Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མི་བསྐྱོད་རྡོ་རྗེའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་བསྐྱོད་རྡོ་རྗེའི་རྣམ་ཐར། next

མི་བསྐྱོད་རྡོ་རྗེའི་རྣམ་ཐར།


CMR004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེ་ནི། །མི་ཕམ་མགོན་དང་ཕྱོགས་བཅུའི་རྒྱལ་བ་ཡི། །བསྟན་དང་འགྲོ་བའི་དོན་དུ་བསྐུལ་བའི་ཚེ། །འབུམ་ལྡན་པདྨར་སྐྱིལ་ཀྲུང་དང་བཅས་ཏེ། །ཏིང་ངེ་འཛིན་གྱིས་འཛམ་གླིང་གདུལ་བྱར་གཟིགས། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད་མཛད་ནས། །བཅོམ་ལྡན་དཔའ་བོ་ཁྱོད་ནི་སྔོན་སངས་རྒྱས། །དགའ་ལྡན་གནས་ནས་འཛམ་གླིང་གཤེགས་འཚལ་ལྟས། །བདག་ལ་མ་རུང་འདུལ་བའི་ལུང་མནོས་ཏེ། །བྱང་ཆུབ་སྤྱོད་པའི་མགོན་མཛད་ངོ་མཚར་ཏོ། །ཞེས་སོགས་སྨོན་ལམ་དམ་བཅའ་མཛད་པ་ན། །བྱམས་པའི་དབུ་གཙུག་མཆོད་རྟེན་གཉིས་པ་སྤྲོས། །དབུ་ཐོག་བཞག་ནས་ཁྱོད་ཀྱི་རིགས་བདག་ནི། །སངས་རྒྱས་མཉན་པ་གྲུབ་ཐོབ་ཡིན་གསུངས་ཤིང་། །འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི། །དཀྱིལ་འཁོར་རྣམ་པར་བཞེངས་སོགས་སྐལ་ལྡན་ལ། །མཛད་པ་བཅུ་གཉིས་བསྟན་ཚུལ་གསུངས་པ་ནི། །རྣམ་ཐར་བདག་ཚུལ་བཅུ་གཉིས་པ་ལས་དབྱུང་། །ཐུན་མོང་གདུལ་བྱར་གོང་མའི་ཤོག་དྲིལ་ལས། །བདག་ནི་སྐྱེ་བ་མེད་ལ་སྐྱེ་ཚུལ་སྟོན། །གནས་པ་མེད་ལ་གནས་ཚུལ་སྟོན། །འཆི་བ་མེད་ལ་འཆི་ཚུལ་སྟོན། །སྐྱེ་བ་


CMR004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སླར་ཡང་སྐྱེ་ཚུལ་སྟོན། །ཞེས་དང་། བདག་ནི་གདོད་ནས་གཡོ་མེད་འགྲོ་འོང་མེད། །སྐྱེ་དང་གནས་དང་འཆི་སོགས་རབ་སྤངས་ཀྱང་། །རྟག་ཏུ་ཕྱོགས་བཅུར་གཡོ་ཞིང་འགྲོ་འོང་དང་། །སྐྱེ་གནས་འཆི་སོགས་རྣམ་པ་དུ་མ་སྟོན། