Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
སྒོམ་པོ་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོམ་པོ་པའི་རྣམ་ཐར།next

སྒོམ་པོ་པའི་རྣམ་ཐར།


CMR004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པུཎྱེ་རཏྣཡེ། །སྔོན་ཚེ་གྲངས་མེད་བསྐལ་པའི་སྔོན་རོལ་ན། །སངས་རྒྱས་རིན་ཆེན་པདྨའི་ཟླ་བ་ནི། །རྣམ་དག་མངོན་འཕགས་རྒྱལ་པོའི་བསྟན་པའི་མཇུག །བྱང་སེམས་བདུན་སྟོང་རྒྱལ་པོས་བསྐད་བྱས་ནས། །ནགས་ཚལ་ཀུན་ཏུ་བཟང་པོ་ཞེས་བྱ་རུ། །བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་། །ལྷན་ཅིག་གནས་ཏེ་སེམས་ཅན་ཁྲག་ཁྲིག་ཕྲག །བརྒྱ་སྟོང་དགུ་བཅུ་ཕྱིར་མི་ལྡོག་ལ་བཀོད། །དེ་ནས་ལྷ་ཡི་མིག་གིས་བལྟས་པ་ཡིས། །རྒྱལ་པོའི་ཕོ་བྲང་སེམས་ཅན་ཁྲག་ཁྲིག་ཕྲག །མང་པོའི་ཆོས་ཐོབ་ཕྱིར་མི་ལྡོག་ཐོབ་མཐོང་། །ཁོ་བོ་དམ་ཆོས་འཆད་དུ་འགྲོའོ་གསུངས། །འཁོར་གྱི་སེམས་དཔའ་གཞན་གྱིས་བཤོལ་བཏབ་སྟེ། །དགེ་སློང་ལ་སོགས་ཆོས་ལ་དམོད་པ་དང་། །ཁྱེད་ནི་གཟུགས་མཛེས་ལྟ་ན་སྡུག་པའི་ཕྱིར། །རྒྱལ་པོ་ལ་སོགས་ཕྲག་དོག་འོང་དོགས་ཟེར། །བདག་ཉིད་བསྲུང་ན་དམ་ཆོས་མ་བསྲུང་འགྱུར། །ཞེས་སོགས་གསུངས་ནས་རྒྱལ་པོའི་ཕོ་བྲང་གཤེགས། །སྔ་དྲོ་དེ་ལ་སྲོག་ཆགས་ཁྲག་ཁྲིག་ཕྲག །དགུ་བཅུ་རྩ་དགུ་ཕྱིར་མི་ལྡོག་པར་བཀོད། །ཕྱིར་ཉིན་སྲོག་ཆགས་བྱེ་བ་སུམ་ཅུ་དགུ། །ཕྱིར་མི་ལྡོག་བཀོད་ཟས་སྤངས་


CMR004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཏེ་བཞུགས། །སྔ་དྲོ་གཉིས་པར་བྱེ་བ་ཉི་ཤུ་གསུམ། །སྔ་དྲོ་གསུམ་པར་བྱེ་བ་དགུ་བཅུ་དགུ། །སྔ་དྲོ་བཞི་པར་ཁྲག་ཁྲིག་བརྒྱ་སྟོང་དགུ། །སྔ་དྲོ་ལྔ་པར་བུད་མེད་བརྒྱད་ཁྲི་དང་། །སྔ་དྲོ་དྲུག་པར་རྒྱལ་པོའི་བུ་སྟོང་རྣམས། །བྱང་ཆུབ་ལམ་བཀོད་ད་རུང་ཟས་མ་གསོལ། །སྔ་དྲོ་བདུན་པར་རྒྱལ་པོ་དཔའ་བས་བྱིན། །གྲངས་མེད་འཁོར་བཅས་ཤིང་རྟ་ལ་ཞོན་ནས། །སྐྱེད་མོས་ཚལ་དུ་འགྲོ་བར་བྱེད་པའི་ཚེ། །རྒྱལ་པོའི་བུ་མོ་ལྔ་བརྒྱས་དགེ་སློང་མཐོང་། །དད་པ་སྐྱེས་པས་ཕྱིར་མི་ལྡོག་ཐོབ་ནས། །བྱང་ཆུབ་སེམས་དཔའ་ལ་ནི་ཐལ་སྦྱར་བཏུད། །དེ་བཞིན་བཙུན་མོ་རྣམས་ཀྱང་གུས་བྱེད་མཐོང་། །རྒྱལ་པོའི་བསམ་པ་ང་ནི་གཟུགས་མི་མཛེས། །དགེ་སློང་མཛེས་པར་རྒྱལ་སྲིད་ཕྲག་དོག་ནས། །གཤེད་མ་དགེ་བྱེད་ཅེས་བྱ་རྒྱལ་པོས་བཏང་། །དགེ་སློང་རྐང་ལག་བཅད་ཅིང་མིག་ཀྱང་ཕྱུངས། །བཅད་པའི་མཚམས་ནས་འོད་ཟེར་དཔག་མེད་དང་། །འོ་མའི་རྒྱུན་བབ་ཞག་པོ་བདུན་སོང་ཡང་། །གསེར་མདོག་མ་ཉམས་མཚན་དཔེས་ལྡན་པ་མཐོང་། །རྒྱལ་པོ་ང་ནི་དམྱལ་བར་སྐྱེ་སྙམ་སྐག །དེ་ཚེ་ནམ་མཁའི་ལྷས་ཀྱང་དེ་ཡིན་ཟེར། །རྒྱལ་པོ་ས་ལ་འགྱེལ་ཞིང་ཆོ་ངེ་


