རྣམས་ཀྱང་སྐམ། །ཚིག་བཞི་མ་འཐོར་སྲོག་ནི་མ་ཆད་ཙམ། །སེམས་ནི་འགྱུར་མེད་དད་པས་བློ་སེམས་དགའ། །དེ་ཚེ་ནམ་མཁའི་ལྷས་ཀྱང་མ་བཟོད་ནས། །འདི་འདྲ་ཅི་ཕྱིར་བྱེད་ཅེས་ཚིག་ཏུ་བརྗོད། །རྒྱུ་མཚན་བཤད་པས་ལྷས་ཀྱང་བསྟོད་པར་བྱས། །


CMR004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངན་ཚིག་ཀྱང་བཟོད་ཀྱིས་ནཱ་རོ་པ། །ཐུན་མོང་སེམས་ཀྱི་མེ་ལོང་ལྟོས་གསུངས་ནས། །ཕྱག་གིས་བྱུགས་པས་སྔར་ལས་ལེགས་པོར་སོང་། །ཡང་ནི་ལོ་གཅིག་བར་དུ་རྗེས་སུ་འབྲངས། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །འདམ་རྫ་བ་ཤིན་ཏུ་དོགས་པའི་འོབས་གཅིག་ལ། །འདི་ནས་ལུས་ཀྱི་ཟམ་པ་གྱིས་དང་གསུངས། །ཟམ་པ་བྱས་པའི་སྟེང་དུ་ཡུན་རིང་བཞུགས། །ཤུགས་ཀྱིས་འདབ་རྫབ་ནང་དུ་འཕངས་ནས་གཤེགས། །འདམ་རྫབ་ནང་དུ་ལུས་ནུབ་སྲིན་བུའི་ཚོགས། །དུ་མས་ལུས་ཕུག་ཁྲག་རྣག་ཐམས་ཅད་འཇིབ། །རིང་ཞིག་ལོན་ནས་ཏེ་ལོ་བྱོན་བྱུང་ནས། །ལུས་ངན་སྲིན་བུའི་བཤིགས་ཀྱང་བཟོད་ཀྱིས་ནཱ་རོ་པ། །དམ་ཚིག་ཡིད་བཞིན་ནོར་བུ་འཆང་གསུངས་ནས། །ཕྱག་གིས་བྱུགས་ནས་ལུས་ནི་སྔར་བཞིན་སོས། །དེ་ནས་ལོ་གཅིག་བླ་མའི་རྗེས་སུ་འབྲངས། །མཎྜལ་ཕུལ་ནས་གདམས་ངག་ཞུས་པ་ཡིས། །སྨྱུག་ཐུར་མང་པོ་སོ་བཏོན་ངར་བླུད་ནས། །མདུན་རྒྱབ་གཡས་གཡོན་ཀུན་ནས་ཟང་ཐལ་ཕུག །ལུས་ནི་སྨུག་ཕུང་ལྟ་བུར་ཟིང་ཟིང་བྱས། །ལུས་ཀྱང་ཁྲག་གིས་ཟག་ནས་དམར་པོར་གྱུར། །བླ་མའི་ཕྱག་གིས་དངོས་


CMR004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཙུགས་པ་ཡིས། །བསམ་པ་འགྲུབ་སྙམ་དགའ་བ་རྒྱ་ཆེན་གྱིས། །དེ་ཚེ་ལྷ་མོ་གཅིག་ཀྱང་ཡི་མུག་ནས། །ཏེ་ལོ་པ་ལ་སྐུར་པ་འདེབས་པར་གྱུར། །གཏུམ་མོའི་གནད་ཀྱི་གདམས་པ་བསྒོམ་གསུངས་ནས། །ཕྱག་གིས་བྱུགས་པས་སྔར་བས་ལེགས་པར་སོས། །དེ་ནས་ལོ་གཅིག་བར་དུ་ཕྱི་བཞིན་འབྲངས། །མཎྜལ་ཕུལ་ནས་གདམས་པ་གནོངས་ཞུས་པས། །འོ་ན་རྒྱལ་པོའི་བཙུན་མོ་ཁྲིད་ཤོག་གསུངས། །རྒྱལ་པོའི་བཙུན་མོ་འཁོར་ཚོགས་འབུམ་ཕྲག་གིས། །བསྐོར་ནས་འདུག་པར་ནཱ་རོས་ཁྲིད་བརྩམས་པས། །ན་རོ་བརྡུངས་ནས་ཤི་བར་ག་ནས་བསྒྱུར། །ཡུན་རིང་བརྒྱལ་ནས་དྲན་པ་རྙེད་པ་ལ། །བླ་མའི་བཀའ་སྒྲུབ་ཤི་བ་ལེགས་སོ་སྙམ། །བླ་མས་བདེ་ཆེན་ཁ་སྦྱོར་ལྟོས་གསུངས་ནས། །ཕྱག་གིས་བྱུགས་པས་སྐད་ཅིག་སྔར་བཞིན་སོས། །དེ་ནས་ལོ་གཅིག་བར་དུ་རྗེས་སུ་འབྲངས། །ཕྱག་འཚལ་གདམས་ངག་བསྟན་པར་ཞུས་པ་ན། །འོ་ན་བློན་པོའི་ཆུང་མ་ཁྲིད་ཤོག་གསུངས། །བློན་པོའི་ཆུང་མ་བཟུང་ནས་ཁྲིད་པ་ཡིས། །བློན་པོ་འཁོར་བཅས་ཁྲོས་ནས་ནཱ་རོ་བཟུང་། །རྐང་ལག་བཞི་བཅག་སྐྱོགས་ཀྱི་ནང་དུ་བཅུག །རྒྱང་རིང་འཕངས་པས་


CMR004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གི་ངོས་ལ་ཕོག །རུས་བཞི་རྣམས་ཞིག་ཆུ་རུས་ཐམས་ཅད་ཆད། །མ་ཤི་ཙམ་དུ་ཡོད་དུས་བླ་མ་བྱོན། །འཕོ་བའི་འཁྲུལ་འཁོར་ལྟོས་གསུངས་ཕྱག་གིས་རེག །སྔར་བཞིན་སོས་ནས་ལོ་གཅིག་ཆག་ཕྱིར་འབྲངས། །གདམས་ངག་ཆོས་ཤིག་གནོང་བར་ཞུས་པ་ཡིས། །རྒྱུ་ལམ་བཞི་མདོར་བག་མ་འགྲོ་བ་ཡི། །མེ་ཏོག་ཕྲེང་བ་བཀོན་ལ་ཁྲིད་ཤོག་གསུངས་། །དེ་ལྟར་བྱས་པ་བཙལ་ཚེ་སྙེ་བོ་ཡིས། །རབ་ཏུ་བརྡུངས་ནས་རོ་བཞིན་གྱུར་པ་ན། །དེ་ནས་ཤི་སོང་ཟེར་ནས་བསྒྱུར་ཏེ་སོང་། །ཡུན་རིང་བརྒྱལ་ནས་དྲན་པ་ཅུང་ཟད་རྙེད། །བདག་ནི་རྒྱལ་སྲིད་སྤངས་ནས་པཎ་ཆེན་གྱུར། །བླ་མ་རྙེད་ནས་གདམས་པ་ཅུང་ཟད་ཐོབ། །འོན་ཀྱང་ཡང་དག་བདེན་པ་མ་མཐོང་བས། །ཕལ་པའི་སྐྱེ་བོའི་བརྡུང་སྟེ་ཉམས་ཐག་སྙམ། །ཡུན་རིང་ངུ་ཞིང་ཡོད་རྩར་བླ་མ་བྱོན། །ཡང་དག་ཡེ་ཤེས་ལྟོས་གསུངས་ཕྱག་གིས་རེག །དེ་མ་ཐག་ཏུ་མཆོག་གི་ལུས་སུ་གྱུར། །དེ་ནས་ལོ་གཅིག་བླ་མའི་ཆག་ཕྱིར་འབྲངས། །མཎྜལ་ཕུལ་ནས་གདམས་ངག་དབང་ཞུས་པས། །མི་གཅིག་འགྲོ་ཞིང་འདུག་པ་ཟུངས་ཤིག་གསུངས། །ནཱ་རོ་བརྒྱུགས་པས་ཇེ་མགྱོགས་མ་ཟིན་ནས། །ཤིན་ཏུ་


