Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
ཀརྨ་པཀྵི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀརྨ་པཀྵི་རྣམ་ཐར།next

ཀརྨ་པཀྵི་རྣམ་ཐར།


CMR004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཀརྨ་པཀྵི་དར་མའི་བླ་མ་ནི། །ཨིནྡྲ་བྷོ་དྷི་རྣམ་གསུམ་བཛྲ་ཤི། །ཏོག་རྩེ་པ་དང་ས་ར་ཧ་པ་དང་། །ཡོན་ཏན་བློ་གྲོས་གནོད་སྦྱིན་རྒྱལ་པོའི་བུ། །ཤེས་རབ་རྒྱལ་པོ་སེང་གེ་རབ་རྩལ་དང་། །ཉི་མའི་འོད་ཟེར་མཁའ་ལྡིང་རྒྱལ་པོ་དང་། །འབར་བའི་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ཐུབ་ཀེ་བན་རྒན་ལ་སྟོད་དམར་པོ་དང་། །གཤིན་སྒོམ་རེ་ཐུལ་ཉག་སེ་ལ་སོགས་པ། །སྔོན་འདས་དཔག་ཏུ་མེད་པའི་སྐྱེ་བ་དྲན། །དུས་གསུམ་མཁྱེན་པའི་འབྲི་ཆུ་ངོ་མཐོང་ནས། །གཅིག་གིས་ང་ཡི་དགོངས་པ་རྫོགས་པར་བྱེད། །ཅེས་གསུངས་རྗེས་མཐུན་འབྲི་ཀླུང་ཆོས་ཕྱོགས་སུ། །དབུ་ཡི་རིགས་འཁྲུངས་ཆོས་འཛིན་ཞེས་སུ་བཏགས། །དགུང་ལོ་ལྔ་ནས་ཡིག་རིགས་ཐམས་ཅད་མཁྱེན། །དགུང་ལོ་དགུ་ནས་གསུང་རབ་དཔག་མེད་དང་། །ཐང་རེ་ཀློག་པས་ཁོང་ཆུད་ཏིང་འཛིན་སྐྱེས། །སྤོམ་བྲག་པ་དང་ཀཿཐོག་བྱམས་པ་འབུམ། །སྤྱང་མང་ཕུ་པ་རྣམས་ལ་དམ་ཆོས་མནོས་། །ཕག་མོ་བཅུ་གཅིག་ཞལ་དང་མ་མགོན་དང་། །ས་ར་ཧ་དང་ཤ་བ་རི་པ་དང་། །པད་འབྱུང་དུས་མཁྱེན་ཐུགས་རྗེ་ཆེན་པོ་དམར། །སྒྲོལ་དཀར་རྡོར་སེམས་ཞི་ཁྲོ་རྡོ་རྗེ་