CMR004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། །དེ་ནས་གདུང་སྦྱང་མཆོད་རྟེན་བྱས་ནས་ཀྱང་། །ལོ་གྲངས་བྱེ་བ་དགུ་བཅུ་རྩ་ལྔ་རུ། །མཆོད་པ་བྱས་ཤིང་དུས་གསུམ་བཤགས་པ་བྱས། །རྒྱལ་པོ་དེ་ནི་ཤཱཀྱ་ཐུབ་པ་དེ། །ཆོས་སྨྲ་བ་དེ་ཟླ་འོད་གཞོན་ནུར་གྱུར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཏིང་འཛིན་རྒྱལ་པོའི་མདོ་སྡེ་གསུངས་པའི་ཚེ། །སྙིགས་མའི་དུས་སུ་ཏིང་འཛིན་མཆོག་འདི་ནི། །སུ་ཡིས་འཛིན་ཅིང་སྟོན་པར་ནུས་གསུངས་ཆེ། །ཟླ་འོད་གཞོན་ནུས་འཛིན་པར་ཞལ་བཞེས་ཤིང་། །བྱང་ཆུབ་སེམས་དཔའ་གཞན་ནི་མང་པོ་ཡིས། །ཏིང་འཛིན་མཆོག་དེ་སྤེལ་བའི་གྲོགས་བྱེད་གསུངས། །དེ་ཚེ་ཤཱཀྱའི་རྒྱལ་པོས་ལུང་བསྟན་པ། །ཟླ་འོད་གཞོན་ནུས་མ་འོངས་བྱང་ཕྱོགས་སུ། །དགེ་སློང་འཚོ་མཛད་ཅེས་བྱར་གྱུར་ནས་ཀྱང་། །ང་ཡི་བསྟན་པ་རྒྱས་པར་བྱེད་ཅེས་གསུངས། །དེ་ནས་རྣལ་དུ་རྙི་བ་རྒྱལ་པོ་དང་། །ཚེ་ལྕམ་གཉིས་ལ་སྲས་པོ་གསུམ་ཡོད་པའི། །ཆེ་བ་སེ་རེ་ཆུང་བ་རྙིད་ཆུང་བ། །འབྲིང་པོ་ལུག་ལོར་ངོ་མཚར་ལྟས་བཅས་འཁྲུངས། །དར་མ་གྲགས་བཏགས་གསོ་རིག་མཁས་པར་སྦྱངས། །ཇོ་མོ་བཞེས་པས་སྲས་སོགས་བལྟམས་པ་ལས། །ཇོ་མོ་སྲས་རྣམས་འདས་པས་སྐྱོ་བ་


CMR004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །དགུང་ལོ་ཉེར་དྲུག་ལོན་ཚེ་རབ་ཏུ་བྱུང་། །ཤང་པ་གླིང་པས་བསོད་ནམས་རིན་ཆེན་བཏགས། །བློ་ལྡན་ཤེས་རབ་ཕ་རྒྱུད་མ་རྒྱུད་གསན། །གདམས་ངག་ཞུས་པས་ཞི་གནས་བཟང་པོར་སྐྱེས། །སྣང་བ་ཐམས་ཅད་འཇའ་ལྟར་བུན་བུན་སོང་། །མི་རྟོག་ཉམས་ཀྱི་ཉིན་མཚན་ངོ་མ་ཤེས། །ཞག་བདུན་ཏིང་འཛིན་གཅིག་ལ་གནས་པ་དང་། །ཞག་པོ་བཅུ་བདུན་ཙམ་དུ་མི་འཆོར་བྱུང་། །ཉོན་མོངས་མགོ་ནོན་འདོད་ཡོན་བློ་མི་འཇུག །གསུང་གླེང་སྐབས་སུའང་ཏིང་འཛིན་ངང་ལ་སོགས། །ཟངས་དཀར་བ་ལ་ཡོ་ག་བདེ་མཆོག་བསླབས་། །བྱ་འདུལ་གཉིས་ལ་གསན་བསམ་མང་དུ་མཛད། །དབུ་རུ་བྱང་དུ་བཀའ་གདམས་མཇལ་དུ་བྱོན། །སྙུག་རུམ་པ་ལ་ལམ་རིམ་ཟླ་བདུན་ཞུས། །དེ་ཕྱིན་བྱང་ཆུབ་སེམས་དང་འབྲལ་མེད་བྱུང་། །ལྕགས་རི་བ་ལ་ཟླ་བདུན་གདམས་ངག་དང་། །མགོན་པོ་གྲི་གུག་མ་གསན་ཞལ་ཡང་གཟིགས། །དགེ་བཤེས་ཡོན་བདག་པ་ལ་ལོ་གསུམ་བསྟན། །ལམ་རིམ་བསྒོམས་པས་བདེ་གསལ་ཆུང་ངུ་སོང་། །སྐྱོ་ཤས་ངེས་འབྱུང་ཁོ་ན་ཤེས་ཆེར་བྱུང་། །ཇོ་བོའི་གདམས་ངག་དགེ་བཤེས་སྟོན་པས་ཀྱང་། །བར་མ་ཆོད་པས་སངས་རྒྱས་ལག་བྱེད་


CMR004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ཡོད་གསུངས་དམིགས་པའི་འགྲོ་ལྡོག་ཟད་མེད་བསླབས། །དེ་ནས་ཕ་ཡུལ་བྱོན་ནས་བྲང་ཁང་བཙོང་། །ཕ་ཞིང་ཡོན་བདག་བྱས་ནས་སྒོམ་པ་ལ། །བདེ་གསལ་སོར་ཆུད་གཉིད་ཐུན་རེ་ལས་མེད། །རྨི་ལམ་ས་བཅུ་ཐོབ་ལྟས་ཁོ་ན་རྨིས། །ལུས་ལ་ཤིག་དང་སྲིན་བུ་མེད་པ་དང་། །རྟག་ཏུ་བདེ་བའི་ཉམས་དང་ལྡན་པ་བྱུང་། །དེ་ནས་སྤྲུལ་པའི་སྤྲང་པོ་གསུམ་ལ་ནི། །མི་ལ་ཞེས་པའི་མཚན་ནི་ཐོས་མ་ཐག །བ་སྤུ་གཡོས་ཤིང་དབང་མེད་དད་པ་སྐྱེས། །ངོ་བཟུང་མེད་པའི་ཉམས་སྐྱེས་ཡུན་རིང་ལུས། །ཡུལ་སྣང་ཐམས་ཅད་མེད་པར་སྟོང་ཕྱམ་སོང་། །འཇིག་རྟེན་ཐམས་ཅད་ཡིད་ཀྱི་ཡུལ་དུ་གསལོ། །སེམས་ཅན་ཐམས་ཅད་སེམས་རྒྱུད་ཁམས་དབང་རྣམས། །ཤེས་སྙམ་བྱེད་པའི་ཉམས་གཅིག་ཐུགས་ལ་འཁྲུངས། །དེ་ནས་བླ་མ་རྣམས་ལ་དགོངས་པ་ཞུས། །ལྕགས་རི་བས་ནི་མ་འགྲོ་གསུངས་ནས་བཀག །དགེ་བཤེས་ཡོན་བདག་པ་ཡི་ཞལ་སྔ་ནས། །རྣལ་འབྱོར་པ་དེ་གྲུབ་ཐོབ་ཡིན་འདུག་པས། །སོང་ལ་ཆོས་ཀྱི་སྐྱེས་མ་ཁྱེར་ཤོག་གསུངས། །སྤྱན་སྔའི་ཞལ་ནས་ཁྱི་ཐུལ་ཅན་གྱི་རྩར། །མ་འགྲོ་འགྲོ་ཡང་རྟགས་འདི་མ་སྐྱུར་ཤོག །ཟངས་རྐང་མི་