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། །དེ་བཞིན་དུས་རྣམས་ཀུན་ཏུ་ཤེས་པར་གྱིས། །ཞེས་སོགས་ཞལ་ཆེམས་ཤོག་དྲིལ་བཞག་པ་དང་། །སྐུ་སྐྱེ་ཕྱི་མའི་འཁྲུངས་ཡུལ་ཡབ་ཡུམ་སོགས། །གསལ་བའི་ཤོག་དྲིལ་རྒྱལ་ཚབ་དྲུང་པ་དང་། །སི་ཏུར་གཏད་རྒྱུའི་ཞལ་ཡིག་བཅས་རྣམས་ཀྱང་། །མཛད་ནས་གསོལ་ལྕོག་སྟེང་དུ་ཡོད་པར་སྣང་། །ངོམ་ཡུལ་གློ་ལར་ཡབ་ནི་ཨ་བྱམས་དང་། །ཡུམ་ནི་བླ་མ་སྒྲོན་ཞེས་བྱ་བ་ཡི། །ལྷུམས་སུ་ཞུགས་ཚེ་སྲོད་ལ་འོད་ཀྱི་ནི། །གོང་བུ་ཟེར་སྤྲོས་སིལ་སྒྲ་བཅས་པ་ཞིག །སྐར་ཁུང་ནས་བབ་ཉི་མ་ཤར་ལྟར་གསལ། །དེ་ནུབ་ནས་ནི་ཡབ་ཡུམ་རྨི་ལྟས་བཟང་། །དངོས་སུ་ཁང་པའི་ཕྱི་ནང་མ་ཎི་དང་། །གསུང་རབ་ཀློག་པའི་སྒྲ་སྐད་རྒྱུན་དུ་གྲག །འགའ་ཞིག་གཟིམ་ཁང་དེ་ལ་མེ་འབར་མཐོང་། །ཡུམ་གྱིས་ཞོ་དྲུག་མལ་གཅིག་ཉིན་གཅིག་ཡུར། །ས་བོན་བྲེ་དོ་བཏབ་ལ་ཁལ་བཞི་བྱུང་། །ཡུམ་ཉིད་རིམ་པ་ཐུ་


CMR004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བར་སོང་བའི་ཚེ། །ལྟོགས་ལྟུང་མ་བྱེད་མ་འགྲོ་སེར་བ་འོང་། །ལྷུམས་ནས་གསུངས་པས་ཁྱིམ་ཕྱིན་སེར་རྟགས་བྱུང་། །ལྷུམས་ནས་ཡིག་དྲུག་གསུངས་པ་མང་པོ་ཐོས་། །ཡབ་ཀྱིས་ཡུམ་ལ་ལྐོག་ཡུས་བརྡུང་བའི་ཚེ། །ངེད་མ་བུ་ལ་འདི་ཙམ་བྱེད་པ་ཡི། །ལས་མ་བྱས་གསུངས་པ་ཀུན་གྱིས་ཐོས། །ཡུམ་ལ་འཇའ་གུར་ཕུབ་པ་གཞན་འགས་མཐོང་། །མེ་མོ་ཡོས་ལོ་ཟླ་བ་བཅུ་པ་ཡི། །ཚེས་བཞིར་བལྟམས་ཚེ་དྲི་བཟང་ངད་ཆེན་ལྡང་། །ང་ནི་ཀརྨ་པ་ཡིན་ལན་གཉིས་གསུངས། །དེ་ཚེ་ཁང་ཐོག་འཇའ་ཟུག་མེ་ཏོག་བབ། །དེ་ཚེ་སིདྡྷཱ་སྤྲུལ་སྐུ་ཕྱོགས་དེར་ཕེབས། །ཡབ་ཀྱིས་མཇལ་ཞིང་བྱིས་པ་ཡོད་ཚུལ་ཞུས། །ཕྱག་སྒམ་ནང་ནས་ཤོག་དྲིལ་ཕྱུང་སྟེ་གཟིགས། །ཡབ་ཡུམ་མིང་ཅི་ཁང་པའི་ལྟག་འོག་ཏུ། །ཤུག་ཕུང་ཆུ་མིག་ཤར་བལྟས་ཨེ་ཡོད་གསུངས། །དེ་རྣམས་ཡོད་ཚུལ་ཞུས་པས་ཕྱོགས་མཐུན་འདུག །ཡབ་ལ་ཨ་བྱམས་ཡུམ་ལ་བླ་མ་མཚོ། །ཟེར་བ་འདུག་ཀྱང་རེ་ཞིག་གསང་གསུངས་ནས། །རིལ་བུ་ལ་སོགས་ཇ་འདྲེན་ཡིན་གསུངས་བསྐུར། །སྤྲུལ་སྐུ་ཡིན་ན་གསུངས་ཤིག་འབྱོན་འོང་གསུངས། །ཕུལ་བས་ན་བཟའ་ཇ་འདྲེན་བག་ཙམ་འཕྱིས། །


CMR004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿ ང་ལ་ཐེ་ཚོམ་མ་བྱེད་དང་། ང་ནི་ཀརྨ་པ་ཞེས་གསུངས། །ལྷ་རྒོད་རྒྱལ་གྱི་བུ་མོ་དཔོན་གཡོག་གིས། །མཇལ་ཉིན་འཇའ་དང་མེ་ཏོག་ཆར་པ་བྱུང་། །ཨཱ་ལི་ཀཱ་ལི་ཡིག་དྲུག་གསུངས་པ་དང་། །རྟེན་དང་གྲྭ་སློབ་ངོས་འཛིན་དུ་མ་མཛད། །ས་སྒང་འཚོགས་པས་མཇལ་ཚེ་དབྱངས་གསལ་དང་། །ཡིག་དྲུག་གསུངས་ཤིང་སྡེ་ཕས་མཇལ་བའི་ཚེ། །སྐྱ་མའི་རང་བཞིན་ང་ལ་ནི། །སྐྱེ་འགག་གནས་དང་བྲལ་ཞེས་གསུངས། །ཡུམ་གྱིས་བརྡུང་ཚེ་ཨ་མ་ཁ་རོག་སྡོད། །ང་ལ་བདག་པོ་གཅིག་ནི་འོང་བར་ཡོད། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་གསུངས། །དེ་ནས་རི་བོ་ཆེ་སོགས་གདན་འདྲེན་བྱུང་། །ཟླ་བདུན་བཞེས་ཚེ་འཇིག་རྟེན་དབང་ཕྱུག་གིས། །རྒུན་འབྲུམ་སྡེར་གང་བུར་ལྡོག་གསུམ་ཕུལ་བས། །དགྱེས་ནས་བུར་རྡོག་གསུམ་ནི་སྐུ་གསུང་ཐུགས། །རྒུན་འབྲུམ་དུ་མ་རོ་གཅིག་གསུངས་ཤིང་བཞེས། །ཁྲོམ་ལ་ཕྱག་དབང་མཛད་ཅིང་ཡིག་དྲུག་གསུངས། །ལོ་བཞི་ལོན་ཚེ་ཀིས་ནོག་བླ་མ་ལ། །ང་ནི་ནཱ་རོ་པདྨ་འབྱུང་གནས་ཡིན། །ལན་རེ་ས་ར་ཧ་པ་ཡིན། །ལན་རེ་བྱམས་པ་མགོན་པོ་ཡིན། །གསུངས་ཤིང་བྱམས་པའི་བཞུགས་ལྟང་མཛད། །ཀརྨ་པ་ནི་ང་ཡིན་ཨ་མདོའི་


CMR004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །ཟུར་མང་སྐུ་སྐྱེ་ཡིན་ཁོ་ང་ཡི་ནི། །གྲྭ་པ་ཡིན་ཞེས་ལ་སོགས་གསལ་བར་གསུངས། །སློབ་དཔོན་པདྨ་མཁའ་འགྲོ་གཉིས་བཅས་གཟིགས། །གཞི་བདག་རྟ་པ་གོ་ཁྲབ་དར་མདུང་ཅན། །རྐང