Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ།
   
   
   
   
   
   
   
   
   
   


 
previousརྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ།next

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ།


CMR004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ་བཞུགས་སོ།།


CMR004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འདྲེན་མཆོག་འོད་མཚན་ཅོད་པན་ཅན་ལ་འདུད། །རྡོ་རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །སྤྲང་པོ་བདག་གི་རྣམ་ཐར་བྲིས་ཞེས་གསུངས། །བསྟན་པའི་སྙིགས་མ་དུས་ངན་སྙིགས་མ་ལ། །སྤངས་རྟོགས་ཡོན་ཏན་རི་བོང་རྭ་འདྲ་བའི། །དཀོར་གཟན་བདག་འདྲར་བླ་མའི་མིང་ཐོགས་ཤིང་། །དད་ལྡན་ཀུན་གྱིས་བཀུར་སྟི་བྱེད་པ་དང་། །སྐུ་སྐྱེ་དབོན་རིགས་དགེ་བཤེས་མང་པོ་ཡིས། །དབང་ལུང་ལ་སོགས་གསན་མཁན་མང་ན་ཡང་། །མུ་གེ་བྱུང་ན་ཆོ་ལེ་ཟས་མཆོག་ལྟར། །ཡིན་སྙམ་སྐྱེ་བ་མ་གཏོགས་


CMR004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རློམ་མེད། །འོན་ཀྱང་ཚིག་གི་བརྒྱུད་པ་མ་ཆད་ཙམ། །དབང་ལུང་མཎྜལ་ཚུལ་དུ་འབུལ་གྲུབ་ན། །དེང་སང་ཕན་པ་ཆེ་སྙམ་སེམས་ཁུར་བྱས། །མི་འགྱུར་རྡོ་རྗེའི་སྐྱེས་རབས་རྒྱས་པ་ནས། །སྐྱེ་བ་ཕལ་ཆེར་འབྲལ་བ་མེད་པ་དང་། །དག་པའི་སྐྱེ་བར་དཔོན་སློབ་རེས་མོས་དང་། །མ་དག་སྐྱེ་བ་རྣམས་སུ་མཐུན་གྲོགས་གྱུར། །ཁྱད་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཆ་ཤས་དང་། །སད་ན་ལེགས་ཀྱི་སྐྱེས་མཐར་ལུང་བསྟན་ཅིང་། །བདུད་འདུལ་རྡོ་རྗེའི་ས་གཏེར་ལུང་བསྟན་ལས། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་སྤྲུལ་པ་རུ། །གསུངས་


CMR004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཏེར་སྟོན་ཉིད་ཀྱིས་ངོས་བཟུང་ཡང་། །འགྲོ་དྲུག་ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །གསུངས་པ་ལྟར་དུ་དགོངས་པ་ཅན་གྱི་ཚིག །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གསུངས་པ་དེ་ལ་དགོངས་པ་ཡིན་བསམས་ནས། །ཁོ་བོ་སྤྲུལ་པ་ཡིན་སྙམ་རློམ་སེམས་མེད། །བདག་ནི་ཐ་མལ་དམངས་རིགས་ཁྱིམ་སྐྱེས་ཀྱང་། །ཨ་ནུ་སྔགས་འཆང་པདྨ་དབང་དྲག་གིས། །བུ་ཡིན་གསུངས་ནས་བརྩེ་བས་རྗེས་སུ་བཟུང་། །དྲུང་པ་ཀརྨ་བསྟན་འཕེལ་བླ་མ་ཝ། །རྒྱ་ར་བ་སོགས་མངོན་ཤེས་ལྡན་པ་བཞིས་།སྔགས་པའི་བུ་གསུངས་དེ་ཕྱིར་ཡིན་ངེས་སྙམ། །ཡིན་ཀྱང་མངའ་ཞབས་སྡེ་མེད་ཅི་ཕན་ཀྱང་། །ཁྲི་སྲོང་གདུང་རིགས་མཁའ་སྤྱོད་པ་ཡིན་ཅིང་། །གདུང་རིགས་ཡིན་པས་ལྷ་སྲུང་འཁོར་རམ་སྙམ། །ཆུང་ནས་རབ་བྱུང་རྩ་བཞི་སྲོག་ལྟར་བསྲུང་། །སྡོམ་གསུམ་རྩ་བ་མ་ཉམས་ཡིད་ཆེས་ཀྱང་། །ཉེས་ལྟུང་ཕྲ་ཞིབ་ཆར་རྒྱུན་གྲངས་མང་ཞིང་། །ཚུལ་ཁྲིམས་མཆོག་འཛིན་རློམ་སེམས་བདག་ལ་མེད། །གར་སོང་གར་བསྡད་དཀོར་གྱི་ཆར་བབ་པས། །ལྷ་བུའི་བདུད་དང་དངོས་གྲུབ་འབྱེད་དཀའ་ཡང་། །བྱང་ཆུབ་སེམས་བསྐྱེད་མ་ཉམས་