CMR004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འདོན་ཏེ་ཐབས་མེད་གསུངས། །དགེ་བཤེས་སྙུག་རུམ་པ་ཡི་ཞལ་སྔ་ནས། །རྒས་ཁར་ང་མ་བོར་བར་ཤོག་ཅིག་གསུངས། །འགྲོ་བར་ཐག་བཅད་རྨི་ལམ་བཟང་པོ་དང་། །མི་དཀར་འོད་ཀྱིས་རང་བཞིན་མཛེས་པ་གཅིག །ལྟ་བའི་མན་ངག་རྡོ་རྗེའི་ཚིག་བཞི་གསུངས། །ཕྱིས་སུ་བླ་མའི་གསུང་དང་ཁྱད་མེད་འདུག །ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་འདུག་གསུངས་། །དེ་ནས་བྱོན་པས་ལམ་དུ་ཐུ་བར་བསྙུངས། །བླ་མ་བཞུགས་པའི་གངས་ལ་སེམས་གཏད་ནས། །མོས་གུས་བྱས་པའི་བསྙུང་ཡང་ཕན་པར་གྱུར། །ལམ་དུ་མི་གཅིག་ཁྲེལ་པོ་ཁུར་རོགས་བྱས། །མི་ལས་བཀའ་གདམས་པ་གཅིག་འོང་བ་ཡི། །འགྲོ་དོན་རྒྱ་ཆེན་འོང་གསུངས་ཟེར་བ་ཡི། །ང་རྒྱལ་ཅུང་ཟད་སྐྱེས་པ་མི་ལས་མཁྱེན། །ཟླ་ཕྱེད་བར་དུ་མཇལ་ཁ་མ་བྱུང་ངོ་། །དེ་ནས་སོ་གཉིས་ལོ་ལ་མི་ལ་མཇལ། །གསེར་ཞོ་བཞི་དང་ཇ་ཞོ་གང་ཕུལ་བ། །གསེར་ནི་མ་བཞེས་ཆོས་བརྒྱག་གྱིས་ཤིག་གསུངས། །སིན་དྷུའི་མཎྜལ་ལ་བརྟེན་དབང་བསྐུར་མཛད། །གཏུམ་མོའི་ཁྲིད་གནང་བདེ་དྲོད་རང་འབར་འོང་། །ཞག་བདུན་བསྒོམས་པས་རྒྱལ་བ་རིགས་ལྔ་མཇལ། །སྟོང་གསུམ་འཁོར་ལོ་བཞིན་དུ་འཁོར་བར་


CMR004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ནམ་མཁའ་ཐུགས་རྗེ་ཆེན་པོའི་གང་བ་དང་། །དམྱལ་ཁམས་མཐོང་ནས་སྙིང་རླུང་ལང་པ་དང་། །ལྷ་ཡུལ་མཐོང་དང་དགའ་བདེས་ཁྱབ་པ་དང་། །ཀྱེ་རྡོར་དམར་པོ་ཀེང་རུས་མཐོང་བ་དང་། །ནམ་མཁས་གར་ཁྱབ་ལུས་ཀྱིས་ཁྱབ་པ་དང་། །དུད་པས་མུན་རུབ་རང་ལུས་ཀེང་རུས་མཐོང་། །ཉིན་རེ་རླུང་ཁུག་གཅིག་གིས་ཆོག་པ་དང་། །སྨན་ལྷ་མཆེད་བདུན་སངས་རྒྱས་སྟོང་རྩ་མཇལ། །བླ་མས་ལོངས་སྐུ་སྤྲུལ་སྐུ་དངོས་སུ་མཐོང་། །ཆོས་སྐུ་ད་བཟོད་མཐོང་བར་འདུག་གིས་འདུག །སོར་མོས་རླུང་སྤྱད་ཐལ་བ་བུན་བུན་བྱུང་། །ད་ནི་རྩ་རླུང་ལས་སུ་རུང་ཙམ་ཡིན། །དྭགས་ལྷ་སྒམ་པོར་སོང་ལ་སྒྲུབ་ཅིག་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་འགྱུར་ཞིང་། །གདུལ་བྱ་སྣོད་དང་ལྡན་པ་ཡོད་དོ་གསུངས། །རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པར་བཏགས། །དབང་དང་ཆོས་རྣམས་རྫོགས་པར་གནང་བའི་མཐར། །གཏོར་མ་ཆེན་པོ་དབུ་ཡི་ཐོག་བཞག་ནས། །མཁའ་འགྲོ་ཆོས་སྐྱོང་དབང་བསྐུར་བཀའ་གཏད་མཛད། །ཁྱོད་ཀྱིས་འགྲོ་དོན་འགྲུབ་གསུང་ལུང་ཡང་བསྟན། །ཨ་རུ་རྣམ་རྒྱལ་གཅིག་དང་མེ་ཆ་དང་། །རླུང་སེམས་གཉིས་མེད་


