Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞྭ་དམར་བཞི་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞྭ་དམར་བཞི་པའི་རྣམ་ཐར།next

ཞྭ་དམར་བཞི་པའི་རྣམ་ཐར།


CMR004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་མར་ཅོད་པན་འཛིན་པ་བཞི་པ་ནི། །མཁའ་སྤྱོད་དབང་པོས་ཤར་ནས་ཤར་ཕྱོགས་སུ། །སྐྱེ་བ་འཛིན་པས་འགྲོ་དོན་བྱེད་གསུངས་ལྟར། །ཀྲེ་ཤོད་ཡུལ་དུ་ལྷུམས་།སུ་ཞུགས་པའི་ཚ། །མི་མ་ཡིན་རྣམས་ཏྲེ་ཡི་ཁང་དམར་དུ། །ཀརྨ་པ་ཞེས་བྱོན་ཉིད་བསྒྲགས་པ་དང་། །ཡུལ་གྱི་སྐྱེ་བོ་མང་པོས་དགེ་མཚན་མཐོང་། །འཁྲུངས་མ་ཐག་ཏུ་ཀརྨ་པ་ཞེས་གསུངས། །ཟླ་བདུན་ལོན་ནས་ངོས་འཛིན་དུ་མ་མཛད། །ཁང་དམར་དགོན་པར་བྱོན་ཚེ་འཇའ་འོད་ཀྱིས། །བསུས་ཤིང་འཚོགས་པའི་དབུས་སུ་ཙོག་པུར་བཞུགས། །ཨ་ཐུང་ཁྲིད་དང་ཀརྨའི་གསུང་འབུམ་རྣམས། །ཚིག་མཚམས་ཕྱེད་དེ་གཞན་ལ་བསྟན་པ་དང་། །མངོན་མཁྱེན་མང་གསུངས་ཡི་དམ་དུ་མ་གཟིགས། །ལོ་ཐོག་ཐན་པ་སྲིན་བུས་འཚེ་བ་ལ། །བདེན་ཚིག་ཙམ་གྱིས་ཆར་བབ་གནོད་པ་ཞི། །ཚེམས་རྗེས་པ་ལས་རིང་བསྲེལ་སྔོན་པོར་བྱོན། །དགུང་ལོ་བཅུ་པར་ཤར་ཕྱོགས་བཏེག་པ་ན། །ཤཱཀ་ཐུབ་ཞལ་གཟིགས་གཞི་བདག་རྣམས་ཀྱིས་བསུས། །ཆུ་བོ་ཆེར་འབྲུབ་ལམ་བསྒྲོད་དཀའ་བའི་ཚེ། །གཏོར་མ་མཛད་པའི་མོད་ལ་ཞི་བར་གྱུར། །རེས་སུ་ནགས་ཚལ་མེ་མཆེད་ཉན་པ་ན། །མགོན་པོས་ཆུ་རྒྱུན་


CMR004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་གཟིགས་རང་སར་ཞི། །ཤ་བའི་ཆུ་ཡིས་བསུ་ཞིང་སྐྱེལ་བ་ནི། །ཡུལ་ལྷ་རྣམས་ཀྱིས་བསུ་སྐྱེལ་ཡིན་པར་གྲགས། །འབྲུག་གློག་སེར་བ་དྲག་པོ་བྱུང་བའི་ཚེ། །ཞིང་སྐྱོང་བྱོན་ནས་སྤྱན་འདྲེན་བྱེད་པར་གཟིགས། །དེ་མ་ཐག་ཏུ་གུག་ཤཱི་ཆེན་པོ་དང་། །སྔོན་གྱི་ཉེ་གནས་ལ་སོགས་ཀརྨ་པའི། །བཀའ་ཡིས་བསྐུལ་ཏེ་སྤྱན་འདྲེན་བྱོན་པས་མཇལ། །བོན་རྒྱལ་གཞི་བདག་དེ་ལ་ཆོས་གསུངས་ཤིང་། །གླང་ཐང་སྒྲོལ་མར་བཀའ་བརྒྱུད་བླ་མ་གཟིགས། །སྤྱི་བོར་ནད་ཡམས་བཀའ་ཤོག་གནང་བས་ཆད། །དགའ་ལྡན་མ་མོར་ཟླ་དྲུག་མཚམས་མཛད་ཚེ། །དཀོན་བརྩེགས་གསུང་ནི་ཆུང་དུས་ཀློག་པ་ཡང་། །རྒྱང་རིང་ཐོས་ཤིང་དེ་སྲིད་ལྷ་ཡི་རྔ། །སྒྲ་དང་མེ་ཏོག་ཆར་པ་བབ་པ་དང་། །རྨི་ལམ་རྣམས་སུ་ཞིང་ཁམས་དུ་མ་གཟིགས། །གྱམ་སྟེང་ཞེས་སར་རྡོ་རྗེ་ཕག་མོ་དང་། །དེ་མོ་ཐང་དུ་སྤྱན་རས་གཟིགས་དབང་གཟིགས། །དེ་མོ་ཐང་དུ་བཞུགས་ཁྲིའི་རྩ་བ་རུ། །སྔོན་མ་མཐོང་བའི་མེ་ཏོག་སྡོང་པོ་ལ། །འདབ་མ་འཇའ་ཡི་མདོག་ཅན་སྐྱེས་པར་སྣང་། །ཐིམ་ཡུལ་དུ་ནི་སློབ་དཔོན་པདྨ་གཟིགས། །བྱིན་ལེན་བཞུགས་ཚེ་མཁའ་འགྲོ་མ་བརྒྱད་ཀྱིས། །གླུ་གསན་རྡོ་རྗེ་ལུས་ཀྱི་