CMR004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ལྡན། །འཁོར་གསུམ་ཡོངས་དག་བསྔོ་སྨོན་ཐུབ་སྙམ་པས། །དཀོར་གྱིས་ལྟུང་དོགས་མེད་ཅིང་འབྲེལ་ཐོགས་ཀྱི། །དངོས་པོ་ཆུད་མི་ཟ་བའི་གདེང་ཚད་ནི།། ཐུབ་པས་གསུངས་པའི་མདོ་རྒྱུད་དཔང་པོ་ཡིན། །མི་ཆེན་བླ་ཆེན་མང་པོས་བཀུར་སྟི་བྱས། །འོན་ཀྱང་ང་ཆེ་སྙམ་པའི་ང་རྒྱལ་མེད། །བླ་མ་ཡི་དམ་ཐུགས་རྗེ་ཡིན་ནམ་སྙམ། །ལྷ་ཚོགས་བརྒྱ་ཕྲག་ལྷག་གི་བསྙེན་སྒྲུབ་ཐེམས། །ཉམས་དང་རྨི་ལམ་རྟགས་མཚན་མ་ཐོན་མེད། །འོན་ཀྱང་ནུས་པ་ཆེ་སྙམ་རློམ་སེམས་མེད། །ཉམ་ཆུང་བསྣུན་ས་གང་རྙེད་མ་གཏོགས་པ།། མཐུ་རྔམ་བསྡིག་ར་ཁ་ནས་འདོན་མ་མྱོང་། །དྲག་སྔགས་གབ་བཞག་གདམས་པ་ཕྱུག་ན་ཡང་། །རྒྱུ་འབྲས་མ་འཛེམ་རྣོ་ཚད་བྱེད་མ་མྱོང་། །འོན་ཀྱང་རང་ལ་གནོད་བྱེད་ཅི་བྱུང་ཀུན། །ཡུན་མི་རིང་བར་མེ་ལྕེ་སྦྲང་མ་བཞིན། །བཀའ་སྲུང་ཆོས་སྐྱོང་འཁོར་རྟགས་མངོན་སུམ་མང་། །འོན་ཀྱང་ལས་སྦྱོར་མ་བྱས་བསམ་ངན་མེད། །དེ་ཕྱིར་རང་ལ་ཕྱི་མའི་ཁུར་པོ་མེད། །ཡོན་ཏན་སྣ་མང་མ་བསླབས་དགུ་གཅིག་བསླབས། །འབྲེལ་ཐོགས་བླ་མ་སུམ་ཅུ་སོ་བདུན་བསྟེན། །ཡོན་ཏན་མཐར་ཕྱིན་སྣ་གཅིག་མ་ལོབ་ཀྱང་། །དེང་སང་གདམས་པ་ཕྱུག་འདིས་