CMR004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཆད་དྲན་མེད་བརྒྱལ་བ་ལས། །ཅུང་ཟད་དྲན་པ་རྙེད་ཀྱང་འགུལ་མ་ནུས། །བླ་མ་བྱོན་པ་འདི་ལ་ཁྱོད་ཉལ་ན། །འགྲོ་དྲུག་སྡུག་བསྔལ་རྣམས་ལ་ཇི་ལྟར་བྱ། །རྨི་ལམ་གདམས་ངག་ལྟོས་གསུངས་ལུས་སེམས་བདེ། །དེ་ནས་བླ་མའི་རྗེས་སུ་ལོ་གཅིག་སོང་། །ཕྱག་འཚལ་གདམས་ངག་གནོངས་ཞེས་གསོལ་བཏབ་པས། །འོ་ན་མཎྜལ་གྱིས་གསུངས་ཆུ་མ་རྙེད། །རང་གིས་ཁྲག་ཕྱུང་ས་ལ་མཎྜལ་བྱས། །སོར་ཚིག་རྣ་བ་སྣ་བཅད་ཚོམ་བུ་བཀོད། །ཡན་ལག་ཉིང་ལག་རྣམས་ཀྱང་བཅད་ནས་བཀོད། །ཕྱག་གིས་བྱུགས་པས་སྔར་ལྟར་བདེ་བར་སོས། །གསང་ཆེན་བར་དོའི་གདམས་ངག་བཀའ་བསྩལ་ཏོ། །དེ་ནས་བླ་མའི་རྗེས་སུ་ལོ་གཅིག་སོང་། །མཎྜལ་ཕྱག་འཚལ་གདམས་ངག་གསོལ་བཏབ་པས། །སྟོན་མོ་ས་ནས་བཟའ་བཏུང་སློང་ཤོག་གསུངས། །གང་རྙེད་ཕུལ་བས་ད་རུང་ཁྱེར་ཤོག་གསུངས། །དེ་ནས་མ་བྱིན་པ་ལ་འཕྲོག་ནས་ཁྱེར། །ཀུན་གྱིས་ནཱ་རོ་བཟུང་ནས་ཆུ་རུ་འཕངས། །ཆུ་ལས་ཐོན་ནས་ཏེ་ལོའི་དྲུང་དུ་སླེབས། །ད་རུང་སོང་ལ་ཕྲོགས་ཤོག་དེད་བྱུང་ན། །བུམ་པ་ལི་གྲི་མེ་ལོང་རལ་གྲི་རྣམས། །ཟུར་ལ་སྐྱུར་ཞིང་བྲོས་ལ་ཤོག་ཅིག་གསུངས། །དེ་ནས་


CMR004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་ཁྱེར་བས་ཀུན་གྱིས་དེད། །སླེབ་ལ་ཁད་དུ་བུམ་པའི་ཆུ་འཕོས་པས། །ཆུ་ཡི་འོབས་གྱུར་དེས་ཀྱང་མ་གཏན་དེད། །ཐག་པ་བསྒྱུར་བས་ཆུར་གྱུར་མ་གཏན་དེད། །མེ་ལོང་བསྒྱུར་བས་མཚོ་གྱུར་བསྐོར་ནས་དེད། །རལ་གྲི་གཡུགས་པས་ལྕགས་ཀྱི་བསྐྱིལ་པོར་གྱུར། །དེ་ནས་སོལ་བ་དཔུང་ནས་མེ་བརྒྱབས་པས། །འདུག་པར་མ་ཚུགས་ཕྱི་རུ་བུད་པ་ན། །ཤིན་ཏུ་བརྡུངས་ནས་རོ་བཞིན་བྱས་ཏེ་སོང་། །བླ་མ་མཆོད་ཕྱིར་ཤི་བ་དོན་དང་ལྡན། །བསམས་ཤིང་ཡོད་ཚེ་བླ་མ་ཏེ་ལོ་བྱོན། །དམ་ཆོས་བདུད་རྩི་གནང་བས་ལུས་སེམས་བདེ། །ཡང་ནི་ལོ་གཅིག་བླ་མའི་ཆག་ཕྱིར་འབྲངས། །མཎྜལ་ཕྱག་འཚལ་གདམས་ངག་གནོངས་ཞུས་པས། །བྲང་ལ་རྡོག་སྟེ་ངོ་ལ་ཆགས་ལྷམ་བརྒྱབ། །ཇི་ལྟར་བཤད་ཀྱང་གོ་མེད་གསུངས་ནས་གཤེགས། །ཞག་མང་བརྒྱལ་སོང་དེ་ནས་དྲན་པ་རྙེད། །དད་པ་ཆེར་སྐྱེས་དེ་ཚེ་བླ་མ་བྱོན། །འཁོར་བ་གདོད་ནས་ཡེ་ཤེས་ལྷུན་གྱིས་གྲུབ། །ཏེ་ལོ་ང་ལ་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་གྱིས། །ཞེས་གསུངས་མོད་ལ་ནཱ་རོས་རྟོགས་པ་རྙེད། །སླར་ཡང་བླ་མའི་ཕྱི་བཞིན་ལོ་གཅིག་སོང་། །མཎྜལ་


CMR004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་གདམས་པ་གནོང་ཞུས་པས། །འོ་ན་ཤེས་རབ་མ་ཞིག་ཚོལ་ཅིག་གསུངས། །མཚན་ལྡན་དྲི་མེད་མ་ཞེས་ཕྱག་རྒྱར་བཙལ། །ད་ནི་དེ་ཉིད་ང་ལ་ཕུལ་ཅིག་གསུངས། །ཕུལ་ནས་ཤེས་རབ་མ་དེས་ཕྱི་མིག་བལྟས། །ད་ནི་མོ་ཉིད་འདི་ལ་ཆགས་འདུག་པས། །ཁྱོད་ཀྱི་རྡོ་རྗེ་མེད་པར་བྱ་དགོས་གསུངས། །སྨྱུག་ཐུར་རྣོན་པོ་རྡོ་རྗེའི་སྦུགས་སུ་བཙུགས། །ནཱ་རོའི་གསང་གནས་རྡོ་ཡི་བར་དུ་བརྡུངས། །ཏེ་ལོས་བརྗོད་མེད་ཕྱག་ཆེན་དོན་བསྟན་པས། །ན་རོས་ཇི་བཞིན་རྟོགས་པས་གར་བྱས་སོ། །ད་ནི་བཀའ་དྲིན་ཅན་གྱི་བླ་མ་ལ། །དངོས་པོ་བཙལ་ནས་འབུལ་བ་བྱ་དགོས་སྙམ། །ནན་ཏན་བཙལ་བས་མུ་ཏིག་བྱི་རུ་སོགས། །མང་པོ་རྙེད་ནས་བླ་མར་འབུལ་དུ་སོང་། །བླ་མ་རིན་ཆེན་རི་བོ་ཆེན་པོའི་སྟེང་། །གཞལ་ཡས་ཁང་དབུས་ཌཱ་ཀིའི་མཆོད་ཅིང་འདུག །མུ་ཏིག་བྱི་རུ་འཕང་མེད་སྐུ་ལ་གཏོར། །བླ་མས་ཐོད་པ་བདུད་རྩིས་གང་བ་གནང་། །ད་ནི་བླ་མ་ཁྱེད་ཀྱི་ཐུགས་དགྱེས་ནི། །འཆད་ཉན་རྒྱ་ཆེན་ཡུན་དུ་བྱ་བ་འམ། །སྤྱིལ་པོར་རྩེ་གཅིག་བསྒྲུབ་པ་བྱ་འམ་ཞུས། །དེ་དག་གིས་ཀྱང་གྲོལ་བར་མི་འགྱུར་ཏེ། །ལྷན་སྐྱེས་ཡེ་ཤེས་ཁོ་ནས་གྲོལ་ལོ་གསུངས། །དེ་


CMR004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མར་ཞུས་ནས་བཀའ་གནང་ནས། །ནཱ་རོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་བྱོན། །བཻཌཱུརྱ་ཞེས་བརྗོད་ཅིང་ཕྱིན་པ་ན། །བྲམ་ཟེ་གཅིག་གིས་སྤུ་གྲི་ཟས་སུ་བྱིན། །གསོལ་བས་སྤུ་གྲི་མར་ལྟར་ཞུ་ཞིང་གསོལ། །ཚིགས་བཅད་གསུངས་པས་བྲམ་ཟེ་སྐད་ཅིག་གྲོལ། །ནམ་མཁར་འཕག་ནས་གར་བྱེད་ཆེད་དུ་བརྗོད། །དེ་རུ་ཐམས་ཅད་འདུས་ནས་ལྟད་མོ་བྱེད། །དེ་ནས་གྲུབ་ཐོབ་ཡིན་མིན་བརྟག་པའི་ཕྱིར། །གླང་ཆེན་སྨྱོན་པ་ནཱ་རོའི་སྟེང་དུ་རྦད། །ཧཱུྃ་ཞེས་སྡིགས་མཛུབ་གཏད་པས་གླང་ཆེན་འགྱེལ། །གླང་པོའི་རོ་ཆེན་རུལ་བས་གྲོང་ཁྱེར་སྡུག །གྲོང་ཁྱེར་རྣམས་ཀྱིས་ནཱ་རོ་པ་ལ་ཞུས། །དགོངས་པ་གཏད་པས་གླང་པོ་དེ་ལངས་ནས། །དེ་ནས་དཔག་ཚད་ཙམ་གྱིས་ཕ་རོལ་བའི། །རྒྱལ་པོ་སེངྒེ་ཟླ་བ་རབ་ཏུ་དད་། །སྲས་མོ་ལྷ་གཅིག་ཡེ་ཤེས་སྒྲོན་མ་ཡང་། །ཕྱག་རྒྱུར་ཕུལ་ནས་མཆོད་གནས་བྱེད་པར་ཞུས། །ཡོ་བྱད་ཀུན་གྱིས་བསྙེན་བཀུར་བྱེད་པའི་ཚེ། །ཁྱི་དང་རྔོན་པ་མང་བསྡུས་རི་དྭགས་བཤོར། །དེ་ལྟར་མ་མཛད་ཞུས་པས་དེ་བསྐྱུར་ནས། །བྱ་དང་ཆུ་གནས་སེམས་ཅན་དཔག་མེད་བསད། །ཁྲག་གིས་བརྫིང་བསྐྱིལ་ཤ་རུས་རྩིག་པ་བྱས། །དེ་ནས་མཚན་མོ་


CMR004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཕོ་བྲང་རྒྱབ། །བཙུན་མོ་དང་བཅས་ཐག་པས་དམ་དུ་བསྡམས། །ཉེས་བསྒྲགས་མཚོན་གྱིས་བསྡིགས་ཤིང་ཡབ་ཡུམ་གཉིས། །ཙནྡན་མེ་ཆེན་ནང་དུ་བསྲེགས་བྱས་ནས། །ནངས་པར་ཐོ་རངས་བལྟས་པས་མེ་དཔུང་དབུས། །འཇའ་གུར་ནང་དུ་ཡབ་ཡུམ་རྒྱན་གྱིས་བརྒྱན། །གར་སྟབས་མཛད་ཅིང་བཞུགས་མཐོང་ངོ་མཚར་སྐྱེས། །རྒྱལ་པོ་ལ་སོགས་ཀུན་འདུས་སྔགས་པ་བརྗོད། །རབ་འགྱོད་བཤགས་པ་ཕུལ་བས་འདི་སྐད་དུ། །དགེ་སྡིག་ལས་འདས་རང་རིག་ཡེ་ཤེས་བལྟོས། །ཞེས་གསུངས་སྐད་ཅིག་དེ་ལ་ཐམས་ཅད་གྲོལ། །མཁའ་ལ་འཕུར་ཞིང་སོ་སོས་ཆེད་དུ་བརྗོད། །དེ་ནས་ཆུ་བོ་གངྒའི་བྱེ་མ་ལ། །རྩེད་མོ་བྱེད་ཅིང་བཞུགས་ཚེ་ནམ་མཁའ་ལ། །ཏེ་ལོ་བྱོན་ནས་ཕྱག་ཆེན་གདམས་ངག་གསུངས། །ངེས་དོན་རྟོགས་པ་མཐར་ཐུག་དེ་རུ་སྐྱེས། །བྱང་ཕྱོགས་པཱུ་ལ་ཧ་རིའི་དགོན་པ་རུ། །གདུལ་བྱར་སོང་མཛོད་ཅེས་གསུངས་ནཱ་རོ་པས། །སླར་ཡང་བྱང་སྒོ་བསྲུང་བའི་པཎ་ཆེན་མཛད། །སྐལ་ལྡན་མཐའ་ཡས་སྔགས་ཀྱི་སྨིན་གྲོལ་མཛད། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུར་གྱུར་རྟོགས། །བདེན་གཉིས་མཐའ་དང་བྲལ་བའི་ནཱ་རོ་པ། །རིག་པའི་གནས་ལྔ་


CMR004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་མཁས་གྱུར་ཏེ། །དེ་བཞིན་གཤེགས་པས་སྤྲུལ་སྐུ་ཁྱེད་ལུང་བསྟན། །ཁྱོད་ཀྱི་བླ་མ་ཐམས་ཅད་མཁྱེན་པ་ཡིན། །ནཱ་རོ་པ་ཞེས་གྲགས་པའི་རྣལ་འབྱོར་པས་། །བཅོམ་ལྡན་ཤཱཀྱ་ཐུབ་པའི་བསྟན་པ་ལ། །མྱ་ངན་མི་འདའ་སྐུ་ཡིས་འགྲོ་དོན་མཛད། །འདི་ནི་རྒྱལ་བ་ཉིད་ཀྱི་རྣམ་པར་འཕྲུལ། །ཞེས་པའི་དོན་གྱིས་ཐམས་ཅད་གསལ་བའོ། །ནཱ་རོའི་རྣམ་ཐར་རྒྱ་མཚོའི་ཆུ་ཐིགས་ཙམ། །དད་པའི་བློ་ཡིས་རཱ་གའི་མིང་གིས་བཀོད། །དགེ་བས་འགྲོ་ཀུན་ཚེ་གཅིག་སངས་རྒྱས་ཤོག །སརྦ་མངྒ་ལོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷམ་མ་ཏི་ཡེ། བྱང་སེམས་བློ་གྲོས་རིན་ཆེན་རྣམ་པར་འཕྲུལ། །ཧེ་རུ་ཀ་དངོས་ལོ་ཙྪ་ཆེན་པོ་ནི། །བོད་ཡུལ་ལྷོ་ཕྱོགས་ལྷོ་བྲག་ཆུ་ཅན་དུ། །མར་པ་དབང་ཕྱུག་འོད་ཟེར་ཞེས་བྱ་དང་། །རྒྱལ་མོ་འོད་ཟེར་ཞེས་བྱའི་སྲས་སུ་འཁྲུངས། །ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་སོགས། །མཐོང་ནས་ཡིད་འཕྲོག་བློ་རྣོ་བློ་གྲོས་བཏགས་། །རྩེ་མོའི་ཚེ་ཡང་དགོན་དང་དབེན་ཁང་དང་། །གསུང་རབ་རྩིགས་པ་དཀྱིལ་འཁོར་གཏོར་མ་དང་། །ཆོས་བཤད་སྒོམ་སོགས་རྩེ་མོའི་ཚུལ་དུ་མཛད། །བཅུ་གཉིས་ལོ་ལ་རྙིང་མའི་སློབ་དཔོན་བསྟེན། །འབྲི་ཀློག་ལ་སོགས་ཡོན་ཏན་མང་དུ་མཁྱེན། །དེ་ནས་ཅུང་ཟད་སྐུ་སྤྱོད་རྩུབ་པ་ཡིས། །ཡུལ་མི་ཀུན་གྱིས་འབར་བས་སྐྱོ་བ་སྐྱེས། །རྒྱ་གར་ཡུལ་དུ་འགྲོ་དགོས་གསུངས་པ་ཡིས། །གསེར་ཡང་ཅུང་ཟད་ཡབ་ཡུམ་གཉིས་ཀྱིས་བརྫང་། །གཉོས་ལོ་དང་འགྲོགས་བལ་པོའི་བར་དུ་བྱོན། །རྒྱ་བལ་འཁྲུག་པས་ཡུན་རིང་བལ་པོར་ལུས། །ཕལ་སྐད་དང་ནི་སྒྲ་ཡང་ལེགས་པར་མཁྱེན། །ནཱ་རོའི་མཚན་ཐོས་བཟོད་མེད་དད་པ་སྐྱེས། །སན་དྷ་པ་དང་སྤྱི་ཐེར་བ་གཉིས་ལ། །ཀྱེ་རྡོར་གསན་ཞིང་དབང་ཀུན་འགའ་རེ་


