Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར།
   
   
   
   
   
   
   
   
   
   
   
   


 
previousརྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར།next

རྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར།


CMR004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར་བཞུགས་སོ།།


CMR004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་བཛྲ་ཡེ། རྒྱལ་བའི་དབང་པོ་དཔལ་ལྡན་ཀརྨ་པ། །ཡེ་ཤེས་རྡོ་རྗེའི་རྣམ་ཐར་མདོ་ཙམ་ཞིག །ངག་རྒྱུན་ཟིན་བྲིས་ཁུངས་ཐུབ་བྲི་བར་བྱ། །ངུར་སྨིག་རྒྱུན་མཛེས་གར་དབང་བདུན་པ་ཡིས། །མདོ་སྨད་མགོ་ལོག་ཡུལ་གྲུའི་བཀོད་པ་ནི། །ཕྱག་བྲིས་མཛད་ལྟར་གཟིགས་པ་རྣམ་ལྔ་ཡིས། །ལྷུམས་སུ་ཞུགས་ནས་ཡུམ་ཉིད་རྟག་པར་དུ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་རབ་མཆོད་པས། །ཐ་མལ་མི་ཡི་ཟས་ཀྱི་ནོངས་པ་སྟེ། །མེ་ཕོ་འབྲུག་ལོའི་ཡར་ཚེས་དགེ་བའི་ཉིན། །བལྟམས་མ་ཐག་ཏུ་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཨཱ་ལི་ཀཱ་ལི་རྟེན་སྙིང་བཟླས་པའི་


CMR004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །མཁའ་དབྱིངས་ཀློང་ནས་འཇའ་འོད་ཁྲིགས་པའི་དབུས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཞལ་བསྟན་ཚེ། །སྤྱན་གཉིས་བར་སྣང་ཟིམ་བུར་གཟིགས་ནས་ནི། །རེ་ཞིག་ཏིང་ངེ་འཛིན་ལ་གཡོ་མེད་གནས། །དུས་དེར་ཡུམ་ལ་འཕགས་པའི་བདེན་བཞི་དང་། །ཕ་རོལ་ཕྱིན་དྲུག་ཞི་གནས་གནས་ཐབས་དགུ། །གཞན་ཡང་མདོ་རྒྱུད་དགོངས་པའི་ཟབ་དོན་བཅུད། །ཇི་སྙེད་གསུངས་ཀྱང་ཡུམ་གྱི་བློ་ལ་ངེས། །སྐབས་དེར་རིག་འཛིན་མི་འགྱུར་རྡོ་རྗེ་སོགས། །གཏེར་ཆེན་རྣམས་ཀྱིས་རྒྱང་ནས་བསྔགས་པ་བརྗོད། །ཐ་མལ་བྱིས་པའི་སྐྱོན་གྱིས་མ་གོས་ཤིང་། །སྐྱེས་བུ་


CMR004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཡོན་ཏན་ཁོ་ནའི་ངང་། །རབ་བྱུང་བཅུ་གཉིས་ཐོག་མར་གདན་སར་ཕེབས། །དག་པའི་སྣང་བ་རབ་འབྱམས་སྤྲིན་ལྟར་གཏིབས། །དགེ་སློང་བསོད་ནམས་བཟང་སོགས་ཇི་སྙེད་པ། །དམ་ཆོས་པད་དཀར་བྱམས་ཆོས་སྡེ་ལྔ་དང་། །འདུལ་མངོན་ལ་སོགས་གསུང་རབ་དཔག་ཡས་ནི། །ཐུགས་ནས་ལྷང་ལྷང་ཉིན་ཞག་དུ་མའི་བར། །བསྙེང་པ་བྲལ་བས་ལྷར་བཅས་སྐྱེ་རྒུའི་ཚོགས། །ཡི་རང་ཆོས་ལ་མི་སྐྱེ་བཟོད་པ་ཐོབ། །དུས་གསུམ་མཁྱེན་ཕྱིར་ཕྱི་ནང་གསང་གསུམ་གྱི། །མ་འོངས་ལུང་བསྟན་རྒྱ་ཆེན་བཙལ་བ་དང་། །དིང་རིའི་སྒྲུབ་ཆེན་འགྱུར་མེད་རྣམ་རྒྱལ་ནི། །མིག་གཉིས་ལོང་དེར་ཞལ་ཆབ་བདུད་རྩིའི་ཆར། །ཐེབ་མ་ཐག་ཏུ་ལོ་བརྒྱད་མིག་ལྟར་གྱུར། །ཤུག་ཤིང་སྤྱིར་སྤྱིར་ཕྱག་མདུད་མཛད་ནས་ནི། །སླར་ཡང་གང་བུར་སྒྲིལ་དང་སྐུ་ཡི་གཟུགས། །གཟིམ་ཆུང་རེ་ལ་རེ་རེ་བཞུགས་པ་སོགས། །མངོན་སུམ་ཚད་མའི་རྫུ་འཕྲུལ་གྲངས་མེད་སྟོན། །ཆོས་ཀྱི་དོན་གྲུབ་ཆོས་ཀྱི་འབྱུངགནས་སོགས། །བསྟན་འཛིན་སྐྱེས་ཆེན་མངའ་གསོལ་ཤིས་བརྗོད་མཛད། །ཚིབས་ཆེན་བྱ་དཀར་བཀྲ་ཤིས་གཡུ་འབྲུག་སོགས། །བྱིན་རླབས་ཞུགས་པས་ཤེས་རིག་མི་ལས་བཀྲ། །ཅང་


