Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
དུས་གསུམ་མཁྱེན་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུས་གསུམ་མཁྱེན་པའི་རྣམ་ཐར།next

དུས་གསུམ་མཁྱེན་པའི་རྣམ་ཐར།


CMR004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་དྷརྨ་ཀཱིརྟི་ཡེ། །དཔལ་ཆོས་ཀྱི་གྲགས་པ་དུས་གསུམ་མཁྱེན་པ་ནི། །བེཌཱུརྱ་ཡི་ཞིང་དུ་དགེ་སློང་དང་། །ཀ་ལིང་ཀ་རུ་རྒྱལ་པོ་ཟླ་བས་གནོན། །ཏེ་ལོའི་སློབ་མ་ཁྲི་ལ་ད་ཏིན་དང་། །ཌོམྦྷིའི་སློབ་མ་དགེ་སློང་ཆོས་ཀྱི་གྲགས། །སྡིག་ཅན་རྒྱལ་པོ་འདུལ་ཕྱིར་གླང་ཆེན་སོགས། །སྔོན་རབས་སྐྱེ་བ་དུ་མ་གསལ་བར་གཟིགས། །ཏྲེ་ཤོད་ཡུལ་དུ་དགེ་འཕེལ་ཞེས་བྱར་འཁྲུངས། །ལྷ་མོ་ཞལ་གཟིགས་བྲག་ལ་ཞབས་རྗེས་བཞག །མཆོག་བླ་ཆོས་དབང་ཆ་པ་ཤ་ར་བ། །ཆགས་ལོ་སྒ་ལོ་དྭགས་པོ་རས་ཆུང་པ། །ཁམས་པ་ཨ་སེང་སོགས་བསྟེན་གདམས་པ་གསན། །ཞག་དགུ་བསྒོམས་པས་དྲོད་འབར་རས་རྐྱང་མཛད། །དྭགས་པོ་ཁུ་དབོན་ཀྱེ་ཡི་རྡོ་རྗེ་གཟིགས། །མོན་དུ་བྱོན་ཚེ་སྟག་གིས་བསྐོར་བ་བྱས། །མཁའ་འགྲོ་རྣམས་ཀྱིས་བདུད་རྩི་དངོས་སུ་དྲངས། །ནམ་མཁར་སྔགས་སྒྲ་ཨཱ་ལི་ཀཱ་ལི་གསན། །སྐུ་ཆབ་བདུད་རྩི་ཐམས་ཅད་རིང་བསྲེལ་གྱུར། །ཚེམས་ལ་ཚེམས་ཆུང་རིང་བསྲེལ་དུ་མ་དང་། །སྐུ་གཟུགས་བྱོན་ཅིང་རིང་བསྲེལ་འཕར་ཞིང་ལྡིང་། །གནས་ནང་ཕེབས་ནས་འོད་གསལ་འཁོར་ཡུག་གྱུར། །རྫུ་འཕྲུལ་སེང་གེའི་གླིང་དུ་བྱོན་པའི་


CMR004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་། །དྲིལ་བུ་པ་མཇལ་གདམས་པ་དུ་མ་གསན། །རབ་གནས་མཛད་ཚེ་ལྷ་ཁང་འཁོར་བ་དང་། །མེ་འབར་ལྷ་རྣམས་འགུལ་ཞིང་སྒྲ་གྲག་གྱུར། །མེ་ཏོག་ཁོལ་ཞིང་རྟེན་ལ་རང་འཐོར་སོང་། །མེ་ཏོག་སྣོད་ནི་ནམ་མཁར་བཞག་པར་མཛད། །ལྟ་སྟངས་མཛད་པས་ལུགས་སྐུ་ཡོ་བ་བསྲང་། །ཁ་ཆེ་ཁྲི་བསྟན་གཟིགས་པར་བཞད་པའི་ཚེ། །སྐུ་ལས་བརྒྱད་སྟོང་སྤྲུལ་ནས་སེང་གེ་དང་། །ངང་པ་སོགས་ཆིབས་རྫུ་འཕྲུལ་ཉིད་ཀྱི་བྱོན། །གཞན་དག་རྣམས་ཀྱིས་རྡོ་རྗེ་རྣལ་འབྱོར་མ། །བདེ་མཆོག་སྤྱན་རས་གཟིགས་དང་ཐུབ་སྐུར་མཐོང་། །ཟླ་སྟོད་མཆོད་རྟེན་རབ་གནས་བྱས་པའི་ཚེ། །བུམ་པ་ཉིད་ལ་ཐུབ་སྐུ་གསལ་བར་བྱོན། །ཞ་བོ་རྒུར་སོགས་རེག་པས་དྲངས་པོར་གྱུར། །ལོང་ལྐུགས་བྱིན་རླབས་མཛད་པས་སྨྲ་མཁས་གསལ། །གནས་ནང་ཤར་ཕྱོགས་ཉི་མ་བཞི་ཡི་སོར། །འཛམ་སྟོན་སངས་རྒྱས་བླ་མས་མཇལ་འདོད་ཚེ། །དེ་མ་ཐག་བྱོན་སྙིང་དྲིས་བྱིན་རླབས་ཞུས། །གདན་བཤམས་ཚེ་ན་མི་སྣང་བ་རུ་གྱུར། །ཐག་རིང་སློབ་མ་ན་བས་གསོལ་བཏབ་ཚེ། །བྱོན་ནས་བྱིན་རླབས་ནད་བསལ་མི་སྣང་གྱུར། །ཏྲེ་ཡི་བར་དུ་དབོན་པོས་གསོལ་བཏབ་ཚེ། །བྱོན་ནས་དམ་ཆོས་