CMR004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་། །དེ་ནས་ཆེས་ཀ་ཚོལ་ཕྱིར་བོད་དུ་བྱོན། །འབྲོག་མི་ལོ་ཙྪའི་དྲུང་དུ་བྱོན་པ་ལ། །ཆོས་སྒོ་དོགས་ཤིང་དབང་ཡོན་དཀའ་འདུག་པས། །འབུལ་སྡུད་ཚོང་སོགས་གང་དྲག་བྱས་པ་ཡིས། །གསེར་སྲང་ལྔ་བཅུ་ཙམ་རྙེད་བལ་པོར་བྱོན། །ལོ་གསུམ་བཞུགས་ནས་ཚད་པར་གོམས་སུ་བཅུག །བླ་མ་གཉིས་ལ་གདན་བཞི་དུད་སོལ་གསན། །དེ་ནས་རྒྱ་གར་ཡུལ་དུ་བྱོན་ནས་ཀྱང་། །བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཏུ། །པཎྜི་ཏ་རྣམས་སུ་བཟང་དྲིས་པ་ཡིས། །ནཱ་རོ་པ་ལ་འགྲན་ཟླ་མེད་ཟེར་བས། །ནཱ་རོ་པཎ་ཆེན་ཚོལ་དུ་སོང་བ་ན། །ཡེ་ཤེས་སྙིང་པོ་ཀུ་ས་ལི་སོགས་མཇལ། །ཀྲི་ཡའི་མ་རྒྱུད་གདམས་སྐོར་འགའ་ཞིག་གསན། །ལོ་ལྔ་སོང་བས་བརྒྱག་ཆད་བལ་པོར་བྱོན། །གོང་གི་སློབ་མ་རྣམས་ཀྱིས་གསེར་བསྐུར་འཕྲོད་། །རྒྱ་གར་བྱོན་ནས་སྔོན་གྱི་བླ་མ་རྣམས། །གསེར་གྱི་མཎྜལ་ཕུལ་བས་བླ་མ་མཉེས། །ཚོང་པ་འགའ་དང་སྦྲག་སྟེ་བཏང་བ་ཡིས། །ནཱ་ལེནྡྲ་ཡི་གཙུག་ལག་ཁང་དུ་བྱོན། །དེ་དུས་སྒོ་སྲུངོ་པཎ་ཆེན་རྣམ་པ་བཞི། །ཤར་ཕྱོགས་རཏྲ་ཨ་ཀར་ཤནྟི་པ། །ལྷོ་ཕྱོགས་ངག་གི་དབང་ཕྱུག་གྲགས་པ་དང་། །ནུབ་ཕྱོགས་ཤེས་རབ་འབྱུང་གནས་སྦས་པ་དང་། །བྱང་


CMR004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་སྲུང་པཎ་ཆེན་ནཱ་རོ་པ། །དབུས་ན་སློབ་དཔོན་ཆེན་པོ་བསོད་སྙོམས་པ། །བར་ཆད་སེལ་བའི་དབང་ནི་བསྐུར་བ་ཡིས། །ཨ་ཙརྱ་བྷ་ལིང་ནག་པོ་ཞེས་བྱ་དང་། །གནས་བརྟན་ཇོ་བོ་པཎ་ཆེན་ཨ་ཏི་ཤས། །བཅུ་དགུ་བཞེས་པ་དེ་ལ་བསྙེན་རྫོགས་ནས། །བསོད་སྙོམས་པ་ཡི་ཉེ་གནས་མཛད་ཅིང་སྣང་། །དེ་ནས་མར་པ་ཕྱོགས་བཞི་དབུས་ལྔ་རུ། །སོང་ནས་པཎ་ཆེན་སུ་ཆེ་དྲིས་པ་ཡིས། །ཐམས་ཅད་ཁ་ཐུན་ནཱ་རོ་འགྲན་མེད་ཟེར། །དེ་ནས་པུ་ལ་ཧ་རའི་དགོན་པར་མཇལ། །གསེར་གྱི་མཎྜལ་ཕྱག་དང་བསྐོར་བ་བྱས། །བདེ་དགྱེས་ཇོ་བོ་ལྷན་ཅིག་སྐྱེས་མ་དང་། །མ་ཧཱ་མུ་ཏྲ་ཨ་ཐུང་གདམས་ངག་གནང་། །ཐུན་མཚམས་དགྱེས་རྡོར་རྒྱུད་ལ་སློབ་གཉེར་བྱས། །ལོ་གཉིས་ལོན་ནས་བརྒྱག་ཆད་བསྒྲུབ་བྱོན་པས། །གཉོས་ལོ་དང་འཕྲད་བགྲོ་གླེང་མར་པ་རྒྱལ། །གཉོས་ལོ་ན་རེ་བདེ་དགྱེས་བོད་ལའང་ཡོད། །མ་ཧཱ་མ་ཡའི་གདམས་ངག་དགོས་སོ་ཟེར། །ནཱ་རོའི་དྲུང་དུ་མ་ཧཱ་མ་ཡ་ཞུས། །ཀུ་ཀུ་རི་པའི་དྲུང་དུ་འགྲོ་དགོས་གསུངས། །སོ་ས་གླིང་ནས་རྣལ་འབྱོར་པ་གསུམ་བཀུག །ཁྱེད་གསུམ་ཁོ་ཡིས་བར་ཆད་སྲུངས་ཤིག་གསུངས། །གཅིག་གི་སྲིན་མོ་


CMR004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་དུག་དང་ནི། །གཅིག་གི་མི་མིན་གནོད་པ་བསྲུང་ངོ་ཟེར། །ཟླ་ཕྱེད་བར་དུ་དུག་མཚོ་འབོག་ཅིང་སོང་། །ཕར་ཁར་ཕྱིན་ནས་གསོལ་བ་བཏབ་ཅིང་བཙལ། །སྤྲང་རྒན་འདྲ་བ་ཅིག་ནི་འདུག་པ་ལ། །ཕྱག་འཚལ་མཎྜལ་ཕུལ་ནས་གདམས་པ་ཞུས། །བྱིན་རླབས་མཛད་པས་ཚུལ་ལམ་མར་པ་ཡང་། །བྱ་བཞིན་འཕུར་ནས་པུ་ལ་ཧ་རིར་བྱོན། །ལམ་གྱི་ལོ་རྒྱུས་ནཱ་རོས་ཚུར་ལ་གསུངས། །སླར་ཡང་མ་ཧཱ་མ་ཡ་ཚར་གཅིག་གནང་། །དེ་ནས་གཉོས་ལོ་དང་འཕྲད་རྐྱེན་བྱས་ནས། །ནཱ་རོ་པ་ལ་གསང་འདུས་ཞུས་པ་ཡིས། །ཁ་ཆེའི་པཎ་ཆེན་ཨ་ཀར་སིདྡྷི་དང་། །མཉམ་དུ་དབང་དང་རྒྱུད་འགྲེལ་གདམས་ངག་གནང་། །དེ་ནས་མེ་ཏྲི་པ་ཡི་མདུན་དུ་བྱོན། །མཁའ་སྤྱོད་མ་དང་ཕྱག་ཆེན་གདམས་པ་གནང་། །དེ་ནས་དུ་ཁེ་ཏྲ་ཡི་གྲོང་ཁྱེར་བྱོན། །ཡེ་ཤེས་སྙིང་པོར་གསང་འདུས་སྒྱུ་ལུས་དང་། །འོད་གསལ་རིམ་ལྔའི་གདམས་པ་དུ་མ་གསན། །དེ་ནས་བོད་དུ་བྱོན་དགོངས་བལ་པོར་བྱོན། །དཔེ་རྣམ་ཆུར་ཤོར་སླར་ཡང་རྒྱ་གར་བྱོན། །ནཱ་རོ་མེ་ཏྲིའི་མཇལ་ཞིང་ནཱ་རོ་པས། །བསྲེ་འཕོ་གནད་ཀྱི་གདམས་པ་ལ་སོགས་གནང་། །ནཱ་རོས་ལུང་བསྟན་དུག་མཚོའི་ཕར་འགྲམ་དུ་། །རྩྭ་སྤྱིལ་


CMR004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཌཱ་ཀི་མ་གཅིག་ལ། །གདན་བཞིའི་དབང་རྒྱུད་གདམས་ངག་བཅས་པ་ཞུས། །དེ་ལྟར་མར་པ་ལོ་ཙྪ་རྒྱ་གར་དུ། །སྔ་དུས་ལོ་ལྔ་ཕྱི་རས་ལོ་བདུན་བཞུགས། །གྲུབ་ཐོབ་ཆེན་པོ་བླ་མ་དགུ་དང་མཇལ། །ཚོགས་འཁོར་བསྐོར་ཞིང་ནཱ་རོས་ཞལ་ད་དང་། །ཁྱོད་ནི་ཏེ་ལོས་ལུང་བསྟན་བུ་ཡིན་པས། །བོད་དུ་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་། །དེ་ནས་བལ་པོར་ཕེབས་དུས་གཉོས་ལོ་ཡིས། །མར་པའི་ཕྱག་དཔེ་ཕལ་ཆེར་ཆུ་ལ་བསྐུར། །ཐུགས་མུག་བལ་བོད་མཚམས་སུ་བཞུགས་པའི་ཚེ། །རྣལ་ལམ་ས་ར་ཧ་མཇལ་གདམས་པ་ཐོབ། །ཆོས་ཀྱི་སྤྲོས་པ་ཆོད་ནས་བོད་དུ་བྱོན། །ལ་སྟོད་གྱེར་ཕུར་གློག་སྐྱ་ཇོ་སྲས་ཀྱིས། །གདན་དྲངས་ཟླ་ཕྱེད་བཀུར་སྟི་ཆོས་གྲྭ་བཙུགས། །ཚོགས་འཁོར་ས་རུ་རྨི་ལམ་མགུར་དུ་བཞེངས། །དེ་ནས་ལྷོ་བྲག་ཏུ་བྱོན་རྗེ་བོ་ཡིས། །གྲོ་བོ་ལུང་ནི་འབུལ་བར་ཁས་བླངས་སོ། །རྔོག་པས་གཞུང་དུ་གདན་དྲངས་ཀྱེ་རྡོར་ཞུས། །དེ་ནས་མར་པ་མགོ་ཡག་ཅེས་བྱ་བའི། །བྱང་དུ་གདན་དྲངས་འབུལ་སྡུད་བྱེད་པའི་སར། །ལུག་གུར་གྲོང་འཇུག་མཛད་པས་ཐམས་ཅད་དད། །གཡག་གཅིག་ས་གཉན་གཅིག་ཏུ་ཤི་ནས་ལུས། །དེ་ལ་