CMR004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡོན་ཏན་བརྗོད་དུ་མི་ལངས་ནས། །དཔལ་ལྡན་བླ་མའི་མཛད་པ་རྣམ་ཐར་ཚོགས། །ཆུ་ལྷས་ལྕེ་བརྒྱ་བསྐྱོད་ཀྱང་བརྗོད་མ་ནུས། །གདུལ་བྱ་ཕྱི་མའི་དོན་དུ་རྣམ་རོལ་ནི། །ལུང་བསྟན་རྩལ་ཕྱིར་གང་སྐུའི་ཞལ་ཐང་ཞིག །ས་སྐྱ་སྡེ་དགེའི་ཕྱག་ཏུ་གནང་བར་མཛད། །རྡོ་རྗེའི་སྐུ་མཆོག་སྐྱེ་འཆིའི་སྤྲོས་བྲལ་ཡང་། །རྟག་འཛིན་ཆོས་བསྐུལ་དགོངས་པ་ཟབ་མོ་ཡིས། །ཆུ་ཕོ་རྟ་ལོའི་ཡར་ཚེས་སྐུའི་དཀྱིལ་འཁོར། །བསྡུ་བའི་ཚུལ་མཛད་ཉིན་མོར་བྱེད་པ་ལ། །ངོ་མཚར་འཇའ་སྤྲིན་སྣ་ཚོགས་བསྐོར་བའི་དབུས། །སྟོན་འཁོར་གསུམ་བཅས་སྐལ་ལྡན་ཀུན་གྱིས་མཇལ། །སངས་རྒྱས་མངོན་སུམ་ཕེབས་ལྟར་མཛད་ཚུལ་དེས། །གདུལ་བྱའི་ཡུལ་ཀུན་སྨིན་ཅིང་གྲོལ་གྱུར་ནས། །མགོན་པོ་ཁྱོད་ཀྱི་གོ་འཕང་ཡོངས་ཐོབ་ཤོག་། བོ་དྷི་བཛྲ་ནི་མ། རང་དོན་ཆོས་སྐུ་གཞན་དོན་སྤྲུལ་པའི་སྐུ། །མཚན་དཔེའི་རབ་བརྒྱན་བྱང་ཆུབ་རྡོ་རྗེ་ཞེས། །སྐྱེས་རབས་ཕྲེང་འཛིན་རྒྱལ་དབང་བཅུ་གཅིག་ཞབས་། །མདོ་སྨད་ཆུ་བོ་གསེར་ལྡན་འབབ་པའི་ངོགས། །ཉེ་བའི་ཡུལ་གྲུ་དཀྱིལ་ལེའི་ཙག་ཏོ་ཞེས། །རྨད་བྱུང་ཞིང་དེར་བརྩད་པོ་དབུ་ཡི་རིགས། །སྲུང་ལུ་ཞེས་དང་ཡུམ་ཆེན་


CMR004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་སྐྱིད། །ལྷུམས་ཞུགས་ཚེ་ན་ཤེལ་གྱི་མཆོད་རྟེན་ལ། །འོད་ཟེར་ཁ་དོག་ལྔ་ལྡན་མངའ་བ་ཞིག །སྤྱི་བོའི་གཙུག་ནས་ལུས་ལ་ཐིམ་པ་རྨིས། །སྐབས་དེར་མཛོ་མོ་སྔོན་མོ་ཞིག་ཡོད་པས། །ཆར་རླུང་དྲག་པོས་དེད་ནས་བྱོལ་བའི་ཚེ། །ཤར་དུ་ཕྱིན་ཚེ་ནུབ་ཏུ་འདུག་ཅེས་གསུངས། །དེ་མ་ཐག་ཏུ་མཛོ་མོ་སྙེད་པའི་ཚེ། །སླར་ཡང་འདི་སྐད་གསལ་བར་གསུངས་པ་ཐོས། །ཆར་རླུང་འདི་དང་མཛོ་མོ་བཅས་པ་འདི། །མ་རྒན་ཉིད་ཀྱི་སེམས་སྣང་འཁྲུལ་པ་ལས། །དོན་དུ་དངོས་པོ་གང་ཡང་གྲུབ་པ་མིན། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀུན། །སྡིག་སེམས་ལས་བྱུང་ཐུབ་པས་གསུངས། །ཞེས་སོགས་གསུངས་ཀྱི་ཡུམ་གྱི་བརྗེད་ནས་ཐལ། །ཆུ་མོ་ལུག་ལོར་སྐུ་བལྟམས་ཆུ་འབྲུག་ལོར། །རྒྱལ་དབང་མཆོག་དང་བསྟན་པའི་ཉིན་མོར་བྱེད། །ཆབ་གཅིག་དབུས་ལྗོངས་གདན་སར་ཞབས་བསྐྱོད་ཚེ། །ཕེབས་ལམ་མི་བས་གཞི་བདག་གུས་བཏུད་མང་། །འདུལ་བའི་སྡེ་སྣོད་བཞི་ཡི་མངའ་བདག་ཆེ། །གར་དབང་བརྒྱད་པ་སྐུ་འཁོར་འབབ་རོང་གཞུང་། །ཆིབས་བསུར་ཕེབས་ནས་བཀྲ་ཤིས་དགའ་སྟོན་མཛད། །གདན་