CMR004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་གཟིགས། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཞལ་གཟིགས་ཚེ། །གཞན་མ་ཙམ་གྱི་འཇའ་ཚོན་ཙམ་དུ་སྣང་། །མཚོ་དཀར་དབུས་སུ་ཤེལ་གྱི་མཆོད་རྟེན་།ནི། །ཡོད་པ་བཤད་ལྟར་དངོས་སུ་གཟིགས་པར་གྱུར། །རིན་ཕུག་བཞུགས་ཚེ་མཁའ་འགྲོ་སེང་གདོང་ཅན། །གསུམ་གྱིས་དྲི་བ་མཛད་པའི་ལན་ཀྱང་མཛད། །རི་བོ་ཨ་བ་དྷུ་ཏིའི་ཕྱོགས་བཞི་ནས། །ཆུ་དཀར་བཞི་འབབ་འདུག་པའི་དྲུང་དུ་བྱོན། །འོ་མ་ལྟར་གྱུར་ཐམས་ཅད་ངོ་མཚར་གྱུར། །སྔར་མ་གནས་ནང་སྔོན་ཆད་མ་གྲགས་པའི། །ཞལ་གཟིགས་གསར་དུ་བརྒྱ་ལྷག་གསལ་བར་མཛད། །པཎ་ཞྭ་ཕུག་དང་བྱིན་ལེགས་ལ་སོགས་སུ། །གཟིམས་ཆུང་ཆུང་ངུར་སྐྱེ་བོ་དཔག་མེད་རྣམས། །ཤང་བའི་རྫུ་འཕྲུལ་བསྟན་ཞིང་ཞབས་རྗེས་བཞག །སྔགས་བདག་གུས་ཤིང་བསྟོད་པ་གཞན་གྱིས་མཐོང་། །འཇའ་ཚོན་གླིང་དུ་དགྱེས་རྡོར་ཤིན་ཏུ་གསལ། །ཡུལ་གྱིས་མ་བསྒྲིབས་གཟིགས་ནས་གནས་སྒོ་ཕྱེས། །ཁྲི་ལ་བཞུགས་ནས་སྐྱེ་བོ་དཔག་མེད་ལ། །འཇམ་དབྱངས་བསྟོད་པ་གང་གི་བློ་གྲོས་མའི། །གླེགས་བུ་བསྣམས་ནས་དེ་ཡི་དོན་བཤད་དེ། །ཞལ་དུ་མེད་པ་རྨིས་ཤིང་སད་མ་ཐག །


CMR004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ཐུགས་ལ་འདུག་ཅིང་དེ་ཕྱིན་ཆད་། །གསུང་རབ་ཀུན་ལ་ལན་རེ་གཟིགས་པས་མཁྱེན། །དབྱངས་ཅན་ལྷ་མོས་པོ་ཏི་ཨ་རུ་ར། །གཏད་པ་རྨིས་པས་སྙན་ངག་རང་བྱུང་མཁྱེན། །འཇམ་དཔལ་བཟང་པོར་ནག་རྒྱལ་ཕག་གསུམ་སོགས། །དཀྱིལ་འཁོར་བརྒྱ་ཕྲག་མང་པོ་གསན་པར་མཛད། །དཀྱིལ་འཁོར་ཐིག་རྣམས་ཅུང་ཟད་གོ་དཀའི་ཚེ། །པཎ་ཆེན་ཨ་བྷྱ་ཀ་ར་དཀར་གསལ་སྐུ། །ངུར་སྨྲིག་མནབས་པ་མངོན་སུམ་ལྟ་བུ་རུ། །ཁྲིད་པ་རྨིས་ཚེ་ཇི་བཞིན་མཁྱེན་པར་གྱུར། །དངོས་ཉམས་རྨི་ལམ་རྒྱུད་སྡེའི་ལྷ་ཀུན་གྱིས། །བྱིན་གྱིས་བརླབས་པའི་སྣང་བ་གསལ་བར་གཟིགས། །སྔོན་ཚེ་བདེ་གཤེགས་དཀོན་མཆོག་ཡན་ལག་སོགས། །སྔོན་གནས་མང་དུ་དྲན་ཅིང་གསུངས་པར་མཛད། །སྒམ་པོར་ཕེབས་ཚེ་བྱ་རྒོད་མང་པོས་བསུས། །བཀའ་བརྒྱུད་བླ་མས་བྱིན་གྱིས་རླབས་པོར་གཟིགས། །དྭགས་པོའི་ཁྲིར་བཞུགས་ཆོས་བཞིར་གསུང་པའི་ཚེ། །མེ་ཏོག་ཆར་ཆེན་བབ་པས་ངོ་མཚར་གྱུར། །དགེ་བཤེས་ཆོས་གྲགས་བདུན་ཚིག་བྱང་བཞུས་མཛད། །ལྷ་རུ་སྐྱེས་པར་གཟིགས་ནས་གསུང་བར་མཛད། །གཤེགས་པར་མཛད་ཚེ་སྒམ་པོར་བཞུགས་པར་ཞུས། །མངོན་སུམ་ཚར་


