Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
རྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན།next

རྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན།


CMR004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།


CMR004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་བས་སྔར་སངས་རྒྱས་པའི་མགོན། །རྒྱལ་བ་ཀུན་གྱི་གསང་བ་འཛིན་པ་པོ། །ལག་ན་རྡོ་རྗེ་བོད་ཡུལ་མི་སྤྲུལ་པ། །གསང་བདག་རྡོ་རྗེ་གྲགས་ལ་སྙིང་ནས་འདུད། །ཐོག་མའི་མགོན་པོ་ཀུན་བཟུང་རྡོ་རྗེ་འཆང་། །ཞིང་ཁམས་བསམ་མི་ཁྱབ་པ་ཞེས་བྱ་བར། །དེ་བཞིན་གཤེགས་པ་གར་གྱི་དབང་ཕྱུག་གྱུར། །འཇིག་རྟེན་ཀློང་ཡངས་ཀྱི་དཀྲིག་པ་རུ། །སངས་རྒྱས་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་དང་། །མི་མཇེད་ཞིང་ཁམས་རྣམ་པར་བཀོད་པ་རུ། །ནོར་བུའི་ཕྲེང་དང་ལེགས་སྦྱིན་ཞེས་པར་གྱུར། །སྟོན་པ་ཁྱེའུ་སྣང་བ་དམ་པ་དྲུང་། །ལྷ་བུ་དགའ་བྱེད་དབང་


CMR004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་བྱ་བ་དང་། །སྟོན་པ་འོད་མི་འཁྲུགས་པའི་སྤྱན་སྔ་རུ། །ཁྱེའུ་མཁའ་འགྲོ་འདུལ་བྱེད་ཅེས་སུ་བྱ། །སྟོན་པ་འཇམ་དཔལ་འཇིགས་སྐྱོབས་སྐུ་དྲུང་དུ། །བྱངཆུབ་སེམས་དཔའ་སྤྱོད་པའི་རྒྱལ་པོ་ཞེས། །སྟོན་པ་གཞོན་ནུ་སྟོབས་དང་ལྡན་པའི་དྲུང་། །བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་ཞེས། །མངོན་རྫོགས་རྒྱལ་དང་རྡོ་རྗེ་འཆང་ཆེན་དྲུང་། །ཕྱག་ན་རྡོ་རྗེར་སྤྲུལ་ནས་བཀའ་བསྡུ་མཛད། །སུམ་ཅུ་རྩ་གསུམ་རྡོ་རྗེ་སེམས་པར་སྤྲུལ། །གསང་སྔགས་རྫོགས་པ་ཆེན་པོའི་རྒྱུད་རྣམས་གསུངས། །བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་བསྐྱེད་དུས། །ཁྱེའུ་ཆོས་ཀྱི་


CMR004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པར་གྱུར་པ་དང་། །ཐུབ་དཀའ་གཞོན་དྲུང་ཁྱེའུ་དན་འཕགས་གྱུར། །ཤཱཀ་ཐུབ་སྤྱན་སྔར་འཕགས་པ་ཀུན་དགའ་བོ། །ཨོ་རྒྱན་རྒྱལ་པོ་ཨིནྡྲ་བོ་དྷི་དང་། །ཤམ་བྷ་ལ་རུ་ཆོས་རྒྱལ་ཟླ་བ་བཟང་། །འཕགས་ཡུལ་སློབ་དཔོན་ལས་ཀྱི་རྡོ་རྗེ་སྟེ། །གངས་ཅན་འདི་རུ་འཕྲུལ་བློན་མགར་དུ་གྲགས། །ལོ་ཆེན་བེ་རོ་ལྷ་ལུང་དཔལ་རྡོར་སོགས། །བསྟན་འགྲོའི་དོན་ལ་ཟློས་གར་བསམ་ལས་འདས། །དེ་ནས་མངའ་རིས་གུང་ཐང་ར་ལ་ཡི། །པད་དཀར་ཕྲེང་ཞེས་བྱ་བའི་གྲོང་པ་རུ། །རུས་ནི་གཉེན་ཏེ་ཡབ་ནི་དར་མ་གྲགས། །ཡུམ་ནི་ར་ལོ་གཙུག་ཏོར་སྒྲོན་གྱི་སྲས། །ཤིང་བྱི་ལོ་ལ་ངོ་མཚར་བལྟས་བཅས་འཁྲུངས། །སློབ་དཔོན་གྱིས་ནི་དབང་བསྐུར་བྱིན་བརླབས་ཏེ། །མཚན་དུ་རྡོ་རྗེ་གྲགས་ཞེས་བྱ་བར་བཏགས། །ལྷ་ཡི་བུ་འདྲ་བཞིན་བཟང་མཚན་དཔེ་ཡི། །ཤ་ཆས་རྫོགས་ཤིང་ཀུན་ཡིད་འཕྲོག་པར་གྱུར། །དགོངས་ལོ་བདུན་ནས་ཡབ་འདས་ཁུ་བོ་ནི། །འབར་རེ་བྱ་བ་ཁྲོ་གཏུམ་སྡིག་ལ་དགའ། །དེ་ཡི་དབང་དུ་མ་ཡང་སོང་ནས་ཀྱང་། །ཉིད་ལ་ཤིན་ཏུ་སྡང་ཞིང་སྡུག་བསྔལ་གྱུར། །སློབ་དཔོན་དབུས་པ་ཅན་ནས་ཀློག་ཡིག་བསླབ། །བརྡ་བསྟན་ཙམ་གྱིས་མཁས་པའི་ཕུལ་དུ་


CMR004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །ཡུལ་མི་རྣམས་ཀྱིས་ཀློག་འདོན་བོས་སར་ཕྱིན། །ཀློག་གི་ཡོན་གྱིས་མ་ཁུ་སྐྱོང་བར་མཛད། །དེ་སྐབས་རྗེ་བཙུན་མི་ལ་སྐུ་ཐུང་གི། །བྲག་སྐྱ་རྡོ་རྗེ་རྫོང་ལ་བཞུགས་པ་ལ། །རྡོ་རྗེ་རྣལ་འབྱོར་མ་ཡི་བུ་སློབ་རྣམས། །ཡོང་ཚུལ་ཁྱད་འཕགས་ཉི་ཟླ་ལྟ་བུ་གཉིས། །ཡོངས་ལས་ཟླ་བ་ལྟ་བུའི་བུ་ཡིན་ནོ། །གུང་ཐང་ར་ལ་ངོས་སུ་སོངས་ཤིག་གསུངས་། །རྗེ་བཙུན་ར་ལ་ཟ་འོག་ཕུག་ཏུ་ཕེབས། །ཁོང་གིས་དགོངས་ལོ་བཅུ་གཅིག་པ་ལ་མཇལ། །ཀློག་གི་ཁྱོས་མ་ཕུལ་ནས་ཆོས་འབྲེལ་ཞུས། །གསུང་ཐོས་ཙམ་གྱིས་མི་ཕྱེད་དད་པ་ཐོབ། །སྣང་བ་ཟི་བུན་བརྗོད་མེད་ཉམས་མྱོང་སྐྱེས། །གསུང་མགུར་ཉན་པས་ཏིང་འཛིན་ཕྱམ་ཕྱམ་སོང་། །རྗེ་བཙུན་མཉེས་ནས་ཐུགས་ལ་བཏགས་པར་མཛད། །ཀློག་ཡོན་ཅི་རྙེད་ཕུལ་ཞིང་ཆོས་ཞུས་པས། །ཐུན་མོང་སྔོན་འགྲོ་རྣསམ་གསུམ་དགེ་བསྙེན་དང་། །སྨོན་འཇུག་སེམས་བསྐྱེད་ཕག་མོའི་བྱིན་རླབས་གནང་། །མཚན་ཡང་རས་ཆུང་རྡོ་རྗེ་གྲགས་པར་གསོལ། །མ་དང་ཁུ་བོས་དབང་མེད་ཕྱིར་ཁྲིད་དེ། །རྡུང་བཏགས་དང་བཅས་ལས་དཀའ་བསྐུལ་བ་དང་། །འཕྲུ་སློག་སྐབས་སུ་ཀླུ་ལ་ཕོག་ཐུག་གིས། །བཅུ་བཞིའི་ལོ་ནས་


CMR004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་ནད་ཚབ་ཆེར་བྱུང་། །མ་ཁུས་མ་སྡོད་མི་ལའི་རྩར་སོང་ཟེར། །རྗེ་བཙུན་གྱི་འང་གདམས་ངག་འགའ་རེ་གནང་། །སྔགས་པ་ཞིག་ལས་གཏུམ་པོའི་སྒྲུབ་ཐབས་བསླབ། །ནན་ཏན་བསྒྲུབ་ཀྱང་ནད་ལ་ཕན་མ་གྱུར། །རེ་ཞིག་ཨ་ཙ་ར་བཞི་བྱུང་བ་ཡི། །དཔོན་དེས་དེ་རུ་བསྡད་ན་འཆི་བར་འདུག །ངེད་ཚོ་རི་བོ་རྩེ་ལྔ་འགྲོ་བསམ་སྟེ། །གྲོགས་གསུམ་བཏང་ལ་ང་ཡི་བླ་མའི་དྲུང་། །ངས་ནི་ཁྱེད་བསྐྱལ་མཛེ་སོས་ཐག་ཆོད་པས། །ཁྱེད་རང་གསེར་སོགས་འགྲོ་གྲབ་གྱིས་ཞེས་ཟེར། །རྗེ་བཙུན་གྱིས་ཀྱང་སོང་ཞེས་བཀའ་གནང་པས། །ཀློག་ཡོན་ལ་སོགས་གསེར་ཞོ་བཞི་རྙེད་ཁྱེར། །ཨཱ་ཙ་ར་ཡི་ཁྲིད་དེ་རྒྱ་གར་ཕྱིན། །ཛཱ་ཀི་སྙིང་རྗེ་ཆེ་བས་གྲོགས་ལེགས་བྱས། །སྣ་ཁྲག་ཤོར་དང་རྐང་པའི་ཕོལ་སོགས་ཀྱིས། །དཀའ་ཚེགས་ཆེར་བྱུང་པ་ཏ་པ་ཏི་ཡི། །གྲོང་ཁྱེར་མིག་མཐོངཙམ་ནས་རྐང་པ་ཡི། །འགྲོ་བར་མ་ཤེས་འདྲིལ་ལོག་བུད་ཅིང་ཕྱིན། །མུན་པའི་པདྨ་བྱ་བའི་ནགས་ཀྱི་ཚལ། །མཐའ་མ་ཆུས་འཁོར་མི་དང་བྱོལ་སོང་སོགས། །ས་ལ་འགྲོ་བ་སུས་ཀྱང་མི་ཐར་བའི། །ཁྲོད་དེར་གཅན་གཟན་དུར་བྱ་མགོ་བརྙན་ཅན། །ཆོ་འཕྲུལ་ཡ་ང་འཇིགས་རུང་འདུག་ན་ཡང་། །མ་འཇིགས་


CMR004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞེས་ཛཱ་ཀའི་བསླབ་བཞིན་དུ། །བྱེད་བཞིན་སོང་བས་ཛཱ་ཀི་ནམ་མཁར་ཡལ། །ནགས་ཚལ་པདྨ་ཁ་བྱེ་ལྟ་བུས་དབུས། །ཉིན་མཚན་འོད་ཀྱི་གུར་དབུས་བླ་མ་ཡི། །གཟིམས་ཁང་གྲུ་བཞི་མེ་ཏོག་རྒྱས་པ་རུ། །བླ་མ་ཝ་ལ་ཙནྡྲ་ཡབ་ཡུམ་མཇལ། །གསེར་ཞོ་བཞི་པོ་ཕུལ་ཏེ་བཤུམ་བཞིན་དུ། །ཞུ་དོན་བསྙད་པས་དབུགས་དབྱུང་བཀའ་སྩལ་ཐོབ་། །ཛཱ་ཀི་དེ་ནི་ཁོང་གི་བསྟན་བསྲུང་བ། །བྱ་རོག་མཚན་ཅན་བྱ་བ་ཁྱོད་བསུ་ཕྱིར། །བཏང་བ་ཡིན་གསུང་དགའ་སྤྲོ་དཔག་མེད་སྐྱེས། །ཕྱག་རྡོར་ཁྱུང་ཤམས་དབང་ལུང་གནང་ནས་བསྒྲུབས། །ཟླ་བ་གསུམ་ནས་ནད་ཟུག་ཆེར་ཐུ་བས། །བླ་མས་ཀྱང་ནི་ཞག་བདུན་སྒྲུབ་གྲོགས་མཛད། །དེ་ནས་ཟླ་གཅིག་སོང་ནས་རྨི་ལམ་དུ། །ཀླུ་ཡི་སྐྱེས་བྱེད་གཟིགས་པས་སད་མ་ཐག །ནད་རྣམས་གཞི་མེད་དྲག་པས་དགའ་སྤྲོ་སྐྱེས། །ད་དུང་རྗེས་ཆོད་དགོས་གསུངས་ཟླ་གཅིག་བསྒྲུབ། །བོད་ལ་འགྲོ་བར་ཞུས་ནས་ལོག་སྟེ་ཕྱིན། །མ་དང་ཁུ་བོའི་ད་ནི་གཞིས་ཟུང་ཟེར། །མ་ཉན་བླ་མ་རྗེ་བཙུན་དྲུང་དུ་མཇལ། །ཉམས་རྟོགས་མཐར་ཕྱིན་བར་དུ་ཕྱགས་ཕྱི་རུ། །འབྲལ་མེད་དམ་བཅའ་ཕུལ་ནས་ཕྱག་ཆེན་དང་། །གཏུམ་མོ་ལ་སོགས་