CMR004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཚུར་ཕུར་སྲུང་མ་གཞི་བདག་ནི། །གཏུམ་དྲག་རྩལ་ལྡན་ཚོགས་རྣམས་དམ་ལ་བཞག །རྨི་ལམ་སྤྲུལ་བསྒྱུར་རྫུ་འཕྲུལ་མངའ་བརྙེས་པས། །ཤམ་བྷ་ལར་བྱོན་རིགས་ལྡན་སྟབས་ཆེན་དྲུང་། །དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་ལུང་ཞུས། །མཐའ་ཀླས་རྒྱལ་བའི་དགོངས་པ་དང་མཚུངས་ཀྱང་། །དབང་ལུང་མན་ངག་མདོ་སྔགས་གཞུང་ལུགས་རྣམས་། །གསན་བསམ་བརྩོན་པ་ལྷུར་མཛད་ཁྱད་པར་དུ། །དབུས་གཙང་རུ་བཞི་སྟོད་གནས་ལྷོ་མོན་དང་། །རྩྭ་མཆོག་གྲོང་སོགས་ཞབས་ཀྱིས་བཅགས་པའི་ཚེ། །གང་གི་ཞབས་ཕྱི་གསོལ་གཟིམས་རྣམས་ཀྱིས་ཀྱང་། །ཞབས་རྗེས་དང་ནི་རྦབ་འགྲིལ་བཟློག་པ་སོགས། །ངོ་མཚར་བསྐྱེད་ནས་བླ་མར་ལྟ་ཅི་སྨོས། །བསྟན་འགྲོར་ཕན་བདེའི་གཞན་དོན་ལྷུན་གྲུབ་ཅིང་། །འབྲེལ་ཚད་དོན་ལྡན་ཏོང་ཀུའི་ཡུལ་གྲུ་ཆེ། །ཆུ་ཕོ་བྱི་བའི་ཧོར་ཟླ་བཅུ་པ་ལ། །གཟུགས་སྐུ་རྣམ་རོལ་ཆོས་ཀྱི་དབྱིངས་ཐིམ་ཚེ། །ནམ་མཁར་འཇས་ཁེངས་མེ་ཏོག་ཆར་པ་བབ་། །ཚུལ་ཁྲིམས་དྲི་ངད་སྟོང་གསུམ་ཁྱབ་པ་སོགས། །རྒྱལ་དང་རྒྱལ་སྲས་རྣམ་ཐར་འཛིན་མཛད་པའི། །ཀརྨ་པ་ཡི་གོ་འཕང་མཆོག་ཉིད་ལ། །མ་རྒན་སེམས་ཅན་ཐམས་ཅད་


CMR004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གྱུར་ཅིག། །ན་མོ་མ་ར་མ་ཀ་བཛྲ་ཡེ། མཚུངས་མེད་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱིས་བྱང་ཆུབ་རྡོ་རྗེའི་རྣམ་ཐར་མཛད་པ་ལས། །སླར་ཡང་མཆོག་གི་སྤྲུལ་སྐུའི་ཟློས་གར་སོགས། །འཁོར་བ་སྲིད་དུ་མཛད་པ་མི་འཆད་གསུངས། །གྲུབ་ཆེན་ཀརྨ་པཀྵིའི་རྣམ་ཐར་ལས། །མ་འོངས་པ་ན་བོད་ཡུལ་ལྷོ་ཡི་ཕྱོགས། །གདུལ་བྱའི་དོན་དུ་འབྱུང་ཞེས་གསུངས་བ་དང་། །མཚུངས་མེད་ཆོས་རྗེ་ལ་ལི་ཏ་བཛྲས། །རས་པ་སོ་དཀར་དག་གིས་ཞུས་ལེན་དང་། །ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་གྱིས། །གསུང་མགུར་གངྒཱ་མ་དང་ཁྱད་པར་དུ། །མི་བསྐྱོད་ཞབས་ཀྱི་རྣམ་ཐར་ཟོལ་མེད་ལ། །ཛྙཱ་ན་བཛྲའི་བཀའ་དང་གཏེར་ཆེན་མཆོག །རཏྣ་གླིང་པའི་བྱེ་བྲག་ལུང་བསྟན་ལས། །ཀརྨའི་མིང་ཅན་སྐྱེ་བ་བཅུ་གསུམ་པས། །བར་ཆད་བཟློག་ཅིང་འབྲེལ་ཚད་དོན་དང་ལྡན། །པད་འབྱུང་སྐུ་དངོས་སྟག་ཤམ་རྡོ་རྗེ་དང་། །རིག་འཛིན་ཆོས་རྗེ་གླིང་པའི་གསང་ལུང་དུ། །ཞྭ་ནག་ན་རིམ་རྣམ་ཐར་ཚིགས་བཅད་ལས། །དེ་ཉིད་ཕྱི་མ་བདུད་འདུལ་རྡོ་རྗེ་ཞེས། །ཡོན་ཏན་བརྗོད་བྱ་ཚིག་རྐང་ལྔ་རུ་གསུངས། །བོ་དྷི་བཛྲས་ཕྱོགས་མཚུངས་བཀོད་པ་ནི། །གུ་རུ་དྷརྨ་མཎྜལ་ལ་