CMR004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་འཇུག་མཛད་ནས་བཤས་པ་ཡིས། །ཐམས་ཅད་དད་ནས་གསེར་ཡང་མང་དུ་རྙེད། །དེ་ཚེ་རྣལ་ལམ་བུ་མོ་རྒྱན་ལྡན་བཞི། །གནས་གསུམ་མཁའ་འགྲོས་བསྐོར་ཞིང་མགྲིན་གཅིག་ཏུ། །ནཱ་རོ་ཆོས་ཀྱི་དབྱིངས་ཡལ་འགྲོ་འམ་ཟེར། །ཐམས་ཅད་གསེར་བྱས་སྲང་ནི་ཕྱེད་སུམ་བརྒྱ། །བསྣམས་ནས་བལ་ཡུལ་བྱོན་པས་སན་ཏ་པས། །ནཱ་རོ་ན་ཉིང་སྤྱོད་པར་གཤེགས་སོ་གསུངས། །ང་ནི་བླ་མ་མི་མཇལ་ལོག་ཐབས་མེད། །གསུངས་ནས་ཤིང་ཀུན་མཆོད་ཅིང་གསོལ་བ་བཏབ། །རྒྱ་གར་བྱོན་པས་རྟེན་སྐལ་ཤོག་ཀ་ལི། །ཀྱེ་རྡོར་ཐང་ཀ་འདུག་པ་ཕྱག་ཏུ་འཕྲོད། །ནཱ་རོ་སྤྱོད་པར་གཤེགས་པའི་ལོ་རྒྱུས་ཐོས། །མེ་ཏྲི་པ་དང་ཞི་བ་བཟང་པོ་དང་། །སོ་ས་གླིང་གི་རྣལ་འབྱོར་མ་དང་ནི། །སྦས་པའི་རྣལ་འབྱོར་མ་དྲུག་རྣལ་འབྱོར་ལྔ། །ཤེས་རབ་སེངྒེ་རི་རི་ཀ་པོ་རི། །དེ་སོགས་དྲུང་དུ་ཟླ་བ་རེ་རེ་ལ། །ཚོགས་ཀྱི་རྒྱུན་བཙུགས་གསོལ་བཏབ་རྟགས་པ་ཞུས། །ཀུན་གྱིས་ནཱ་རོ་པ་དང་མཇལ་ལུང་བསྟན། །རྟེན་རྣམས་མཆོད་ཅིང་གསོལ་བ་འདེབས་པ་དང་། །ནགས་ཚལ་དུར་ཁྲོད་ཀུན་ཏུ་ཉུག་པ་ལས། །རིགས་ངན་རྒྱལ་པོས་བཟུང་ནས་བླ་མཆོད་ཞུས། །མགུར་མ་བཞེངས་


CMR004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབྲས་ཕུལ་གྲོ་བསྐུར་བཏང་། །ཙནྡན་སྡོང་པོའི་སྟེང་ན་འཇའ་གུར་སྣང་། །ཀྱེ་རྡོར་དཀྱིལ་འཁོར་སྔགས་འཕྲེང་བཅས་པ་མཇལ། །དོ་ནུབ་རྨི་ལམ་ཡུལ་དུ་ནཱ་རོ་མཇལ། །རྣལ་སད་རྨི་ལམ་འཁྲུལ་པས་འཆིང་ཞེས་གྲགས། །དེ་ནས་ཚོལ་བས་གྲོགས་རྣམས་སྐྱིད་ལུགས་ཚེ། །ནམ་མཁའ་ལས་ནི་བརྩོན་འགྲུས་གྱིས་ཞེས་ཐོས། །དེ་ནས་ཙནྡན་ནགས་མཐར་བྱིས་པ་ལ། །དྲིས་པས་རྩི་ཡ་ཀིར་བཞུད་ཅེས་ཟེར། །ཤེལ་གྱི་ཕ་ཝང་ནཱ་རོའི་ཞབས་བརྗེས་མཇལ། །རྗེས་ལ་ངོས་བཟུང་དོན་མེད་ཕྱམ་པར་འགྱུར། །ཞེས་པའི་སྒྲ་གྲག་གྲོགས་གཉིས་ཁྱིམ་དུ་ལོག །དེ་ནས་མར་པ་གཅིག་པུས་བཙལ་བ་ལས། །མདུན་གྱི་ནམ་མཁར་འཇའ་ཚོན་རྣམ་པའི་སྐུ། །དབུ་སྐྲ་སྤྱི་བོར་བཅིངས་པ་གཅིག་བྱུང་ཐེ་ཚོམ་སྐྱེས། །དེ་མ་ཐག་ཡལ་མཁའ་ལས་སྒྲ་གྲག་པ། །ཐེ་ཚོམ་རྩེ་གཉིས་དོན་མེད་མི་འགྲུབ་ཟེར། །དེ་ནས་བཙལ་བས་སྔར་ལས་གསལ་བ་ཡི། །འཇའ་ཚོན་སྐུ་མཇལ་དད་པ་སྐྱེས་པ་ཡལ། ཞེན་ཆགས་གིས་ནི་མི་མཐོང་ཞེས་སྒྲ་གྲག །དེ་ནས་ཙནྡན་སྡོང་པོའི་ནགས་ཁྲོད་ན། །གཟི་བརྗིད་འོད་ཟེར་འཕྲོ་བའི་སྐུ་ཅིག་མཇལ། །བརྒྱུགས་པས་ཇེ་རིང་ཇེ་རིང་འཇའ་ལྟར་


CMR004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ། །ངལ་ཞིང་དུབ་ཚེ་མཁའ་ལས་སྒྲ་གྲག་པ། །འགྲོ་འོང་མེད་པར་མ་ཤེས་མི་སླེབས་གསུངས། །དེ་ནས་གྲོང་རལ་གཅིག་ཏུ་ནཱ་རོ་མཇལ། །ཐོད་པར་ཀླད་ཁྲག་རྩིབ་ཐུར་གསོལ་ཞིང་འདུག །གསོལ་འཕྲོ་གནང་ནས་བླ་མ་འཇའ་ལྟར་ཡལ། །དེ་ཉིད་གསོལ་བས་བདེ་སྟོང་ཟག་མེད་ཤར། །དེ་ནས་རི་བོ་གསེར་གླིང་ནགས་ཁྲོད་དུ། །ནཱ་རོ་པཎ་ཆེན་སྨུག་ནག་གཟི་མདངས་ལྡན། །ཐོད་པ་ཁ་ཊཾ་བསྣམས་ནས་གར་བྱེད་མཇལ། །ཕྱག་འཚལ་སྐོར་བ་བྱས་ནས་གསེར་སྲང་བརྒྱ་རྩ་ཕུལ། །བླ་མ་དཀོན་མཆོག་མཆོད་གསུངས་ནགས་གསེབ་གཏོར་། །འཕངས་སེམས་སྐྱེས་པས་སྙིམ་པར་མ་གོད་གནང་། །ངོ་མཚར་སྐྱེས་ནས་བླ་མའི་སྐུ་ལ་གཏོར། །ནཱ་རོའི་ཞབས་ཀྱིས་སར་རེག་གསེར་དུ་བསྒྱུར། །སླར་ཡང་གསེར་གྱི་མཎྜལ་ཕུལ་ཙ་ན། །ཞེན་བཅས་མཎྜལ་ཆོས་བརྒྱད་སྒྲོགས་ཡིན་གསུངས། །བླ་མ་འཇའ་ལྟར་ཡལ་བས་མར་པ་ཡིས། །སྔར་གྱི་གསེར་རྣམས་མ་གོད་འདུག་པ་དང་། །བླ་མས་ཞབས་ཀྱིས་རེག་པའི་ས་རྡོ་རྣམས། །གསེར་དུ་བསྒྱུར་བས་གསེར་འགའ་བསྣམས་ནས་བྱོན། །དེ་ནས་ཞག་བདུན་ཚོགས་རྒྱུན་བྱས་ནས་ཀྱང་། །སླར་ཡང་དུར་ཁྲོད་ནགས་ཚལ་ཀུན་