CMR004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཞུས་ཤིང་བསྒོམ། །རེ་ཞིག་དུས་ནས་ཝ་ལ་ཙནྡྲ་ལ། །སྐུ་དྲིན་བསབ་ཕྱིར་རྒྱ་གར་འགྲོ་ཞུས་ནས་། །བསོད་སྙོམས་བྱས་རྙེད་པ་དང་ཚོང་སོགས་ཀྱིས། །གསེར་སྲང་བཞི་རྙེད་ཁྱེར་ཏེ་རྒྱ་གར་ཕྱིན། །བླ་མར་སྲང་དོ་ཡུམ་ལ་སྲང་གང་ཕུལ། །བླ་མའི་ཕྱག་ཕྱིར་ཡོན་བདག་འགའ་ལའང་བྱིན། །གཏུམ་པོའི་སྐོར་གྱི་ཡོངས་རྫོགས་དང་། །རྒྱུད་དང་འགྲེལ་བཤད་ཕྱི་ནང་གསང་བ་ཡི། །དབང་དང་སྒྲུབ་ཐབས་ལས་མཐའ་ཐམས་ཅད་དང་། །འཁོར་ལོ་ཆེན་པོ་ཨུ་ཙའི་སྐོར་ལ་སོགས། །ཕྱག་རྡོར་ཆོས་སྐོར་རྣམས་དང་དེ་ལས་གཞན་། །སངས་རྒྱས་ཐོས་ཆོག་གཞུང་ཁྲིད་ལོ་རྒྱུས་དང་། །ཆ་ལག་བཅོས་གནང་ད་ལྟ་མ་སྤེལ་བར། །མ་འོངས་སློབ་མ་ལོ་ཡི་མིང་ཅན་འོང་། །ཁ་བྱང་དེར་གཏོད་དུང་ཁང་ཞེས་བྱ་བའི་། །གནས་སུ་གཏེར་ལ་སྦོས་གསུངས་བཀའ་བརྒྱ་གནང་། །གཞན་ཡང་རྟེན་འབྲེལ་སྐོར་སོགས་མང་ཞུས་ནས། །གདམས་ངག་ལྷག་ལུས་མེད་པའི་དབུ་བསྙུང་བཞེས། །ཏི་ཕུ་པ་དང་མཇལ་ཏེ་ཆོས་མང་ཐོབ། །བླ་མ་རྨ་ཏིའི་དྲུང་ནས་རྐང་མགྱོགས་ཞུས། །ཟླ་གཅིག་སྒྲུབ་སྟེ་བྱོན་པས་ཞག་དྲུག་གིས། །བོད་དུ་སླེབ་ཅིང་བླ་མ་གཞན་འགའ་ལས། །གདམས་


CMR004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ཐོ་རེ་འགའ་ཞུས་མི་ལའི་དྲུང་། །འབྲལ་བ་མེད་ཅིང་ནཱ་རོའི་ཆོས་དྲུག་སོགས། །གདམས་ངག་ཐམསཅད་རིམ་བཞིན་ཡོད་སྤྲུག་གནང་། །དེ་དག་རྩེ་གཅིག་ཐོས་བསམ་བསྒོམ་པར་མཛད། །དཔོན་སློབ་མང་ཞིག་གངས་རི་ཏི་སེར་བྱོན། །ནཱ་རོ་བོན་ཆུང་རྫུ་འཕྲུལ་སྟོབས་ཀྱིས་བཏུལ། །གདུལ་བྱ་སྐལ་ལྡན་མང་པོ་སྨིན་གྲོལ་བཀོད། །དེ་ནས་བྲག་སྐྱ་རྡོ་རྗེ་རྫོང་སོགས་སུ། །བུ་སློབ་རྣམས་ལ་དབང་ཁྲིད་གདམས་པ་གནང་། །རེས་འགའ་དཀའ་ཐུབ་ཉམས་ལེན་ངང་ལ་བཞུགས། །སྐབས་རེར་རོ་སྙོམས་ལྡོམ་བུ་ཅུང་རེ་མཛད་།འབྲི་མཚམས་ཕྱོགས་སུ་སྐལ་ལྡན་རིས་ཆུང་མ། །ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ་མཚན་ལྡན་དེ། །དབང་ཁྲིད་གདམས་པས་སྨིན་གྲོལ་ལམ་ལ་བཀོད། །བརྟུལ་ཞུགས་གསང་སྤྱོད་གྲོགས་སུ་བསྟེན་པར་མཛད། །མོས་ཀྱང་དད་གུས་ཉམས་ལེན་མཐར་ཕྱིན་ཅིང་། །གནམ་མཚོའི་སེ་མོ་དོ་ནས་མཁའ་སྤྱོད་འགྲུབ། །རྗེ་བཙུན་བལ་ཡུལ་ཕེབས་པ་ཚུར་སྤྱན་དྲངས། །ལ་ཕྱི་སྙེ་བ་ཕྱོགས་སུ་ཡབ་སྲས་ཀུན། །ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད། །དགྱེས་རྡོར་དབང་བསྐུར་རྒྱུད་འགྲེལ་ལུང་རྫོགས་གནང་། །མི་ལོ་བཅུ་


CMR004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕྱག་ཕྱིའི་དམ་བཅའ་ཕུལ། །བཀའ་ཆོས་ཞུས་པས་གདམས་ངག་རྫོགས་པར་གནང་། །རྗེ་བཙུན་ཆེན་པོ་བལ་པོ་རྫོང་དུ་ཕེབས། །རྒྱ་གར་དྷརྨ་བྷོ་དྷིས་བརྐྱང་ཕྱག་ཕུལ། །སྙན་གྲགས་སྐུ་བསོད་རྒྱས་ནས་དད་འདུན་འུར། །སྙེ་ནམ་དྲོད་ཕུག་སོགས་སུ་བཞུགས་པའི་དུས། །ཕུ་དེའི་མཚན་ཉིད་གྲྭ་པའི་གཙོ་བོ་པ། །ལོ་སྟོན་ར་ལོ་གཉིས་པོ་ཕྲག་དོག་སྐྱེས་། །རྩོད་པ་བྱས་པར་ཆོས་ཀྱི་རྒོལ་མ་ཟུག །ང་རྒྱལ་དབང་གིས་ཞལ་དུ་ས་བཏབ་པས། །རས་ཆུང་ཐུགས་ཁྲོས་བརྡེག་པར་བརྩམས་པ་ལ། །རིག་པ་ལྕག་འདེབས་བཀའ་ནན་ཆོས་གསུངས་པས། །ཐུགས་དམ་གསལ་ཐེབ་ཏིང་འཛིན་བོགས་སུ་ཐོན། །སླར་ཡང་སྟོན་པ་རྣམས་ཀྱི་ཕྲག་དོག་གིས། །རྩོད་པར་བྱས་པར་རྗེ་བཙུན་ཆེན་པོ་ཡི། །རྫུ་འཕྲུལ་མངོན་མཁྱེན་སྟོབས་ཀྱིས་ཚར་བཅད་ཀྱང་། །ཐ་སྙད་ཚིག་གི་དངོས་ལེན་མ་ཐེབ་པས། །རས་ཆུང་ཐུགས་མ་ཚིམས་ཏེ་རྒྱ་གར་ན། །མཐུ་འམ་རིག་པ་སློབ་པར་འགྲོ་སྙམ་ཤར། །བླ་མར་ཞུས་པས་ཐ་སྙད་རྟོག་གེའི་ཚིག །ཕྱོགས་རེ་བྱང་ཆུབ་ཐོབ་ལ་མི་ཕན་ཅིང་། །རྩོད་པའི་བློ་ཡིས་སོང་ཀྱང་འཇིག་རྟེན་ལས། །དེ་བས་ང་ལ་ལྷོ་བྲག་མར་པ་ཡི། །སྙན་བརྒྱུད་ལུས་མེད་