CMR004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཞལ་ད་གནང་། །དེ་ནས་དྭགས་པོ་དབུས་ཀྱི་ཕྱོགས་སུ་བྱོན། །དེ་ནས་སྨྱུག་རུམ་པ་མཇལ་གསུང་གླེང་མཛད། །ད་ནི་སེམས་ཅན་དོན་བྱ་རན་འདུག་གསུངས། །ཁོ་བོ་ཚེ་མེད་སྒྲུབ་པ་བྱ་དགོས་ཞུས། །ཚེ་བསྲིང་གདམས་ངག་སྤྱན་སྔའི་ཐུགས་དམ་གྱིས། །སྒྲོན་དཀར་མོ་དང་ཁོ་བོ་མི་ལབ་ལབ། །ཡོད་པས་དེ་ཡི་སྒྲུབ་ཐབས་ཡིན་གསུང་གནང་། །དེ་ནས་གཉལ་དུ་བྱོན་ནས་ཅུང་ཟད་བཞུགས། །དེ་ནས་མི་ལ་མཇལ་དུ་འབྱོན་དགོངས་ཚེ། །ཡར་ལུང་མདའ་རུ་ཚོང་པ་འགའ་རེ་ཡིས། །བླ་མ་གཤེགས་པའི་ཕྱག་མཁར་རིས་གོས་འཕྲོད་། །བརྒྱལ་ཞིང་མང་བཤུམས་གདུང་དབྱངས་གསོལ་འདེབས་བྱས། །དེ་ནས་རང་ཡུལ་ཕྱོགས་སུ་བྱོན་པའི་ལམ། །བུད་མེད་གཅིག་འདུག་དྲོ་བསླང་གསུངས་པ་ཡིས། །དེ་ཡི་ས་ལ་ནས་བཏབ་ལོ་ཏོག་འཁྲུངས། །ནས་བརྔས་བརྔོ་བཏགས་བྱས་ནས་དྲོ་དྲངས་ཏེ། །ཆབ་བླངས་འབྱོན་སྙམ་བུད་མེད་ལོག་མི་སྣང་། །སྦྲག་པ་ཆི་ལེ་འདུག་ཀྱང་ཉམས་རྟོགས་འཁྲུངས་། །དེ་ནས་རས་སྒོམ་རས་པས་ཉེ་གནས་བྱས། །བཀའ་གདམས་ཆོས་སྤྱོད་བརྩོན་པས་ཉམས་ཡང་ཡལ། །དཀའ་ཐུབ་བྱས་པས་ལུས་ཀྱང་སྐམ་པར་གྱུར། །དེ་ནས་ཆོས་


CMR004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སྐྱུར་ནས་གསོལ་བཏབ་པས། །མི་ལ་མདུན་དུ་བྱོན་སྙམ་དྲོད་ཀྱང་སྐྱེས། །ཕྱག་ཆེན་རྟོགས་པ་ནམ་མཁའ་ལྟ་བུ་འཁྲུངས། །བོ་དྷི་ཙི་ཡི་རྡོག་པོ་ཉེར་གཅིག་པ། །ལྕང་མའི་སྡོང་པོ་གཅིག་ལ་བཏགས་ནས་ཀྱང་། །ཁོ་བོ་རྒྱལ་བས་ལུང་བསྟན་པ་ཡིན་ན། །ཤིང་འདི་ལ་ནི་འདི་ཉིད་སྐྱེས་ཤིག་གསུངས། །འཕྲལ་དུ་བོ་དྷི་ཙི་དེ་ལྕང་མར་སྐྱེས། །འོལ་ཁར་བྱོན་ནས་དགེ་ལུང་ལོ་གསུམ་དང་། །གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་བཞུགས། །རྨི་ལམ་གསེར་རྙེད་བརྒྱད་སྟོང་བྲི་སྙམ་པས། །དེ་ནས་མྱུར་དུ་རྟོགས་པ་མཆོག་གཅིག་སྐྱེས། །སྒོམ་ནི་གཏུམ་མོ་ཁོ་ན་བསྒོམ་པ་ནི། །སྒོམ་དང་ཆོས་ཀུན་སེམས་སུ་ཤེས་པ་བྱུང་། །རིག་པའི་ངོ་བོ་སེང་ངེ་ཡེ་རེ་མཐོང་། །རེས་འགའ་སྣང་བ་སྒྱུ་མ་ལྟ་བུར་མཐོང་། །བསྒོམ་རྒྱུ་སྒོམ་མཁན་ངོ་བོ་མ་རྙེད་དེ། །དེ་ནས་འོད་གསལ་རྒྱུན་ཆད་མེད་པར་བྱུང་། །ཁོ་བོས་སློབ་མ་དད་ཅན་ཁྲིད་བྱས་ནས། །ཟླ་བ་ལྔ་ནས་ཕྱིར་མི་ལྡོག་ཐོབ་གསུངས་། །མི་ནག་བསད་རྨིས་དེ་ཕྱིན་རྨི་ལམ་མེད། །གཉིད་ནི་ཡོད་ཀྱང་འོད་གསལ་ཁོ་ནར་གྲོལ། །ཟང་ཟིང་འདུས་པས་ཐུགས་སོ་མ་གསོད་ནས། །འོ་དེ་གུང་རྒྱལ་གངས་སུ་


CMR004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་སྙམ་ཙ། །གདུལ་བྱ་སྐྱུར་ན་བྱང་སེམས་ལྟུང་བ་ཡིན། །ཞེས་པའི་སྒྲ་ཞིག་ནམ་མཁར་གྲག་པ་གསན། །འོ་དེ་གུང་རྒྱལ་བཙན་པོ་དར་ཐོད་ཅན། །གཡུ་ཆེན་མགུལ་དུ་བཏགས་པ་གཅིག་བྱུང་ནས། །འདི་ན་བཞུགས་ན་བདག་གིས་ཡོན་བདག་བགྱིད། །གལ་ཏེ་མི་བཞུགས་འབྱོན་ན་ང་ཡི་བུ། །དྭགས་ལ་སྒམ་པོ་ཅན་དུ་བཞུད་ཅིག་དང་། །ཁོ་ཡི་ཁྱོད་ནི་ཐུགས་དགོངས་སྒྲུབ་ལགས་ཟེར། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་ཆོས་འགའ་གསུངས། །ཕྱག་ཆེན་བཤད་པར་དགོངས་ཚེ་ནམ་མཁར་ཡལ། །དེ་ནས་སྒམ་པོའི་ཟངས་ལུང་བྱོན་ནས་བཞུགས། །ཆུ་ཡི་བཅུད་ལེན་བྱ་དགོངས་ཆུ་མི་འདུག །ཁང་སར་བྲག་རྩར་གདན་ཆུང་སོལ་དང་གསུངས། །བསལ་བས་ཆུ་མིག་ཁྲོན་པ་ཏིང་རིང་འདུག །ལོ་གྲངས་བཅུ་གཉིས་འདག་སྦྱར་བྱེད་དགོངས་ཙ། །བུད་མེད་ཐལ་བས་བྱུགས་ཅིང་སྒྲོ་མདོངས་བཟུང་། །འདག་སྦྱར་བས་ནི་བསྟན་པ་སྤེལ་དགའ་ཟེར། །གཙང་གི་ཀློག་སྐྱ་སྟོན་པ་ཆོས་ཞུ་བྱུང་། །དེ་ནས་ཁྱུང་ཚང་པ་དང་གཉའ་ནག་པ། །གཉའ་དམར་པ་སོགས་དྲུག་ཅུ་ཙམ་ཞིག་འདུས། །ཐམས་ཅད་རིང་པོར་མ་ཐོག་ཉམས་རྟོགས་འཁྲུངས། །མངོན་ཤེས་དྲུག་ཤར་བྱ་