CMR004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་འཇའ་ལྟར་ཡལ། །སྤྲུལ་པ་མངོན་སུམ་ཧ་ཧ་སྒྲོགས་པར་བྱོན། །གྲུབ་ཆེན་རྣམས་དང་ལྷན་ཅིག་ཚོགས་འཁོར་མཛད། །ཕག་མོ་བདེ་མཆོག་དགྱེས་རྡོར་སྒྲོལ་མ་དཀར། །མི་གཡོ་བདུད་རྩི་འཁྱིལ་དང་མ་ཡ་དང་། །སྒྲ་ནག་འཇིགས་བྱེད་ཡི་གེ་དྲུག་པ་དང་། །དྭགས་པོ་སོགས་གཟིགས་གདམས་པ་རྗེས་སུ་བསྟན། །ཁོ་བོ་སངས་རྒྱས་ཚེ་ན་འཁོར་ཐོག་མ། །རྒྱ་གར་རྣལ་འབྱོར་མི་ཏྲ་ཛོ་ཀི་དང་། །མང་རིའི་དགེ་སློང་དགེ་བའི་བློ་གྲོས་དང་། །བྱང་ཆུབ་སེམས་དཔའ་དཀོན་སེང་བཞི་ཡིན་གསུངས། །མྱང་འདས་ཟླ་གསུམ་གོང་ནས་ས་གཡོ་དང་། །འཇའ་དང་འུར་ཐུག་ཆེན་པོ་རྒྱུན་མ་ཆད། །བཞུས་ཚེ་ཉི་མ་སྔར་བས་ཉིས་འགྱུར་རིང་། །ཉི་མ་བརྒྱ་ཡི་ཚོགས་རྣམས་འདུས་ཤིང་དགྱེས། །རུས་པའི་རྒྱན་ཅན་ཌཱཀིའི་ནམ་མཁའ་ལ། །ཁ་དོག་སྣ་ཚོགས་མེ་ཏོག་རྒྱུན་ཆེན་བབ། །གདུང་ཁང་སྟེང་དུ་འཇའ་ཡིས་གདུགས་བརྩེགས་སྣང་། །ངོས་བཟུང་མེད་པའི་སྒྲ་སྙན་སྣ་ཚོགས་གྲག །དབུས་ཀྱི་འཇའ་ཚོན་ནང་དུ་གདུང་བཞུགས་མཐོང་། །རི་དྭགས་ཚོགས་འདུས་གདུང་ཁང་བསྐོར་བར་བྱེད། །ཏིང་འཛིན་མེད་རྣམས་སྐྱེས་ཤིང་ཡོད་རྣམས་འཕེལ་། །ཐུགས་


CMR004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་རིང་བསྲེལ་སྣ་ལྔ་དཀར་ཤས་ཆེ། །སྐུ་དང་ཕྱག་མཚན་བསམ་མི་ཁྱབ་པར་བྱོན། །མཆོད་རྟེན་བཞེངས་ཚེ་འཇའ་ཚོན་དཀྱིལ་འཁོར་རིས། །མ་ཚར་བར་དུ་མེ་ཏོག་ཆར་དུ་བབ། །བཀའ་བརྒྱུད་རྒྱལ་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག །རྣམ་ཐར་སློབ་དཔོན་གཞོན་ནུ་བྱང་ཆུབ་ཀྱིས་མཛད་པས་ལིང་ཚེ་བརྒྱད་པ་དང་། ཀོང་ལོང་མཛད་པའི་སྐྱེས་རབས་གསེར་གྱི་ཕྲེང་བ་ལེའུ་བཅོ་བརྒྱད་པ་དང་། རྣམ་ཐར་ཐོར་བུ་རྣམས་ནས་མཁའ་སྤྱོད་པས་བསྡུས། །དེ་ལས་ཀྱང་མོས་རྟེན་དུ་བསྡུས་ཏེ་ཨ་རཱ་གས་སྦྱར་བའོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདུས་གསུམ་མཁྱེན་པའི་རྣམ་ཐར།next