Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ཆོས་ཀྱི་གྲགས་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་ཀྱི་གྲགས་པའི་རྣམ་ཐར།next

ཆོས་ཀྱི་གྲགས་པའི་རྣམ་ཐར།


CMR004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་ཅོད་པཎ་འཛིན་པ་དང་པོ་ནི། །ཡེ་ཤེས་མཁའ་འགྲོའི་ལྷུམས་སུ་ཞུགས་ནས་འཁྲུངས། །དགུང་ལོ་ལྔ་ནས་སྒྲོལ་མ་རྟ་མགྲིན་སོགས། །གཟིགས་ཤིང་མངོན་པར་ཤེས་པ་ཐོགས་མེད་མངའ། །གཤིན་རྗེ་ཁ་ཐུན་བསྒྲུབས་པས་ནུས་པ་ཐོན། །གཏུམ་མོ་བསྒོམས་པས་དྲོད་སྐྱེས་རས་ཀྱང་མཛད། །ཁེར་ཅན་ཞལ་གཟིགས་དབུས་སུ་སོང་ཞིག་གསུངས། །དབུས་གཙང་ཕར་ཕྱིན་མཁས་པའི་གྲུབ་པ་ཐོབ། །རང་བྱུང་རྡོ་རྗེའི་དྲུང་དུ་བྱོན་པའི་ཚེ། །མདང་འདིར་བེར་ནག་ཅན་ཉིད་བསླེབས་བྱུང་བས། །ཁྱོད་ལ་ཆོས་སྐྱོང་འཁོར་བར་འདུག་ཅེས་གསུངས། །རྨི་ལམ་སྦྱངས་བས་སྟོད་ཧོར་དམག་དཔུང་རྣམས། །མཚོ་ལ་མ་ཕེད་ཕར་ལ་ལོགས་སོང་གཟིགས། །ལོ་གསུམ་ལ་ཕྱིའི་རྫོང་དྲུག་སོགས་སུ་བསྒྲུབས། །སླར་ཡང་བོད་ཅན་ཉིད་དུ་ལོ་ལྔ་བསྒྲུབས། །རང་བྱུང་ཞལ་ནས་རང་རེར་མཐུ་མཁན་འདུག །སོ་སོར་སྐུ་རིམ་མཛོད་གསུངས་དེ་ལྟར་མཛད། །རྗེ་འདིའི་གཤིན་རྗེའི་ཟློག་པ་ཟླ་གཅིག་མཛད། །འོད་གསལ་ངང་དུ་གཟིགས་པས་སྔགས་དགོན་གཅིག །མོན་བུ་མང་པོ་ཀུ་ལྷང་ལྷང་འདུག་གསུངས། །ལྟ་མཁན་བཏང་བས་དམར་ནད་བྱུང་ནས་ཀྱང་། །


CMR004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་དེ་རྣམས་ཤི་བར་འདུག་གོ་སྐད། །རྗེ་བཙུན་མ་ཡི་བསྒྲུབ་པ་མཛད་པའི་ཚེ། །ཆང་ཕུད་དྲི་རོ་ནུས་ལྡན་གང་བུར་གྱུར། །གཏོར་མར་མར་གྱིས་རྒྱན་རྣམས་རང་རྡོལ་བྱུང་། ནུབ་གཅིག་སངས་རྒྱས་ས་ལྔའི་ཞིང་སྦྱངས་དང་། །ཉེར་བཞིའི་ཡུལ་གྱི་བཀོད་པ་རྣལ་ལམ་གཟིགས། །ལེགས་ཉེས་ཐམས་ཅད་ཆོས་སྐྱོང་བརྡའ་ཡི་སྟོན། །གང་འདོད་དོན་རྣམས་སྒྲོལ་མར་དངོས་རྨིས་ཞུ། །ཁྱུང་དང་རྟ་མགྲིན་དུ་སྤྲུལ་གདུག་པ་བཏུལ། །བར་དོའི་རྣམ་པར་ཤེས་པ་གསལ་བར་གཟིགས། །གཞན་སེམས་ཤེས་པའི་གདུལ་བྱའི་ལོག་རྟོག་ཟློག །རང་བྱུང་རྡོ་རྗེས་རྒྱ་ནག་ཕོ་བྲང་ནས། །བཀའ་ཤོག་ཞྭ་དམར་ལ་སོགས་གནང་བ་བསླེབས། །ཅུང་ཟད་བསྙུང་ཚེ་ལྷན་ཅིག་སྐྱེས་མ་ནི། །གྲལ་རིམ་བཞུགས་པའི་བར་བར་བུ་མོ་ནི། །རྒྱན་ཆ་བཟང་བས་ཤོན་རྩི་གཟིགས་པས་དང་། །ཁོ་བོས་བར་དོར་ཆོས་ཉིད་ཐོས་པར་འདུག །ལུས་འདི་གོས་དམར་རུས་རྒྱན་གྱིས་གཡོགས་པ། །དངུལ་གྱི་མཆོད་རྟེན་དཀར་པོ་གྱིས་ལ་ཞོག །འབྲེལ་ཚད་ངན་སོང་མེད་གསུངས་བཅུ་དགུར་གཤེགས། །གདུང་འདབ་ཉིན་པར་ནམ་མཁའ་དྭངས་བ་དང་། །འཇའ་ཚོན་ཁ་དོག་སྣ་ལྔ་ཡོད་པའི་ནང་། །མེ་ཏོག་འདབ་མ་


CMR004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་བརྒྱད་པ་སོགས། །ཁ་དོག་སྣ་ཚོགས་བབ་པ་ཀུན་གྱིས་མཐོང་། །སྐུ་འབུམ་རབ་གསལ་བྱས་དུས་དག་པ་འགས། །ཉིད་ལ་ཌ་མ་རུ་སྒྲ་གྲག་པ་ཐོས། །མཁའ་ལ་འོད་བྱུང་སྐུ་འབུམ་ཐིམ་པ་སོགས། །མེ་ཏོག་ཆར་བབ་སྟག་ལུང་དུ་ཡང་བབ། །དར་རྒྱལ་བ་སོགས་སློབ་མ་མང་དུ་བྱོན། །གྲགས་པ་སེང་གེའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཆོས་ཀྱི་གྲགས་པའི་རྣམ་ཐར།next