Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
རོལ་པའི་རྡོ་རྗེའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརོལ་པའི་རྡོ་རྗེའི་རྣམ་ཐར།next

རོལ་པའི་རྡོ་རྗེའི་རྣམ་ཐར།


CMR004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། །ཞྭ་ནག་བཞི་པ་རོལ་པའི་རྡོ་རྗེ་ནི། །ཡུལ་ནི་ཨ་ལ་གངས་ཆེན་གནམ་རྫོང་དུ། །གདོང་གི་རིགས་སུ་འཁྲུངས་མ་ཐག་ཏུ་ནི། །གསལ་བྱེད་རྣམས་དང་ཡི་གེ་དྲུག་པ་གསུངས། །སྔོན་ཚེ་རང་བྱུང་རྒྱལ་བ་འདའ་ཁའི་ཚེ། །ཏ་ཡི་གུག་བྲིས་ནན་དུ་ཞུས་པའི་ངོར། །ཁོ་བོ་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་སུ། །འོང་བས་ཁྱོད་རང་འདུན་པ་དེར་གཏོད་གསུངས། །རྗེས་སུ་མཐུན་པར་དགུང་ལོ་གསུམ་པ་ལ། །ཀོང་པོར་བྱོན་ཚེ་ཡུམ་ལ་འདི་སྐད་གསུངས། །ང་ནི་ཀརྨ་པཀྵིའི་སྐྱེ་བ་ཡིན། །འཛམ་གླིང་གདུལ་བྱ་འདུལ་ཕྱིར་འོང་ངོ་གསུངས། །ང་ནི་ཀརྨ་པཀྵིའི་སྐྱེ་བ་སྟེ། །ང་ཡི་ཞལ་མཐོང་ངན་སོང་མི་ལྟུང་གསུངས། །ཡིན་མིན་བརྟག་ཕྱིར་དོམ་གྱི་མདུན་བསྐྱུར་ཚེ། །དད་པའི་རྣམ་འགྱུར་ཞབས་ལ་ལྡག་ཅིང་སོང་། །ལྷ་ཁོང་རྒྱ་མཐོང་བྱ་རྒྱའི་སྟེང་དུ་བྱོན། །མགོན་རྒྱལ་བ་དང་དོན་གྲུབ་དཔལ་དང་ནི། །གཡུང་སྟོན་སོགས་ལ་གདམས་ངག་དུ་མ་གསན། །སྔོན་དུས་རྣམ་ཐོས་ཚལ་དུ་རང་བྱུང་གིས། །ཤུག་པའི་ཡལ་ག་སྐམ་པོ་གཅིག་བཙུགས་ནས། །འདི་དང་ཆོས་ཁྲིའི་རྒྱབ་ཡོལ་མཉམ་པའི་ཚེ། །རང་རེ་འདི་རུ་སླེབས་ཡོངས་གསུངས་པ་དང་། །རྗེས་


CMR004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྣམ་ཐོས་བཞུགས་ཁྲི་དེ་ལ་བཞུགས། །འོ་ཐང་རྒྱབ་ཏུ་གོང་མའི་བཞུགས་ཁྲི་ལ། །བཞུགས་ཚེ་བཞུགས་ཁྲི་རབ་གཡོས་ཁྲོམ་ཀུན་མཐོང་། །གོང་མས་ཞོ་ཁ་ཐང་འདིར་ལྷ་ཁང་གཅིག །འོང་བས་དེ་ཡི་རབ་གནས་རང་རེས་བྱེད། །ཅེས་གསུངས་ལྟར་དུ་ལྷ་ཁང་རབ་གནས་མཛད། །སྐུ་ཡི་ཕྱོགས་བཞི་གླེགས་བམ་མི་འདྲ་བཞི། །དུས་གཅིག་གཟིགས་པས་ཚིག་དོན་ལྷག་མེད་ཟིན། །རྨི་ལམ་གླེགས་བམ་གཟིགས་པས་ཚིག་དོན་ཟིན། །དེ་ལྟའི་རིམ་པས་རིག་གནས་ཐམས་ཅད་མཁྱེན། །མཁའ་འགྲོ་སྡེ་ལྔ་འཇམ་དཔལ་ཕག་མོ་དཀར། །སྤྱན་རས་གཟིགས་དང་དུས་གསུམ་མཁྱེན་པ་དང་། །འཇམ་དཔལ་དཀར་པོ་བྱམས་པ་ཡུམ་ཆེན་མོ། །ཀུ་རུ་ཀུལླེ་སྟོན་པ་ཤཱཀྱ་ཐུབ། །སྒྲོལ་མ་ཕྱག་རྡོར་དབྱངས་ཅན་ལྷ་མོ་སོགས། །དཔག་མེད་གཟིགས་ཤིང་བསྟོད་པའི་ཚོགས་རྣམས་མཛད། །ཉིན་གཅིག་འབྱུང་པོ་ཨ་ཙ་ར་ཡི་གཟུགས། །ལྔ་བརྒྱ་ཙམ་སྣང་དྲུང་ཉིད་བེར་ཆེན་བཞེངས། །གྲི་གུག་འོད་ཀྱིས་འཇིག་རྟེན་གསལ་བར་མཛད། །བདེ་བ་ཅན་གྱི་ཞིང་ཁམས་གསལ་བར་གཟིགས། །གཟིམ་ཆུང་ཆུང་ངུར་སྐུ་འཁོར་མང་པོ་དང་། །ཉུང་ངུ་བཞུགས་ལ་ཡང་དོག་མེད་པར་བསྟན། །རྒྱལ་


CMR004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཡུང་དང་མཇལ་བར་ཉེ་བའི་ཚེ། །གསར་རྙིང་ལྷ་ཚོགས་སྐར་ཚོགས་ཙམ་དུ་གཟིགས། །ཁོ་བོས་རྨི་ལམ་སྤྲུལ་བསྒྱུར་བྱེད་པའི་ཚེ། །ཕྱོགས་བཅུའི་ཕྱོགས་དེར་སྤྲུལ་པ་ཁྲི་འབུམ་གྱི། །ཞིང་ཁམས་ཁྲི་འབུམ་སྐད་ཅིག་ཡུད་ཀྱིས་ལྟ། །སེམས་ཅན་སྨིན་གྲོལ་བྱེད་ལ་ཚེགས་མེད་གསུངས། །རྨི་ལམ་དང་ནི་ཉམས་ཀྱི་སྣང་བ་ལ། །དགའ་ལྡན་ཨོ་རྒྱན་པོ་ཊ་ལ་སོགས་སུ། །བྱོན་ནས་བདུད་རྩི་གསོལ་བས་ལན་དུ་མར། །བསྙུང་ནད་གྲོལ་ཞིང་གཟི་བརྗིད་རྒྱས་པར་གྱུར། །རེ་ཞིག་རི་བོ་པོ་ཊ་ལར་བྱོན་པས། །འོག་ནས་རིམ་བཞིན་ཤེལ་དང་ར་གན་དང་། །གསེར་དང་མ་གད་བེཟླུར་ཁང་བརྩེགས་ནས། །དེ་དང་མདོག་མཐུན་འཕགས་པ་འཁོར་བཅས་མཇལ། །ཟབ་རྒྱས་ཆོས་ཐོས་ཕྱག་ཆེན་མངོན་དུ་གྱུར་། །ཤར་ཕྱོགས་དཔལ་གྱི་སྙིང་པོས་བརྒྱན་པ་ན། །རྒྱལ་བ་དཔལ་གྱི་སྙིང་པོས་ཆོས་སྟོན་གཟིགས། །བདག་གི་ཁོ་བོ་བསྡད་ན་དགའ་བསམ་སྟེ། །ཁོ་བོ་རྒྱལ་ཁམས་ཀུན་ཏུ་འགྲོ་དགོས་ཡིན། །ཁོ་བོ་གང་གི་མཐོང་དང་ཐོས་པ་ཀུན། །དགའ་ལྡན་བདེ་བ་ཅན་དུ་འདྲེན་ནོ་གསུངས། །རྒྱལ་བའི་རིང་བསྲེལ་དག་ལ་གུས་མཛད་ཚེ། །མེ་ཏོག་ཆར་རྒྱུན་བབ་པ་


CMR004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མཐོང་། །རྨ་ཆུ་གླིང་ཁུག་ཆོས་ཁྲིའི་རྩ་བ་རུ། །སྔོན་ཆད་སྐྱེ་མ་མྱོང་བའི་མེ་ཏོག་ནི། །རྩ་བ་གཅིག་ལ་སྡོང་བུ་བརྒྱད་ཡོད་པ། །སྡོང་བུ་རེ་ལ་མེ་ཏོག་བརྒྱ་བརྒྱ་རེ། །མེ་ཏོག་རེ་ལ་འདེབ་སེར་སྟོང་སྟོང་རེ། །ལྟེ་བར་ར་ག་གེ་སར་གསེར་མདོག་འཁྲུངས། །ཀོང་པོར་ཆུ་ཡི་གནོད་པས་ཉེན་པར་ལ། །ཕྱག་ནས་མཛད་པས་སླར་འདོག་གནོད་པ་བྲལ། །ཙཱ་རིར་རྒྱལ་བའི་མཆོད་རྟེན་རང་བྱོན་ཅན། །ཨ་མ་ར་དྷ་ཏི་སྒམ་པོ་ལྷ་རྗེ་ཞེས་པ་ཡི། །གནས་སྒོ་ཕྱེས་པས་ཀུན་གྱི་མཐུན་སྣང་དུ། །ནམ་མཁར་རྔ་སྒྲ་ས་གཞིར་དྲི་བཟང་ཁྱབ། །རང་བྱུང་རྒྱལ་བས་ཡུ་བོ་ཡོ་གང་དུ། །གནས་ཆེན་ཡོད་པ་འགྱེད་ཕྱིར་ང་རང་འོང་། །གསུངས་པ་ལྟར་དུ་རྐུང་ལུང་གནས་སྒོ་ཕྱེས། །ནད་ཡམས་བྱུང་ཚེ་ཁྱུང་དུ་སྤྲུལ་ནས་བཅོམ། །བཅོ་ལྔའི་མཚན་མོ་བསྐོར་བ་བཞི་གཉིས་མཛད། །རྒྱལ་བ་སྲས་བཅས་གཟིགས་ཤིང་མྱ་ངན་འདས། །འཇའ་འོད་ས་གཡོས་མེ་ཏོག་ཆར་པ་བབ། །ལ་ལས་འཇའ་འོད་དབུས་སུ་སེང་ཆིབས་གཤེགས། །ཉི་ཟླ་སྐར་མ་འོད་ཀྱི་སྟེང་བཞུགས་མཐོང་། །རོལ་པའི་རྡོ་རྗེས་རྟག་ཏུ་བདག་བྱིན་རློབས། །རྣམ་ཐར་ཉི་མའི་འོད་ཟེར་དང་། །མགུར་གསུང་སྒྲོས་གུའི་གུང་པའི་


CMR004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྒྲོས་ཞལ་ད་བྱས་ཏེ་མཁའ་སྤྱོད་པས་མཛད་པའི་དོན། །ཨ་རཱ་གས་བསྡུས་པའོ། །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརོལ་པའི་རྡོ་རྗེའི་རྣམ་ཐར།next