Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཐོང་བ་དོན་ལྡན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཐོང་བ་དོན་ལྡན།next

མཐོང་བ་དོན་ལྡན།


CMR004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྤྲུལ་སྐུ་ཆེན་པོ་མཐོང་བ་དོན་ལྡན་གྱི། །བྱང་ཕྱོགས་སྤྱི་ལྷ་ཞེས་བྱར་སྤྲུལ་སྐུ་འབྱོན། །ཞེས་གསུངས་ཚེས་བརྒྱད་ལ་གཤེགས་འོད་གསལ་བཞུགས། །གདུང་བཞུས་མཉམ་དུ་འོག་མིན་གནས་སུ་བྱོན། །རྡོ་རྗེ་འཆང་དང་ལོངས་སྐུ་དཔག་མེད་མཇལ། །དེ་བཞིན་ཞིང་ཁམས་ལྔ་རུ་རིགས་ལྔ་དང་། །དགའ་ལྡན་བྱམས་པ་ཨོ་རྒྱན་མཁའ་འགྲོ་སོགས། །མཇལ་ཞིང་ལུང་བསྟན་འགྲོ་དོན་གྱིས་ཞེས་བསྐུལ། །གྲགས་པ་དཔལ་དང་ལྷ་མོ་སྐྱིད་གཉིས་ཀྱི། །ལྷུམས་སུ་ཞུགས་ཚེ་ས་གཡོས་འཇའ་ཚོན་འཁྲིགས། །བདེ་དྲོད་འབོར་ཞིང་འོད་གསལ་རྩོལ་མེད་ཟིན། །ཡིག་དྲུག་དབྱངས་གསལ་གསུངས་པ་ཉེ་འཁོར་ཐོས། །རོལ་མོའི་སྒྲ་གྲག་དྲི་བཟང་ཕྱོགས་ཀུན་ཁྱབ། །རྗོད་ཀྱིས་སྤྱི་མདའ་མཁར་དུ་འཁྲུངས་པའི་ཚེ། །འཇའ་འོད་དྲི་བཟང་མེ་ཏོག་ཆར་རྒྱུན་བབ། །འབྲུག་སྒྲ་ལྟ་བུ་སྒྲ་ཆེན་ཡང་ཡང་གྲག །འཁྲུངས་མ་ཐག་ཏུ་ཨ་ལ་ལ་གསུང་བཞད། །སྐུ་ལ་མེ་ཏོག་རྣམ་པ་མང་པོ་དང་། །རྟག་པར་རྡོར་འཆང་ཐུགས་ཀར་རྩ་རིས་ཨཱ། །གསང་གནས་འཁོར་ལོ་ཆོས་འབྱུང་ཞབས་འཁོར་ལོ། །སྐུ་ལ་རང་བྱོན་དྲུག་པོ་གསལ་བར་སྣང་། །གསང་ཆབ་འོ་མ་བབ་ཅིང་དྲི་བཟང་


CMR004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་། །ཞག་བདུན་ལོན་ཚེ་སྔགས་ཚིག་མང་པོ་དང་། །དབྱངས་གསལ་ཡིག་དྲུག་ལ་སོགས་ཐོས་པར་གསུངས། །ཡབ་སྲས་གོང་མའི་དབུ་ཞྭ་ན་བཟའ་རྣམས། །ཕུལ་ཚེ་དོན་ལྡན་ཞབས་ཀྱི་དབུ་ཞྭ་བླངས། །ཏྲེ་ཡི་སྤྲུལ་སྐུ་ཞྭ་དམར་ཅོད་པན་ཅན། །ཡིན་ཞེས་ཉིད་ཀྱི་དྲུང་ནས་ངོས་འཛིན་མཛད། །ཟླ་ངོ་གཉིས་པར་ཆོས་ཁྲི་ཆེན་པོར་ཕེབས། །ཁྲོམ་ཚོགས་ཟིལ་གྱིས་གནོན་ཅིང་དད་པ་ཐོབ། །ཟླ་གསུམ་བཞེས་ཚེ་བཞེར་བླ་ཞེས་བྱ་ལ། །ང་ནི་ཀརྨའི་མིང་ཅན་ཏེ། །ང་ལྟའི་གང་ཞིག་དཀོན་པ་ཡིན། །ང་དང་འབྲེལ་པ་གང་ཡོད་པ། །ང་ཡིས་མི་བསླ་སྨོན་ལམ་ཡོད། །བཅུ་གསུམ་ཟླ་བ་མ་རྫོགས་བར། །ཚིག་འདི་གསང་ཆེན་རྒྱ་དང་ལྡན། །དེ་ནས་ཁོ་བོ་རྩོད་བྲལ་བའི། །རྟགས་རྣམས་རིམ་གྱིས་གསལ་བར་འགྱུར། །ཞེས་གསུངས་དེ་ཡིས་ཐེ་ཚོམ་གསལ་བར་མཛད། །སྣུམ་ཟད་མར་མེ་ཆུ་ནི་ཏིང་ཕོར་གང་། །ཕྱག་གིས་བླུག་པས་གསལ་ཞིང་ཡུན་རིང་འབར། །བཀྲ་ཤིས་ལྗོངས་དུ་རྟ་མགྲིན་རིགས་བསྡུས་ཀྱི། །ཞལ་གཟིགས་རྟ་མགྲིན་གླིང་གི་གནས་སྒོ་ཕྱེས། །བྱིན་ལེགས་གནས་སུ་མཁའ་འགྲོས་བདུད་རྩི་དྲངས། །ཟླ་གཅིག་ཚུན་གྱིས་འབུལ་བ་དངོས་མཚན་ཅན། །ཅི་འོང་


CMR004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཅིང་གསུང་པ་ཐོག་ཏུ་བབ། །བཀའ་བརྒྱུད་བླ་མ་པད་འབྱུང་ཌ་བྷི་པ། །ཀྱེ་རྡོར་སྒྲོལ་མ་མ་མགོན་ལ་སོགས་པ། །ཡི་དམ་ཆོས་སྐྱོང་ཞལ་གཟིགས་བགྲང་ལས་འདས་། །ཀརྨའི་གནོ་ལ་ཡི་གུག་ཤྲཱིའི་དྲུང་། །གཙུག་ཕུད་ཕུལ་ཞིང་དགེ་བསྙེན་སེམས་བསྐྱེད་མནོས། །དེ་ཚེ་འཇའ་འོད་མེ་ཏོག་ཆེར་ཆེར་བྱུང་། །འཇམ་དཔལ་བཟང་པོར་ཟབ་ཆོས་མང་གསན་ཞིང་། །སློབ་དཔོན་པདྨས་དངོས་སུ་དབང་ཡང་གནང་། །དགུང་ལོ་བཅུ་གཉིས་བཞེས་ཚེ་མཁན་པོ་ནི། །འཇམ་དཔལ་བཟང་དང་སློབ་དཔོན་གུག་ཤཱི་ལས། །རབ་བྱུང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་གསོལ། །གསོ་རེས་བླ་མ་ཀུན་དགའ་རྒྱལ་མཚན་གྱིས། །དྲུང་ཉིད་བདེ་མཆོག་ལུས་དཀྱིལ་ཇི་ལྟ་བར། །གསལ་བར་ཡུན་རིང་མཐོང་བས་དད་པ་སྐྱེས། །གནས་ནང་བྱོན་ཚེ་ནམ་མཁར་འཇའ་འོད་གང་། །ཐུབ་པ་པད་འབྱུང་བཀའ་བརྒྱུད་བླ་མ་གཟིགས། །སྒོམ་ཆེན་ཡེ་ཤེས་དཔལ་གྱིས་མཇལ་བའི་ཚེ། །འགྱུ་བ་དབྱིངས་སུ་དག་སྟེ་བརྟན་པ་ཐོབ། །ལྷ་ཁང་ཐག་རིང་ཕྱིས་ནས་ནས་འཐོར་བ། །བསྟན་གཙོ་བཅུ་གཅིག་ཞལ་སོགས་ཕྱག་ནས་བཟུང་། །སེངྒེ་དགོན་དུ་བཞུགས་ཚེ་གཟིམ་གུར་ལ། །འཇའ་ཡི་