CMR004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་བྱུང་། །ཁྲིད་རིམ་འགའ་ཐོབ་རང་སེམས་ངོ་བོ་རྟོགས། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་མེད། །ཐམས་ཅད་འགྱུར་མེད་ཆོས་སྐུ་ཀ་ནས་དག །རྒྱལ་བ་ཀུན་གྱི་ཐུགས་དང་རང་གི་སེམས། །འགྲོ་དྲུག་སེམས་རྒྱུད་སྣོད་བཅུད་འཁོར་འདས་ཀུན། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན་དུ་འདྲེས། །སྣ་ཚོགས་སྣང་བ་གཟུགས་སྒྲ་དྲི་རོ་རེག །མ་འདྲེས་སོ་སོར་གསལ་ཡང་ངོ་བོ་སྟོང་། །མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟ་བུར་རྟོགས། །སྒོམ་ཆེན་མིང་བཏགས་རུང་ཙམ་ཡིན་སྙམ་བགྱིས། །ལྟ་བ་འཁོར་འདས་དབྱེར་མེད་དོན་རྟོགས་པས། །གསང་སྔགས་ཁྲོམ་བཤད་བྱས་ཀྱང་ཉེས་མེད་སྙམ། །རྒྱ་བོད་གྲུབ་ཆེན་ཡི་དམ་ཆོས་སྐྱོང་ཚོགས། །དངོས་སུ་ཞལ་མཐོང་གསུང་ཐོས་མ་མཆིས་ཀྱང་། །ཉམས་དང་རྨི་ལམ་མཚམས་སུ་མཐོང་ཐོས་མང་། །བདུད་ཀྱི་བསླུ་བ་ཡིན་མིན་འབྱེད་དཀའ་ཡང་། །མཆོག་འཛིན་མེད་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བྱིན་རླབས་ཅུང་ཞིག་ཞུགས་རྟགས་ཡིན་ནམ་སྙམ། །ལུགས་གཉིས་མཁོས་ཁ་ཅི་ཡང་མེད་ན་ཡང་། །མི་འགྱུར་རྡོ་རྗེ་ལ་སོགས་སྐྱེས་ཆེན་འགའ། །སློབ་མར་གྱུར་ནས་དབང་ལུང་ཁྲིད་རྒྱུན་འཕེལ། །སྔོན་གྱི་སྨོན་ལམ་རྣམ་


CMR004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་དེས། །རང་ལས་བརྒྱུད་པའི་དབང་ལུང་ཁྲིད་ལ་སོགས། །ཡོན་ཏན་གང་ཡང་ཕན་ཐོགས་འབྲིམ་ཁ་ཚ། །བསྙེན་སྒྲུབ་སུས་བྱས་རྟགས་ཐོན་བར་ཆད་མེད། །ཉམས་ལེན་སུས་བྱས་ཡིད་ཆེས་ཉམས་རྟོགས་སྐྱེ། །དམ་ཚིག་སེལ་མེད་ཡོན་ཏན་ཡིན་ནོ་སྙམ། །བློ་མི་གཏོད་པའི་མི་ལ་ཅི་ཆ་ཡོད། །དངོས་སུ་སྐྱེ་བ་དྲན་པ་མ་མཆིས་ཀྱང་། །སྒྲུབ་པ་ཡུན་རིང་ཐུགས་དམ་འཕེལ་བའི་ཚེ། །ཉམས་དང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །སྔོན་ནས་སྐྱེ་བ་མང་པོ་དྲན་སྙམ་བགྱིད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །བསྟོད་ཡུལ་མཆོག་དམན་བར་མ་སུ་ལ་ཡང་། །སྒྲོ་སྐུར་མེད་པའི་བསྟོད་པ་བྱས་ན་ཡང་། །ཕན་ཆེར་མ་བྱུང་ན་ཡང་ཉེས་མི་འགྱུར། །གསུངས་པ་བཞིན་དུ་རྫུན་ཚིག་མ་འདྲེས་པར། །དྲང་པོའི་གཏམ་གྱིས་སྨྲས་པ་འདི་ལྟ་སྟེ། །ཐུབ་པའི་ཞལ་མཐོང་འཕགས་པ་ཀུན་དགའ་བོའི། །སློབ་མར་གྱུར་པའི་དགེ་སློང་ཞིག་ཡིན་དྲན། །ཀླུ་སྒྲུབ་སློབ་མ་པཎྜི་ཏ་གཅིག་སྟེ། །ཀླུ་སྒྲུབ་འདས་ནས་མྱ་ངན་བྱེད་པའི་ཚེ། །མཁའ་འགྲོས་ཟླ་གྲགས་ལུང་བསྟན་གསུང་ཚུལ་དྲན། །ཡོལ་མོ་གངས་རར་ཡིན་ནམ་རྒྱ་བལ་མཚམས། །ཞིང་སྐྱོང་