CMR004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་འདུག །གྲུབ་པའི་རྒྱན་ཅིག་རིག་པ་འཛིན་མཆོག་ཚེ་དབང་ནོར་བུ་ལ། །པདྨ་ཁྱུང་རྫོང་དག་ཏུ་ཉམས་ཀྱི་འོད་གསལ་རྗེས་མཐུན་དུ། །ཨོ་རྒྱན་རྡོ་རྗེའི་བཀའ་ན་མཁའ་འགྲས་གསང་ཚིག་བརྡས་བསྐུལ་བར། །འཐུང་གཅོད་དང་མཚུངས་སྲིད་པའི་རྡུལ་དཀར་ཐོད་བཅིངས་ན་ཆུང་ཅན།། །ཆུ་རླུང་མདོ་ཡིས་ཕྱོགས་དག་རྒྱུད་ཞིང་རྐང་ཐུང་འཚམས་པར་གནས། །ཞེས་སོགས་ཚིགས་བཅད་དྲུག་དང་སླར་ཡང་ངེས་ཤེས་འདྲེན་པའི་གཏམས། །དགེ་རི་གཞུང་རིས་ཉེ་བའི་ཕྱོགས་ན་འབྱོར་པས་ཆར་དབེན་ཅིང་། །རིགས་རུས་རྣམ་དག་དགེ་ལ་བརྩོན་ཞིང་དེ་ན་ཀརྨ་ཀ །ཞེས་སོགས་གསལ་བར་ཐོས་པས་ཀུན་མཁྱེན་བླ་མའི་སྙན་དུ་ཕུལ། །བདག་ཅག་གླང་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་བཙས་པ། །ཤིང་ཕོ་སྟག་ལོར་ཀུན་བཟང་འཇིགས་བྲལ་རབ་གསལ་བྱ་མ་རྟས། །འབད་པ་དུ་མས་ངོས་འཛིན་ངོ་མཚར་གཏམ་བཅས་ཕྱིར་ལོག་སྐབས། །ངེད་ཀྱི་ཉམས་སྣང་བྱིས་པ་དར་དཀར་གོས་གྱོན་པ། །ཤེལ་སྡེར་མེ་ཏོག་གྱིས་གང་ལག་ན་ཐོགས་ཏེ་འཇའ་འོད་ཀློང་། །གླུ་གར་རོལ་རྩེད་སྟོན་མཁན་ཁྱེད་ཉིད་སུ་ཞིག་ལགས་སམ་བྱས། །ང་ནི་རྡོ་རྗེ་བེར་ནག་ཅན་ཞེས་རྔམ་བརྗིད་ང་


CMR004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཅན། །ཡེ་ཤེས་དབྱིངས་ལས་ཁྲོ་བོའི་སྐུ་སྟོན་ལས་བཞིར་དབང་བསྒྱུར་དོན་དམ་དུ། །ཉིད་ཀྱི་སེམས་ལས་གཞན་སྣང་གུད་དུ་མེད་པ་ལྟ་བའི་ཡང་རྩེ་མཆོག །དེ་སྐད་སྨྲ་ཞིང་མེ་ཏོག་འཐོར་ཏེ་ཧ་ཧའི་གད་རྒྱང་སྒྲོགས་པར་སྣང་། །དུས་དེར་ཡུལ་མི་ཀུན་གྱི་འབྲུག་གི་སྒྲ་སྒྲོགས་ཐོས་སོ་བདག་ཅག་གིས། །རོ་འཛིན་ཡི་གེ་ཨ་དཀར་སྙིང་གར་སྨེ་བ་དབང་མདོག་དེ་ཚུལ་ནི། །ལྷུན་སྡེས་མི་རྗེ་ཆེན་པོར་སྙན་སྒྲོན་ཕུལ་ཞིང་སྐབས་དེར་རྡོ་རྗེ་རིལ་བུ་ཞིག་རྙེད་པར། །རིང་བསྲེལ་མང་འཕེལ་ཕ་ཡུལ་བདུད་ཀྱི་བཙོན་ར་ལྟར་མཐོང་ཞིང་། གྲུབ་པའི་གནས་མཆོག་སྟོད་ལུང་མཚུར་ཕུར་མྱུར་དུ་བསྒྲོད་སྙམ་ཚེ། །མེ་འབྲུག་ཧོར་ཟླ་བཅུ་གཉིས་ཟླ་ཚེས་དགེ་བར་རྒྱལ་ཚབ་དམ་པ་དང་། །གྲྭ་ཟུར་སློབ་དཔོན་སྔོན་གྱི་གསོལ་གཟིམ་འགྲོན་བཅས་ཇི་སྙེད་སོགས། །ཆས་བཟང་དང་བཅས་བསུ་བར་འབྱོར་ཚེ་ཡིད་དགེའི་སིམ་པ་བསྐྱེད། །རྒྱལ་རིར་ལོ་གསར་དགའ་སྟོན་སྤྲོ་ཞིང་རྒྱལ་བ་དང་པོ་ལ། །གདན་སར་འབྱོར་ནས་ཁམས་གསུམ་མགོན་གཅིག་བསྟན་པའི་མངའ་བདག་དམ་པ་མཆོག །ཐམས་ཅད་མཁྱེན་གཟིགས་རྒྱལ་བ་བསྐལ་བཟང་རྒྱལ་མཚན་ཐུགས་བསྐྱེད་རྟེན་འབྱུང་དང་། །མི་རྗེ་ས་ཡི་དབང་ཕྱུག་


