Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་དཔལ་ཡེ་ཤེས་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་དཔལ་ཡེ་ཤེས་རྣམ་ཐར།next

ཆོས་དཔལ་ཡེ་ཤེས་རྣམ་ཐར།


CMR004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །དཔལ་ལྡན་མཁའ་སྤྱོད་དབང་པོའི་ལུང་བསྟན་ལས། །ཕྱི་དུས་སྔགས་སྤྱོད་རྣལ་འབྱོར་ཀུན་ཏུ་རྒྱུ། །ཞེས་གསུངས་ལྟར་དུ་ཆོས་དཔལ་ཡེ་ཤེས་ནི། །ཉང་ཡུལ་ཁེ་མདར་བསམ་འགྲུབ་བལ་བཟའ་ཡི། །ལྷུམས་སུ་ཞུགས་ཚེ་རྨི་ལམ་ལྟས་བཟང་ཞིང་། །ལྷུམ་ནས་ཡིག་དྲུག་གསུང་པ་གཞན་གྱིས་ཐོས། །ཁང་པའི་ལོག་བཞི་འཇའ་ཚོན་ཀ་བ་དང་། །ལོགས་སུ་དར་ཕྱར་འདྲ་བ་ཡང་ཡང་བྱུང་། །བཅུ་བཞིའི་རྒྱལ་དང་འཛོམ་པའི་ཉི་ཤར་བལྟམས། །མཛེས་ཤིང་ཞབས་མཐིལ་ཧོར་ཡིག་རྒྱལ་གྱིས་མཚན། །ཟླ་ལྔ་ཙམ་ནས་ཀུན་ལ་བྱིན་རླབས་མཛད། །བྲག་གི་བྱ་སྐྱིབ་ཤིན་ཏུ་མཐོ་བའི་ས། །བྱ་རྒོད་ཚང་འདྲར་སྐད་ཅིག་བྱོན་ནས་བཞུགས། །དེ་མ་ཐག་ཏུ་གཟིམ་ཁང་བཞུགས་པ་དང་། །རྩིག་པར་ཐོགས་མེད་གཤེགས་པ་མང་དུ་བསྟན། །སྔོན་གནས་དྲན་དང་གཞན་སེམས་མང་མཁྱེན་གསུངས། །དགའ་ལྡན་མ་མོར་མཁའ་སྤྱོད་དབང་པོ་ཡི། །ཞལ་ཆེམས་ཤོག་དྲིལ་གཏེར་དུ་སྦས་པ་བཏོན། །མཁན་པོ་རྒྱལ་བའི་དབང་དང་སློབ་དཔོན་ནི། །མགོན་བློན་པ་ལས་རབ་བྱུང་དགེ་ཚུལ་བསྒྲུབས། །ཙཱ་རིར་ཚེ་དཔག་མེད་མགོན་སྒྲུབ་པའི་ཚེ། །དེ་ཉིད་ཞལ་


CMR004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལུང་བསྟན་ཐོབ་པ་དང་། །གནས་བསྟན་བསོད་ནམས་བཟང་པོར་བསྙེན་པར་རྫོགས། །རྡོ་བ་དཀོན་པར་རྡོ་ཡི་གཏེར་ཆེན་ཕྱུང་། །དགའ་ལྡན་མ་མོར་གཙུག་ལག་ཁང་ཆེན་བརྩེགས་། །བྱང་ཆུབ་རྒྱ་མཚོ་ཉིད་སྐུར་མཁྱེན་བཞིན་མཇལ། །ཕན་ཚུན་བཀའ་ཆོས་གསན་པའི་ཚུལ་དུ་མཛད། །མ་ར་སྟེང་དུ་ནོར་རྫས་མང་དུ་སྤུངས། །ཉིན་ལམ་བཅུ་གཉིས་བར་གྱི་འཁྲུགས་རྩོད་བསྡུམ། །རེ་རེ་ཙམ་གྱི་འགལ་བར་ཆོས་སྐྱོང་བསྐུལ། །དེ་ཚེ་གཙང་པོ་གྲམ་ལ་འགྱུར་བ་དང་། །དར་ནག་འཛིན་མཁན་མེད་པར་བགྲེང་བ་དང་། །ནད་ཡམས་དག་གིས་གྲོང་ཁྱེར་བརླགས་པ་སོགས། །ཆོ་འཕྲུལ་དཔག་ཏུ་མེད་པས་ཚར་བཅད་མཛད། །དྲག་ལས་མངའ་བརྙེས་ཆོས་སྐྱོང་བྲན་བཞིན་ཉན། །ལྷ་བཟོའི་རྗེས་འབྲངས་བགེགས་བསྐྲད་མཛད་པའི་ཚེ། །སྐད་ངན་འདོན་ཅིང་བྲོས་པ་མང་པོ་ཐོས། །གདོན་གྱིས་གནོད་རྣམས་གཟིགས་པ་ཙམ་གྱིས་ཞི། །ཀརྨར་ཀརྨ་པ་ཉིད་རབ་བསྲུང་ཚེ། །དྲུང་ཉིད་བྱོན་ནས་གདུག་པ་བཏུལ་བས་དྭངས། །བཞེད་དོན་འགྲུབ་ཅིང་སྙིགས་མའི་ངང་ཚུལ་ལ། །སྐྱོ་བའི་མགུར་གསུངས་ཞེ་བདུན་བཞེས་པའི་ཚེ། །ཡར་ཚེས་བཞི་ཡི་ནམ་མཁའ་གཡའ་


CMR004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ། །མེ་ཏོག་ཆར་པ་ལང་ལོང་བྱུང་བའི་ཚེ། །ཆོས་ཀྱི་རྗེ་དང་སྒྲོལ་མ་བྱོན་བྱུང་བས། །མཆོད་པ་ཤོམ་གསུངས་ཞལ་ད་གནང་ནས་གཤེགས། །གདུང་མཆོད་ཕུལ་ཚེ་ཌ་མ་རུ་ཡི་སྒྲ། །རྣམ་པ་མང་པོ་ཡང་ཡང་གྲག་པར་གྱུར། །སྐུ་གདུང་བྱང་ཆེན་མཆོད་རྟེན་ནང་དུ་བཞུགས། །ཆོས་རྗེ་ཡིད་བཟང་རྩེ་པ་ལ་སོགས་པའི།། །སློབ་མའི་ཚོགས་ཀྱང་མང་དུ་བྱོན་པར་གྱུར། །སྐྱེས་བུ་དམ་པ་དེ་ལ་སྐྱབས་སུ་མཆི། །ཞེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཆོས་དཔལ་ཡེ་ཤེས་རྣམ་ཐར།next