CMR004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རུ་སྐྱེས་པའི་ཚེ། །ཚེ་རིང་མ་དང་མཉམ་མགུར་བྱས་པ་དྲན། །ཁྲི་སྲོང་ལྡེའུ་བཙན་སྲས་གསུམ་ཐ་ཆུང་བ། །མཇིང་ཡོན་སད་ན་ལེགས་སུ་བདག་གྱུར་དྲན། །དུས་གསུམ་མཁྱེན་པའི་ཕྱག་མཛོད་པ་རུ་གྱུར། །རང་བྱུང་རྡོ་རྗེའི་སློབ་མ་རྒྱ་ནག་གི །རྒྱལ་པོས་བསྙེན་བཀུར་ཞབས་ཏོག་བྱས་པ་དང་། །ཀོང་པོའི་ཡུལ་དུ་རྫོགས་ཆེན་རྣལ་འབྱོར་པ། །གནས་སྒོ་འབྱེད་ཅིང་རྫོགས་ཆེན་གཏེར་སྒྲོམ་ཐོན། །བུ་གཅིག་ཀརྨ་པ་ལ་ཕུལ་བྱས་ནས། །སྐུ་གསུམ་ངོ་སྤྲོད་ཐོབ་པའང་དྲན་པ་བྱུང་། །ལྷ་སར་ཚོང་དཔོན་འབྱོར་པ་ཆེན་པོ་ཅན། །ཇོ་ཤཱཀ་གཉིས་ལ་བསྙེན་བཀུར་དཔག་མེད་བྱས། །ཡིག་དྲུག་དུང་ཕྱུར་ཐོན་པའང་དྲན་པར་སྣང་། །ཐར་ཐོར་མང་དུ་དྲན་ནའང་རློམ་སེམས་མེད། །བཅུ་གསུམ་ལོ་ལ་སྒྲུབ་པ་གྲོང་ཆོག་ནི། །རེས་མོས་བྱས་ཏེ་ཕན་ཐོགས་ཆེ་བར་དྲན། །སྤྱོད་པ་མ་ངེས་གཉོམ་ཆུང་ས་བཟུང་བས། །ཕ་ཡུལ་མི་རྣམས་ལྷག་པར་དད་འདུན་ཆེ། །བཅུ་གསུམ་ལོ་ནས་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་ནས་ལོ་བདུན་དབང་ལུང་ཁྲིད་ཆར་ཕབ། །གདུལ་བྱ་གང་བྱུང་ཆོས་ཕྱོགས་ཅི་ཐེངས་བྱས། །ཕུགས་སྲིས་བསགས་པའི་བཅང་བཟུང་བྱས་པ་མེད། །མཚམས་སྒྲུབ་


CMR004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ན་ཡུན་རིང་ཐུགས་དམ་འཕེལ། །རྣམ་གཡེང་འཕེལ་ན་ད་ནི་མྱུར་དུ་འཆི། །ཚེ་ནི་རིང་ངམ་ཐུང་བར་གྱུར་ན་ཡང་། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབས་ལ་སྐྱེ་བ་ནི། །གནམ་ཆོས་དགོངས་གཏེར་གཉིས་ཀའི་ལུང་བསྟན་དང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་གསལ། །ཡི་དམ་ལྷ་ཡི་རང་ལ་ལུང་བསྟན་དང་། །རང་གིས་གསལ་བར་མཐོང་བས་ཐེ་ཚོམ་མེད། །བསྟན་པ་འདི་ཙམ་ངེས་པར་ཡོད་སྙམ་བགྱི། །དེ་མིན་རང་གིས་དྲན་ཤེས་མེད་ན་ཡང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་དང་། །གནམ་ཆོས་ལུང་བསྟན་མཐུན་པར་བརྗོད་བྱས་ན། །འདི་ནས་འཕོས་ཏེ་འོད་དཔག་མེད་ཀྱི་དྲུང་། །དགེ་སློང་ལུས་ལྟར་ཞིང་དེར་རྟག་ཏུ་འདུག །དེ་ཡི་སྤྲུལ་པ་ལྔ་ནི་འབྱུང་བ་སྟེ། །གཅིག་ནི་ཤར་ཕྱོགས་སྨན་བླའི་ཞབས་དྲུང་དུ། །འགྲོ་ལ་རྟག་ཏུ་གཟིགས་ཞེས་བྱང་ཆུབ་སེམས། །སྐུ་མདོག་སྔོན་པོ་སྨན་བླའི་ཞབས་འབྲིང་བྱེད་།གཅིག་ནི་ཟངས་མདོག་དཔལ་རིར་ཨོ་རྒྱན་དྲུང་། །རིག་འཛིན་རྨ་བྱའི་རྒྱལ་མཚན་ཅན་ཞེས་པ། །སྐུ་མདོག་ལྗང་ཁུ་ཁྲོ་བོའི་ཆ་ལུགས་ཅན། །ཨོ་རྒྱན་ཆེན་པོའི་ཞབས་


