Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ།
   
   
   
   
   
   
   
   
   
   
   


 
previousདགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ།next

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ།


CMR004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ་བཞུགས་སོ།།


CMR004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་བཀའ་གདམས་གླེགས་བམ་ལས། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི། ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་། གཞན་བོད་ཀྱི་ཆོས་རྒྱལ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ཡིན་ཚུལ་རྒྱས་པར་གསུངས་པའི་སྐབས་སུ། འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་ཏེ། དེ་ནི་སྤྱན་རས་གཟིགས་ཉིད་ཅེས་དང་། ཁྲི་སྲོང་དེ་ལས་འོད་ཟེར་གཉིས་འཕྲོས་ཏེ། དེའི་དཔུང་པའི་འོད་ཟེར་ལས། ཐུགས་རྗེ་ཆེན་པོ་སེང་གེ་སྒྲ་ཡི་ཁྲིམས་ཡོངས་སུ་སྲུང་བར་བྱེད་པ། ལྷ་གཞན་གྱི་བར་


CMR004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པས་མི་ཚུགས་པ་བཙུན་པ་སྤྱན་རས་གཟིགས་ཉིད་ཀྱི་སྤྲུལ་པ་སྟེ། སད་ན་ལེགས་མཇིང་ཡོན་ཞེས་བྱ་བ་འབྱུང་སྟེ། དེ་ཡང་ཆོས་རྒྱལ་ཡིན་ཅེས་དང་། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། སད་ན་ལེགས་ཀྱི་སྐྱེ་རྒྱུད་ལུང་བསྟན་པའི་སྐབས་སུ། ཨོ་རྒྱན་གྱི་ཞལ་ནས། འགྲོ་ལ་ཕན་ཕྱིར་སེམས་དཔའ་འབྱོན། །ད་དུང་མངའ་བདག་གདུང་རྒྱུད་འཛིན། །དེ་ཡི་སྨོན་ལམ་དག་པས་ང་དང་འཕྲད། །དམ་པའི་ཆོས་ཀྱི་གདུང་རྒྱུད་པའི། །མ་འོངས་སྙིགས་མའི་དུས་སུ་ཡང་། །སྐྱེ་རྒྱུད་མང་པོ་ཤཱཀྱའི་ཞིང་། །སྤྲུལ་པ་མང་པོ་ཡང་དང་ཡང་དུ་ནི། །ལན་གཅིག་འཁོར་


CMR004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུས་པ་སྐྱོང་། །འགྲོ་བ་རྣམས་ཀྱང་ཐབས་ཀྱིས་འདུལ། །ཐ་མ་བདེ་ཆེན་ཞིང་ཁམས་སུ། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཐུགས་རྗེས་འགྲོ་བ་འདྲེན་པར་འགྱུར། །ཞེས་གསུངས་སོ། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་པའི་ཞལ་གདམས་ལུང་བྱང་གི་མགོར། ཀྱེ་མ་སྐྱེས་བུ་རིགས་ཀྱི་བུ། །ཁྱོད་ནི་རྗེ་འབངས་ཤུད་བུ་དཔལ། །པདྨ་ང་ཡི་བྱིན་གྱིས་བརླབས། །སྔོན་ཚེ་རྒྱལ་སྲས་སད་ན་ལེགས། །དེ་ནས་སྐྱེ་བ་འགའ་བརྒྱུད་ནས། །སད་ན་ལེགས་ཀྱི་སྐྱེས་མཐའ་དེ། །སྔགས་འཆང་རཱ་ག་ཨ་སྱའི་མིང་། །སྔོན་ཚེ་སྐྱེ་བ་དུ་མ་ནས། །འབྲལ་མེད་མི་འབྲལ་སྨོན་ལམ་ལྡན། །སྔོན་ཚེ་སྐྱེ་བ་གྲངས་མེད་ནས། །འབྲལ་བ་མེད་པ་དེ་ཡི་མཐུས། །དེང་འདིར་བག་ཆགས་སད་པ་ལས། །གནམ་ཆོས་ཐུགས་གཏེར་བདག་ཉིད་སོགས། །ལྷ་ཡིས་གསུངས་པའི་སྙན་བརྒྱུད་འདིས། །ཞེས་སོགས་གསུངས་སོ། །གཞན་ཡང་གནམ་ཆོས་རྩིབ་དྲུག་གི་སྒྲུབ་ཐབས་ཀྱི་སྐབས་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པར་ལུང་བསྟན་པ་དང་། ཐུགས་རྗེ་ཆེན་པོ་རྣོ་བཀྲའི་ཆོས་བདག་ལུང་བསྟན་སྐབས་སུ་


