Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་གཉན་པའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་གཉན་པའི་རྣམ་ཐར།next

སངས་རྒྱས་གཉན་པའི་རྣམ་ཐར།


CMR004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། སངས་རྒྱས་ཆེན་པོ་མཉན་པ་གྲུབ་ཐོབ་ནི། །འདན་དུ་ཨོ་རྒྱན་ཡུལ་སོགས་དངོས་གཟིགས་པའི། །ལྷུམས་སུ་ཞུགས་ནས་འདན་གྱི་ཁྲི་དཔོན་དུ། །འཁྲུངས་མ་ཐག་ཏུ་ཐོག་མེད་སྨྲ་བ་དང་། །དགོང་ལོ་གཅིག་དུས་ཐུགས་ཀྱང་དྲན་པས་ཟིན། །དགོང་ལོ་ལྔ་ནས་སྐྱེ་འཆིས་ཐུགས་བསྔངས་ནས། །དབུ་སྐྲ་རང་གིས་བཅད་ནས་རབ་བྱུང་མཛད། །ཀརྨ་པ་ཡི་མཚན་ནི་གསན་ཙམ་ནས། །བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པ་དང་། །རྗེ་ཉིད་བསམས་པས་ཟས་དང་གཉིད་སྤངས་ནས། །སྐུ་ལུས་ཉམས་པར་གྱུར་པས་ཡབ་ཡུམ་གྱིས། །དགོང་ལོ་དྲུག་ལ་རྗེ་ཡི་དྲུང་དུ་བཏང་། །ཐུགས་ལ་བཏགས་ཤིང་བཀྲ་ཤིས་དཔལ་འབྱོར་བཏགས། །དགོང་ལོ་བརྒྱད་པར་རབ་བྱུང་གདམས་ངག་གནང་། །རྗེ་ལ་ལོ་བདུན་བར་དུ་འབྲལ་མེད་བསྟེན། །རྩ་ཐིག་རླུང་གིས་རྣམ་སྨིན་ལུས་ངག་བཅིངས། །འོད་གསལ་ཕྱག་ཆེན་སྣང་སྲིད་ལ་ཟློས་མཛད། །ངེས་འབྱུང་མོས་གུས་བྱང་ཆུབ་སེམས་རྩལ་སྦྱངས། །དཀའ་སྤྱད་དྲགས་པས་གཉེན་དབོན་སྔོ་འཁྱོག་གྲགས། །ཉེར་གསུམ་ནས་བཟུང་དབེན་ས་བསྟེན་པར་མཛད། །གནས་ནང་ལོ་གསུམ་སྤོམ་ཕུག་ལོ་གཉིས་བཞུགས། །


CMR004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་ཕུར་ལོ་གཉིས་ཐང་ལྟར་ལོ་གཅིག་སྟེ། །མེ་ལ་བུས་ཤིང་གཡོས་པའི་ཟས་མ་གསོལ། །རླུང་དང་རིགས་པའི་བཅུད་ལེན་ལོ་བརྒྱད་མཛད། །སྒར་དུ་བཞུགས་ཚེ་གཏོར་ལྷག་ཇ་རོས་འཚོ། །བླ་མ་མ་གཏོགས་ཀུན་ལ་ངག་བཅད་མཛད། །བར་དུ་རྟག་ངུ་ཁོ་ནའི་བཅུད་ལེན་གྱིས། །གསོལ་བྱ་བྲལ་བའི་གྲོགས་དང་བཅས་ནས་ནི། །གནམ་མཚོར་ལོ་ལྔ་དོམ་ཚང་གྲོ་བོ་ལུང་། །ཟངས་ཕུག་ཤང་ཕུག་ངོས་སུ་ལོ་རེ་བཞུགས། །ཕ་ཡུལ་ཕེབས་ནས་འཁྲུག་བསྡུམ་ཤ་འཁོན་བྱུང་། །དེ་ལ་ཕ་རོལ་འགའོ་ཡིས་གནོད་བྱས་པས། །ས་གཡོས་དྲག་པོས་དགྲ་བོའི་ཡུལ་མཁར་བརླགས། །རྗེ་ཉིད་ཁང་པ་བཞི་བརྩེགས་ཐོག་བཞུགས་པ། །ཁང་པ་ཞིག་སྟེ་གྱང་མཐོན་གཅིག་གི་རྩེར། །ཕེབས་པས་འཕུར་བར་གྲགས་ཏེ་གྲུབ་ཐོབ་གྲགས་། །བྱང་ཆུབ་མཆེད་བཞི་དུད་སྟོང་སྦྱར། །སློང་མོའི་སྤྱོད་པས་འགྲོ་དོན་མཐའ་ཡས་མཛད། །རྗེ་ཡི་དྲུང་དུ་འབུམ་ཁྲི་སྟོང་འབུལ་དང་། །མི་ཁུར་གསེར་དང་ཁྲི་འབུལ་གྲངས་མེད་མཛད། །མི་བསྐྱོད་ཞབས་ལ་དབང་ལུང་ཐམས་ཅད་ཕུལ། །ད་ནི་ཤི་ཡང་བསམ་པ་རྫོགས་གསུངས་ཏེ། །གཤེགས་པའི་ཞག་བརྒྱད་རྗེ་ཡི་རྣལ་ལམ་ན། །ཡེ་ཤེས་མཁའ་


CMR004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་རྡོ་རྗེའི་གླུ་ལས་ནི། །སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ། །སྙིགས་མའི་དུས་ན་དྲན་པ་ཡེ་ཤེས་རྙེད། །ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པ་ན། །དྲུག་འབུམ་བདུན་ཁྲའ་དག་སློང་བདུན་བདར་ཏེ། །འདན་མ་གྲུབ་ཆེན་ཚུལ་ནི་དེ་ལྟར་རོ། །ཞེས་སོགས་གསན་པས་པཎ་ཆེན་སྤྱི་ཏིར་གསུངས། །སངས་རྒྱས་མཉན་པའི་ཞབས་ལ་གུས་ཕྱག་འཚལ། །ཞེས་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསངས་རྒྱས་གཉན་པའི་རྣམ་ཐར།next