CMR004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཙལ། །རི་བོ་གསེར་གྱི་དགོན་པའི་ནགས་ཁྲོད་ན། །བར་སྣང་ཌ་མ་རུ་ཡི་སྒྲ་གྲག་པས། །ནཱ་རོ་པཎ་ཆེན་མཐིང་ནག་གཟི་བརྗིད་ལྡན། །རས་ནག་ཨང་རག་སྟེང་དུ་རུས་རྒྱན་མནབས། །དབུ་སྐྲ་ཐོར་ཅོག་དར་དམར་ཅོད་པན་བཅིངས། །ཌ་མ་རུ་དང་ཐོད་པ་བདུད་རྩི་བསྣམས། །གཡས་བརྐྱང་གཡོན་བསྐུམས་གར་གྱི་མཁའ་ལ་བྱོན། །ངུས་ཤིང་གསོལ་བ་བཏབ་པས་ས་ལ་བྱོན། །མར་པ་ཁྲིད་ནས་པུ་ལ་ཧ་རིར་བྱོན། །ལམ་དུ་ཌཱ་ཀི་འཇིགས་གཟུགས་མང་པོ་ཡིས། །མར་པ་ལ་ནི་བར་ཆད་བརྩམས་པ་ལས། །སྣོད་ལྡན་བདུད་ཀྱི་བར་ཆད་རྣམས་སོལ་ཅིག །རྗེ་བཙུན་གསུང་མ་ཐག་ཏུ་ཏེ་ལོ་པ། །ཁྲོ་རྒྱལ་འཇིགས་པའི་གཟུགས་ཀྱི་མཚོན་ཆ་ཐོགས། །སྔགས་སྒྲ་འབྲུག་ལྟར་སྒྲོག་ཅིང་མེ་དཔུང་འབར་། །ཌཱ་ཀི་རྣམས་ནི་སྔངས་སྐྲག་བརྒྱལ་ཞིང་འགྱེལ། །བདག་ཅག་གནོད་པ་བྱེད་པ་མ་ལགས་ཏེ། །རྣལ་འབྱོར་དྲོད་ཚད་ཉུལ་བ་ཡིན་ནོ་ཟེར། །སྐད་ཅིག་ཙམ་དུ་པུ་ལ་ཧ་རིར་ཕེབས་། །རྩྭ་ཡི་སྤྱིལ་པོ་གཅིག་ཏུ་བཞུགས་པ་ལ། །ཚོགས་ཀྱི་ཡོ་བྱད་བསམ་ལས་འདས་པ་དང་། །ཤེལ་གྱི་མཆོད་རྟེན་ལྷན་ཅིག་སྐྱེས་མའི་སྐུ། །དེ་སོགས་བཀོད་པ་ངོ་མཚར་རང་


CMR004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གྲུབ། །ཙནྡན་སྡོང་པོ་འོད་དང་སྒྲ་བྱུང་སྟེ། །དེ་ནང་དགྱེས་རྡོར་ལྷ་དགུ་མངོན་སུམ་བྱོན། །འཇིག་རྟེན་ཐམས་ཅད་འོད་ཀྱིས་གང་བར་གྱུར། །ནཱ་རོའི་ཐུགས་ལ་ལྷན་ཅིག་སྐྱེས་མ་བྱོན། །བུམ་དབང་བསྐུར་ཞིང་དེ་ཡི་ཐུགས་ཀ་ནས། །ཨཉྫའི་སྔགས་ཕྲེང་མར་པའི་ཐུགས་ཀར་ཐིམ། །སླར་ཡང་ཡིད་བཞིན་ནོར་བུའི་དབང་ཐོབ་པས། །སྐུ་ལུས་མེད་པ་ལྟ་བུའི་ཉམས་མྱོང་སྐྱེས། །སྣོད་བཅུད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གཟིགས། །བླ་མ་ཡབ་ཡུམ་བྱང་སེམས་དབང་བསྐུར་བས། །རྩ་མདུད་གྲོལ་ནས་སྟོང་ཉམས་མཁའ་ལྟར་སྐྱེས། །ཚོགས་འཁོར་བསྐོར་ཞིང་ཞལ་ད་ལུང་བསྟན་གནང་། །མཆེད་གྲོགས་འགའ་ཞིག་བརྡས་བཀུག་ཚོགས་ལ་རོལ། །ཚད་མེད་དགའ་བས་རྟོགས་འབུལ་མགུར་དུ་བཞེངས། །ནཱ་རོ་དགྱེས་ནས་རཱ་གའི་ཕྲེང་བ་གནང་། །ཁྱོད་དང་ང་གཉིས་ངོ་བོ་དབྱེར་མེད་ཀྱང་། །རྣམ་སྨིན་ཞིག་དུས་མཁའ་འགྲོའི་སུན་མ་འབྱུང་། །རྒྱ་གར་ཤར་ཕྱོགས་བྲམ་ཟེའི་རིགས་སུ་སྐྱེས། །དཔལ་གྱི་རི་ལ་བདག་དང་མཇལ་བར་གྱུར། །སྐྱེ་བ་དེ་ཡི་ཕྱི་མ་རྫོགས་སངས་རྒྱས། །འབད་རྩོལ་བྲལ་བའི་ཕྲིན་ལས་རྒྱ་ཆེན་འབྱུང་། །ཞེས་གསུངས་བོད་དུ་རྒྱལ་ཚབ་བསྐོས་མཛད་


CMR004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྒྲ་སྙན་རོལ་མོ་དྲི་ཞིམ་ངད་པ་ལྡང་། །འཇའ་འོད་མཆོད་སྤྲིན་ནམ་མཁའ་གང་བའི་དབུས། །སེང་ཁྲི་པད་ཟླའི་སྟེང་དུ་ནཱ་རོ་བཞུགས། །དཔའ་བོ་ཌཱཀི་དཔག་མེད་མཆོད་བཞིན་དུ། །ནམ་མཁར་ཇེ་མཐོ་མཁའ་སྤྱོད་གནས་སུ་གཤེགས། །འཇིག་རྟེན་མཁའ་འགྲོས་ཚོགས་སོགས་མཆོད་རྫས་ཁྱེར། །གྲོགས་མཆེད་རྣམས་ཀྱང་མི་སྣང་ཅིག་པུར་ལུས། །ཐུགས་སྐྱོ་སེང་ལྡེང་ནགས་གསེབ་སྐྱོ་བསངས་བྱོན། །ནཱ་རོ་བྱོན་ནས་ཆོས་དྲུག་མགུར་དུ་བཞེངས། །དེ་ནས་མེ་ཏྲིའི་དྲུང་བྱོན་གདམས་ངག་ཞུས། །གསེར་གྱི་སོར་གདུབ་རྡོ་དྲིལ་བརྫང་བར་མཛད། །དེ་ནས་བླ་མ་མཆེད་གྲོགས་རྡོ་རྗེ་སྤྱན། །ཐམས་ཅད་མཇལ་ཞིང་ཕྱག་འཚལ་བརྫང་བ་དང་། །སྐྱེལ་བསུ་མཛད་ཅིང་སྨོན་ལམ་རྣམ་དག་བཏབ། །རྡོ་རྗེ་གདན་སོགས་རྟེན་མཆོད་སྨོན་ལམ་བཏབ། །སྲིན་པོའི་རོ་ནི་གདོང་གྲུ་གསུམ་ཡོད་སར། །གྲོང་མཇུག་མཛད་པས་གྲུབ་ཐོབ་ཆེན་པོར་གྲགས། །གྲོགས་མཆེད་བརྒྱད་ཀྱིས་ཨ་སྨྲའི་ཚལ་དུ་བསྐྱལ། །ལམ་གླུ་བླངས་ནས་ནཱ་ལེནྡྲ་རུ་བྱོན། །ཚོགས་མཆོད་གྲལ་དུ་ཁ་ཆེ་པཎ་ཆེན་གྱིས། །ནཱ་རོ་མེ་ཏྲིའི་དགོངས་པ་གང་ཟབ་གསུང་། །དྲིས་པའི་ལན་དུ་བཞེད་