CMR004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་དུ་ལུང་བསྟན་པ་ཡང་སྣང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པ་ལ། དགོངས་པ་ཡིན་ནམ་སྙམ་པ་ལས་བདེན་འཛིན་མེད། ཕྱི་མ་ཡང་དངོས་བདེ་བ་ཅན་དུ་སྐྱེས་ནས། མཐར་བདེ་བ་ཅན་དུ་བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས་པར་སངས་རྒྱས་ཤིང་། འབྲེལ་ཐོགས་ཕལ་ཆེར་དེར་སྐྱེ་བ་དང་། སྤྲུལ་པ་གཅིག་སངས་རྒྱས་སྨན་ལྷའི་དྲུང་དུ། བྱང་ཆུབ་སེམས་དཔའ་འགྲོ་ལ་རྟག་ཏུ་གཟིགས་བྱ་བར་འགྱུར་བ་དང་། སྤྲུལ་པ་གཅིག་རྔ་ཡབ་གླིང་དུ་ཨོ་རྒྱན་གྱི་དྲུང་དུ་རིག་འཛིན་རྨ་བྱའི་མགྲིན་པའི་རྒྱལ་མཚན་བྱ་བར་གྱུར་ནས་རང་གི་ཆོས་བརྒྱུད་འཛིན་པ་རྣམས་ལ་སྲུང་སྐྱོབ་བྱེད། སྤྲུལ་པ་གཅིག་ནི་ཞྭ་དམར་པ་བརྒྱད་པའི་དབོན་པོ་ཞིག་ཏུ་གྱུར་ཏེ་ཀཾ་ཚང་གི་བསྟན་པ་ལ་ཕན་ཆེར་ཐོགས། །སྤྲུལ་པ་གཅིག་མི་འགྱུར་རྡོ་རྗེའི་རིགས་རྒྱུད་ཅིག་ཏུ་སྐྱེས་ཏེ་རང་དང་དེའི་ཆོས་བརྒྱུད་འཛིན། མི་རྣམས་ཚེ་ལོ་དྲུག་བརྒྱ་ཐུབ་དུས་སྤྲུལ་པ་གཅིག་རྒྱ་གར་རྡོ་རྗེ་གདན་དུ་དགེ་སློང་དུ་སྐྱེ་ཞིང་གནས་བརྟན་བཅུ་དྲུག་དང་དངོས་སུ་མཇལ། དེ་གསུམ་མ་གཏོགས་འཁོར་བར་མི་སྐྱེ་བར་གསུངས་ཤིང་། སྔོན་གྱི་སྐྱེས་རབས་མི་འགྱུར་རྡོ་རྗེ་


CMR004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འབྲལ་བར་སྐྱེས་པས། དག་མ་དག་གི་སྐྱེས་རབས་དཔག་ཏུ་མེད་པ་དང་། སྤྲུལ་སྐུའི་གཟིགས་སྣང་ལ་བྱུང་བའི་ལོ་རྒྱུས་ཀྱང་མང་དུ་ཡོད་དེ། ང་རང་གིས་མི་དྲན་པས་བདེན་འཛིན་ཆེར་མེད། ཁོང་རང་ལས་དག་པའི་གཟིགས་ངོ་ཡིན་ནམ་སྙམ། ཀྱེ་མ་བདག་ནི་ལས་སྒྲིབ་ཚན་ཆེ་བས། །སྔོན་དང་ཕྱི་མའི་སྐྱེ་བ་ནི། །གཅིག་ཀྱང་དངོས་སུ་དྲན་པ་མ་མཆིས་ཀྱང་། །མཚམས་བསྡམས་ཐུགས་དམ་སྨོར་དུས་འགར། །ཉམས་དང་རྨི་ལམ་ཟ་ཟི་ལ། །ཐར་ཐོར་འགའ་རེ་དྲན་པ་དང་། པ་སུ་སྤྲུལ་སྐུས་གསུངས་པ་རྣམས། །མཐུན་པར་འདུག་ཕྱིར་ཟུར་ཙམ་བྲི། །ཤཱཀ་ཐུབ་མདུན་དུ་དགེ་སློང་ནི། །དྷ་ཡི་མིང་ཅན་ཞིག་ཏུ་གྱུར། །ཀླུ་སྒྲུབ་སློབ་མ་པཎྜི་ཏ། །མངྒའི་མིང་ཅན་ཞིག་དང་ནི། །མཇིང་ཡོན་སད་ན་ལེགས་ཞེས་བྱ། །དུས་གསུམ་མཁྱེན་པའི་སློབ་མ་ནི། །ཕྱག་མཛོད་པ་དེ་རབ་དགའི་མིང་། །རང་བྱུང་རྡོ་རྗེའི་སློབ་མ་ནི། །གཡུང་ཆུང་རྒྱ་ནག་བླ་མཆོད་བྱས། །ཀོང་ཡུལ་བཀྲ་ཤིས་མིང་ཅན་དེར། །གནས་ཕྲན་སྒོ་འབྱེད་གནས་ཡིག་བཏོན། །ལྷ་སའི་ཕྱོགས་སུ་ཚོང་དཔོན་ཞིག །ཇོ་ཤཱཀ་གཉིས་ཀར་བཀུར་སྟི་ཆེ། །ཚེ་འདིར་ཕ་ནི་གཉིས་ཡོད་ཀྱང་། །ལུས་འདི་