་ཐང་བཅས་པས་བསུ་བར་སྣང་ངོར་གསུངས། །སྒར་དུ་བང་ཆེན་སླེབས་ཁར་དགུན་སྒང་ལའང་། །འབྲུག་སྒྲ་ཁུ་བྱུག་ལན་གསུམ་གྲག་པ་ཐོས། །རྒྱལ་ཚབ་སྤྲུལ་སྐུའི་དྲུང་ཉིད་བྱོན་ནས་ཀྱང་། །ཁྱེད་ཀྱི་ང་ལ་ཚད་མར་མི་འཛིན་པ། །གསུངས་ཤིང་བཀྱོན་དང་བུད་མེད་དཀར་མོ་ཡིས། །དུང་ཆེན་ཁྱེར་ནས་ངས་འདིར་ཁྱེར་བསྒྲགས་ཀྱང་། །ཚད་བྱེད་མ་ཉན་ཟེར་ཞེས་ཁྲོ་བ་དང་། །བུད་མེད་དམར་མོ་ཁྲོས་ནས་ཁྱོད་ཉིད་ནི། །རྫུན་མའི་ཁ་ཉིན་ད་ནི་ཁོ་མོ་ཡིས། །གྲིབ་ཀྱི་དྲག་པོའི་ནད་གཏོང་ཟེར་བ་གཟིགས། །དེ་ཕྱིར་ཤར་གྱི་སྤྲུལ་སྐུ་ངོས་འཛིན་མཛད། །དེ་ཚེ་རྒྱལ་ཚབ་སྤྲུལ་སྐུ་ཉི་མའི་སྟེང་། །ཆོས་གྲགས་རྒྱ་མཚོ་འོད་ཟེར་འཕྲོ་བ་གཟིགས། །དེ་མ་ཐག་ཏུ་རྒྱལ་རྗེའི་འབུལ་སླེབས་ཕུལ། །མེ་ཏོག་ཆར་དང་འཇའ་འོད་འབྲུག་སྒྲ་དང་། །སྔར་མ་མཐོང་བའི་ངོ་མཚར་བྱ་གཅིག་བྱུང་། །དེ་ཕྱིར་ཞལ་གཟིགས་མངོན་ཁྱེན་གྲངས་མེད་མཛད། །རྒྱལ་ཚབ་བཀྲ་


CMR004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྣམ་རྒྱལ་དཔལ་བཟང་དང་། །གནྡྷོ་ལ་ཡི་དྲུང་དུ་གཙུག་ཕུད་ཕུལ། །སངས་རྒྱས་མཉན་པའི་དྲུང་དུ་དགེ་ཚུལ་དང་། །གདམས་ངག་མཐའ་དག་གསན་ཅིང་ཐུགས་དམ་བསྐྲུན་།དགྲ་གཅན་འཛིན་དངོས་ཆོས་གྲུབ་སེངྒེ་ཡི། །མཁན་པོ་ཀརྨ་འཕྲིན་ལས་སློབ་དཔོན་མཛད། །བསྙེན་པར་རྫོགས་ཤིང་བདུད་ལ་བ་སོགས་བསྟེན། །བདེ་བ་ཅན་གྱི་ཞིང་ཁམས་གཟིགས་པའི་ཚེ། །འོད་དཔག་མེད་དེ་སེར་པོར་འདུག་ཅེས་གསུངས། །ཟུར་མང་སྐུ་སྐྱེར་ཡི་གེ་བྲིས་གསུངས་ནས། །སངས་རྒྱས་འོད་སྲུང་ཡང་ང་ཡིན། །མར་མེ་མཛད་ཀྱང་ང་ཡིན། །བེར་ནག་ཅན་ཀྱང་ང་ཡིན། །ཞེས་གསུངས། །ཉིད་ཀྱི་འཁྲུངས་སར་ཚོགས་གཏོར་མཛད་པའི་ཚེ། །མདུན་རིའི་རྩེ་མོར་སློབ་དཔོན་པདྨ་ཡིན། །ང་ནི་པདྨ་འབྱུང་གནས་ཏེ། །ཁྱོད་ནི་རྒྱལ་བ་མཆོག་དབྱངས་སོ། །དབྱེར་མེད་རྡོ་རྗེ་འཆང་ཆེན་ཡིན། །གསུངས་པ་གསན་ཞིང་ས་སྒང་པས་བསྡུས་ཚེ། །ར་ཁྱུ་བཀག་མ་ཐུབ་པ་ཆག་ཕྱིར་འབྲང་བ་ན། །སྔོན་གྱི་འདུལ་འཕྲོ་ལྷ་འདྲེས་གླགས་ལྟ་བར། །དམ་ཅན་བྲན་དུ་བཀོལ་ནས་ཚར་བཅད་གསུངས། །ཕྱག་དྲུག་པ་དང་བེར་ནག་ཅན་ཡང་གཟིགས། །ལི་ཐང་མདུན་རིའི་རྩེ་རུ་


CMR004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་ནི། །མཁའ་འགྲོ་མ་དེས་སྤྱན་དྲངས་ཞབས་རྗེས་བཞག །རབ་སྒང་བཞག་ར་ལྷ་རྩེས་སྲོག་སྙིང་ཕུལ། །ཆོས་གྲགས་རྒྱ་མཚོའི་ཞལ་ཆེམས་སློབ་མའི་ནང་། །བླ་མའི་འོས་མཐུན་མཛོ་ར་གཉན་པར་བསྔགས། །སྤྱན་སྔས་ཀྱང་ནི་དྲུང་འདིའི་བླ་མར་ནི། །མཉན་པ་གྲུབ་ཐོབ་འོས་ཕྱིར་གསུང་ཕྱིར་བསྟེན། །རྡོ་རྗེ་གདན་དུ་ཐུབ་དབང་ལྔ་སྡེ་གཟིགས། །མཉན་པ་གཤེགས་ནས་གདུང་དབྱངས་གསོལ་བཏབ་ཚེ། །ལྷ་ཆེན་དཔུང་པ་གཡས་པའི་ངོས་བྱོན་ནས། །ཟབ་རྒྱས་གསུང་འགའ་བྱོན་ནས་ཡབ་ལ་གཟིགས། །རྡོ་རྗེ་གྲོ་ལོད་གནས་གཟིགས་ཞབས་རྗེས་བཞག །གནས་སྒོར་སྒམ་པོ་དཔལ་བརྩེགས་དར་དཀར་ཕུལ། །ཞི་བའི་ཕྲིན་ལས་སྒྲུབ་པར་ཞུ་བ་ཕུལ། །དུས་མཁྱེན་ཉེ་གནས་བཅས་པ་ཞལ་ཡང་གཟིགས། །རབ་སྒང་གཞི་བདག་རྣམས་ཀྱིས་བསུ་བར་གཟིགས། །ཀརྨ་ལོ་ཙཱ་ལ་སོགས་བསྟེན་ནས་ཀྱང་། །སྒྲ་ཚད་སྡོམ་གསུམ་གཞུང་ལུགས་ཀུན་ལ་སྦྱང་། །དབུས་གཙང་མཁས་པ་ཐམས་ཅད་ཟིལ་གྱིས་མནན། །ཟབ་གནད་སྟོན་ཚེ་རྒྱུད་པའི་མན་ངག་དང་། །ཡེ་ཤེས་མཁའ་འགྲོའི་གསུང་ཞེས་སོ་སོར་སྟོན། །རྒྱ་ནག་སྤྱན་འདྲེན་བློན་ཆེན་དམག་


CMR004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་བཅས། །བྱུང་ཚེ་རྒྱལ་པོས་གཤེགས་གཟིགས་མ་བྱོན་པས། །བློན་པོ་ཁྲོས་ནས་འབུལ་ནོར་ཕྱིར་ཁྱེར་བས། །བཀའ་ཆད་རྒྱ་ཡུལ་མེ་ཆུས་འཇིགས་ལ་ཐུགས། །བློན་པོ་བཀའ་བབ་མེ་ཏོག་བསྲུང་བར་བཀོས། །རྒྱ་ཡུལ་བཀའ་ཆད་བྱུང་ཞེས་སྒྲོགས་པ་བྱུང་། །ཤ་བ་རི་པ་སྨུག་ནག་རུས་རྒྱན་ཅན། །དངོས་སུ་གཟིགས་པས་རྟོགས་པ་དྲི་བ་གཟིགས། །དེ་ཚེ་ས་བཅུ་རྟོགས་པ་མགུར་དུ་བཞེངས། གཏེར་བུམ་རི་སྟེང་ཞབས་རྗེས་གསུམ་ཙམ་བྱུང་། །ཀླུ་རྒྱལ་རྒྱ་མཚོའི་ཕོ་བྲང་བྱོན་པའང་གཟིགས། །ཤམྦྷ་ལ་རུ་བྱོན་པས་ཤར་སྒོ་རུ། །འདི་ལྟར་འདུག་གིས་ཐང་སྐུ་རྒྱབ་ཡིག་མཛད། །རྡོར་སེམས་ཡུམ་བཅས་དཀྱིལ་འཁོར་ངོ་མཚར་གཟིགས། །དཔའ་བོ་ཀླུ་སྒྲུབ་ནག་པོ་པ་རྣམས་ནི། །གསལ་བར་གཟིགས་ནས་དམ་ཆོས་སོ་སོར་གསན། །རྒྱལ་བ་ཞལ་གཟིགས་དེ་ཡི་སྐྱེས་རབས་གསུངས། །ཉིད་ཀྱིས་གསུངས་ལས་བྱུང་བའི་རྣམ་ཐར་ལས། །ཁྱད་པར་འཇང་ནག་དཔུང་ཚོགས་ཞི་བར་བྱས། །ཧོར་གྱི་ཡུལ་དུ་ཚིག་མའི་ཆར་པ་ཕབ། །སོག་པོའི་རྒྱལ་པོ་ར་ཊུ་ཥ་པ་ལའི། །མཛེ་ནད་ཕྲིན་གྱིས་གསལ་བས་དྲིན་ལན་ཕུལ། །ཡུ་གུར་ཡུལ་དུ་དུག་སྦྲུལ་ཆེན་པོ་ལ། །ཡི་གེ་བསྐུར་བས་རྒྱ་


CMR004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ནང་དུ་བྲོས། །ཁ་ཆེའི་དབུས་ཉེར་དགེ་འདུན་འབུམ་སྡེ་ཡི། །མཁན་པོར་དགོས་ཞེས་དེ་ལ་འདི་སྐད་སྤྲིངས། །སྐྱེ་བ་ཕྱི་མར་སྒྲུབ་པར་དམ་བཅས་སོ། །ཞེས་གསུངས་སྤྲུལ་པ་རྒྱ་ནག་ཤམྦྷ་ལ། །ཁ་ཆེ་ཨོ་རྒྱན་བོད་ཡུལ་ཡོད་ཚུལ་གསུངས། །མི་ཏྲ་ཛཱ་ཀི་འདན་ཡུལ་ལ་སོགས་པར། །ལན་གསུམ་མཇལ་ཞིང་དམ་རྫས་གདམས་ངག་གནང་། །དགྲ་བཅོམ་རབ་ནག་ཅེས་བྱ་གཟིགས་པ་དང་། །ཚིགས་བཅད་ཀྱིས་བསྐུལ་བྱང་ཆུབ་དབུག་དབྱུང་མཛད། །སངས་རྒྱས་མཉན་པའི་སྐྱེས་རབས་ཅུང་ཟད་དང་། །སྐྱེ་བ་རང་སོ་ཤ་མཆོག་མི་འབྲལ་གསུངས། །ཟུར་རི་ལ་སོགས་ཆོས་སྡེ་དུ་མ་བཙུགས། །ཞག་ལྔར་སྐུ་ཡི་བདུད་རྩི་ག་པུར་དུ། །གྱུར་པས་བདུད་རྩི་རིལ་བུ་སྒྲུབས་ཤིག་གསུངས། །རཏྣ་བྷ་དྲ་ཀུན་དགའ་གྲོལ་ཆོག་དང་། །འབྲི་གུང་པ་སོགས་གུས་པས་དམ་ཆོས་ཞུས། །ཆིབས་པ་ཤི་བར་རིང་བསྲེལ་སིལ་བུས་གང་། །ཟུལ་ཕུའི་རི་རྩེར་ཆིབས་རྗེས་ཞབས་རྗེས་བྱུང་། །གཟས་འཛིན་ལ་བསྙད་ལུང་བསྟན་མང་པོ་མཛད། །དཀོན་མཆོག་འབངས་དང་བཞུགས་ཁྲི་ཁྱོད་མེད་མཛད། །བསམ་ཡས་ལས་མཁན་པ་ལ་སེམས་བསྐྱེད་གནང་། །རྟགས་བཅུ་