CMR004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་མེ་ཏོག་ཆར་པ་བབ། །ཕུག་མོར་སློབ་དཔོན་བསོད་ཅེས་རྨི་ལམ་དུ། །མཇལ་བས་བྱིན་རླབས་ཞུགས་ཏེ་ངེས་ཤེས་སྐྱེས། །ནེ་བར་ལྷ་ཁང་ཕྱི་ནས་ནས་འཐོར་བ། །བསྟན་གཙོའི་གནས་གསུམ་ནས་འབྲུ་ཟུག་པ་ནི། །མཛོད་སྤུ་ནས་འབྲུ་ལ་ལ་མི་འཐོར་གྱུར། །མདོ་དར་རྩེ་རུ་ཕེབས་ཚེ་གཞི་བདག་ཐམས་ཅད་ཀྱིས། །བསུ་བ་དངོས་སུ་མཐོང་ཞིང་རོལ་མོ་གྲག །སློབ་དཔོན་བསོད་རྩེས་བསྟན་པའི་བདག་པོར་མཐོང་། །བླ་མ་ཚུལ་ཁྲིམས་ཞེས་བྱས་ཕག་མོའི་སྐུ། །རི་རབ་ཙམ་དང་ཤཱཀྱའི་རྒྱལ་པོར་མཐོང་། །དེ་ཕྱིན་ལྐོག་གྱུར་ཚོགས་དྲུག་ཡུལ་ཐམས་ཅད། །དྲན་ཙམ་ཉིད་ནས་དངོས་སུ་བྱོན་པ་ཡི། །ནུས་པའི་རྟོགས་པ་བཟང་པོར་ཐོབ་པར་གྱུར། །གར་སླེབས་ཀུན་ཏུ་འཁྲུག་ཆེན་དུ་མ་བསྡུམ། །དམག་ཇག་རྐུན་ཁྲིམས་ལོ་གྲངས་དུ་མར་ཕུལ། །ཤ་ཡུལ་གཞི་བདག་སྔོ་ཟི་དགེ་བསྙེན་དུ། །བཀོད་ནས་རྡོ་རྗེ་བོད་ཁམས་སྐྱོང་དུ་བཏགས། །ཀརྨ་བླ་མ་ཐུགས་རྗེ་འོད་ཟེར་གྱིས། །དྲུང་ཉིད་རྒྱལ་བ་རྒྱ་མཚོར་ཡུན་རིང་མཐོང་། །ཉག་བྲེ་དབོན་པོས་འཇམ་པའི་དབྱངས་སུ་མཐོང་། །སངས་རྒྱས་གྲགས་ཀྱིས་རྟ་མགྲིན་ཉིད་དུ་མཐོང་། །བན་སྐྱེ་མང་པོས་སྤྱན་རས་གཟིགས་སུ་


CMR004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །སྣང་པོར་མཆོད་རྟེན་རབ་གནས་མཛད་པའི་ཚེ། །འཇའ་འོད་འཁྲུགས་དང་སེངྒེའི་དབྱིབས་སོགས་མཐོང་། །རྒྱ་ནག་རྒྱལ་པོས་ཞྭ་ནག་ལས་ཀ་དང་། །མུ་ཏིག་སྣམ་སྦྱར་གསེར་དངུལ་གོས་དར་བསྐུར། །ཆིབས་པ་ལྷུན་གྲུབ་འདས་པའི་སོ་ལ་ནི། །དུང་དཀར་བྱོན་ཞིང་མཆིན་པ་རུས་པ་རྣམས། །རིང་བསྲེལ་ཨཱཡིག་མང་བྱོན་འཇའ་འོད་འཁྲིགས། །སྨྲ་ཡི་རི་དྭགས་ཞེས་པར་བཞུགས་པའི་ཚེ། །དགུན་སྒང་མེ་ཏོག་སྡོང་བུ་གཅིག་ལ་ནི། །མེ་ཏོག་ཁ་བྱེ་བདུན་ཡོད་པ་རེ་ལའང་། །དེ་ལ་འདབ་མ་སྔོན་པོ་བཅུ་གསུམ་རེ། །ཡོད་པ་སྐྱེས་པས་ཀུན་གྱིས་ངོ་མཚར་སྐྱེས། །ལྷ་སྟེང་བཞུགས་ཚེ་རྩེ་བླ་སྒང་ཉིད་དུ། །རྟེན་གསུམ་གསོས་སར་ཕྱག་ནས་ཞུས་ནས་ནི། །དུས་ཚོད་བསྒྲིགས་ཏེ་ཁྲོམ་ཚོགས་འཚོགས་པ་ན། །ཉི་མ་ཤར་དྲོས་ཙམ་ལ་ཁྲོམ་གསེབ་ཏུ། །སྣ་ཚོགས་འབྲུ་ཡི་ཆར་བྱུང་རྟེན་ལའང་ཟུག །རེ་ནི་རྒྱལ་དགོན་ཞེས་བྱར་སྐྱེས་རབས་ཀྱིས། །དོན་བསྡུས་མཛད་ཚེ་མེ་ཏོག་ཆར་ཆེན་བྱུང་། གཙང་གཤིས་རྡོ་རྗེ་གྲོ་ལོད་གནས་སུ་ཕེབས། །དྲི་བཟང་ངེད་ཀྱིས་ཡུལ་ཁམས་ཁྱབ་པར་བྱུང་། །དབུས་སུ་བཏེག་སྟེ་འདམ་དུ་ཕེབས་པའི་ཚེ། །རྒྱལ་ཆེན་


CMR004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་བསུ་བ་བྱེད་པར་གཟིགས། །འདི་བཞུགས་ཡོར་དགོན་བཏབ་ཉིན་རྒྱུན་ཡིན་ཀྱང་། །འབྲུག་གི་སྒྲ་དང་མེ་ཏོག་ཆར་ཆེན་དང་། །ཆོས་གསུང་ཚེ་ན་ཆོས་སྒར་ནས་ཆར་བབ་། །ཇོ་མོ་གངས་དུ་ཕེབས་པར་དགོངས་པའི་ཚེ། །བསིལ་སྣར་ཇོ་མོ་གངས་དཀར་བསུ་བ་གཟིགས། །འབྲོང་བུ་དགོན་རྙིང་སྔགས་པའི་ཐང་སྐུ་ལ། །ཕྱག་ནས་མཛད་པས་ཕྱག་ནས་རིང་བསྲེལ་བྱུང་། །རྒྱ་མཚོའི་ལྷ་ཁང་ཕྱག་ནས་མཛད་པའི་ཚེ། །བར་སྣང་ཕྱག་ནས་ཟླ་བ་དུ་མར་ཆགས། །ཟམ་བུ་ལུང་དུ་སྔོན་ཆད་མ་མཐོང་བའི། །པད་འབྱུང་སྐུ་འདྲ་རང་བྱུང་གསལ་བར་བསྟན། །འབྲུག་པ་རྒྱལ་དབང་ཆོས་རྗེའི་སྐུ་སྐྱེ་ལ། །ཆོས་ཀྱི་གྲགས་པའི་མཚན་དང་ལས་ཀ་གནང་། །སོ་དང་འཆི་མེད་གྲུབ་པའི་སྐུ་སྐྱེ་མཆེད། །ངོས་འཛིན་མཛད་ནས་དྲུང་དུ་གཙུག་ཕུད་བཞེས། །བྲག་དཀར་ལྷ་ཆུའི་གནས་སྒོ་གསར་ཕྱེས་ཤིང་། །རྫུ་འཕྲུལ་ཞབས་རྗེས་བྲག་གི་ལོག་ལ་བཞག །ཀུན་གྱིས་མཐོང་བར་བྲག་ལ་ཕྱག་མཛུག་གིས་། །མ་རེག་ཙམ་དུ་ཡིག་འབྲུ་བྲིས་མཛད་པ། །གཟབ་པའི་ཡིག་དྲུག་འབུར་མ་གྱུར་གྱིས་བྱུང་། །གསལ་སྒང་བྲག་ཕུག་ཕྱག་ནས་ཞུས་པའི་ཚེ། །བྲག་ལ་ནས་འབྲུ་མང་དུ་ཐིམ་