CMR004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཁོ་ན་བྱུང་། །དེ་ནས་མང་ནས་ཐུགས་སོ་མ་གསོད་ནས། །སྟོབས་ལུང་ཞེས་བྱ་ས་གཉན་གཅིག་བྱོན་བཞུགས། །དེ་དུས་སློབ་མ་འགའ་ལ་ངོ་སྤྲོད་གནང་། དགུན་ཟླའི་ཉ་སྐོར་ཞག་གསུམ་བར། །དུས་གཅིག་ཉིད་དུ་སྤྲུལ་པ་བཞི་མཛད་དེ། །གཅིག་ནི་ལྷ་སར་ཞག་གསུམ་རབ་གནས་མཛད། །གཅིག་ནི་ཡོན་བདག་སྐྱེས་འབུམ་ཚང་ཉིད་དུ་། །ཞག་གསུམ་བཞུགས་ནས་དབང་དང་རབ་གནས་མཛད། །དེ་ནས་དཔོན་སློབ་བདུན་བཅས་ནམ་མཁར་གཤེགས། །གྲྭ་མང་རྣམས་ལ་ཉིན་གསུམ་ཁྲིད་ཀ་གནང་། །གཅིག་ནི་ངག་བཅད་གཟིམ་མལ་ཉིད་ན་བཞུགས། །རབ་གནས་རྣམས་ཀྱི་འབུལ་བ་དུས་གཅིག་སླེབས། །འབྲོག་གི་འཁྲུག་པ་གསུམ་དུ་སྤྱན་དྲངས་ཚེ། །འཇའ་ལ་ཆིབས་ནས་འཁྲུག་པ་རང་ཞི་ར་བྱོན། །ཙཱ་རི་རྩ་ཁང་ཞེས་བྱ་རྒྱ་གར་གྱི། །ཡུལ་དུ་འགྲོ་གསུངས་འཁོར་རྣམས་ཆར་ཚེས་བང་། །རྗེ་ཉིད་ཆར་འབྲུ་ཅུང་ཟད་ལས་མ་ཕོག །གཟིམ་ལམ་མེ་འབར་ཐོག་ལ་རེག་རེག་དང་། །གཟིམས་ཁང་ཆུས་གང་གསེར་གྱི་མཆོད་རྟེན་སྣང་། །སྐུ་ལུས་མི་སྣང་བ་སོགས་རྫུ་འཕྲུལ་བསྟན།། །སྐུ་ལ་གྲིབ་མེད་རི་བྲག་ཐལ་བྱུང་གཤེགས། །ནམ་མཁར་སྐྱིལ་ཀྲུང་


CMR004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས་བཞུགས་པ་དང་། །ཕྱག་སྟོང་སྤྱན་སྟོང་སྐུ་རུ་སྣང་བར་བསྟན། །སྟོང་འབུལ་བྱུང་དུས་ཁྲི་ཁར་གདན་དྲངས་དུས། །ཉེ་གནས་སྔོན་སོང་ང་ནི་རྗེས་འོང་གསུངས། །ཉེ་གནས་སྔོན་ལ་ཕེབས་སོང་འབུལ་བའང་བླངས། །དུས་བཟང་ཀུན་ཏུ་གཟིམས་ཁང་འཇའ་ཚོན་ཟུག །དུས་བཟང་ཌཱཀི་མུས་བྱུང་རྟགས་ཡིན་གསུངས། །རེ་ཞིག་རྗེ་ཉིད་བྱང་ཆུབ་ཆེན་པོའི་སྐུ། །སྒམ་པོའི་རི་ལས་ཆེ་བ་ཞིག་མཛད་ཀྱང་། །གཟིམ་སྤྱིལ་ཆུང་ངུའི་ནང་དེར་ཤོང་བར་བསྟན། །ཉི་མ་གཟས་ཟིན་མང་སྒོལ་བྱས་པའི་ཚེ། །དགེ་འདུན་སྟོང་ཙམ་འཚོགས་པའི་ནམ་མཁའ་ལ། །བུམ་ཆུ་གཏོར་ཞིང་འབྱོན་པ་ཀུན་གྱིས་མཐོང་། །འགར་སྒོམ་དཀར་པོས་བདེ་མཆོག་ལུང་ཞུས་ཚེ། །ཞལ་ནས་སྔགས་གསུང་འོད་ཟེར་དམར་པོ་གཅིག །འགར་སྒོམ་སྙིང་གར་ཐིམ་པས་འགར་སྒོམ་གྱིས། །བླ་མ་བདེ་མཆོག་ཞལ་ཕྱག་ཡོངས་རྫོགས་མཐོང་། །རིགས་ལྔའི་ཐང་ཀར་རབ་གནས་ཞུས་པའི་ཚེ། །རྗེ་ཉིད་ཐུབ་པ་བྱང་ཆུབ་ཆེན་པོར་གྱུར། །གཙུག་ཏོར་རྩེ་ནས་འཇའ་ཚོན་ལྟ་བུའི་འོད། །ཐང་ཀ་རྣམས་ལ་ཟུག་པའི་དྲིལ་ཁྲོལ་གྲག །མེ་ཏོག་ཆར་བབ་རོལ་མོའི་སྒྲ་ཡང་གྲག །རོ་གཅིག་རྟོགས་དུས་ལུས་སེམས་