CMR004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཆོས་དགུ་ཡི། །བཞི་གནང་ལྔ་དེ་རྒྱ་གར་ན་ཡོད་པ། །ང་ལ་ལོང་ཞེས་གསུངས་ཀྱང་ང་མ་ཕྱིན། །ད་སྟེ་ཁྱོད་སོང་ལོང་ལ་ཤོག་ཅིག་གསུངས། །འབུལ་བ་ཐམས་ཅད་གསེར་དུ་སྒྲིལ་ནས་བསྣམས། །ཁྲི་མཐོན་བརྩེགས་ཏེ་རས་ཆུང་བཞུགས་སུ་གསོལ། །མངའ་གསོལ་ཤེས་བརྗོད་གཤེགས་སྐྱེས་ཚོགས་འཁོར་མཛད། །འབྱོན་ལུགས་ཞལ་ཏ་སྨོན་ལམ་མཛད་ནས་བརྫངས། །རྒྱ་བལ་འཁྲུག་པས་བལ་པོར་དགུན་བཞུགས་ནས། །བལ་པོ་ཧ་དུ་དཀར་པར་ཕག་མོ་ཞུས། །བྷ་རོར་བདེ་མཆོག་རྩ་རྒྱུད་བཤད་པར་ཞུས་་།གྲུབ་ཐོབ་ཨ་མོ་གྷ་ལའང་གདམས་ངག་ཞུས། །དཔྱིད་ཁར་བལ་པོའི་རྒྱལ་པོར་ལག་རྟགས་བླངས། །གེགས་མེད་རྒྱ་གར་ཤིང་སྤང་གསེབ་ཏུ་གཏོལ། །ཏི་ཕུ་དང་མཇལ་ཕག་མོ་ཞལ་གཉིས་མ། །བདེ་མཆོག་ལ་སོགས་དབང་རྒྱུད་གདམས་པ་དང་། །བཞི་རྫོགས་དབང་བཀའ་རྒྱུད་ཚིག་བསྲེ་འཕོ་དང་། །མན་ངག་དོན་བརྒྱུད་བྱིན་རླབས་བཀའ་དང་བཅས། །མི་ལས་བསྐུལ་བའི་ཆོས་སྐོར་ཐམས་ཅད་ཀྱི། །གདམས་ངག་དམར་ཁྲིད་ཐམས་ཅད་རྫོགས་པར་ཞུས། །ཞུས་པ་དྲུག་དང་མ་ཞུས་མང་དུ་གནང་། །ཏི་ཕུའི་ཆོས་བཞི་


CMR004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་ཤམ་བུའི་སྐོར། །བསྲེ་བ་དགུ་སྐོར་ཟློ་བ་སྐོར་གསུམ་དང་། །བསམ་གཏན་ཐུན་འཇོག་ལ་སོགས་མང་དུ་གནང་། །ཁྱོད་ནི་ཆོས་ཀྱི་སྐལ་ལྡན་བསོད་ནམས་ཆེ། །འོན་ཀྱང་ཚེ་ལ་རིང་པོ་མི་འདུག་གསུངས། །དེ་ལ་བསྲིང་བའི་ཐབས་གསང་ཞུས་པ་དང་།གྲོང་ཁྱེར་ཕ་ཀིར་གཏད་མོར་སོངས་ཤིག་གསུངས། །དེ་རུ་གྲུབ་ཆེན་ཨ་མོ་གྷ་བཛྲ། །མཇལ་བས་ཞག་བདུན་ཚེ་ལས་མི་འདུག་ཟེར། །ཁྲེད་དེ་བླ་མའི་སྤྱན་སྔར་མྱུར་བར་ཕྱིན། །ཅི་དྲག་ཞུས་པས་བླ་མ་ཉིད་དང་བཅས། །རྡོ་རྗེ་གསང་བའི་ཕུག་པ་ཞེས་བྱར་ཕྱིན། །མ་གཅིག་གྲུབ་པའི་རྒྱལ་མོ་ལོ་ལྔ་བརྒྱ། །ལོན་པ་བཅུ་དྲུག་ན་ཚོད་བཞུགས་པ་མཇལ། །ཞུ་དོན་ཕུལ་བས་འཆི་མེད་ཚེ་སྒྲུབ་གནང་། །དགུང་ལོ་གྱ་བརྒྱད་བར་དུ་བསྲིང་བར་མཛད། །རྒྱལ་བ་རྒྱ་མཚོའི་དབང་དང་སྒྲུབ་ཐབས་སྐོར།། །མཁའ་འགྲོའི་ཐུགས་སྒྲུབ་ཤམ་བུའི་སྐོར་རྣམས་དང་། །ཆོས་དྲུག་ལ་སོགས་མང་དུ་ཞུ་བར་མཛད། །ངོ་མཚར་འདོད་འཇོའི་བ་ཡང་དངོས་སུ་མཇལ། །མཁའ་འགྲོའི་དབུ་ཐོད་མི་ལར་འབུལ་རྒྱུ་བསྐུར། །སྐུ་ཡི་རྒྱན་དྲུག་གྲི་གུག་དད་རྟེན་གནང་། །ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོའང་གནང་། །བོད་དུ་སོང་ལ་འགྲོ་དོན་


CMR004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག་གསུངས། །ཏི་ཕུའི་དྲུང་ནས་སླར་ཡང་ཆོས་མང་ཞུས། །གདམས་ངག་ཐམས་ཅད་ཞུན་ཐར་ཆོད་པར་མཛད། །སྤྲུལ་པའི་ལུགས་བྱུང་ལྕགས་ཀྱི་རྡོ་རྗེ་།དང་། །བདེ་མཆོག་ཐང་སྐུ་ཨ་ཀ་རུའི་ཕྱག་འཁར། །ཁྲི་སྙན་པགས་པ་ཀླུ་རུ་དྲ་བ་མང་། །དེ་སོགས་བླ་མ་མི་ལར་འབུལ་རྒྱུ་བསྐུར། །རིམ་བཞིན་བལ་ཡུལ་དུ་ཕེབས་མུ་སྟེགས་ཀྱིས། །སྦྱོར་ངན་བཏུལ་ཞིང་རྫུ་འཕྲུལ་ཐོག་ཆར་གྱིས། །མུ་སྟེགས་གྲོང་ཁྱེར་བདུན་བརྒྱ་བསྒྲོལ་བར་མཛད། །བལ་པོ་ཡེ་རང་བ་ལས་ཆོས་མང་གསན། །བྷ་རི་རྣལ་འབྱོར་མ་ཡིས་གུས་པས་བཏུད། །བླ་མས་ལུང་བསྟན་བཞིན་དུ་གདམས་ངག་ནི། །ལྷག་ཆད་བསལ་ཞིང་མན་ངག་ཆོས་འགའ་གནང། །མུ་སྟེགས་སྟོན་པ་ཞིག་ལས་དྲག་སྔགས་སྐོར། །འགའ་རེ་བསླབ་ཅིང་བོད་དུ་བྱོན་པ་དང་། །དཔལ་མོ་དཔལ་ཐང་སྟོད་དུ་མི་ལ་མཇལ། །རྒྱ་གར་བྱོན་དང་ཆོས་དང་གདམས་ངག་མང་། །ཕྱག་ལེན་རེ་སོགས་ཐུགས་རྒྱལ་ཆེར་འཁྲུངས་པ། །བསལ་ཕྱིར་རྫུ་འཕྲུལ་སེར་བ་ཕབ་ནས་ཀྱང་། །གཡག་རུའི་སྐོར་གྱི་རྫུ་འཕྲུལ་ལ་སོགས་བསྟན། །སྲས་ཆུང་ངལ་བས་ལུས་གསོ་འདོད་ན་ཡང་། །རྗེ་བཙུན་དབེན་པར་འགྲོ་གསུངས་


CMR004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་མཐོན་གྱི། །བྲག་དམར་དུ་ཕེབས་རས་ཆུང་ཆུ་ལེན་ཚེ། །རྐྱང་དང་སྤྱང་ཀི་མ་བརྒྱ་བུ་བརྒྱ་ཡིས། །ལྟད་མོར་ཡེངས་ཚེ་མི་ལས་བདེན་བརྗོད་ཀྱི། །ལུས་མེད་མཁའ་འགྲོའི་ཆོས་སོགས་ཕན་བྱའི་སྐོར། །ཐམས་ཅད་ཡར་ཕྱེས་མུ་སྟེགས་ངན་སྔགས་དཔེ། །མེ་ལ་བསྲེགས་པས་རས་ཆུང་དད་པ་ལོག །སྐུ་ཡི་བཀོད་པ་བསམ་མི་ཁྱབ་པ་དང་། །ཕ་ཝང་ཞོན་དང་མཁའ་ལ་འཕུར་བ་སོགས། །རྫུ་འཕྲུལ་མང་དུ་བསྟན་པས་དད་ལོག་བསལ། །མཆེད་གྲོགས་བུ་སློབ་ཉ་མ་ཡོན་བདག་བསྡུས། །རྒྱ་གར་ཕེབས་པའི་སྣ་ལེན་ཚོགས་འཁོར་མཛད། །ལུས་མེད་མཁའ་འགྲོའི་ཆོས་འཁོར་ལ་སོགས་དང་། །གྲུབ་པའི་རྒྱལ་མོའི་མན་ངག་ཐམས་ཅད་ཕུལ། །གྲུབ་རྒྱལ་མ་དང་ཏི་ཕུའི་སྐྱེས་ཆས་རྣམས། །ཕྱག་འཁར་མ་གཏོགས་རས་ཆུང་ཉིད་ལ་གནང་། །ཁྱོད་ལ་ལུང་བསྟན་གནས་སུ་སྐྱོལ་ཞེས་གསུངས། །བླ་མའི་བཀའ་སྒྲུབ་བསྟན་པར་ཕན་ཐོགས་པས། །མིང་ཡང་དོན་འགྲུབ་རྡོ་རྗེར་ཐོགས་ཅེས་གསུངས། །མཁའ་འགྲོའི་སྙན་བརྒྱུད་གདམས་ངག་ཆིག་རྒྱུད་རྣམས། །རྡོ་རྗེ་རྣལ་འབྱོར་མ་ཡི་བཀའ་རྒྱ་བཀྲོལ། །ཐུགས་སྲས་ཉི་མ་ལྟ་བུ་དྭགས་པོ་དང་། །སྲས་ཆུང་ཉིད་ལ་རྫོགས་པར་གདམས་


CMR004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད། །སླར་ཡང་རེ་ཞིག་དུས་ནས་རྨི་ལམ་ན། །བརྟེན་ནས་རས་ཆུང་རྒྱ་གར་འབྱོན་དགོངས་སྐྱེས། །བླ་མས་མ་གནང་ཐུན་མོང་མ་ཡིན་པའི། །གདམས་ངག་བཅོ་བརྒྱད་ལ་སོགས་མང་དུ་བསྩལ། །བླ་མ་རང་སེམས་བྱེར་མེད་ཤེས་གྱིས་ལ། །རྒྱ་གར་འགྲོ་བའི་སྤྲོས་པ་ཆོད་ཅིག་གསུངས། །གསུང་བཞིན་ཉམས་ལེན་གནད་དུ་བསྣུན་པར་མཛད་། །དཔོན་སློབ་ལྷན་ཅིག་ལོ་མང་སྒོམ་ཞིང་བཞུགས། །སྐབས་ཤིག་ཉ་མའི་ཚོགས་སོགས་ཉིད་ལ་གཟབ། །རྗེ་བཙུན་ཆེན་པོར་དགུས་ཙམ་འབུལ་གཟིགས་ནས། །ཐུགས་སྐྱོ་དབུས་སུ་འབྱོན་དགོངས་ནན་ཞུས་ཕུལ། །ཁྱོད་ཀྱི་གདུལ་བྱ་དབུས་སུ་ཡོད་ན་ཡང་། །ད་དུང་རེ་ཞིག་མ་འགྲོ་གསུངས་ནས་བཤོལ། །ནན་ཏན་ཞུས་པས་བཀའ་ཡི་གནང་བ་ཐོབ། །རྡུལ་ཚོན་ལ་རྟེན་བདེ་མཆོག་དབང་ཆེན་སོགས། །ཡབ་བཀའ་ཡུམ་བཀའ་ལ་སོགས་དབང་རྒྱུད་དང་། །མན་ངག་ཐམས་ཅད་རྫོགས་པར་གནང་བར་མཛད། །གདམས་ངག་དོགས་གཅོད་ཟིན་བྲིས་ཞུན་མཐར་བཅད། །ནཱ་རོ་མར་པ་ནས་བརྒྱུད་ངེས་དོན་གྱི། །བསྟན་པའི་གནས་ཚད་ལུང་བསྟན་མང་དུ་མཛད། །སྐྱེལ་ཐུང་ཤིས་བརྗོད་མཛད་ཅིང་དབུས་སུ་