CMR004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟུག །ཆིབས་པ་ཁྱུང་སྨྱུག་ཅེས་བྱ་ཤི་བ་ལ། །འཇའ་ཡི་གུར་གྱིས་མི་མཐོང་ཙམ་དུ་བཏུམ། །མེ་ཏོག་ཆར་འཚུབས་རིང་བསྲེལ་མང་དུ་བྱུང་། །རྡོ་རྗེ་གདན་གྱི་།སེངྒེའི་ཁྲི་གནོན་པ། །དཔལ་ལྡན་ཡིད་ཀྱི་ཤིང་རྟ་ཞེས་བྱ་དང་། །པཎ་ཆེན་སྒྲ་གཅན་ཟིན་ནི་གཞོན་ནུ་དང་། །མ་ག་དྷ་ཡི་རྒྱལ་པོས་སྤྱན་འདྲེན་གྱིས། །ཞུ་ཡིག་བྱང་ཆུབ་ཤིང་ལོ་ལ་སོགས་བྱུང་། །དེ་དག་ལེན་དང་རྡོ་རྗེ་གདན་མཆོད་བསྐུར། །དཔལ་གྱི་རི་ཡི་གྲུབ་ཆེན་རྣམས་ལ་ཡང་། །ཚོགས་འཁོར་རྒྱུ་དང་ཁྱབ་ཤོག་གནང་བར་མཛད། །རྒྱ་གར་ཤར་ཕྱོགས་དགེ་སློང་ནི་ས་ག་ར། །ཞལ་ལྟའི་ཆེད་དུ་སླེབས་པའང་དད་པ་ཐོབ། །པཎ་ཆེན་གཉིས་དང་རྒྱལ་པོར་ཁྱབ་ཤོག་གནང་། །རྒྱ་ནག་གོང་མ་གཤེགས་པའི་བསྔོ་བ་དང་། །ཕྱི་མ་ཁྲི་ལ་ཕེབས་པའི་བཀྲ་ཤིས་ཆེད། །འབུལ་ཞབས་ལུང་དང་སེར་པ་ཆོས་རྗེ་སོགས། །ཕོ་བྲང་ཆོས་རྗེ་ཀྱིས་ནི་འབུལ་བ་སླེབ། །ཆིབས་རག་ནམ་སྒྲིགས་འཇའ་ཚོན་མེ་ཏོག་ཆར། །ཟིང་པོར་འབུལ་ཆེན་བྱས་དུས་ཆར་པ་ནི། །སྦྲང་རྩིའི་ལྟ་བུ་མངར་བའི་རོ་ལྡན་བབ། །བླ་མ་ཀཐོག་འོད་ཟེར་རྒྱལ་མཚན་ལ། །སྤྱི་བོར་ངེད་རང་ཆོས་ཁྲིའི་རྒྱབ་ཉིད་དུ། །སྔ་སོར་ཕྱག་


CMR004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བཙུགས་པ་སྐྱེས་པའི་ཤིང་། །རྩ་བ་གཅིག་ལ་འབྲས་བུས་མི་གཅིག་པ། །གསུམ་དུ་སྨིན་པ་ཡོད་ཅེས་གསུངས་པས་རྙེད། །ཀོང་པོར་བཞུགས་ཚེ་མར་ཁུ་ཐང་ཉིད་དུ། །མཁར་ལས་ཟིན་པར་དུས་བསྒྲིག་ཁྲོམ་བསགས་པས། །ཕྱག་ནས་ཁྲོམ་གྱིས་མཐོང་བར་ཆར་པར་བབ། །གང་ཕྲེང་གནས་ནས་ཚེ་ཆུ་ཚེ་རིལ་བཏོན། །རྣམ་ཐོས་རི་བོའི་གནས་ནས་བཏེགས་པའི་ཚེ། །ཀོང་བཙུན་དེ་མོ་སོགས་ཀྱི་སྐྱེལ་བར་གཟིགས། །མཐུན་སྣང་འཇའ་སྤྲིན་གཞི་བདག་རྣམས་ཀྱིས་ནི། །རྟ་དང་སེངྒེ་འབྲུག་སོགས་ཞོན་པའི་གཟུགས། །མང་དུ་དྲུང་གིས་ཐེག་ཕྱོགས་འགྲོ་བར་སྣང་། །སེར་འབྲས་ལ་སོགས་སྐྱི་ཤོད་དགེ་འདུན་གྱིས། །བསྡུས་ཚེ་མེ་ཏོག་ལྔ་ལྡན་ཆར། །འཇའ་ཚོན་འཁྲིགས་པས་ཀུན་གྱིས་ཆོས་འབྲེལ་ཞུས། །བསྙུག་ལའི་མཁར་ལ་ཕྱག་ནས་ཞུས་པ་ན། །སྒོ་རྣམས་ལེགས་པར་བསྡམས་ལ་ཞོག་གསུངས་ནས། །གཞུང་སྙེའི་ལ་ནས་ལན་འགའ་ཕྱག་ནས་མཛད། །སྒོ་ཕྱེས་བལྟས་ཚེ་སྟེང་ཤོད་ནས་ཀྱིས་གང་། །ནས་གང་དུ་བཏབ་འཕེལ་བས་ཆེར་དད་ནས། །ཀརྨ་གྲྭ་ཚང་ཕོག་རྒྱུན་འབུལ་བར་བྱས། །རིན་སྤུང་ཕེབས་ཚེ་ཁྲི་ཕྲག་གཉིས་གསུམ་གྱིས། །སེར་ཕྲེང་མཛད་ཚེ་


CMR004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་བླ་བྲེའི་དབྱིབས། །མེ་ཏོག་ཆར་གྱིས་བར་སྣང་ཐམས་ཅད་གཡོགས། །མཁས་ཀྱང་ང་རྒྱལ་བཅོམ་ནས་བ་སྤུ་ལྡང་། །པཎ་ཆེན་གསེར་མདོག་ཅན་པས་སྤྱི་བོར་བཀུར། །ཚད་མའི་གཞུང་ཙམ་དྲུང་དུ་མི་བཞུགས་ཤིང་། །ཕྱག་དཔེ་གཟིགས་སོགས་གཏན་ནས་མི་མཛད་པར། །ཚད་མའི་འགྲེལ་ཆེན་ཐུགས་ནས་ཤོད་ཅིང་བརྩམས། །ཕར་ཕྱིན་འགྲེལ་ཆེན་འཇིག་རྟེན་སྒྲོན་གསུམ་མཛད། །སྤྱིར་ཡང་དྲུང་ཉིད་གར་བཞུགས་གནས་ཉིད་དུ། །འཇའ་དང་མེ་ཏོག་ཆར་རྒྱུན་རྟག་ཏུ་འབྱུང་། །གར་ཕེབས་ལོ་ལེགས་ནད་ཡམས་ཐམས་ཅད་ཆད། །ལུང་སྟོང་རྣམས་སུའང་ཁྲོམ་ཚོགས་ཁྲི་ཕྲག་འདུ། །ཉིན་མོ་མི་ཡི་བསྐོར་བའི་བསྐོར་ལམ་ལས། །མཚན་མོ་ལྷ་འདྲེའི་བསྐོར་ལམ་བྱང་ཕུལ་ཆེ། །ཞལ་མཛོ་གཟིམ་ཁྱི་གཟིམ་དྲེལ་སུ་ཤི་བ། །ཐམས་ཅད་འཇའ་ཚོན་མེ་ཏོག་རིང་བསྲེལ་བྱུང་། །སྒར་དཔོན་རྣམས་ཀྱང་ཚོང་སོགས་གསོག་འཇོག་སྤངས། །ནང་དོན་རྒྱུད་གསུམ་བཤད་པ་མཁྱེན་པ་དང་། །མཁའ་འགྲོ་རྒྱ་མཚོ་རྡོར་དབྱིངས་ལ་སོགས་པའི། །དཀྱིལ་འཁོར་ཆེ་ཆུང་གར་དབྱངས་གཅིག་རྐྱང་ཕེར། །ཆོས་དྲུག་གཅོད་སོགས་ཐུགས་དམ་བཟང་པོ་མངའ། །བུ་ཚ་


CMR004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཡན་ཡིག་བཅུ་ཕག་མོ་དང་། །རྟ་མགྲིན་མགོན་པོ་ལ་སོགས་སྔགས་ཐུང་ལ། །རབ་ཀྱིས་དུང་བཞི་འབྲིང་གསུམ་ཐ་མའང་གཅིག །མ་ཐོན་ན་ནི་མི་གྲལ་མི་འཇོག་སོགས། །ལུགས་གཉིས་རྣམ་བཞག་ངོ་མཚར་བསམ་མི་ཁྱབ། །རྣམ་ཐོས་རི་བོར་ལོ་གསུམ་མཚམས་བསྡམས་ནས། །སྐུ་ཚེ་རིང་ཞིང་བསྟན་ལ་ཕན་གསུངས་ནས། །བང་སྒྲོམ་ཞིག་མཛད་སྐུ་མཚམས་མཛད་པ་ན། །ཕྱིར་ལོ་ང་གཉིས་གླང་ལོའི་ལོ་མཇུག་ཏུ། །མཇལ་དགོས་ཞུས་ཤིང་ཞུ་བ་ནན་བསྐྱེད་པས། །ཁྱེད་ཚོ་བ་ལ་འོ་མ་མི་བཞོ་བར། །བ་བསད་པ་ཡི་ཤ་ཟ་གདའ་འམ་གསུངས། །ཧ་ཅང་ནན་ཞུ་ཆེ་བས་བཅུ་བཞིའི་ཉིན། །མུ་ཏིག་རྒྱན་དང་ལོངས་སྐུའི་ཆ་ལུགས་ཀྱིས། །ཁྲོམ་ལ་ཞལ་བསྟན་འདི་ནི་ལོངས་སྐུ་ཡིན། །ཁོ་བོའི་སྤྲུལ་སྐུ་བསྡུས་ནི་ཚར་རོ་གསུངས། །ཐོ་རངས་ཞལ་ཆེམས་གསོལ་ཅོག་སྟེང་དུ་བཞག །ཞི་བར་གཤེགས་ཚེ་འཇའ་དང་མེ་ཏོག་ཆར། །སྔར་བས་མང་ཞིང་གསར་པ་དུ་མ་བྱུང་། །བཞུས་ཚེ་རིང་བསྲེལ་སྲན་རྡོག་ཙམ་པ་ལ། །ཁ་དོག་སྣ་ཚོགས་ཡོད་པ་མང་པོ་དང་། །སྒལ་ཚིགས་རྩིབ་མར་འབྲེལ་བའི་བཅུ་གཅིག་ཞལ། །རྒྱན་རྣམས་རིང་བསྲེལ་ལས་གྲུབ་གསལ་བར་བྱོན། །


CMR004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྷ་སྒང་དུ་གསེར་གདུང་ནང་དུ་བཞུགས། །སློབ་མ་སྤྱན་སྔ་རྒྱལ་ཚབ་སྤྲུལ་པའི་སྐུ། །འབྲུག་པ་ཆོས་གྲགས་བྱམས་ཆེན་སྐུ་སྐྱེ་དང་། །བྱ་ཡི་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་བ། །སྐྱ་སེར་ཆུ་འཕུར་སངས་རྒྱས་མཉེན་པ་དང་། །ཤཱཀྱ་མཆོག་ལྡན་སྨྱུག་ལ་པཎ་ཆེན་སོགས། །ཀརྨ་ཕྲིན་ལས་དྭགས་པོ་རབ་འབྱམས་པ། །དཔའ་བོ་ཆོས་དབང་གྲུབ་ཐོབ་ཚེམ་བུ་པ། །དེ་སོགས་ཉིད་ཀྱི་སྨིན་གྲོལ་དུ་མ་དང་། །ཆོས་འབྲེལ་ཐོབ་པ་འབྲི་གུང་ཞྭ་ར་བ། །སྟག་ལུང་ཀ་དྲུག་ལ་སོགས་མཁན་སློབ་རྣམས། །སེ་འབྲས་དགེ་གསུམ་བདེ་སྐྱོལ་ཟུར་གསུམ་གྱི། །བླ་མ་ཆོས་འཆད་སྔ་ཕྱི་དུ་མ་དང་། །རྡོ་རིང་ཀུན་སྤངས་ལ་སོགས་ས་སྐྱ་པ། །ས་སྤོམ་ཞྭ་དམར་འགོས་ལོ་ཆག་ལོ་དང་། །ལོ་ཆེན་བསོད་ནམས་རྒྱ་མཚོ་ཞྭ་ལུ་རྗེ། །གཙང་སྨོན་དབུས་སྨོན་འབྲུག་སྨྱོན་ཀུན་ལེགས་པ། །དེ་སོགས་སྐྱེས་ཆེན་བགྲང་ལས་འདས་པར་བྱོན། །སྐྱེས་བུ་དམ་པ་དེ་ལ་གུས་ཕྱག་འཚལ། །ཞེས་ཨ་རཱ་གས་སྦྱར་བའོ་།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམཐོང་བ་དོན་ལྡན།next