CMR004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གསུམ། །གཅིག་ཏུ་འདྲེས་ཚུལ་ཇི་ལྟར་ཡིན་ཞུས་པས། །ཀ་བར་ཕྱག་གིས་ཐོག་མེད་ཕྱལ་ལེ་གཡུག །སྣང་སེམས་འདྲེས་ལུགས་འདི་ལྟར་ཡིན་ནོ་གསུངས། །གཙང་པོའི་སྟེང་དུ་གདིང་བའི་སྟེང་བཞུགས་ནས། །གཡོན་པས་ཕྱག་ཕྲེང་བགྲང་ཞིང་ཕྱག་གཡས་ཀྱིས། །ཆུ་སྦྱིན་མཛད་ཅིང་གཤེགས་པའི་རྫུ་འཕྲུལ་བསྟན། །རབ་གནས་མཛད་ཚེ་རྟེན་ལ་མེ་ཏོག་འབྱར། །མེ་ཏོག་སྣོད་ཀྱི་ལུང་དེ་ནམ་མཁར་བཞག །བསྒོམི་ཚུལ་ཕྱག་སོར་རླུང་གིས་སྤོས་ཐལ་སྤུར། །དེ་ལ་ང་རྒྱལ་སྐྱེས་པ་བཅག་པའི་ཕྱིར། །དྭགས་པོའི་ཆོས་གོས་ཉི་མའི་ཟེར་ལ་བཀལ། །མི་བརྒྱ་ཙམ་གྱིས་མཐོང་སྣང་མཐུན་པ་རུ། །རྗེ་ཉིད་ཁ་སར་པཱ་ཎི་དངོས་སུ་མཐོང་། །གཙིགས་པ་རྣམས་ལ་ཐོག་མེད་བཞུད་པ་དང་། །ཀེང་རུས་མི་ཆེན་གྲི་གུག་ཐོད་ཁྲག་ཐོགས། །སྟག་ལ་ཆིབས་ནས་ནམ་མཁར་འགྲོ་བ་སྤྲུལ། །བདུད་རྩི་ཐལ་སྦྱར་ཕྱག་རྒྱ་ཞག་བདུན་མཛད། །དང་པོ་སྐུ་བདུན་གཉིས་པར་བཅུ་བཞི་དང་། །གསུམ་པར་གཟིམས་ཁང་སྐུ་ཡིས་གང་བར་སྤྲུལ། །གཞན་གྱིས་སེམས་རྒྱུད་ཅི་བསམ་ཐམས་ཅད་མཁྱེན། །གནས་གསུམ་མཁའ་འགྲོའི་བསྐོར་ནས་ཆོས་གསུངས་


CMR004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དགེ་བཤེས་ཁམས་པས་གཟིགས་ཏེ་བསྟོད་པའང་མཛད། །དབུ་སེ་ལ་སོགས་བུ་ཆེན་འཚོགས་པའི་དུས། །ང་ནི་སྔོན་ཚེ་ཟླ་འོད་གཞོན་ནུར་གྱུར། །དེ་དུས་ཏིང་འཛིན་རྩལ་སྦྱོང་དུས་འདིར་ཡང་། །ཁོ་བོས་ཁྱེད་རྣམས་ཏིང་འཛིན་ལ་བཀོད་གསུངས། །ཡེ་ཤེས་ཌཱཀི་རྒྱུན་དུ་འདུ་བའི་རྟགས། །གཟིམས་ཁང་བུད་མེད་གད་མོ་རྒྱུན་དུ་འབྱུང་། །མདུན་དུ་བུད་མེད་མང་པོས་བྲོ་འཁྲབ་མཐོང་། །མྱུར་དུ་སོང་བས་ཅི་ཡང་མི་འདུག་གོ །ངས་ནི་སེམས་ཅན་རེ་རེའི་མདུན་དུ་ནི། །སྤྲུལ་པ་རེ་རེ་འགྱེད་ཀྱང་སླའོ་གསུངས། །གཞན་ཡང་ཨོ་རྒྱན་གནས་སུ་གཤེགས་པ་དང་། །གསང་སྔགས་སྤྱོད་པ་མཛད་སོགས་དུ་མ་བསྟན། །དེ་ཚེ་སྐུ་བསོད་དཔག་མེད་རྒྱས་པ་ལ། །དགེ་བཤེས་བྱ་ཡུལ་བ་ཡིས་ཕྲག་དོག་བྱས། །རྗེ་ཉིད་མཇལ་དུ་བྱོན་པས་གཉིས་ཀ་དགྱེས། །དམ་ཆོས་ཕར་གསན་ཚུར་གསན་མཛད་པ་ཡིས། །ང་ཡི་ཆོས་ཀྱིས་ཁོང་ལ་ཕན་པར་འདུག །ཁོང་གི་ཆོས་ཀྱང་ང་ལ་ཕན་གསུངས་ནས། །དེ་ཕྱིན་རབ་གནས་བྱ་ཡུལ་ལུགས་སུ་མཛད། །ཁོ་བོས་ཆེ་ཆུང་གང་འབག་འཚིངས་བ་ཡི། །ལ་ལས་ཁོ་བོ་ཆད་ལྟ་ཡིན་ཟེར་ཏེ། །ཆོས་སྤྱོད་ཆགས་མ་མྱོང་ཞེས་མགུར་དུ་བཞེངས། །ར་


CMR004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྫི་སྒོམ་སྐྱེས་བྱ་བ་གཅིག་གིས་ནི། །དྭགས་པོའི་མཚན་ཐོས་ཙམ་གྱིས་སྒོམ་སྐྱེས་སོ། །རྒྱ་སྒོམ་རྡོ་རྗེ་སེང་གེ་ཞེས་བྱ་བས། །ཞལ་མ་མཇལ་ཡང་མཎྜལ་ཕུལ་བ་དང་། །མོས་གུས་བྱས་པ་ཙམ་གྱིས་སྒོམ་ཡང་སྐྱེས། །ནམ་པ་འཕེལ་སོགས་ཞལ་མཐོང་ཙམ་གྱིས་ནི། །ཉམས་རྟོགས་སྐྱེས་པ་དཔག་ཏུ་མེད་པ་བྱུང་། །སྤང་ཉང་སྟོན་དང་ཤོ་སྒོམ་བྱ་བ་གཉིས། །སྒོམ་ཞུར་ཕྱིན་པས་སྒམ་པོར་མ་སླེབ་པར། །རི་ཐང་མཚམས་སུ་ཉལ་ནས་བསྡད་པ་ལ། །དེ་ནུབ་སྲོད་དང་ཐོ་རངས་སྒོམ་སྐྱེས་ནས། །ཕྱིར་ནངས་མཇལ་མ་ཐག་ཏུ་བླ་མ་ཡིས། །མདང་ནི་ཁྱེད་གཉིས་དོན་འགྲུབ་ཨང་གསུངས་སོ། །མཛེ་མོ་གཅིག་ནི་རྐང་ཆད་འགྲོ་མ་ནུས། །བླ་མ་བཞུགས་པའི་གངས་ལ་བལྟས་ནས་ཀྱང་། །མོས་གུས་བྱས་པས་ནད་སོས་ཉམས་རྟོགས་འབར། །གར་འབྱོན་ས་རུ་འཇའ་འོད་ལམ་སྣ་འདྲེན། །མི་ནད་ཕྱུགས་ནད་ཆད་སོགས་བདེ་ལེགས་བྱུང་། །དགེ་སློང་འབྲོ་དམར་ཡུལ་སྤངས་གཏུམ་མོ་ཞུས། །སླར་ཡང་ཁྱིམ་པར་གྱུར་ནས་ཕག་མང་གསོ། །ཉིན་མོ་བུ་སྨད་ཤ་ཆང་བག་མེད་ཅིང་། །ནུབ་མོ་གཉིད་སད་སྒོམ་རང་བྱས་པ་ཡིས། །ཤི་དུས་རིང་བསྲེལ་སྣ་ལྔ་ཕུལ་བ་