CMR004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་། །རླུང་བཟུང་རྫུ་འཕྲུལ་ངང་ནས་བྱོན་པ་ཡིས། །བོང་ལམ་ཟླ་གཅིག་ཞག་གཅིག་གིས་བཅད་བྱོན། །གཅོང་རོང་སྟོད་ལུང་ནས་བརྒྱུད་འཕེན་ཡུལ་བྱོན། །ཡོན་བདག་ཞིག་གིས་འབུལ་བ་མང་བྱས་པས། །ཤ་སྐམ་ཕུལ་རྣམས་བརྡུང་སྟེ་ཕྱི་རྐྱལ་གང་། །མི་ལའི་དྲུང་དུ་འབུལ་བར་བསྐྱལ་དུ་བྱོན། །སླར་ཡངདབུས་བྱོན་རྗེ་བཙུན་སྐྱེལ་ཐུང་བྱས། །རིས་ཆུང་ཕུག་གི་གནས་སོགས་ལུང་བསྟན་གནང་། །ལ་སྟོད་བྱང་དུ་ཉེ་གནས་རིན་ཆེན་གྲགས། །རྗེས་སུ་བཟུང་ཞིང་འབྲལ་མེད་ཞབས་ཏོག་ཞུས། །ལྷ་སར་ཇོ་ཤཱག་མཇལ་ཏེ་གསེར་ཆབ་ཕུལ། །བལ་པོ་ཨ་སུ་དང་ནི་ལྷ་སར་མཇལ། །སུམ་འཕྲང་དུ་བྱོན་དོ་ཧ་སྐོར་གསུམ་ཞུས། །ཆོས་དང་གདམས་ངག་མང་པོ་གསན་པར་མཛད། །ཡར་ལང་སྐྱོར་ལྡེམ་བཙད་པོ་སྙན་པ་བསལ། །སྐུ་དྲིན་རྒྱལ་སྲིད་བུ་མོ་ལྷ་གཅིག་ཕུལ། །ཕུལ་བས་ལོ་ཤས་དེ་རུ་བཞུགས་པར་མཛད། །སུམ་འཕྲང་དུ་བྱོན་བལ་པོས་ཆོས་འཕྲོ་ཞུས། །དོལ་དུ་ཚུལ་སྟོན་དབང་ངེ་མཇལ་དུ་བྱོན། །ཆོས་འབྲེལ་ཙམ་ཞུས་རླུང་ནུས་རྫུ་འཕྲུལ་བསྟན། །ཁོང་ཡང་དད་དེ་མི་ལར་མོས་གུས་འཕེལ། །སྐྱོར་ལྡེམ་དུ་བྱོན་བརྩད་པོས་བཀུར་ཞིང་བཞུགས། །རེ་ཞིག་གཡུ་


CMR004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙད་ལང་ལྷ་གཅིག་གིས། །བླ་མ་སུན་ཕྱུང་དེ་ནས་བྲོས་ཏེ་བྱོན། །འཇིག་རྟེན་ཁྱི་མོས་བར་ཆད་ཡོད་འདུག་ཅེས། །མི་ལས་ལུང་བསྟན་གསུངས་པ་རྗེས་སུ་དྲན་། །བོང་འགྲོས་ཟླ་བ་གཉིས་ལམ་ཞག་གཉིས་ཀྱི། །བཅད་ནས་བྱོན་ཅིང་ཡོན་བདག་ཕྱུག་པོ་ཞིག །འབུལ་བ་མང་ཕུལ་ཤ་སྐམ་བྱུང་ཚད་བརྡུངས། །མི་ལའི་དྲུང་དུ་འབུལ་ཕྱིར་ཆུ་བར་བྱོན། །བླ་མ་མཇལ་ཞིང་བཤགས་པ་ཕུལ་སོགས་མཛད། །རེ་ཞིག་ཕྱག་ཕྱིར་བཞུགས་ཤིང་ཆོས་མང་ཞུས། །རྨི་ལམ་ངོ་སྤྱོད་ལུང་བསྟན་མང་གསུངས་ནས། །རྒྱུན་དུ་དྲུང་དུ་སྡོད་པར་ཞུ་ན་ཡང་། །ད་ནི་སོང་ལ་འགྲོ་བའི་དོན་གྱིས་ཤིག །ཤིང་ཡོས་རྟ་ཟླའི་བཅུ་བཞི་ཚུན་ཆད་ལ། །འདི་རུ་སླེབས་པར་གྱིས་སོགས་ཞལ་ཏ་གནང་། །སླར་ཡང་དབུས་བྱོན་ལྷ་སར་ཇོ་ཤག་མཇལ། །འཕེན་ཡུལ་དུ་བྱོན་བཀའ་གདམས་སྣེ་ཟུར་པ། །སྤྱན་སྔ་བ་དང་བྱ་ཡུལ་བ་སོགས་མཇལ། །ཁོང་རྣམས་མཚན་ཉིད་སྟོན་ཆེན་ཡིན་ན་ཡང་། །གསུངས་མགུར་རྫུ་འཕྲུལ་སོགས་ཀྱི་ཡིད་ཆེས་ཏེ། །བླ་མར་བསྟེན་ནས་ཁྲིད་དང་གདམས་པ་ཞུས། །ཁོང་རྣམས་ཐམས་ཅད་ཉམས་རྟོགས་རྩལ་ཆེན་བརྙེས། །ཆོས་བརྒྱུད་དར་རྒྱས་འགྲོ་ཕན་ཆེན་པོར་


