Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་སྤྱོད་དབང་པོའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་སྤྱོད་དབང་པོའི་རྣམ་ཐར།next

མཁའ་སྤྱོད་དབང་པོའི་རྣམ་ཐར།


CMR004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ་ནི། །བྱེ་ལུང་ན་ཁར་ལྷ་རྒྱལ་འབྲོག་མོར་བཙས། །དེ་མ་ཐག་ཏུ་མཁའ་འགྲོ་སུ་ཀ་སིདྡྷི་གཟིགས། །གནད་ཀྱི་མེ་ལོང་ཞེས་བྱ་གསུང་པར་མཛད། །སྤྱན་རིས་གཟིགས་ཀྱི་སྒོམ་བཟླས་བཟུང་མ་དགོས། །ཟླ་བདུན་ལོན་ཚེ་རང་བྱུང་རྒྱལ་བ་ཡི། །ཕྱག་ན་མེ་ཏོག་ཁ་མ་བྱེ་བ་བསྣམས། །མེ་ཏོག་རྣམ་པར་སྨིན་ཡང་ཁ་མ་བྱེ། །དལ་འབྱོར་སྙིང་པོ་ཐོབ་ཀྱང་སྟོབས་མ་རྒྱས། །རང་གི་ངོ་བོ་མཐོང་ཡང་ཐ་མལ་པ། །ད་ནི་རྟག་ཏུ་མཐོང་བ་བསྟན་བྱ་བུ། །གསུང་པ་མཐོང་བས་ལུས་འཕར་མཆི་མ་བྱུང་། །ཡབ་ཡུམ་སྐྲག་ཅིང་ངོ་མཚར་གྱུར། །ཡང་ནི་བླ་མས་སེ་གོལ་གསུམ་མཛད་མཐོང་། །སྐྱེ་བ་གསུམ་དྲན་གསུངས་པས་ཀུན་གྱིས་བཀུར། །ཟླ་ངོ་བཅུའི་ལོན་ཚེ་རོལ་པའི་རྗེ། །དེ་ཕྱོགས་ཕེབས་པར་རྒྱང་ནས་ཕྱག་འཚལ་ཞིང་། །སྔོན་དུ་གསུང་གི་ཚིགས་བཅད་དེ་ཡི་མཐར། །ཀྱེ་མ་ད་ནི་བྱིན་གྱིས་བརླབ་ཏུ་གསོལ། །བཤུམ་ཞིང་གསུངས་པས་དབུ་གདུགས་སྟེང་ཉིད་དུ། །དྲུང་ཉིད་འོད་ཟེར་འབར་བས་ཡུན་རིང་གཟིགས། །དུས་མཁྱེན་སྔོན་གནས་སྡིགས་མཛུབ་མཛད་གཟིགས་པས། །ནམ་མཁའ་འོད་ཀྱི་སྐྱེ་བ་ལ་སོགས་


CMR004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་། །དགུང་ལོ་གསུམ་ནས་སྐྱེ་བ་མང་པོ་ལ། །ཆོས་དང་མངོན་མཁྱེན་སྐྱེས་རབས་ལ་སོགས་གསུངས། །དགོངས་ལོ་དྲུག་པར་བྱེ་ལུང་ཆུ་འཕུར་བར། །དཔོན་སློབ་མང་པོ་ཆུ་དབུས་ལྷུང་བ་ན། །རྗེ་བཙུན་སྒྲོལ་མ་གཟིགས་པས་བདེ་བར་ཐར། །དགུང་ལོ་བདུན་པར་དགེ་སློང་ཚུལ་ཁྲིམས་ལ། །ནམ་མཁའ་འོད་ཀྱི་སྐྱེས་རབས་གསལ་བར་གསུངས། དགུང་ལོ་བདུན་པར་རོལ་པའི་རྡོ་རྗེ་མཇལ། །དབང་དང་གདམས་ངག་རྒྱ་མཚོ་ལྟ་བུ་གསན། །བླ་མས་ཞྭ་དམར་དབུ་ལ་བཅིངས་པའི་ཚེ། །དུས་མཁྱེན་ཌཱ་ཀི་བདུན་གྱི་བཀྲ་ཤིས་དང་། །གུར་གུང་མུ་ཏིག་བསྲེས་པའི་ཚར་འབེབས་གཟིགས། །ཌ་བི་པ་གཟིགས་མན་ངག་སོ་གསུམ་བསྟན། །བདེ་མཆོག་དབང་གསན་ཚེ་ན་དེ་ཉིད་ལ། །མི་འཁྲུགས་རྒྱལ་བའི་ཞིང་དང་བཅས་ཏེ་གཟིགས། །རྟ་མཆོག་གསེར་གྱི་རྡོ་རྗེ་ནམ་མཁར་བསོར། །བཞད་པའི་སྒྲ་ཡིས་ས་ཆེན་གཡོ་བ་གཟིགས། །པདྨ་མཁའ་འགྲོས་མཆོད་པའི་ཆོ་འཕྲུལ་གཟིགས། །སངས་རྒྱས་ཀུན་གཟིགས་ཞིང་དང་བཅས་པ་གཟིགས། །སྐུ་ན་གཞོན་ཚེ་ཕལ་ཆེར་སྐུ་མཚམས་བསྡམས། །ཙཱ་རི་ལ་ཆེན་བྲག་ཏུ་ལོ་གསུམ་བཞུགས། །རི་སྐད་ཕན་ཚུན་འཕུར་ནས་ཉི་


CMR004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདེ། །ཁྲག་གི་ལོག་ལ་ཞབས་རྗེས་གསལ་བར་བཞག །སྒོམ་ཆེན་གཙང་མ་སུམ་བརྒྱར་མི་ཉུང་བར། །ཁྲིད་རང་མཛད་པས་རྒྱང་གྲགས་གཉིས་ནས་གསུང་ཆོས་ཉན་ཀྱང་ཐོས། །གདུག་པའི་ལྷ་འདྲེ་མང་པོས་དགེ་བསྙེན་མཛད། །མ་འོངས་སྐྱེས་རབས་དུ་མ་ལུང་ཡང་བསྟན། །ང་དྲུག་པ་ལ་དགའ་ལྡན་མ་མོར་ཕེབས། །ཕྱག་དཔེ་ཐམས་ཅད་ཕྱག་ཐམ་མནན་མཛད་ཅིང་། །ཕྱོགས་འདིར་མྱུར་དུ་སླེབས་པར་འདུག་གསུངས་ནས། །ཆུ་ཉིལ་ཞེས་པར་ཞེ་དགུའི་ཉིན་པར་གཤེགས། །སྐུ་གདུང་དགའ་ལྡན་མ་མོར་གསེར་འབུམ་བཞུགས། །ལྷ་གཟིགས་རིན་ཆེན་རྒྱ་མཚན་ལ་སོགས་པ། །སློབ་མའི་ཚོགས་ཀྱང་མཁས་གྲུབ་དཔག་མེད་བྱོན། །དྲི་མ་མེད་དཔལ་ཡེ་ཤེས་ཞབས་ལ་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམཁའ་སྤྱོད་དབང་པོའི་རྣམ་ཐར།next