CMR004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་དང་། །རྟ་མགྲིན་དབུ་སྟོང་དྲུག་པོ་མི་ལ་རས་པ་དང་། །བདེ་མཆོག་ཕྱག་རྡོར་གསང་བ་ཡེ་ཤེས་དང་། །ཀྱེ་རྡོར་དམ་པ་རྒྱ་གར་དང་། །སྟོན་པ་འཇམ་དབྱངས་ལ་སོགས་ཞལ་གཟིགས་ཤིང་། །ལུང་བསྟན་ཆོས་གསུངས་དབང་བསྐུར་ཐོབ་པར་གྱུར། །རས་རྐྱང་མཛད་ཅིང་རིགས་དྲུག་དུ་མ་མཐོང་། །སྟོང་གསུམ་ཐམས་ཅད་མ་སྒྲིབ་གསལ་བ་དང་། །འགྲོ་བ་རྣམས་ཀྱི་སྐྱེ་གནས་འཆི་འཕོ་ཤེས། །དུད་འགྲོ་ཁ་འཐོར་སྐད་རྣམས་ཅི་བཞིན་གོ །མི་ལས་མི་མིན་སློབ་མ་ཤིན་ཏུ་མང་། །ཉི་ཤུ་རྩ་བཞིའི་མཁའ་འགྲོས་མཆོད་བྱེད་ཅིང་། །ཤར་ཕྱོགས་འཇིག་རྟེན་སངས་རྒྱས་ཆོས་གསུང་ཐོབ། །དེ་ཡིས་རྐྱེན་བྱས་འགྲོ་བའི་སྒྲ་སྐད་དང་། །འཛམ་བུ་གླིང་གི་བྱ་སྤྱོད་ཐམས་དང་། །གླིང་བཞི་རི་རབ་ལྷ་ཀླུ་གནོད་སྦྱིན་གསལ༔་།མཁའ་འགྲོའི་སྤྱན་དྲངས་སྤྲུལ་པ་མངོན་སུམ་དུ། །དཔལ་གྱི་རི་དང་ཨོ་རྒྱན་ཕྱོགས་སུ་བྱོན། །གཡེར་པོ་བྱང་ཐང་ཡར་ཆབ་གཙང་པོ་ལ། །གྲུ་མ་ཕུད་ཚེ་འཁོར་བཅས་མཁའ་ལ་གཤེགས། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་དང་། །ཐང་ལྷ་གང་བཟང་རྡོ་རྗེ་རྒྱལ་པོ་དང་། །བརྟན་མ་བཅུ་གཉིས་རྡོ་རྗེ་དཔལ་བརྩེགས་སོགས། །ཕྱག་འཚལ་


CMR004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བ་བྱེད་དང་བསུ་བ་བྱེད། །སྤུང་རིར་བྱོན་དུས་ས་གཡོས་ཐོག་ཆར་བབ། །ཆོ་འཕྲུལ་དབང་དུ་བསྡུས་ཤིང་དམ་ལ་བཏགས། །རྒྱ་ནག་ཡུལ་དུ་བྱོན་པའི་ཚེ། །ལྟ་སྟངས་མི་སྟེགས་ཟིལ་གྱིས་མནན། །རྩང་ཁའི་ཡུལ་དུ་ཉེར་གཅིག་ཞག །མེ་ཏོག་རྒྱུན་བབ་འཇའ་འོད་འཁྱིལ། །དལ་ན་ཏ་ན་ཕྱིན་པའི་དུས། །བྱང་ཕྱོགས་རྒྱ་མཚོའི་མཐར་ཐུག་བར། །ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས། །ཐོག་ཆར་ཕབ་ཀྱང་དམ་ལ་བཏགས། །ཟིར་ར་འུར་རྡོར་རྒྱལ་རྒྱུད་ཀུན་འདུས་ཤིང་། །ཀླུ་གཟའ་སྤྲིན་ལྟར་གཏིབ་ཅིང་ཐོག་ཆར་ཕབ། །དེ་ཚེ་ཁྲོ་བཅུའི་དཀྱིལ་འཁོར་དངོས་སུ་བསྟན། །ཁྲོ་བཅུའི་མེ་ཡིསཟླ་བ་བཅུ་གཉིས་བར། །ཉིན་ལམ་དྲུག་ཚུན་ཁ་བ་ལྷག་པ་བཅད། །ཆང་མཛོད་གང་ཀུན་འཐུང་ཡང་ངོམས་མེད་གྱུར། །རྒྱལ་པོའི་ཆད་པས་མཚོན་ཆ་བསྣུན་པའི་ཚེ། །ཡེ་ཤེས་ཁྲོ་བོའི་ཚོགས་ཀྱིས་མཚོན་ཆ་ཕྱར། །དཔེ་ཆའི་ཚོགས་དང་བྲལ་དུས་སུ། །མཚེ་ལྡོག་སྐྱོག་འབོག་རིམས་ཡམས་འཚུབས་། །ཡང་ནི་ཆད་པ་མང་བཅད་དུས། །ཐོག་སེར་བཤའ་སྡུད་ཡུལ་ཁམས་གང་། །མི་གླང་ནོར་ཕྱུགས་རྒྱ་མཚོར་བསྐྱལ། །འཆི་བཟློག་གསོལ་བ་བཏབ་ཚེ་འཇའ་ཚོན་


CMR004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །ལྷ་མོའི་དམག་གིས་རླུང་ཐོག་ཡུལ་ཁམས་གཏོར། །ཚད་པའི་ཡུལ་སྤྲུགས་ཆར་བབ་འབྲུ་ཚོགས་འཕེལ། །ལྷ་ཁང་ནང་དུ་ཞག་བདུན་བཀག་པའི་ཚེ། །ཀུན་གྱིས་མཐོང་བར་ལྷ་དང་མཁའ་འགྲོས་མཆོད། །རྒྱལ་པོ་དད་ཅིང་སྔགས་པས་བསྙེན་བཀུར་བྱས། །རྒྱ་ཕུན་ཧུན་གྱི་ས་མཁར་ནད་ཡམས་འཕྱུར་བའི་ཚེ། །སྨན་བླའི་བདུད་རྩིའི་རྫིང་དང་ཁྲོན་པ་རུ། །བྱིན་གྱིས་བརླབས་ཏེ་ནད་གདོན་ཐམས་ཅད་གསལ། །རྒྱལ་པོས་དངུལ་བྲེ་སྟོང་ཙམ་ཕུལ་བ་ལས། །མེ་ཉག་ཡུལ་དུ་ལྷ་ཁང་སུམ་སྟོང་ཙམ། །ཞིག་པ་གསོ་དང་གསར་དུ་བཞེངས་པར་མཛད། །ཆོས་རྒྱལ་དགེ་བ་ཅན་མཁར་དག་ཅེས་པར། །ཆོས་སྐྱོང་བསྐུལ་གྱིས་འཕྲུལ་སྣང་གཙུག་ལག་བཞེངས། །གདན་ས་གསུམ་དུ་དུས་གསུམ་སངས་རྒྱས་བཞེངས། །ཚེས་གསུམ་གཤེགས་ཚེ་མཁའ་འགྲོས་མཆོད་བཞིན་དུ། །ནུབ་ཏུ་གཤེགས་དང་གཞན་ཡང་ཞིང་ཁམས་ཤར། །སྣ་ཚོགས་མཆོད་པས་ཤར་དུ་སྤྱན་དྲངས་དང་། །འཇིག་རྟེན་སྐྱོང་བས་མཆོད་ཅིང་དགའ་ལྡན་གཤེགས། །མཚན་མོ་འཇས་ཁྱབ་ཉིན་མོ་མེ་ཏོག་རྒྱུན། །རྟགས་པར་རོལ་མོའི་སྒྲ་གྲག་གདུང་བཞུས་ཚེ། །འཇའ་ཚོན་དཀྱིལ་འཁོར་བརྒྱ་དང་དཀྱིལ་འཁོར་


CMR004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས། །མེ་ཏོག་ཆར་དང་འུར་སྒྲ་ས་གཡོས་དང་། །ལྷ་ཡི་བུ་རྣམས་མཆོད་ཅིང་སྐོར་བ་བྱེད། །རྐྱེན་གྱིས་གཞིག་མེད་ཐུགས་དང་སྤྱན་དང་ལྗགས། །གཡས་འཁྱིལ་དུང་གསུམ་སྐུ་གཟུགས་ཡིག་འབྲུ་དང་། །རིང་བསྲེལ་ལ་སོགས་སྣ་ཚོགས་དཔག་མེད་བྱོན། །གྲུབ་མཆོག་ཁྱེད་དང་ནམ་ཡང་འབྲལ་མེད་ཤོག །ཉིད་ཀྱི་མཛད་པའི་རྣམ་ཐར་དགོངས་པ་ལུང་སྟོན་དང་། །བཀའ་རྒྱ་མ་དང་འཐོར་བུ་མང་པོ་དང་། །བླ་མ་གཉན་རས་ཀྱིས་བསྡུས་པ་སོགས་གོང་སྒྲིགས་ཉིད་ཀྱི་གསུང་དཔང་དུ་བྱས་ནས་མཁའ་སྤྱོད་པས་མཛད་པ་ལས་དད་རྟེན་དུ། །ཨ་རཱ་གས་བསྡུས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཀརྨ་པཀྵི་རྣམ་ཐར།next