CMR004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་། །ཚུལ་སྟོན་ཆེན་པོས་གདན་དྲངས་གདམས་ངག་ཞུས། །ལར་དུ་ཆོས་ཞུས་འབུལ་ནོར་བསམ་མི་ཁྱབ། །སློབ་མ་གྲུབ་པ་ཐོབ་པ་མང་དུ་བྱུང་། །བསམ་ཡས་སུ་ཕེབས་སྐོར་གཉེར་སྒོ་བཅད་པས། །མཁའ་ལ་འཕུར་ནས་བསྐོར་བ་ལན་གསུམ་མཛད། །དབུ་རྩེའི་སྟེང་དུ་བབ་པས་ལྷ་ཁང་རྣམས། །རང་བཞིན་སྒོ་བྱེ་མེ་ཏོག་ཆར་བབ་ཤིང་། །རོལ་མོའི་སྒྲ་དང་དྲི་བཟང་ཕུལ་ཁྱབ་འཐུལ། །ནམ་མཁར་སྐྱིལ་སྒྲུང་མཛད་ནས་ཆོས་གསུངས་དང་། །ཁྱིམ་དང་རྩིག་པར་ཐོག་མེད་ཟང་ཐལ་འབྱོན། །སྐུ་ལུས་བཅུར་སྤྲུལ་མཁའ་ལ་གཤེགས་བཞུད་མཛད། །རྫུ་འཕྲུལ་མང་བསྟན་ཐམས་ཅད་དད་པར་བཀོད། །ངམ་ཤོད་སོགས་སུ་འགྲོ་དོན་མང་དུ་མཛད། །ཟངས་རི་རས་པ་བུར་སྒོམ་ནག་པོ་སོགས། །བརྒྱུད་འཛིན་སློབ་མ་གྲུབ་ཐོབ་མང་དུ་བྱུང་། །བླ་མས་ལུང་བསྟན་གནས་མཆོག་ཡུངས་ཀར་ཞེས། །ཤམ་པོའི་བྱང་ཕྱོགས་སྒྲུབ་གནས་དེར་མང་བཞུགས། །ལྷོ་བྲག་ཏུ་བྱོན་ཏི་ཕུའི་ལུང་བསྟན་པའི། །གཏེར་གནས་མཁར་ཆུར་རོ་སྙོམས་སྐོར་ལ་སོགས། །ཏི་ཕུའི་གདམས་ངག་སྐོར་རྣམས་གཏེར་ལ་སྦས། །སྲུང་མར་གཉེར་གཏད་ཁ་བྱང་ཡང་བྱང་རྣམས། །ལྕགས་ཕུར་ཅན་དུ་སྦས་ཏེ་


CMR004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ། །མི་རབས་བདུན་དུ་ལོ་ཡི་མིང་ཅན་གྱི། །འདོན་པར་ལུང་བསྟན་སླར་ཡང་ཤམས་པོར་བྱོན། །དབྱེ་ཆེན་དབྱེ་ཆུང་སོགས་སུ་སྒྲུབ་པ་མཛད། །སྐལ་ལྡན་རྣམས་ལ་བཀའ་ཆོས་མང་དུ་གསུངས། །གྲུབ་པའི་རྒྱལ་མོ་ཞལ་གཟིགས་ལུང་བསྟན་མཛད། །མཁའ་འགྲོ་བཙུན་ཆུང་མ་ཡི་སྤྱན་དྲངས་ནས། །དམྱལ་དང་ལོ་རོང་འགྲོ་བའི་དོན་མང་མཛད། །བྱས་འགོར་གནས་དང་བྱར་སྨད་ཨ་ཤོའི་བྲག །སོགས་སུ་སྒྲུབ་འཛུགས་མང་མཛད་ཡི་དམ་ལྷ། །དཔག་མེད་ཞལ་གཟིགས་ཐུགས་དམ་རྩལ་ཆེན་རྫོགས། །སངས་རྒྱས་སྒོམ་པ་སངས་རྒྱས་སྟོང་ཡང་སོགས། །སྐལ་ལྡན་སློབ་མ་མང་པོ་གྲུབ་པ་ཐོབ། །ལྷ་གཅིག་ལྡེམ་བུ་མཛེ་སྤྱང་དུ་གྱུར་པ། །བཤགས་པ་ཕུལ་བས་རྗེས་བཟུང་མཛེ་ནད་གྲོལ། །གདམས་ངག་བཏབ་པས་གྲུབ་ཐོབ་མ་རུ་གྱུར། །བྱ་ཡུལ་བ་ཡི་སློབ་མ་དགེ་བཤེས་ཤིག །ཆོས་ཞུར་བྱུང་བ་རྒྱལ་བ་ལོ་ཞེས་བཏགས། །ཕྱག་རྡོར་རྒྱུད་དང་སྒྲུབ་ཐབས་མན་ངག་སྐོར་། །ཟབ་གནད་ཐམས་ཅད་གཏེར་དུ་སྦས་དགོངས་ནས། །ཁ་བྱང་ལ་སོགས་འདེབས་པར་མཛད་ཚར་བ། །ལོ་ལ་བཀའ་རྒྱ་ལུང་བསྟན་བཅས་ཏེ་གནང་། །ཉམས་རྟོགས་


CMR004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་གྲུབ་པ་མཆོག་ཐོབ་པས། །བླ་མའི་རྒྱལ་ཚབ་ཏུ་གྱུར་འཁོར་དུ་ཡང་། །རས་པ་སྟོང་ཕྲག་བཅུ་གཉིས་དགེ་བཤེས་ཀྱང་། །ལྔ་བརྒྱ་ཙམ་སོགས་ཕྲིན་ལས་ཆེན་པོ་བྱུང་། །རྗེ་བཙུན་གཙང་པ་རྒྱལ་བ་ཁྱུང་ཚང་པ། །ལ་སོགས་རྗེས་བཟུང་གྲུབ་ཐོབ་ས་ལ་བཀོད། །ཆོས་རྒྱལ་རིན་ཆེན་གླིང་པའང་ཞབས་ལ་གཏུགས། །སྙན་བརྒྱུད་སོགས་ཞུས་རྩ་བའི་སློབ་མར་གྱུར། །རེ་ཞིག་དུས་ནས་མི་ལ་སྐུ་གཤེགས་པའི། །ལྟས་ཀྱང་རྣལ་ལམ་གཟིགས་སྣང་བྱུང་མ་ཐག །རླུང་བཟུང་བྱོན་པས་ཟླ་བ་གཉིས་ཀྱི་ལམ། །སྔ་དྲོ་གཅིག་གིས་བཅད་དེ་དིང་མ་བྲིན། །བྱེ་ལའི་རྩེ་མོར་གཟིགས་སྣང་མང་དུ་མཇལ། །ཆུ་བར་དུ་ཕེབས་རྗེ་བཙུན་གྲངས་ཚར་ནས། །སྤུར་ལ་མཆོད་པ་འབུལ་བའི་སྐབས་སུ་འདུག །སྤུར་ཁང་ནང་ནས་སྤྱིར་གྱིས་མགུར་གསུངས་ཤིང་། །ངོ་མཚར་ཞལ་གཟིགས་དཔག་ཏུ་མེད་པ་བྱུང་། །དགོས་རྫོགས་མཐར་ཕྱིན་བར་དུ་དེ་རུ་བཞུགས། །བུ་སློབ་རྣམས་ལ་ཞལ་ཏ་བཀའ་ཆོས་གསུངས། །ཏི་ཕུས་གནང་བའི་རྟེན་གསུམ་ཁྱད་འཕགས་རྣམས། །གྲུབ་པའི་གདན་ས་བྱས་འགོལ་ཕུག་ཏུ་བཞག །ཚེ་སྐོང་སོགས་སུ་ཆོས་འཁོར་དཔག་མེད་བསྐོར། །རེ་ཞིག་དུས་ན་རྣལ་ལམ་