CMR004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བབ་པས་ཐེག་ལམ་བཀག །དྭགས་པོའི་འཕེལ་གདུང་མཇལ་མ་ཐག་ཏུ་འཕེལ། །ཁམས་ཕྱོགས་ཡུལ་གྲུ་སོ་སོར་ཕེབས་པ་ན། །འཇའ་འོད་མེ་ཏོག་ཆར་དང་།ཐན་པ་སེལ། །མི་མ་ཡིན་གྱིས་བཀུར་སྟི་བྱེད་པ་མང་། །མཁན་པོ་ཡིད་བཟང་རྩེ་པ་སློབ་དཔོན་ནི། །རབ་འབྱོར་སེང་གེ་སོགས་ལ་བསྙེན་པར་རྫོགས། །མི་འཁྲུགས་པ་དང་ཚེ་དཔག་མེད་པ་ཡི། །སྐུ་གཟུགས་བཞེངས་ཆེ་བར་ཆད་བསྲུང་བའི་ཕྱིར། །ཕྱག་ནས་མཛད་པ་བླུག་གསེབ་མ་ཚིག་སྣང་། །གར་བཞུགས་དབང་ལུང་ཁྲིད་བཤད་བརྩམས་པ་རྣམས། །ཆག་མེད་མཛད་པ་རྒྱུན་གྱི་རྣམ་ཐར་རོ། །བདུད་རིས་གཡོས་པས་འཁྲུག་ཆེན་གཡོས་པ་ནི། །དཀོན་མཆོག་བསྟོད་དང་ཆོས་སྐྱོང་འཕྲིན་ལས་བསྐུལ། །ཞི་བའི་སྦྱིན་སྲེག་མང་དུ་མཛད་པས་ཞི། །ཕག་གྲུའི་ཁྲིར་ཕེབས་ལུགས་གཉིས་དབུ་འདོན་མཛད། །ཕག་གྲུ་དངོས་སུ་བྱོན་ནས་ཐུགས་ཀར་ཐིམ། །དེ་ཡི་མོད་ལ་ཐུགས་དམ་བཟང་པོ་འཁྲུངས། །ནད་ཡམས་བྱུང་ཚེ་དཀོན་མཆོག་གསོལ་འདེབས་དང་། །གཞི་བདག་ཐུགས་དམ་བསྐུལ་བས་ཞི་བར་གྱུར། །ཁ་རག་ཇོ་མོས་བར་ཆད་སེལ་བ་དང་། །ཕྲིན་ལས་སྒྲུབ་པ་གསལ་བར་གཟིགས་པར་


CMR004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །བཀའ་འགྱུར་བསྟན་འགྱུར་གཙུག་ལག་ཆོས་སྡེ་དང་། །རིན་ཆེན་ལས་གྲུབ་ལྷ་ཆེན་དུ་མ་བཞེངས། །ཀོང་པོའི་སྟོད་དམ་དྭགས་ཀོང་མཚམས་ཙམ་དུ། །རྒྱལ་བའི་དབང་པོ་མཇལ་བའི་ཆད་ཕུལ་ནས། །དགོང་ལོ་དོན་གཉིས་ཉེར་ལྔ་ཞི་བར་གཤེགས། །སྐུ་གདུང་དངུལ་གྱིས་མཆོད་རྟེན་བུམ་པར་བཞུགས། །སྟག་ལུང་ཆོས་རྗེ་རྣམ་རྒྱལ་གྲགས་པ་སོགས། །བོད་དུ་ཆོས་འབྲེལ་མ་ཞུས་བླ་དཔོན་མེད། །འཕྲིན་ལས་རྒྱ་མཚོ་མངའ་བདག་དེ་ལ་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཞྭ་དམར་བཞི་པའི་རྣམ་ཐར།next