CMR004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྒྱད་སོགས་རྩ་རླུང་གི །གཟིགས་སྣང་ཕེལ་གྱིས་བློ་ལ་ཤོང་དཀའ་སྟེ། །མགོན་པོ་བེར་ཅན་འོག་ནས་མེ་ལྟར་འབར། །སྟེང་གི་བཀའ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །བར་ན་ཡེ་ཤེས་མཁའ་འགྲོ་ཆུ་ལྟར་ཁོལ། །ཐམས་ཅད་སྤྱི་བོར་བླ་མ་འོད་གསལ་བ། །དེ་སོགས་ཡེ་ཤེས་གཟིགས་པ་མཐའ་ཡས་ཤིང་། །ཞང་གི་སྐུ་བརྒྱད་གུ་རུ་མཚན་བརྒྱད་དང་། །ཀརྨ་རབས་བརྒྱད་དབྱེར་མེད་གཟིགས་པ་ཡི། །དེ་ཡི་སྒྲུབ་ཐབས་བཀའ་རྒྱ་མ་ཡང་མཛད། །ཆུང་དུས་རྡོ་གཅིག་བཅག་ནས་ཡོལ་སྒོ་བར། །གནང་བ་བྱིན་ནས་དཔའ་བོར་གནང་བར་མཛད། །རྒྱ་ནག་ཡུལ་དུ་གསེར་ཡིག་པ་བཏང་བས། །རྫུན་མར་འདུག་ཟེར་ཆད་པ་གཅོད་བརྩམས་ཚེ། །དྲུང་ཉིད་ཞྭ་ནག་བཞེས་ནས་མངོན་སུམ་དུ། །བྱོན་པ་རྒྱལ་བློན་ཀུན་གྱིས་མཐོང་བ་དང་། །ཚེ་རིང་བྱ་ཡི་ཕོ་བྲང་བསྐོར་བ་བྱས། །དེ་ཕྱིར་ངོ་མཚར་སྐྱེས་ནས་བཀུར་སྟི་བྱས། །གདན་འདྲེན་བློན་པོ་སྒར་དུ་ཉེ་བ་ན། །སྤྲིན་གསེབ་དྲུང་ཉིད་ཞྭ་ནག་བཞེས་པ་མཐོང་། །ས་ཐམ་སྟེང་དུ་རྟ་དང་གླང་པོས་བཏུད། །ཉག་ཆུའི་དར་ལ་བྱོན་ཚེ་ཉག་རོང་པ། །མང་པོས་ནམ་མཁར་གཤེགས་པར་མཐོང་བ་དང་། །ནད་གདོན་ཉེན་


CMR004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆི་ཁ་ལ་སོགས་ཀྱི། །མདུན་དུ་སྐུ་དངོས་བྱོན་པའི་ལོ་རྒྱུས་མང་། །དགུང་ལོ་ཉེར་གཉིས་པ་ལ་མདོ་རྩ་དང་། །ཉེར་གསུམ་ཕར་ཕྱིན་ཉེར་བཞི་ཀ་ལཱ་པ། །ཉེར་དྲུག་མདོ་རྩའི་འགྲེལ་ཆེན་ཉེར་བདུན་ལ། །མཛོད་ཀྱི་ཊིཀ་ཆེན་ལ་