CMR004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མགུར་དུ་བཞེངས། །པཎ་ཆེན་དེས་ཀྱང་མཐུན་འགྱུར་མགུར་གསུངས་སོ། །འབྱོན་ཁར་ཚོགས་གྲལ་གཅིག་ཏུ་གླུ་ལོང་ཟེར། །ཁར་སང་བཅུ་བཞིར་དུར་ཁྲོད་སོ་ས་གླིང་། །བླ་མ་བདེ་མཆོག་དངོས་གྱུར་སྐུ་ལུས་ལ། །གསང་སྔགས་ལྷ་ཚོགས་མ་ལུས་གསལ་བར་མཐོང་། །སྟག་ཤམ་ནང་དུ་ནག་པོ་ཕྱག་བཞི་པ། །ཞེས་སོགས་མཐོང་ཚུལ་ལྟ་བའི་གླུ་བླངས་པས་། །རྫུ་འཕྲུལ་ཐོབ་པ་བཞི་བཅུ་རྣལ་འབྱོར་བཞི། །པཎ་ཆེན་བཞི་བཅུ་དད་ནས་བསྟོད་བསྔགས་མཛད། །དེ་ལྟར་རྒྱ་གར་ཡུལ་དུ་ལན་གསུམ་བྱོན། །སྔ་རས་ལོ་ལྔ་བར་རས་ལོ་བདུན་ཏེ། །རྒྱབ་རིས་ལོ་དྲུག་ཟླ་བ་ལྔ་བསྒོམས་པས། །བཅུ་དགུ་བཞུགས་པས་གདམས་ངག་དཔག་མེད་གསན། །ཐུགས་ཡིད་གཅིག་འདྲེས་ཡི་དམ་དུ་མ་གཟིགས། །ཌཱ་ཀི་རྣམས་ཀྱིས་གདམས་ངག་གསང་ཚིག་བསྟན། །དེ་ནས་བོད་དུ་འབྱོན་དགོངས་བལ་པོར་ཕེབས། །ནཱ་རོ་མཇལ་ཞིང་གདམས་ངག་ཐོབ་ཟེར་བའི། །སྙན་གྲགས་ཁྱབ་པས་གར་བྱོན་ཀུན་གྱིས་བཀུར་། །བུམ་ཐང་པ་ཡིས་སྤྱན་དྲངས་ཚོགས་འཁོར་སར། །ནཱ་རོ་མཇལ་ལུགས་མགུར་གསུངས་ཁོང་རྣམས་མཉེས། །དེ་ནས་དུར་ཁྲོད་ར་མ་འདོ་ལི་རུ། །ཚོགས་འཁོར་བྱེད་སར་


CMR004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མར་པ་སྤྱན་དྲངས་བྱོན། །ཁོང་རྣམས་མཚན་མོ་དེ་རུ་འཇིགས་ཟེར་ནས། །མྱུར་དུ་ཚོགས་བྱེད་འགྲོ་གྲབས་བྱེད་འདུག་པས། །མར་པ་མ་མགུ་བླ་མའི་རྣམ་ཐར་དྲན་། །སྤྱན་ཆབ་བསིལ་ཞིང་རྒྱ་གར་འགྲོ་དགོངས་ཚེ། །རྣལ་ལམ་མེ་ཏྲི་པ་དང་ཌཀི་མས། །བོད་ཀྱི་ཡུལ་དུ་སོང་གསུངས་ལུང་བསྟན་མཛད། །དེ་ནས་མི་མཉམ་རྡོ་རྗེའི་ཚོགས་གྲལ་བྱོན། །མེ་ཏྲི་མཇལ་ལུགས་མགུར་གསུངས་ཐམས་ཅད་དད། །དེ་ནས་བལ་པོའི་བླ་མ་པཎ་ཊི་ཏར། །རལ་གཅིག་མ་སོགས་སྒྲུབ་ཐབས་འགའ་ཞུས་ཚེ། །རྨི་ལམ་མེ་ཏྲི་པ་བྱོན་གདམས་པ་གནང་། །དེ་ནས་ལ་སྟོད་བྱོན་ནས་མགུར་བཞེངས་པས། །དེ་ཚེ་མར་པ་ལོ་ཙྪ་ཞེས་བྱ་བ། །ནཱ་རོ་མི་ཏྲིའི་ཐུགས་སྲས་གྲུབ་ཐོབ་གཅིག །རྒྱུད་དང་གདམས་པ་དཔག་མེད་དང་བཅས་ནས། །བོད་དུ་བྱོན་ཞེས་རྒྱ་བལ་གྲགས་པས་ཁྱབ། །མང་ཡུལ་མགོ་ཡག་བསུ་རུ་འོང་བས་མཇལ། །མང་ཡུལ་སྟོན་པ་རྒྱལ་དང་ཟུར་བན་གྱིས། །རིག་མ་གཅིག་ཕུལ་དབང་དང་གདམས་པ་ཞུས། །ཉང་སྟོད་མེ་སྟོན་ཚོན་པས་བསྙེན་བཀུར་བྱས། །ཉང་སྟོད་ཟླ་གཅིག་བར་དུ་ཆོས་བཙུགས་བཞུགས། །ནཱ་རོ་མཇལ་ལུགས་མགུར་བཞེངས་མགོ་ཡག་


CMR004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ནཱ་རོའི་ཕྱག་ཕྲེང་མེ་ཏྲིའི་སོར་གདུབ་གནང་། །དེ་ནས་ལ་ཡག་ཏུ་བྱོན་ཆོས་གྲྭ་བཙུགས། །གདམས་ངག་ཐོབ་ཚུལ་མགུར་བཞེངས་ཐམས་ཅད་དད། །དེ་ནས་གྲོ་བོ་ལུང་ཕེབས་ཀུན་གྱིས་བཀུར། །ཚང་སར་སྔགས་པ་ཅིག་དང་ཆོས་གཏམ་བྱས། །སྔགས་པ་ཕམ་ནས་མཐུ་སྡིག་བྱས་པ་ཡིས། །ཞག་པོ་འགའ་ནས་སྔགས་པ་རྦབ་ནས་ཤི། །རྒྱུད་འགྲེལ་མཁས་དང་མཐུ་ཡིས་གྲགས་པ་ཐོབ། །གདུལ་བྱ་མང་འདུས་ཆོས་ཀྱི་འཁོར་ལོ་བསྐོར། །རྔོག་པས་གཞུང་དུ་གདན་དྲངས་ཆོས་ཀྱང་གསུངས། །མཚུར་སྟོན་དབང་ངེས་དོལ་དུ་སྤྱན་དྲངས་ནས། །ཆོས་ཕྱིར་དཀའ་བ་སྤྱད་ལུགས་མགུར་དུ་བཞེངས། །ཀྱེ་རྡོར་ཉིད་ཀྱི་སྤྲུལ་པ་ཡིན་པའི་ཕྱིར། །བདག་མེད་མ་སོགས་ཇོ་མོ་དགུ་བཞེས་ཏེ། །ད་ལྟ་ཉིད་དུ་ཚོགས་གཏོར་ཤོམ་ཅིག་གསུངས། །ཆང་ཕུད་ཀ་ལི་གང་དང་ཉ་ཁོག་གཅིག །དེ་ལས་ཚོགས་རྫ་ས་གཞན་ནི་མེད་པ་ལ། །ནམ་མཁར་ཆང་གིས་རྒྱུན་བབེ་སྣོད་རྣམས་ཁེངས། །གཞན་ཡང་བཟའ་བཏུང་རོ་མཆོག་བརྒྱ་ལྡན་པ། །སྔོན་ཆད་མཐོང་ཐོས་མེད་པ་དཔག་མེད་པ། །སྤོས་དྲིས་ངད་ལྡན་རོལ་མོའི་སྒྲ་རྣམས་གྲག །མེ་ཏོག་མར་མེའི་ཕྲེང་བས་བར་སྣང་ཁྱབ། །དེ་ཚེ་རྗེ་བཙུན་ཀྱེ་


CMR004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྡོ་རྗེར་གྱུར། །དེ་ཡི་འོད་ཀྱིས་རེག་པས་ཇོ་མོ་རྣམས་ལྷ་མོར་གྱུར། །ཕྱོགས་བཅུའི་དཔའ་བོ་དཔའ་མོ་དཔག་མེད་བསྡུས། །ཚོགས་འཁོར་མཛད་ནས་ཐ་མར་སྐུ་རུ་བསྒྱུར་། །དེ་ནས་མི་ལས་མཇལ་ཏེ་སྲས་མཁར་བརྩིགས། །ཇོ་མོའི་ལུག་ཤ་སོག་པ་ཆང་དམ་གང་། །བྱིན་པ་མར་པར་དྲངས་པས་སུས་བྱུང་གསུངས། །འདི་ནི་མཁའ་འགྲོའི་དངོས་གྲུབ་ཡིན་འདུག་གསུངས། །ཕྱེད་དེ་མི་ལ་ལ་གནང་དེ་ཕྱིན་ཆད། །ཇོ་མོས་གནང་བའི་བཟའ་བཏུང་ཐམས་ཅད་ནི། །བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པར་མྱོང་། །མི་ལའི་བརྒྱུད་པའི་ལུང་བསྟན་འགའ་ཡང་གསུངས། །དེ་ཚེ་མར་པའི་གྲགས་པས་ཕྱོགས་ཀུན་ཁྱབ། །མེས་སྟོན་ཚོན་པོས་འབུལ་ཆེན་ལན་གསུམ་བྱས། །ད་ལྟ་སངས་རྒྱས་མར་པ་ལོ་ཙྪ་ཞེས་། །དབུས་གཙང་གྲགས་པས་ཁྱབ་པ་ཅི་ཡིན་ཞུས། །ཁོ་བོ་བོད་ལས་ལྷག་པར་རྒྱ་གར་དང་། །བལ་པོ་ནའང་སྙན་གྲགས་ཆེའོ་གསུངས། །དེ་ཚེ་སློབ་མ་ཆེ་དགུས་ཚོགས་འཁོར་བཤམས་། །དེར་འདུས་ཐམས་ཅད་ལུས་སེམས་བདེ་བས་གང་། །ཉམས་རྟོགས་ཉིན་མཚན་འཁོར་ཡུག་ཉིད་དུ་གྱུར། །རྔོག་པས་འབུལ་ཆེན་སྤངས་དག་ལན་གསུམ་མཛད། །