CMR004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་པ་ཡི་རུས། །དམ་ཆོས་ཇི་བཞིན་མ་བྱུང་ཡང་། །སྡོམ་ལྡན་དགེ་སློང་དམ་ཚིག་གཙང་། །ཞེ་འགྱོད་ཡོད་པ་ཞིག་ཀྱང་མེད། །སྒྲུབ་པ་བརྒྱ་ཕྲག་ལྷག་ཙམ་ཐོན། །དངོས་སུ་ལྷ་ཞལ་མ་མཐོང་ཡང་། །ཉམས་དང་རྨི་ལམ་འཁྲུལ་སྣང་ལ། །རྒྱ་བོད་གྲུབ་ཐོབ་ཡི་དམ་ལྷ། །ཊཱཀྐི་ཆོས་སྐྱོང་མང་དུ་མཇལ། །མཉམ་རྗེས་འདྲེས་པར་མ་གྱུར་ཀྱང་། །སྟོང་ཉིད་ལྟ་བ་དངོས་སུ་རྟོགས། །མི་ཚེར་དཀོར་ལ་ཟོས་ན་ཡང་། །གཞན་མགོ་བསྐོར་བའི་ཟས་མ་ཟོས། །དབང་ལུང་ཆར་པ་ཕབ་ན་ཡང་། །བཀའ་ཆད་ལུང་རྡུམ་བཤད་མ་མྱོང་། །གསར་རྙིང་མདོ་རྒྱུད་ཐམས་ཅད་ལ། །མཁས་པའི་སློབ་གཉེར་མ་བྱས་ཀྱང་། །གང་ལའང་ཕྱོགས་མགོ་ཙམ་རེ་ཡོད། །ཆེ་ནི་རིང་ངམ་ཐུང་ཡང་རུང་། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བར་ལྷ་ཡི་ལུང་བསྟན་དང་། །རང་གིས་ཀྱང་ནི་གསལ་བར་མཐོང་། །དེ་ཙམ་སེམས་ཀྱི་གཏད་སོ་ཡིན། །མེད་ལ་ཡོད་སྐད་བླ་མའི་རྫུན། །སྨྲས་ན་དགེ་སློང་སྡོམ་པ་འཆོར། །ཅུང་ཟད་ཙམ་ལ་སྒྲོ་བཏགས་ནི། །ཆེན་པོས་བསྟོད་ན་མཁས་པས་ཁྲེལ། །དྲང་པོར་སྨྲས་འདིས་ཉེས་སྒྲིབ་མེད། །འོན་ཀྱང་གཞན་ལ་བསྟན་པ་ན། །


CMR004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱ་རྟེན་གཤེ་སྐུར་རྩ་བར་འགྱུར། །དེ་ཕྱིར་གཞན་ལ་གསང་བར་བྱ། །སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཡིས། །བཀའ་ཡིས་ཡང་ཡང་བསྐུལ་བའི་ཕྱིར། །གསུང་ནི་མ་བཅག་ཙམ་དུ་ནི། །རཱ་ག་ཨ་སྱས་བྲིས་པ་ཡིན། །ངན་པའི་རང་བསྟོད་ངོ་ཚའི་གཏམ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousདགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ།next