CMR004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མས། །སྤྲུལ་པས་སྤྲུལ་པ་མཇལ་དུ་འོང་ངོ་ཟེར། །གྲུབ་ཐོབ་ཁམས་པ་དབུ་སེ་བྱོན་པས་མཇལ། །ཁོང་ལ་གདམས་ངག་ཟབ་ཁྱོད་ཐམས་ཅད་གནང་། །༧།ལྕགས་ཡོས་དཔྱིད་ཟླ་འབྲིང་པོའི་ནང་དེ་རུ། །འཇའ་ཚོན་མེ་ཏོག་ཆར་དང་རོལ་མོའི་སྒྲ། །ངོ་མཚར་ལྟས་མང་ཡང་ཡང་བྱུང་བ་ལ། །བླ་མ་སངས་རྒྱས་བྱང་སེམས་མང་པོ་ཡི། །ཞལ་གཟིགས་བྱུང་ཚུལ་ངོ་མཚར་དཔག་ཏུ་མེད། །བུ་སློབ་རྣམས་ལ་ཞམ་གདམས་སོ་སོར་གནང་། །སྒྲུབ་གནས་འདི་དང་འདི་རུ་བསྟན་པ་དང་། །སེམས་ཅན་དོན་དུ་ལུང་བསྟན་སོ་སོར་གསུངས། །ཞབས་པད་བརྟན་པར་གསོལ་བ་བཏབ་ན་ཡང་། །རེ་ཞིག་དངོས་ཀྱི་གདུལ་བྱ་རྫོགས་སོ་གསུངས། །ཞིང་ཁམས་རྣམས་སུ་བྱང་ཆུབ་བརྙེས་ཚུལ་དང་། །སྤྲུལ་པ་མཛད་ཚུལ་རྣམ་ཐར་མང་དུ་གསུངས། །ཚོགས་གཏོར་མཆོད་པ་རྒྱ་ཆེར་ཤོམས་ཤིག་གསུངས། །ད་ནི་ཐམས་ཅད་རང་རང་མལ་དུ་སོང་། །རྟགས་དང་ཆོ་འཕྲུལ་ཇི་ལྟར་བྱུང་ན་ཡང་། །ཉི་མ་མ་ཤར་བར་དུ་མ་འོངས་གསུངས། །ནམ་གུང་རོལ་མོ་སྒྲོགས་དང་སྤོས་དྲི་འཚུབས། །མཁའ་འགྲོའི་གླུ་ལེན་གར་བསྒྱུར་བར་སྣང་གང་། །ཐོ་རངས་ས་གཡོས་ཆེན་པོ་


CMR004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྗེས། །གཞི་བདག་ཐམས་ཅད་ཆོ་ངེ་འདེབས་པ་དང་། །གསོལ་བ་འདེབས་པའི་སྒྲ་ནི་ཆེན་པོ་བྱུང་། །ནམ་མཁའ་ཌཱ་དྲིལ་གཡེར་ཁའི་སྒྲས་གང་ཞིང་། །མཁའ་འགྲོ་མང་པོས་གར་བཏབ་བསྒྱུར་བའི་དབུས། །རྗེ་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་ནས། །ཇེ་མཐོ་ཇེ་མཐོ་ནམ་མཁའི་དབྱིངས་གཤེགས་པས། །སུམ་པ་ལ་སོགས་བུ་སློབ་རྣམས་ཀྱིས་མཐོང་། །གནམ་སྟོང་ཐོ་རངས་དེ་ལྟར་མཁའ་སྤྱོད་གཤེགས། །གཟིམས་མལ་ན་བཟའ་བཞུགས་གདན་མ་གཏོགས་པ། །མི་འདུག་ཐམས་ཅད་སྨྲེ་སྔགས་འབོད་དབྱངས་བྱས། །སོ་སོའི་མཐོང་སྣང་ངོ་མཚར་དུ་མ་བྱུང་། །མཁའ་ནས་ཞལ་གདམས་གསུང་མགུར་གསུངས་པ་ཐོས། །གསོལ་འདེབས་མཆོད་འབུལ་ཟླ་བ་གསུམ་བར་དུ། །བུ་སློབ་རྣམས་ཀྱིས་མཛད་ཅིང་བྱིན་རླབས་ཀྱི། །རྟགས་མཚན་ཀྱང་ནི་ངོ་མཚར་མང་དུ་མཐོང་། །དེ་ལྟར་མཚུངས་མེད་གྲུབ་པའི་སྐྱེས་མཆོག་གི །རྣམ་པར་ཐར་པ་སྐོར་མཚོ་སོ་གཅིག་པ། །གསུང་མགུར་ལ་སོགས་ཞིབ་ཅིང་རྒྱས་པ་ནི། །ཉེ་གནས་རིན་ཆེན་གྲགས་དང་ལྷ་གཅིག་དང་། །རྒྱལ་བ་ལོ་སོགས་བུ་སློབ་དངོས་རྣམས་ཀྱི། །ཞལ་བསྡུར་ཟིན་བྲིས་ཞལ་རྒྱུན་རྣམས་


CMR004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་ཏེ། །སུམ་སྟོན་གྱིས་མཛད་རྣམ་ཐར་རྒྱས་པ་སོགས། །རྣམ་ཐར་གསུང་སྒྲོས་འདྲ་མིན་མང་པོ་དག །ཡིད་ཆེས་ཁུངས་བཙུན་ཐམས་ཅད་ཕྱོགས་གཅིག་ཏུ། །རྒོད་ཚངས་རས་པས་བསྒྲིགས་པའི་གླེགས་བམ་ལས། །ཉུང་བསྡུས་རྒྱ་མཚོའི་ཆུ་ལས་སྐྲ་རྩེ་ཡི། །བླངས་ཙམ་དད་པའི་རྟེན་དུ་བཀོད་པ་འདི། །བཀའ་བརྒྱུད་རྗེས་ཞུགས་མི་ཕྱེད་དད་གུས་ཅན། །ཀརྨའི་སློབ་འབངས་ཉི་མའི་མིང་ཅན་ལ། །ཚེ་རིང་དབང་ཕྱུག་ཅེས་བྱས་བསྐུལ་བའི་ཕྱིར། །ས་བྱ་སྣོན་ཟླ་ཕྱི་མའི་བཅུ་དྲུག་ཉིན། །བླ་མ་སྒྲུབ་པའི་ཐུན་སྐབས་གསུམ་ལ་བཀོད། །ནོངས་པ་མཆིས་བཤགས་དགེ་བས་སྒྲུབ་བརྒྱུད་ཀྱི། །བསྟན་པ་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །བདག་སོགས་ངེས་དོན་ཕྱག་རྒྱ་ཆེན་པོ་ཉིད། །མཁྱེན་རྟོགས་ཡེ་ཤེས་མ་ནོར་མཐར་ཕྱིན་ཅིང་། །ཚེ་གཅིག་རྗེ་བཙུན་མི་ལ་ཡབ་སྲས་ཀྱི། །གོ་འཕང་དམ་པ་གེགས་མེད་འགྲུབ་པར་ཤོག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན།next