CMR004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་སྟོན་དབང་ངེས་པོ་ཏི་བརྒྱ་རྩ་ཕུལ། །མཐུ་ཡིས་ཞབས་རྟོགས་བྱས་པས་གདམས་པ་གནང་། །ཟླ་གཅིག་ཙམ་དུ་སྐུ་ནི་མང་པོར་སྤྲུལ། །ཇོ་མོ་དགུ་པོ་སོ་སོར་རེ་རེ་བཞིན། འབྲལ་མེད་བཞུགས་ནས་ཁྲིད་ཀ་སོ་སོར་གནང་། །དེ་བཞིན་སློབ་མ་སོ་སོའི་མཚམས་ཁུང་དུ། །སོ་སོར་བཞུགས་ནས་ཁྲིད་ཀ་གནང་བ་དང་། །ལུང་པའི་མདའ་རུ་ཁྲོམ་པར་ཆོས་གསུངས་པ། །དེ་དག་དུས་གཅིག་ཁོ་ནར་བསྟན་པར་མཛད། །དེ་བཞིན་དགྱེས་རྡོར་བདེ་མཆོག་གསང་འདུས་དང་། །མ་ཡ་ལ་སོགས་ཞི་ཁྲོ་དུ་མ་དང་། །རེས་འགའ་རྒྱ་གར་རྣལ་འབྱོར་རུས་རྒྱན་ཅན། །བཙུན་མོའི་མཐའ་བསྟན་མཁའ་འགྲོས་བསྐོར་བ་བསྟན། །དེ་དང་དུས་མཚུངས་ཕྱི་རུ་ཕྲུ་གློག་དང་། །མཁར་ལས་ཞལ་ད་ཁྲིད་ཀ་རྒྱུན་བཤད་དང་། །བྱིས་པའི་གསེབ་ཏུ་རྩེད་མོ་རྩེ་བ་དང་། །བུ་མོ་རྣམས་དང་ལྷན་ཅིག་གླུ་གར་དང་། །རི་ཁྲོད་རྣམས་སུ་སྐྱོ་བསངས་མཛད་པ་རྣམས། །དུས་གཅིག་ཉིད་དུ་སོ་སོར་སྟོན་པར་མཛད། །དེ་ལྟར་འོང་བའི་དོན་དེ་ཅི་ཡིན་ཞུས། །སློབ་མ་ཀུན་འཚོགས་ཚོགས་འཁོར་ཤོམ་དང་གསུངས། །ཆང་ཕང་ཉང་ང་གཅིག་ལས་མེད་པ་ལ། །ཚོགས་ཀི་ཡོ་བང་དཔག་མེད་ལྷུན་གྲུབ་


CMR004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དེ་ཚེ་ལ་ལས་བླ་མ་ཀྱེ་རྡོར་མཐོང་། །ལ་ལས་གསང་འདུས་ལ་ལས་བདེ་མཆོག་མཐོང་། །ལ་ལས་མ་ཧཱ་མཱ་ཡཱ་ལ་སོགས་མཐོང་། །གཅིག་ལ་གཅིག་སྟོན་དད་མོས་བསམ་མི་ཁྱབ། །ལྷ་ཚོགས་དེ་རྣམས་གདམས་པ་ང་ལ་ཡོད། །ཆོ་འཕྲུལ་དེ་འདྲ་འོང་ནི་ཐང་ངོ་གསུངས། །དེ་ཚེ་སྲས་ཀྱང་མིང་སྲིང་བརྒྱད་ཙམ་བལྟམས། །སྲས་ཀྱི་མཆོག་གྱུར་ཇོ་སྲས་མདོ་སྡེ་ནི། །ཡོན་ཏན་ཕུན་སུམ་ཚོགས་པར་བཞུགས་པ་ལས། །ཆིབས་པས་བསྡབས་ནས་དབུ་ཡང་ཚལ་པར་གས། །ཕུག་རོན་གཅིག་ལ་གྲོང་འཇུག་འཕོ་བ་མཛད། །རྒྱ་གར་ཡུལ་བྱོན་ཏི་ཕུ་པ་རུ་གྲགས། །སྲས་ཀྱི་གདུང་སྦྱངས་འཇའ་འོད་ས་གཡོས་སོགས། །ངོ་མཚར་ལྟས་བྱུང་ཡབ་ཀྱང་མྱ་ངན་མཛད། །སློབ་མ་རྣམས་ཀྱི་འབུལ་བས་མྱ་ངན་བསངས། །ཕུག་རོན་ཤ་བ་འབྲི་དང་ལུ་གུ་ལ། །གྲོང་འཇུག་མང་དུ་མཛད་པས་ཐམས་ཅད་དད། །སློབ་མ་རྣམས་ལ་གདམས་ངག་རྫོགས་པར་གནང་། །སོ་སོར་ལུང་བསྟན་ཞལ་ད་རྒྱས་པར་མཛད། །དགུང་ལོ་བརྒྱད་ཅུ་རྟ་ཟླའི་ཚེས་གསུམ་ལ། །གྲྭ་སློབ་ཀུན་བསྡུས་ཁོ་བོ་འགྲོ་དགོས་གསུངས། །ནཱ་རོ་མཁའ་འགྲོ་དཔག་མེད་སུན་མས་བསྐོར། །མཎྜལ་མཆོད་


CMR004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚོགས་ཤོམ་གསོལ་བ་ཐོབ། །སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་སྤྲིན་དཔུང་གཏིབས་ལྟར་བྱོན། །དེ་དག་ཁོ་བོ་ཉིད་དང་དབྱེར་མེད་འདུག །ཏེ་ལོ་ནཱ་རོ་ཁོ་བོ་རང་ཡིན་གསུངས། །ཇོ་མོ་འོད་དུ་ཞུ་ནས་ཐུགས་ཀར་ཐིམ། །དབུ་གཙུག་རུས་པ་ཟུར་གསུམ་དབུ་སྐར་བཅས། །འོད་དང་ཚག་སྒྲར་བཅས་པས་འདོམ་གང་འཕར། །འོད་ཀྱི་གོང་བུ་ཟླ་བ་ལྟ་བུ་ཞིག །མདའ་འཕང་བཞིན་སོང་ལྷོ་བྲག་འཇའ་འོད་གང་། །མེ་ཏོག་ཆར་པ་དཔག་ཏུ་མེད་བཅས་པས། །ཞག་པོ་སོ་བདུན་བར་དུ་རྒྱུན་མ་ཆད། །རིང་བསྲེལ་ལ་སོགས་རྟེན་ཡང་མང་དུ་བྱོན། །དེ་ཡིས་ཐུགས་སྲས་སློབ་མ་བྱོན་ཚུལ་ནི། །རྒྱུ་ལུས་བཀའ་བབས་དོལ་པ་གག་སྟོན་དང་། །འཕོ་བའི་བཀའ་བབ་དྲི་ཡི་མོ་ཆུང་བ། །རིམ་ལྔའི་བཀའ་བབས་ཆུང་གང་དཔལ་ལོ་དང་། །གཞུང་བཤད་བཀའ་བབས་དགེ་བཤེས་ཁེ་གད་བཞི། །ཞབས་ཏོག་གིས་མཉེས་མེས་སྟོན་ཚོན་པོ་དང་། །ཤེས་རབ་མེས་མཉེས་རྔོག་སྟོན་ཆོས་རྡོར་དང་། །མཐུ་ཡིས་མཉེས་པ་མཚུར་སྟོན་དབང་ངེ་དང་། །དད་གུས་མཉེས་པར་མི་ལ་རས་པ་བཞི། །རྔོག་སྐྱ་འབྱུང་རྒྱལ་མར་པ་མགོ་ཡག་སོགས། །སློབ་མའི་ཚོགས་


CMR004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དཔག་ཏུ་མེད་པ་བྱོན། །འདི་བྲིས་དགེ་བས་བདག་སོགས་འགྲོ་བ་ཀུན། །གསང་སྔགས་རྒྱུད་སྡེ་བཞི་ལ་མངའ་བརྙེས་ཤོག །ཅེས་པ་རཱ་ག་ཨ་སྱས་བྲིས་སོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousནཱ་རོ་པའི་རྣམ་ཐར།next