སོགས་ཊཱི་ཀ་དང་། །གཞན་ཡང་མཇུག་ཊཱིཀ་སྙན་ངག་ང་བཞི་པ། །མ་ཧཱ་མཱ་ཡཱའི་འགྲེལ་ཆེན་ལ་སོགས་པ། །བཀའ་འབུམ་པུ་ཏི་སུམ་ཅུ་ལྷག་ཙམ་བཞུགས། །དགའ་ཚལ་བཤད་སྒྲུབ་གླིང་སོགས་བཤད་སྒྲུབ་ཀྱི། །ཆོས་སྡེ་འཕེལ་སྟོབས་ན་རིམ་ཀུན་ལས་ཆེ། །བསྙེན་རྫོགས་བདུན་ཅུ་ཙམ་རེ་ཕལ་ཆེར་བྱུང་། །བཤད་སྒྲུབ་གླིང་གི་ལྷ་ཆེན་ལ་སོགས་པ། །རིན་ཆེན་ལས་གྲུབ་ལྷ་ཆེན་མང་དུ་བཞེངས། །ཕྱག་རྫས་སོ་སོར་ཕྱེས་ནས་གཟིགས་རྟོགས་དང་། །སྤྲུལ་སྐུ་ཕྱི་མར་གཞོག་རྒྱུ་ཕྱག་དམ་མཛད། །དཔའ་བོས་ནག་རྒྱལ་ཕག་གསུམ་ལ་སོགས་པའི། །ཚོགས་དང་བུམ་ཆུས་སྐུ་ཁྲུས་འབུལ་སོགས་མཛད། །བིརླུ་པ་དང་ཏེ་ལོ་པ་གཉིས་ཀྱིས། །ཁོ་བོ་བཏེག་བྱུང་གསུང་སྟེ་བསྙེན་ཡང་མེད། །ཕྱག་རྩ་བདེ་ཞིང་ནམ་མཁའ་དག་པ་ལ། །འཇའ་དང་འོད་ཀྱིས་གང་བའི་ལྟས་དང་བཅས། །དགུང་ལོ་ཞེ་བརྒྱད་བཞེས་ཚེ་འོད་གསལ་


CMR004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །ཉེར་གསུམ་སྔ་དྲོ་ཞི་བའི་དབྱིངས་སུ་བཞུགས། །དེ་མ་ཐག་ཏུ་ཡར་སྟོད་ལམ་ཁ་ཡི། །གྲོང་ཞིག་ཏུ་ནི་དམ་ཅན་དཔོན་གཡོག་གཉིས། །མངོན་སུམ་ཇ་བཀོལ་ཚ་ཕོག་བྱས་ནས་ཀྱང་། །རྟ་ལ་ཞོན་ནས་དེ་ཡིས་འདི་སྐད་དུ། །རྗེ་ཐམས་ཅད་མཁྱེན་པ་ཀརྨ་དུ་གཤེགས་པ་འདྲ། །ཁྱོད་ཀྱི་ད་ལྟ་ལྟོས་ཤོག །དེ་གཤེགས་ན་བོད་ལ་མཐའ་དམག་འོང་། །ཞེས་ཟེར་དེ་མ་ཐག་ཏུ་ཡལ་ལོ་སྐད། །གདུང་བཞུས་ཚེ་ན་མེ་ཉིད་རང་འབར་བྱུང་། །རིན་ཐང་མེད་པའི་མཆོད་རྟེན་ཆེན་པོ་བསྒྲུབས། །དཀོན་མཆོག་འབངས་དང་གྲགས་པ་དཔལ་འབྱོར་དང་། །སི་ཏུ་ཆོས་ཀྱི་འོད་ཟེར་ལ་སོགས་པ། །སྐྱེས་ཆེན་སློབ་མ་དཔག་ཏུ་མེད་པ་བྱོན། །མི་བསྐྱོད་རྒྱལ་བའི་ཞབས་ལ་སྐྱབས་སུ་མཆི། །ཞེས་ཨ་རཱ་གས་སོ། །སརྦ་མང་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམི་བསྐྱོད་རྡོ་རྗེའི་རྣམ་ཐར། next