CMR004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཤར་། །དུ་བ་འཇར་གྱུར་སྒལ་ཚིགས་སངས་རྒྱས་བྱོན། །དེ་སོགས་སྡིག་ཆེན་རྣམས་ཀྱང་མཇལ་ཙམ་གྱིས། །བལྟས་བཟང་བཅས་ཏེ་སོང་བ་གྲངས་མེད་བྱུང་། །ཟངས་རི་རས་པ་ཕ་ཡུལ་འགྲོ་མོས་པས། །བྱ་བ་བཏང་དགོས་མགུར་དུ་བཞེངས་པ་ཡིས། །བླ་མ་མ་འདས་བར་དུ་འབྲལ་མེད་བསྟེན། །ད་ནི་ཁོ་བོ་ཡུན་རིང་མི་སྡོད་པས། །ཆོས་ཞུ་འདོད་པ་རྣམས་ཀྱིས་ཞུས་ཤིག་གསུངས། །དེ་ནས་ཅུང་ཟད་སྐུ་ཁམས་མ་བདེའོ། །བསྙུང་དྲིས་བྱས་པས་བདེ་བའི་མགུར་ཡང་གསུངས། །ཁོ་བོ་སྐྱེས་ཆེན་འདོགས་པས་གདམས་ངག་གིས། །ལྷག་མ་དྲི་རྒྱུ་ཡོད་ན་དྲིས་ཤིག་གསུངས། །ཁོ་བོ་རྒྱུན་དུ་དྲན་པར་གྱིས་ཤིག་དང་། །དེ་གས་ཆོག་སོགས་ཞལ་ཆེམས་རྒྱས་པར་གནང་། །དེ་ནས་དགུང་ལོ་དོན་ལྔ་ཁྲུམས་ཟླ་ཡི། །བཅོ་ལྔའི་ཉི་ཤར་སྐུ་ལུས་དྲང་པོར་བསྲངས། །སྤྱན་མིག་ནམ་མཁར་ཧྲིག་ཧྲིག་མཛད་ནས་ཀྱང་། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་གསུངས་གཤེགས་ཚེ་ནམ་མཁའ་འཇའ་ཡིས་གང་། །ནམ་མཁར་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད། །འོད་ཟེར་འཕྲོ་དང་ལྷ་ཡི་རྔ་སྒྲ་ནི། །ཡུལ་ཕྱོགས་མི་སྡེ་ཀུན་གྱི་མཐོང་སྣང་མཐུན། །དགེ་བཤེས་ཁམོ་པས་རང་


CMR004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱིལ་པོ་དང་། །ཡང་དགོན་གཉིས་པོ་འཇའ་ཡིས་སྦྲེལ་བ་གཟིགས། །གཅིག་གི་སྒམ་པོ་འོད་ཀྱིས་གང་བ་མཐོང་། །ལྷ་རྗེ་རྙི་སྒོམ་འདས་ཞེས་སྒྲ་ཡང་གྲག །དེ་ནས་སྐུ་གདུང་ལྷ་ཁང་སྤྱན་དྲངས་པ། །ཁྲི་ལ་བཞུགས་ཏེ་མཆོད་པ་སྣ་ཚོགས་བྱས། །བཙུན་ཆུང་གཉིས་ཀྱིས་མཆོད་གཉེར་བྱས་ནས་ཀྱང་། །ཕྱག་ཆེན་བསྒོམ་སྐྱེས་བུ་ཆེན་ཐམས་ཅད་འདུས། །གསོལ་བ་བཏབ་པས་ཏིང་འཛིན་ཁྱད་པར་སྐྱེས། །ཞག་གསུམ་ནང་པར་གདུང་དེ་བཞུས་པ་ཡིས། །སྤུར་གྱི་ནང་ནས་འོད་ཆེན་འདྲིལ་བྱུང་དང་། །ནམ་མཁར་འཇའ་ནི་སྤུང་བ་གུར་འདྲ་དང་། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བྱེད་པ་དང་། །སྤུར་ཁང་མཆོད་རྟེན་བརྒྱ་རྩས་སྐོར་བ་དང་། །འཇལ་སྤྱིལ་སྤུར་ཁང་འཇའ་གསུམ་སྦྲེལ་བ་དང་། །བུད་མེད་སྨྲ་ར་ཅན་གསུམ་མཆོད་པར་མཐོང་། །ཐུགས་བྱོན་སྒོམ་ཆེན་རྣམས་ལ་བྱིན་རླབས་བྱས། །གདུང་གི་བཞི་ཆ་སྡེ་པ་རྣམས་ཀྱིས་ཐོབ། །ཆ་གཅིག་སྒོ་མང་གང་དུ་བཞུགས་རྒྱུ་དང་། །ཕྱེད་དེ་སྒོམ་ཆེན་རྣམས་ཀྱི་བགོ་བར་བྱས། །སྒོམ་ཆེན་རྣམས་ནི་སོ་སོར་རི་ཁྲོད་གྱིས། །འཚོ་བ་དཀོན་ཡང་སྡུག་རེག་མྱང་དགོས་གསུངས། །ཕག་གྲུ་ལོ་གཅིག་སྒམ་པོའི་