CMR004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བསྟོད་རྒྱལ་གཞན་ཡང་བཀའ་བརྒྱུད་ཀྱི། །ཡབ་སྲས་རྣམས་དང་ལྟོས་བཅས་ཀུན་གྱི་འཇིགས་མེད་སེང་ཁྲིར་མངའ་གསོལ་ཞིང་། །སྲི་ཞི་ཀུན་ཏུ་འབད་མེད་ལྷུན་གྲུབ་རྟག་ཏུ་བཀྲ་ཤིས་རབ་རྒྱས་ཤོག །དེ་སྐད་སྡེ་པ་ངེས་དོན་གྱིས། །ན་རིམ་གསུམ་གྱི་རྣམ་ཐར་ཞིག །ནན་ཏན་ཆེན་པོས་བསྐུལ་བ་ཡིས། །ཐོ་ཙམ་བྲིས་པ་མངྒ་ལཾ།། །སླར་ཡང་དད་ལྡན་ཅིག་གིས་ལེའུ་ཚན་འདི་བར་ཅུང་ཟད་བསྣོན་རྒྱུ་བྱུང་ཟེར་བར། །བདག་རང་གི་དོན་རྒྱུད་ཀྱི་རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་བསྙེན་པར་རྫོགས་པའི་སྡོམ་པ་དང་སེམས་ཉིད་ཆོས་སྐུར་ངོ་སྤྲད་པ་ནི། དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ། མཁས་གྲུབ་ཡོངས་ཀྱི་རྒྱན་གཅིག །རྡོ་རྗེ་འཆང་ཆེན་བསྟན་པའི་ཉིན་བྱེད་དེ་ཉིད་ཡིན་ལ། །དེའི་ཞལ་སྔ་ནས་དབང་ལུང་མན་ངག་ཁྲིད་སོགས་ཀྱང་བསམ་གྱི་མི་ཁྱབ་པ་ཐོབ་པ། བཀའ་དྲིན་འཁོར་མཐའ་མེད་ཅིང་། ཁྱད་པར་དུ་གཏེར་ཆེན་རོལ་པའི་རྡོ་རྗེའི་ཆོས་སྐོར་གྱི་དབང་ལུང་ཐོབ་སྐབས། རྨི་ལམ་དུ་རྗེ་དེ་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་སྐུ་མདོག་ལྗང་གུ་ཞིག་ཏུ་སྣང་། དེའི་སྒོ་ནས་དབང་བསྐུར་མཛད་དེ། མེ་ཏོག་ཅོད་པན་ཤར་དུ་


CMR004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་གསང་མཚན་དབང་ཆེན་རྡོ་རྗེ་ཞི་བ་རྩལ་ཞེས་བྱ་བའོ། །སྣང་གྲག་རྟོགས་གསུམ་ལྷ་སྔགས་བདེ་བ་ཆེན་པོའི་ངང་ནས་འདི་སྐད་གསུངས། རང་ཉིད་ལྷ་ཡི་ངོ་བོ་དང་། །མཚན་མའི་དཀྱིལ་འཁོར་སྲིད་བཅུད་ཀུན། །སོ་སོ་མ་ཡིན་ཐ་མི་དད། །སེམས་ཉིད་གཅིག་པུར་ལྷུན་གྲུབ་ཕྱིར། །བདག་མདུན་ཐ་དད་བསྒྲུབ་མི་དགོས། །སེམས་ཀྱི་རང་མདངས་མཚན་མའི་རྟེན། །ཕྱི་རོལ་སྲིད་བཅུད་སོགས་སུ་ཤར། །སེམས་ཉིད་ཁྲོ་རྒྱལ་རྟ་མགྲིན་སྐུར། །ཤར་ཚེ་དེ་དག་གུད་ན་མེད། །དེ་ཕྱིར་ཐ་དད་མ་ཡིན་པར། །ཟུང་འཇུག་ཨ་ཏིའི་རྣལ་འབྱོར་གྱི། །ལྟ་བའི་མཐར་ཐུག་ཡིན་པར་ངེས། །ཞེས་འདི་ཨོ་རྒྱན་ཆེན་པོའི་གསུངས། །ཞེས་སོགས་དབང་བཞི་ངོ་སྤྲད་མཛད་ཅིང་། འོན་ཀྱང་རྟ་མགྲིན་མརྒད་མདོག་ཅན་དེ། །སྔོན་མ་ཐོས་པས་སུ་ལའང་མ་བཤད་ཅིང་། །རྗེས་སོར་རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་ཆ་ལག་ཏུ་འདུག་པས་ངོ་མཚར་རྙེད་དོ། །ཤམ་པོ་གངས་ཀྱི་ཆུ་འགྲམ་དུ་མེ་དཔུང་འབར་བ་ཞིག་རྨིས། དེར་གུར་དྲག་གི་སྐུ་ཆུང་ངུ་ཞིག་རྙེད་པ་བསྟན་ཆོས་གཉིས་ཀྱིས་ཤེས། སྔར་ས་ལུག་ལོར། བདེ་ཆེན་ཡང་རིའི་རྩེ་མོ་ནས། ལྷ་ཆེན་ཐང་ལྷ་གཉེན་པོ་འཁོར་


CMR004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནམ་མཁའི་སྐར་ཆའི་གྲངས་ལྟ་བུས་གུས་བཏུད་བྱེད་པར་མཐོང་། དེ་འདྲའི་ཡིག་གེར་བཀོད་རྒྱུ་མང་ན། ལྔ་བདོའི་འགྲོ་བ་ཐེ་ཚོམ་གྱ་གྱུ་མང་བས། རང་གཞན་ཀུན་ལ་ཕན་པ་མི་འདུག །གཙང་ཟབ་ཕུ་ལུང་དུ་གནས་མཇལ་ལ་ཕྱིན་སྐབས། ཁྲོམ་ཁྲི་ཁྲག་ཙམ་འཚོགས། དཀོར་ཟས་རྒྱ་ཆེར་སྤུངས། མ་རྒན་དེ་རྣམས་ལ་སྙིང་རྗེ་ཚད་མེད་སྐྱེས། སྨོན་ལམ་རྒྱ་གང་ཆེ་འདེབས་ཀྱང་། བདག་གཞན་ཐམས་ཅད་སྔོན་གྱི་ལས་ཁོ་ན་སྨིན་དགོས་འདུག །ད་ནི་བདག་ཅག་དབེན་ས་སྙེགས་ཏེ། བྱང་ཆུབ་བསྒྲུབ་པའི་དུས་ཞིག་ཡིན་འདུག །སྐབས་དེ་ལྷ་ཕུ་གླང་འཕྲང་གིས་མདོ་རིས་རྩེ་མོ་ནས། རྡོ་རྗེ་སྐྱིད་ཕུག་ཟེར་བའི་ཕུག་པ་མཐོང་བས། རྗེ་བཙུན་མི་ལའི་རྣམ་ཐར་དྲན་ནས་མཆི་མ་རང་དབང་མེད་པར་ཤོར། འདུ་འཛིའི་དབྱེ་བ་ཆོས་བརྒྱད་སྒྲོག་གིས་བཅིངས་པའི་རེ་སྡུག་སྙམ། དེ་ནས་རྒྱབ་ལུང་དུ་བསྡད་པའི་དགོང་མོ་རྨི་ལམ་དུ། ནམ་མཁའི་ཀློང་ནས་འཇའ་སྤྲིན་གྱི་དབུས་སུ་རྗེ་བཙུན་ཐོས་པ་དགའ། རྨ་བྱའི་སྒྲོ་ཐུལ་བཞེས་པ་ཞིག་ཞལ་འཛུམ་མདངས་བཅས་ཏེ། རྣལ་འབྱོར་བཞི་རིམ་གྱི་མན་ངག་མགུར་དུ་གསུངས། ཡང་དེ་ཉིད་བསྟན་པའི་ཉིན་བྱེད་ཀྱི་


CMR004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བསྟན་ཏེ། །འཕོ་འགྱུར་མེད་པའི་དམ་ཚིག་དང་བཟློག་མེད་ཀྱིས་མོས་གུས་ཡོན་ཏན་ལས། བླ་མ་སངས་རྒྱས་ཀུན་འདུས་ཀྱི་གདམས་ངག་དེ་འདྲ་བསྟན་པ་ཡིན་གསུངས་ནས། སླར་ཡང་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་སྐུར་སྣང་ཞིང་། དེ་ཉིད་ཞལ་གདམས་ཐུན་མོང་མ་ཡིན་པ་སྙིང་པོ་དོན་གསུམ་མདོར་བསྡུས་རྡོ་རྗེའི་མགུར་བཞེངས། མ་འོངས་པའི་ལུང་བསྟན་འགའ་ཞིག་ཟིན་བྲིས་ཟུར་དུ་བཏབ་ཡོད། མངྒ་ལཾ་ཤུ་བྷཾ།། །།མེ་ཕོ་རྟ་ལོའི་གནམ་ལོ་འཆར་བའི་ཚེ། །དཔའ་བོ་མཆོག་སྤྲུལ་ཁྲ་ལེབ་སྤྲུལ་སྐུ་བཅས། །མཚན་གསོལ་རྡོ་རྗེའི་མདུད་ཀྱི་སྲུང་བ་དང་། །དམ་རྫས་ལྷ་གོས་རབ་བཟང་བལྟས་བཅས་ཏེ། །ངོ་མཚར་འོད་སྣང་མདོ་སྨད་ཕྱོགས་སུ་སྤྲོས། །སྟོད་འགྲེལ་དག་ལས་སྤྲེའུ་ལོ་ཤར་ཚེ། །ཁྲུམས་ཟླའི་གྲལ་ཚེས་དགེ་བར་མཚུར་ནས་བཏེགས། །ལམ་ཞག་གཉིས་བཅས་གཞུང་ས་ཆེན་པོ་ནས། །རྟ་ཐབས་བསུ་བ་དང་བཅས་ལྷ་སར་འབྱོར། །གཟའ་སྐར་དུས་སྦྱོར་དགེ་བའི་སྔ་ཆ་རུ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཇི་སྙེད་ཀྱིས། །མཐའ་ཡས་ཡོན་ཏན་མི་ཟད་འདུས་པའི་སྐུ། །སྲིད་ཞིའི་གཙུག་རྒྱུན་གངས་ཅན་བསྟན་འགྲོའི་དཔལ། །


CMR004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་གཟིགས་འཇམ་དཔལ་རྒྱ་མཚོ་ཡི། །མཚན་དཔེའི་དཀྱིལ་འཁོར་མཇལ་ཞིང་གསུང་ཐོས་པས། །མཐོང་ལམ་ཐོབ་ལྟར་རྨད་བྱུང་ས་སྤྱོད་ཐོབ།། །།འགྲོ་བའི་མཆོད་སྡོང་ཤཱཀྱ་མུ་ནེའི་དྲུང་། །ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཡིས། །གདེངས་ཅན་བསུ་བཟློག་སྤྱི་དགེར་སྨོན་བཟང་དང་། །སྨོན་འཇུག་སེམས་བསྐྱེད་ཡང་དག་བརྟེན་པར་བཟུང་། །གདུལ་བྱར་གྱུར་པའི་སྐྱེ་བོའི་ཚོགས་རྣམས་ལ། །དམ་པ་ཆོས་ཀྱི་སྦྱིན་པས་སྨིན་གྲོལ་བཀོད། །རྒྱལ་བ་སྲས་བཅས་བྱིན་སྟོབས་ཡོངས་འདུས་པ། །སྡོམ་པ་གསུམ་གྱི་ཐུགས་རྒྱུད་ལེགས་པར་སྨིན། །གདུལ་བྱར་སྡེ་སྣོད་གསུམ་གྱིས་ཚིག་དོན་འཆད། །བསྡུ་བའི་དངོས་པོ་བཞི་ཡིས་ཡིད་ཅན་ཚིམ། །ཐུབ་བསྟན་པདྨོའི་འདབ་བརྒྱད་བཞད་མཛད་པ། །འཕགས་པ་ཀླུ་སྒྲུབ་གཉིས་པ་འགྲོ་བའི་མགོན། །མཚུངས་མེད་འབྲི་གུང་སྤྲུལ་པའི་སྐུ་མཆོག་ཟུང་། །ལྷར་བཅས་འགྲོ་བ་ཀུན་གྱིས་བསྟོད་པར་འོས། །དེ་ལྟར་དམ་པ་མཆོག་གཉིས་ཐུགས་ཀློང་ནས། །ནན་ལྟར་ང་ཅིག་ཕྱོགས་དེར་ཡོངས་དགོས་གསུངས། །དེ་ཚེ་རྟེན་འབྲེལ་ལེགས་ཚོགས་ཁྱད་པར་འཕགས། །ཨཾ་བན་མཆོག་དང་བཀའ་ཡི་བློན་ཆེན་


