Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
རང་བྱུང་རྡོ་རྗེའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་བྱུང་རྡོ་རྗེའི་རྣམ་ཐར།next

རང་བྱུང་རྡོ་རྗེའི་རྣམ་ཐར།


CMR004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། ཞྭ་ནག་གསུམ་པ་རང་བྱུང་རྡོ་རྗེ་ནི། །ཀླུ་སྒྲུབ་སློབ་མ་པྲཛྙཱ་ཨ་ལང་ཀ །མཚོ་སྐྱེས་རྗེས་འཇུག་ཀ་མ་ལ་དྷེ་བུ། །དྷརྨ་བྷོ་དྷི་རྒྱུ་བ་མཆོག་དབྱངས་དང་། །རིན་ཆེན་གསལ་སོགས་གྱུར་དྲན་ཆུང་དུས་སྨྲས། །སྟོད་ལུང་འཕར་ཚང་རྣམ་ཤེས་གྲོང་འཇུག་མཛད། །བདེ་མཆོག་དབང་བསྐུར་མཁའ་འགྲོས་ཤིས་པ་བརྗོད། །འཇའ་ཚོན་ལམ་ནས་རིན་ཆེན་ཤེལ་གྱི་ཁང་པར་ཞུགས། །པཀིས་ཞལ་ནས་ལ་སྟོད་དཔལ་ཐང་དུ། །མི་ལས་བདུད་རྩི་བསྣམས་ནས་སྤྲུལ་འགྱེད་མཐོང་། །དེ་ནི་ཕྱི་མའི་ཕྲིན་ལས་བརྡའ་རུ་གོ །ཞེས་གསུངས་རྗེས་མཐུན་ལ་སྟོད་ཕྱོགས་སུ་འཁྲུངས། །ཚིག་བརྗོད་ཤེས་ཀྱང་མ་བརྗེད་རང་གར་གནས། །ལོ་ལྔ་བར་དུ་བྱིས་པའི་ཚུལ་བྱས་ཀྱང་། །སྣང་བ་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་། །ཡབ་དང་སྔགས་འཆང་དངོས་ནག་དབུ་རྩེ་བ། །ཨོ་རྒྱན་པ་དང་གུག་ལྡན་ཤེས་རབ་དང་། །གཉེན་རས་པ་སོགས་ཡོང་འཛིན་དུ་མ་བསྟེན། །ཡི་གེ་འབྲི་འདོན་ཆོས་ཀུན་མ་བསླབས་ཤེས། །ཨོ་རྒྱན་པ་ལ་བདེ་མཆོག་དངོས་སུ་མཐོང་། །དག་སྣང་རྒོད་ཚང་བ་སྐྱེས་ཀཾ་སྦྱར་བསྟེན། །མ་མགོན་སྔགས་བདག་ས་ར་ཧ་པ་དང་། །རྟ་མགྲིན་དཔལ་ལྡན་ལྷ་