CMR004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཕྱིར་བཞུགས། །བཀྲ་ཤིས་སྒོ་མང་ལ་སོགས་རྟེན་རྣམས་བཞེངས། །དེ་ནས་འདས་དུས་མ་སླེབ་སྒོམ་ཆེན་རྣམས། །འདས་ལུགས་དྲིས་ངོར་སྒམ་པོས་མགུར་ཡང་མཛད། །གྲྭ་པ་སྤྱི་མང་རྣམས་ཀྱི་ཆོས་ཡང་ཞུས། །དེ་ཡང་སློབ་དཔོན་སྒམ་པོ་པ་འདི་ནི། །དྭགས་པོ་ཉིད་ཀྱི་ཕྲིན་ལས་སྤྲུལ་པ་སྟེ། །རྒྱ་སེ་དེ་ལ་སྲས་གསུམ་ཡོད་པ་ཡི། །འབྲིང་པོ་སྒོམ་པ་གྲགས་མཛེས་ཞེས་བྱ་བ། །ཏིང་འཛིན་དུ་མ་ལྡན་ཡང་སྔར་ནས་འདས། །ཆེ་བ་སྒོམ་པོ་ལྷུམས་སུ་ཞུགས་པའི་ཚེ། །ལྟོ་ནས་ཉི་མ་ཤར་བས་འོད་ཁྱབ་རྨིང་། །སྨོན་ལམ་དྲག་བཏབ་ལོ་ལྔ་ལོན་པ་ན། །དྭགས་པོ་ཞལ་མཇལ་མི་གཡོའི་སྒོམ་ལུང་གནང་། །དེ་ཉིད་བསྒྲུབས་པས་མྱུར་དུ་ཞལ་ཡང་གཟིགས། །བཅུ་གཅིག་ལོ་ལ་སྒྱུ་མའི་ཏིང་འཛིན་འཁྲུངས། །ཤ་བ་གླིང་པའི་དྲུང་དུ་བསྙེན་པར་རྫོགས། །ཆོ་འཕྲུལ་སྙིང་པོ་ཞེས་བཏགས་དྭགས་པོས་ཀྱང་། །གདམས་པ་མང་གནང་རི་ཁྲོད་དུ་མ་བརྟེན། །སྟོད་ལུང་དགོན་བཏབ་དགེ་འདུན་དཔག་མེད་འདུས། །དེ་ཚེ་ལྷ་ས་མེས་ཚིག་གསོ་མཁན་མེད། །མགོན་པོ་རེ་མ་ཏི་དང་རྫོང་བཙན་གྱིས། །ལྷ་སའི་འཁྲུག་པ་བསྡུམ་པར་ཞུ་འོ་ཟེར། །དེ་ནས་ཡུན་རིང་འཁྲུག་པ་དུམ་དཀའ་


CMR004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འབྱོན་པར་ཆས་ཚེ་རྨི་ལམ་དྭགས་པོ་བྱོན། །ཁྱོད་ཀྱིས་ང་སྐྱུར་ཕོད་དམ་གསུང་བྱུང་བས། །ཇོ་བོ་བླ་མ་དབྱེར་མེད་རེད་དོ་གསུངས། །ཇོ་བོས་འཁྲུག་པ་ཁྱོད་ཀྱིས་མི་བསྡུམས་ན། །སུས་བཟླུམས་གསུངས་ནས་སྤྱན་ཆབ་བཏང་བ་ནི། །ཀུན་གྱིས་མཐུན་པར་མཐོང་བས་མྱུར་དུ་དུམ། །ལྷ་སའི་ལྕགས་རི་སྐོར་ཁང་སྤེན་བད་དང་། །ཞ་ལ་ལ་སོགས་ཞབས་ཏོག་རྒྱ་ཆེར་མཛད། །ལྷ་ས་གསང་འདུས་དཀྱིལ་འཁོར་ཉིད་དུ་གཟིགས། །གཉལ་སྟོན་ཉིད་ཀྱིས་མོས་གུས་བྱས་པ་ཡིས། །ལྷ་སར་གསང་བ་འདུས་པའི་དཀྱིལ་འཁོར་གྱིས། །གཙོ་བོ་བསྒོམ་ཚུལ་ཉིད་ཀྱིས་མཛད་པ་མཐོང་། །སྐད་ཅིག་ཉིད་ལ་རྡོ་རྗེ་གདན་འཁོར་དང་། །སངས་རྒྱས་ཞིང་ཁམས་དཔག་མེད་གཟིགས་པ་དང་། །སྤྱན་རས་གཟིགས་དང་རྡོ་རྗེ་ཕག་མོ་སོགས། །ཡི་དམ་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས། །སྐུ་མི་སྣང་དང་དུ་མར་བསྒྱུར་བ་དང་། །མངོན་པར་ཤེས་པ་དཔག་ཏུ་མེད་པ་མངའ། །སྲོང་བཙན་སྒམ་པོའི་བཀའ་ཆེམས་ལུང་བསྟན་ལས། །བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་འཁྲུངས་པ། །གསང་སྔགས་ཆེ་བའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་


CMR004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །གཙུག་ལག་ཁང་ཆེན་འདི་ལ་ཕན་པར་འགྱུར། །ཅེས་གསུངས་དོན་ལ་དྭགས་པོ་དངོས་ཉིད་དང་། །ངོ་བོ་གཅིག་ཀྱང་ཐུགས་སྲས་བསྟན་བདག་ཚུལ། །ཁུ་དབོན་འདི་གཉིས་སློབ་མར་གྱུར་པ་ནི། །དུས་མཁྱེན་ཕག་གྲུ་འབའ་རོམ་ཁྱུང་ཚང་བ། །རྨ་ཅོག་པ་དང་ཟངས་རི་རས་པ་སོགས། །སློབ་མའི་ཚོགས་ནི་དཔག་ཏུ་མེད་པ་བྱོན། །ཉིད་ཀྱི་མཛད་པའི་རྣམ་ཐར་རྒྱས་བསྡུས་གསུམ། །ཉེ་གནས་སོགས་ཀྱིས་མཛད་པ་གསུམ་ཙམ་ཡོད། །ཕྱོགས་བསྒྲིགས་མཁའ་སྤྱོད་དབང་པོས་ཉུང་ངུར་བསྡུས། །འདི་ལས་མཆོག་ཏུ་གྱུར་པའི་རྣམ་ཐར་འགལ། །འདུག་ཀྱང་བརྗོད་པར་མ་མཛད་ཅེས་གསུངས་སོ། །ཉུང་ངུར་དད་རྟེན་རཱ་གའི་མིང་གིས་སྦྱར། །དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ལྷན་སྐྱེས་ཡེ་ཤེས་མྱུར་དུ་རྟོགས་ཕྱིར་བསྔོ། །ཉེས་འགལ་མཆིས་ན་ཌཱ་ཀི་རྣམས་ལ་བཤགས། །མངྒ་ལཾ།།


previousསྒོམ་པོ་པའི་རྣམ་ཐར།next