CMR004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཇི་སྙེད་ལྷག་བསམ་བཀའ་དྲིན་སྤྲོ་བ་ཐོབ། །ལུགས་གཉིས་མངོན་མཐོ་ལྷོ་འབྲུག་སྡེ་སྲིད་ཆེའི། །གསུངས་ཤིག་ཆག་དོན་བཟང་པོའི་ངོ་མཚར་རིས། །ཚང་སྲས་ཏཾ་བུ་ར་བཞིན་མཆོག་ཏུ་སྙན། །ལ་དྭགས་ཕྱོགས་ཀྱི་མ་ཧ་ར་ཛ་དང་། །རྨད་བྱུང་ཐུགས་རྗེའི་མངའ་བདག་རྒྱལ་སྲས་མཆོག །ལྷ་ལུང་གསུང་སྤྲུལ་འཛི་སྒར་མཆོག་སྤྲུལ་སྐུ། །མདོ་སྨད་ས་ཡི་དབང་ཕྱུག་སྡེ་དགེ་དང་། །ཡོངས་འཛིན་མཆོག་དང་ཁམས་སྤྲུལ་འཇིགས་མེད་སོགས། །ཆོས་ཀྱི་མགོན་པོ་དེ་སྐྱ་སྤྲུལ་པའི་སྐུ། །ལྷོ་པ་འཆི་མེད་ཀླུ་དགའི་བྱ་བཏང་གྲུབ། །རི་བོ་ཆེ་དང་སྒ་ཕྱོགས་ཞིང་ཁམས་སུ། །སྡོམ་བརྩོན་དམ་པའི་བླ་མ་ཇི་སྙེད་དང་། །བསླབ་གསུམ་ཡོན་ཏན་གཏེར་མཛོད་བསྒྲུབ་བསྟན་སྤེལ། །དཔལ་སྤུང་རྗེ་དབོན་མཆོག་གི་སྤྲུལ་སྐུ་ཟུང་། །དོན་གྲུབ་ཆོས་རྒྱལ་ཤེས་རབ་རྒྱ་མཚོ་དཔལ། །སྦས་ཡུལ་བདེར་སྐྱོང་མི་རྗེ་བཀའ་གནམ་པ། །རྣམ་དཀར་སྙིང་སྟོབས་མི་དམན་སྟོད་ཀྱི་ཕྱོགས། །སྤོང་རོང་རྗེ་དབོན་ལ་སོགས་ཆེ་རྒུ་དང་། །ཁྱད་པར་ལྷ་ལྡན་ཕྱོགས་ཀྱི་སྡེ་དྲུང་འཁོར། །སྦྱིན་བདག་དད་ཅན་སློབ་མའི་ཁྲོབ་མཇལ་བཅས། །མཆོག་དམན་བར་མའི་འགྲོ་བ་ཇི་སྙེད་ལ། །ཆབ་ཤོག་སྨོན་


CMR004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདོད་གསོལ་དང་། །ཉམས་ལེན་ཉེར་མཁོ་ལ་སོགས་ཟིན་བྲིས་སོགས། །ཧ་ཅང་མང་བས་འདི་ནི་ཡི་གེའི་རིས། །འཇིགས་ཕྱིར་མ་བཀོད་འདི་ན་གང་བསྟན་ཞེས། །ཟུར་མང་མཆོག་སྤྲུལ་གཉིས་ཀྱི་དགོངས་བཞེད་ལྟར། །མགུར་མ་ལ་སོགས་ཉམས་མཚར་ཁ་ཤས་རྣམས། །མཁས་དབང་རྣམས་ཀྱིས་གཟིགས་ངོར་མ་མཆིས་ཀྱང་། །ཐ་མལ་སྣང་བ་དཔེ་ཡི་ཁེངས་ནས་ནས། །ཆོས་ལ་བསྐུལ་ཕྱིར་ཤོག་ཚད་མདའ་གང་མ། །བརྒྱ་ཕྲག་གཅིག་ལས་ལྷག་པའི་གྲངས་ཉིད་དུ། །བཀོད་པ་དགེ་དེས་མཁའ་མཉམ་སེམས་ཅན་སོགས། །སྡུག་བསྔལ་ཀུན་བྲལ་བདེ་བའི་དཔལ་དང་ལྡན། །སྒྲིབ་གཉིས་རྩད་གཅོད་ཚོགས་གཉིས་འབྲས་བུ་སྨིན། །བདག་ཏུ་ལྟ་བའི་མདུད་པ་རང་སར་གྲོལ། །ཆོས་དབྱིངས་ཡེ་ཤེས་སྒྲིབ་མེད་གསལ་མཐོང་སྟེ། །ཐམས་ཅད་མཁྱེན་གཟིགས་གོ་འཕང་ཐོབ་པར་ཤོག། །།ན་མོ་དྷརྨ་ཀ་ར་ཡེ། དད་ལྡན་ཐང་པ་ཡིན་པ་གཅིག་གཉིས་ནས་ངེད་ཀྱི་རྣམ་ཐར་མདོར་བསྡུས་རེ་བཀོད་པ་ཞིག་ཅེས་ཀྱང་དགོས་ཟེར་ནན་ཏན་དུ་སྨྲས་བྱུང་བར་འདི་སྐད་དོ། །ཉིན་བཞིན་རྣམ་གཡེང་འདུ་འཛི་དང་། །ཚུར་འོངས་ཕར་སོང་བྱེ་བྲག་གིས། །ཡི་