CMR004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་སྒྲུབ་མཛད་ཅིང་། །རང་གི་ཆོས་རྒྱུད་རྣམས་ལ་སྲུང་སྐྱོབ་བརྩོན། །གཅིག་ནི་མི་འགྱུར་རྡོ་རྗེའི་གདུང་རིགས་སུ། །སྐྱེས་ནས་གསང་སྔགས་རྙིང་མའི་བསྟན་པ་འཛིན། །གཅིག་ནི་ཞྭ་དམར་བརྒྱད་པའི་དབོན་པོ་རུ། །སྐྱེས་ནས་ཀཾ་ཚང་བསྟན་ལ་ཕན་ཐོགས་ཆེ། །ནུས་པའི་མཐུ་ཡིས་མཐའ་དམག་བཟློག་པར་ནུས། །གཅིག་ནི་མ་འོངས་ཚེ་ལོ་དྲུག་བརྒྱའི་དུས། །རྡོ་རྗེ་གདན་དུ་དགེ་སློང་ཞིག་ཏུ་སྐྱེ། །གནས་བརྟན་བཅུ་དྲུག་དངོས་མཇལ་བསྙེན་བཀུར་བྱས། །དེ་ནས་འཁོར་བར་སྐྱེ་བ་མི་ལེན་ཏེ། །སྤྲུལ་པ་སྤྲུལ་གཞི་དགེ་སློང་དེ་ལ་ཐིམ། །ཞིང་དེར་བསྐལ་ཆེན་བཅོ་ལྔ་ཙམ་སོང་ན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར། །མངོན་པར་རྫོགས་པའི་སངས་རྒྱས་དེ་ཡི་མཚན། །བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས། །སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་ལུགས་འགྱུར། །དེང་སང་འབྲེལ་ཐོགས་འགྲོ་བ་ཕལ་ཆེ་བ། །རིམ་གྱིས་ཞིང་ཁམས་དེ་རུ་སྐྱེ་བར་གསུངས། །རང་བསྟོད་མི་ཆོས་བླ་མའི་རྫུན་སྨྲས་ན། །སྡོམ་པ་འཆོར་བས་དེ་ལ་སྐྱག་པ་ཆེ། །རྫུན་ཚིག་མེད་པར་བཤད་ན་ཉེས་པ་མེད། །རྡོ་རྗེའི་སྤྱན་གྱུར་ཀརྨ་རྡོ་རྗེ་ཡིས། །བྲིས་གསུངས་ཕྱིར་ན་གང་དྲན་ཐར་ཐོར་


CMR004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །རྒྱས་པར་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །ལྡེབ་མ་སུམ་བརྒྱ་པོ་ཏི་ཆེ་བ་དེ། །དབང་ཁྲིད་ལུང་ཐོབ་རྣམས་ལ་བསྟན་རུང་གི །གཞན་ལ་བསྟན་ན་ལོག་ལྟ་གཤེ་སྐུར་འཕེལ། །གཤེ་སྐུར་བྱས་ཀྱང་འཛིན་མེད་བྲག་ཆ་བཞིན། །བསྟོད་སྨད་ཚིག་ལ་འཛིན་པ་མེད་སྙམ་བགྱིད། །ད་ནི་ཚེ་མཇུག་དགུན་ཁའི་ཉི་མ་བཞིན། །སྐྱིད་ཡུན་སྡུག་ཡུན་ཐུང་བས་གང་བྱུང་བཟོད། །དེ་སྐད་གང་དྲན་བྲིས་པས་ཉེས་མཆིས་ན། །མཁྱེན་ལྡན་རྣམས་ཀྱིས་དགོངས་པས་མི་ཁྲེལ་ཞུ། །དེ་སྐད་གསེར་མཁར་མདོ་རུ་བྲིས་པའོ། །རཱ་ག་ཨ་སྱས་སྨྲས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ།next