Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
འགྲོ་མགོན་རས་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའགྲོ་མགོན་རས་པའི་རྣམ་ཐར།next

འགྲོ་མགོན་རས་པའི་རྣམ་ཐར།


CMR004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཌོམྦི་པ་དངོས་འགྲོ་མགོན་རས་ཆེན་ནི། །གཙང་གི་ཡུལ་དུ་གྲུ་ཡི་རིགས་སུ་འཁྲུངས། །བྱིས་པའི་དུས་སུ་གར་བྱོན་འཇའ་གུར་ཕུབ། །གསེར་གྱི་རྒྱན་ལྡན་བུད་མེད་མང་པོ་ཡིས། །སྐོར་བ་བྱེད་པ་ཀུན་གྱིས་མཐོང་གྱུར་ཅིང་། །དགུང་ལོ་དགུ་ནས་ཟངས་རི་རས་པ་བསྟེན། །སྒོམ་པ་ཙམ་གྱིས་འོད་གསལ་འཁོར་ཡུག་ཤར། །རས་རྐྱང་མཛད་པས་རས་ཆེན་པ་རུ་གྲགས། །ཕག་གྲུ་གཙང་སྟོན་དར་མ་ཤེས་རབ་དང་། །སྒོམ་ཞིག་ཐོད་པ་བསམ་གྲུབ་དང་། །མང་རིས་པ་དང་སྤོ་བོར་མཉལ་པ་ཇོ་སྲས་དང་། །དུས་མཁྱེན་སོགས་ལ་གདམས་ངག་དཔག་མེད་གསན། །ཏིང་འཛིན་གཏད་ཙམ་ནད་གདོན་ཞི་བ་མང་། །གྲོགས་པོའི་ཕར་ངོས་རྒྱ་ལམ་འགྲུལ་པོ་སོགས། །གསལ་བར་གཟིགས་ཤིང་སྤྱན་དང་མངོན་ཤེས་ཤར། །བུ་འབོར་སྨད་དུ་འཁྲུག་བསྡུམས་སྔགས་སྒྲ་བཙུགས། །གནས་ནང་དབུ་སེ་མཇལ་དུ་བྱོན་པའི་ཚེ། །ནམ་མཁའ་འཇས་གང་དགེ་བསྙེན་བསུ་བ་བྱས། །སྐུང་སྨན་བྱོན་ཚེ་ནམ་མཁའ་འཇའ་ཡིས་གང་། །རེ་ཞིག་སྐུ་ཁམས་ཅུང་ཟད་མ་བདེ་ཚེ། །བླ་མ་གོ་བོ་མགོ་གླིང་བསམ་པ་ལ། །བྱང་ཆུབ་སེམས་དཔའ་འདི་འདྲ་བསྙུང་བ་


CMR004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་། །བསྙུང་ནད་ང་ལ་འཕོས་ན་ཅི་མ་རུང་། །བསམས་པས་མཁྱེན་ནས་གྲོགས་པོ་ཁྱེད་ཀྱིས་ནི། །སེམས་བསྐྱེད་དེ་ལྟར་དགོས་པ་ཡིན་ནོ་གསུངས། །རྡོ་རྒྱུས་གྲག་ཏུ་ཞལ་གཉིས་ཕག་མོ་གཟིགས། །གཞན་ཡང་སུ་ཀ་སིདྡྷི་བེར་ནག་ཅན། །ཕག་མོའི་དབུ་སྟེང་དུས་མཁྱེན་བཞུགས་པ་དང་། །བུམ་པའི་ནང་ལ་རྡོ་རྗེ་གཏུམ་པོའི་སྐུ། །རྟེན་གཏོར་ནང་དུ་བྱ་རོག་གདོང་ཅན་དང་། །འོད་ལེ་དགོན་པར་ཕག་མོ་དཔོན་གཡོག་གསུམ། །དཀྱིལ་འཁོར་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ། །འདས་མཆོད་དུས་སུ་ཕག་མོ་དུས་གསུམ་མཁྱེན། །རབ་གནས་མཛད་ཚེ་ཐུགས་རྗེ་ཆེན་པོ་དང་། །འདས་མཆོད་གསོལ་འདེབས་མཛད་ཚེ་ཆོས་རྗེ་དར། །སངས་རྒྱས་བྱང་སེམས་མཁའ་འགྲོ་སྤྲིན་ལྟར་གཏིབས། །དེ་སོགས་ཡི་དམ་ཆོས་སྐྱོང་དཔག་མེད་གཟིགས། །ཡི་དམ་ནམ་འདོད་དུས་སུ་མཐོང་ངོ་གསུངས། །བདུན་ཅུ་བཞེས་ཚེ་ཁྱེད་རྣམས་གར་མ་འགྲོ། །སང་གནང་མི་ཁོམ་པ་གཅིག་འོང་ངོ་གསུངས། །དེ་ནས་ཞག་གསུམ་ཙམ་ནས་སྐུ་བསྙུང་སྟེ། །ཅེས་ཀྱང་མི་ཕན་ད་ལན་ཁོ་བོ་འགྲོ། །སུན་མ་བྱུང་ནས་ལོ་གསུམ་སོང་ངོ་གསུངས། །གསོལ་བ་ཐོབ་དང་ཁྱེད་རྣམས་འདྲེན་ནུས་གསུངས། །འོད་ཀྱི་


CMR004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཕུབ་ནམ་མཁའ་འཇའ་ཡིས་གང་། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །དཔག་ཏུ་མེད་པ་ཁྱེད་རྣམས་མཐོང་ངམ་གསུངས། །བཞུས་ཚེ་འཇས་གང་ལྷ་ཡི་རོལ་མོ་གྲགས། །རིང་བསྲེལ་ཆར་བབ་ཉི་མ་མང་དུ་ཤར། །སྣ་ཚོགས་སྐུ་དང་ཡི་གེ་མཆོད་རྟེན་དང་། །ལྗགས་དང་ཕྱག་མཚན་མེ་ཤེལ་ལྟ་བུར་ཡི། །འབྱུང་བས་གཞིག་ཏུ་མེད་པའི་ཐུགས་མཆོག་བྱོན། །འགྲོ་བ་འདྲེན་མཛད་དེ་ལ་གསོལ་བ་འདེབས། །བླ་མ་རྒྱ་རས་པ་དང་མ་རིར་རང་ནས་རྣམ་ཐར་བསྡུས་པ་ལས་མགུར་དང་གསུང་སྒྲོས་སོགས་སྤེལ་ཏེ་མཁའ་སྤྱོད་པས་མཛད་པ་ལས། ཀརྨ་ཨ་རཱ་གས་བསྡུས་པའོ།། མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའགྲོ་མགོན་རས་པའི་རྣམ་ཐར།next