CMR004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རིས་སུ་བཀོད་སྲོལ་འདུག །སྣག་ཤོག་གཟན་པའི་ལས་མ་གཏོགས། །དེ་དག་ཡ་མཚན་ཅིར་མི་སྣང་། །ཁྱད་པར་སྙིགས་དུས་འགྲོ་བ་ལ། །ཇི་བཞིན་བརྗོད་པ་དགོས་པས་དབེན། །དེ་ཕྱིར་རྣལ་འབྱོར་བདག་ཅག་པ། །སྨྲ་བ་བསྐུང་ཞིང་སུ་ལའང་། །སྤྱད་པ་མི་བྱ་དེ་ལྟར་ལགས། །འོན་ཀྱང་ཁོ་བོ་བྱིས་པའི་དུས། །ཡ་མཚན་མཐོང་སྣང་སྣ་ཚོགས་དང་། །རྨི་ལམ་སྔོན་གནས་རྗེས་དྲན་འགའ། །བླ་མ་དྷརྨ་རཱ་ཛ་ཡི། །བརྗེད་ཐོར་བྲིས་ཀྱང་འདིར་མ་བཀོད། །ད་ལྟའི་སྐབས་འདིར་ན་ཚོད་ནི། །སྨིན་པའི་སྐབས་འདིར་མི་ལྕོགས་ལས། །རྣམ་གཡེང་ཆུ་གཉེར་འདི་བཟློག་ནས། །ཡང་དག་རྡོ་རུས་གཏུག་པ་ཡི། །སྙིང་པོའི་དོན་ཞིག་འབད་སྙམ་ཡང་། །རང་སྣང་འཁྲུལ་པའི་སྣང་བར་འབྱམས་། །ནུབ་གཅིག་ངོ་མཚར་རྨི་ལམ་དུ། །རྗེ་བཙུན་རས་པ་མཆོག་གཉིས་བྱོན། །སྐུ་མདོག་སྔོ་སྐྱ་བསྒྲེས་ཚུལ་ཅན། །འདོམ་གང་འཕགས་པའི་ནམ་མཁའ་ལ། །སེམས་དཔའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །གཅིག་ཤེས་གཞོན་ནུ་མཛེས་པའི་བཞིན། །འགྲེང་སྟབས་འཆམ་བསྐོར་ལང་མ་ལིང་། །ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལ། །དེ་དག་མགྲིན་གཅིག་དབྱངས་སྙན་


CMR004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པོས། །རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ངེད་རས་པའི་གླུ་ལ་མ་ཡེངས་ཉོན། །སྤྱིར་སྣང་བ་འདི་བདེན་པར་མ་གྲུབ་མེད། །འཛིན་ཆགས་ཞེན་ཆགས་རྒྱབ་ཏུ་བོར། །ཆོས་ཟབ་མོ་ནཱ་རོའི་ཆོས་དྲུག་དེ། །ཐོབ་པས་མི་ཆོག་བསྒོམ་ལ་འབད། །བག་ཆགས་ཀྱི་འཁྲུལ་སྣང་འདི་ཀུན་གྱིས། །ལྔ་བདོ་ཡི་ལང་ཚོ་ངོམས་པ་ཡིན། །སྐྱོ་ཤས་ཀྱི་སྙིང་རླུང་ལྡང་ལགས་ཀྱང་། །ལར་དེ་ཀུན་བརྟག་ཞིང་དཔྱོད་པའི་ཚེ། །སེམས་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལས། །དེ་ལས་དམིགས་སུ་མ་མཆིས་མཛོད། །འགྲོ་དྲུག་ལ་སྨོན་ལམ་བཟང་པོ་ཐོབ། །ཅེས་དབྱངས་ཆེན་པོས་ཡིད་སྣང་བ་འགྱུར་བའི་ངང་། སེང་ལྡེང་གྱི་ཌཱ་མ་རུ་དྲག་ཏུ་བཀྲོལ་བས། འབྲུག་གྲག་པ་ལྟ་བུའི་ངང་གཉིད་སད་བྱུང་སྐབས། མདུན་དུ་སྦ་གཟེད་ནང་ཐུད་སྡར་གཅིག་ཡོད་པ་དེ། བྱི་བ་ཞིག་གིས་འདྲེད་པའི་སྐད་དེར་ཌཱ་མ་རུ་ཡིན་འདུག་ཅིང་། དེར་སྙིང་རྗེ་མི་བཟོད་པ་སྐྱེས་ཏེ། ཐུད་དེ་མ་ཟད་པར་བྱི་བ་ཁོ་ནར་ལ་ཟར་བཅུག་པ་ཡིན། །རྣམ་ཐར་བསྡུས་པ་དེ་ཙམ་མཆོག །ལྷུན་གྲུབ་ནོར་བུ་དཔལ་བཟང་པོ། །ཡར་ངོའི་ཟླ་ལྟར་རབ་ཏུ་འཕེལ། །ཕུན་ཚོགས་དགེ་ལེགས་རབ་རྒྱས་ཤོག །སརྦ་མངྒ་


CMR004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།། །། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར།next