CMR004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དཔོན་གཡོག་དང་། །བི་མ་མི་ཏྲ་འཇམ་དཔལ་བཤེས་གཉེན་དང་། །དུས་མཁྱེན་པད་འབྱུང་ལ་སོགས་གསལ་བར་གཟིགས། །ལུང་བསྟན་གདམས་པའང་རྗེས་སུ་བསྟན་པར་གྱུར། །དབོན་གནས་གྲུབ་ཆུ་སྨོན་པ་བཞིན་དུ་འགྲུབ། །ཡལ་ག་གང་བཙུགས་ཤིང་ལ་ལོ་འདབ་རྒྱས། །ལྷ་སྟེང་ནག་ལ་མེ་ཆེན་མཆེད་པའི་ཚེ། །དུད་སྡང་འབྲུག་དང་ཆུ་བྱུང་མེ་བསུར་ཞི། །གྱི་མི་ཤན་དུ་ས་གཡོས་བྱུང་བའི་ཚེ། །གསོལ་བ་བཏབ་པས་བུ་སློབ་ཉེས་མེད་གྱུར། །ཤིན་ཏུ་བསྒྲོད་དཀའི་འཕྲང་ལ་འོང་བའི་ཚེ། །གཙང་པོའི་གཞུང་དུ་བྱེ་མའི་ལམ་བྱས་འོང་། །གྲགས་ཡུལ་རྡོ་རྗེ་དཔལ་བརྩེགས་མཁར་ནག་དང་། །ཐང་ལྷ་ལ་སོགས་གུས་བཏུད་བསུ་བ་བྱས། །བྱང་ཕྱོགས་འཇིག་རྟེན་མང་པོ་འདས་པ་ན། །འཇམ་དཔལ་སངས་རྒྱས་མཛད་པ་སྟོན་པ་གཟིགས། །རེ་ཞིག་མངོན་དགར་མི་འཁྲུགས་སྲས་བཅས་གསལ། །འོད་གསལ་གཞན་ལ་བསྟན་ཚེ་རང་ཉིད་ཀྱང་། །གཉིད་དང་མ་གཉིད་ཁྱད་པར་མེད་པར་སྣང་། །མི་མིན་སྟོབས་ལྡན་ཤ་ཁྲག་སྲེད་པ་རྣམས། །བསྟན་ལ་གུས་ཤིང་ཕན་པར་དམ་བཅའ་བྱས། །མེ་ཉག་རྒོར་ཕེབས་ནམ་མཁར་འཇའ་ཚོན་འཁྲིགས། །ཤར་ཕྱོགས་རྒྱ་


CMR004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་བར་དུ་ཡུན་རིང་གསལ། །རེ་ཞིག་ཕུང་ཁམས་གསང་འདུས་ལྷ་ཚོགས་སུ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུང་བཞིན་སྣང་། །ནང་གི་རླུང་དང་ཕྱི་རོལ་གཟའ་སྐར་ཀུན། །གསལ་བར་སྣང་བས་རྩིས་ཀུན་མཐུན་པར་གྱུར། །བཅུ་ཡི་ཕྱེད་ཡོལ་ནམ་མཁར་རྩ་གསུམ་བྱོན། །ཕྱག་མཆོད་ཀླུ་རུ་དཀྲོལ་ཞིང་སྔགས་དབྱངས་མཛད། །རྣལ་འབྱོར་ང་ནི་ཞིང་ཁམས་གཞན་དུ་འགྲོ། །ཁྱེད་རྣམས་ཆོས་ལ་བརྩོན་པར་གྱིས་ཤིག་གསུངས། །རྟེན་འབྲེལ་དབང་གིས་ང་གཉིས་སྐབས་སུ་གཤེགས། །ནུབ་ཕྱོགས་བོད་ཡུལ་དགའ་ལྡན་བཞུགས་པ་དང་། །བཅོ་ལྔའི་ཟླ་སྟེང་སྐུ་ལུས་གསལ་བར་བསྟན། །འཇའ་ཚོན་འཁྲིགས་ཤིང་མེ་ཏོག་ཆར་ཆེན་བབ། །བདེ་མཆོག་ཕག་མོ་ཐུགས་རྗེ་ཆེན་པོའི་སྐུ། །ཐུགས་ལྗགས་རིང་བསྲེལ་སྣ་ལྔ་མང་དུ་བྱོན། །རྒྱལ་བ་གཉིས་པ་ཁྱེད་ལ་གསོལ་བ་འདེབས། །རྣམ་ཐར་བར་དོ་མ་སོགས་མང་ན་ཡང་། བཞི་བཅུ་ཡན་གྱི་རྣམ་ཐར་ཉིད་ཀྱིས་བདེ་ཆེན་དུ་མཛད་པ་དང་ཕྱིས་རྒྱ་ཡུལ་དུ་མཛད་པ། འདས་དུས་རྣམ་ཐར་མཁན་ཆེན་ཀུན་དགའ་འོད་ཟེར་བས་མཛད་པ་རྣམས་ལྷན་ཅིག་ཏུ་བྱས་ནས་དད་རྟེན་དུ། ཨ་རཱ་གས་བསྡུས་པའོ། །མངྒ་ལཾ།། །།


previousརང་བྱུང་རྡོ་རྗེའི་རྣམ་ཐར།next